རླངས་འཁོར་ལ་མེ་ཁ་གསོས་པའི་སྒྲ་རྣ་ལ་གཟན་ཞིག་གིས་ངས་རྨི་ལམ་གྱི་མཚོ་མོ་ལ་རྡོ་ཕ་བོང་ཅལ་སྒྲ་གྲགས་པ་ཞིག་འཕངས་ཏེ་ང་རང་གཉིད་ལས་དཀྲོགས་བྱུང་། ང་རང་གཉིད་ལས་སད་དུས་ཉི་མ་སེར་པོ་རི་རྩེ་ནས་ཡར་འཕགས་ཡོད་ཚོད་རེད། ཉི་མའི་འོད་ཀྱི་ཟེགས་མ་དག་ངའི་སྔས་མགོའི་སྟེང་ལ་འཕྲོས་པས་གན་རྐྱལ་ལ་ཉལ་བའི་ངའི་མིག་ལ་གཙེས་བྱུང་། ནམ་གང་བོར་གྲང་ངར་གྱི་ཐུ་འོག་ནས་ལུས་པོ་སྒོང་སྒོང་བྱས་ནས་བསྡད་པའི་སྒོ་ཕྱུགས་དག་གིས་ཁ་རླངས་སྐྱ་ཐུལ་ཐུལ་བྱེད་བཞིན་ངང་བའི་འགྲོས་ཀྱིས་འགྲོ་བཞིན་ཡོད་ངེས། ཙག་གིས་བསྡམ་ཞིང་སད་ཀྱིས་བཅོམས་ལ་ཉེ་བའི་རྩྭ་ཕྲན་དག་གིས་མགོ་བོ་ཡང་ཡར་ལ་དགྱེ་ཡོད་ཚོད་རེད། ངས་གླལ་སྒྱིང་ཞིག་བྱེད་བཞིན་མལ་ལས་ལངས་པ་ཡིན། སེམས་སུ་དེ་རིང་ཨ་མ་ང་ལ་འབོད་དུ་མི་ཡོང་དོན་ཅི་ཡིན་ནམ་སྙམ། ནམ་རྒྱུན་ཉི་མ་རི་རྩེ་ནས་འཕྲོས་ཏེ་ཅུང་མི་འགོར་བར། ཨ་མ་ངའི་མལ་ཁང་ནང་དུ་ཡོང་ནས་ང་ལ“ཞི་ལུ ཡར་མི་ལངས་ནས”ཞེས་ལྡོག་འདྲི་ཞིག་བྱས་ཏེ་སྒོ་ཁྲོབ་སེ་གཏན་ནས་བུད་འགྲོ། སྐབས་ཐོག་དེར་ཨ་མས་ཏག་ཏག་ཁྱིམ་ལས་ཙག་ཙིག་དག་ལ་མཇུག་བསྐྱངས་ཚར་ནས་འབྲི་མོའི་འོ་མ་འཇོ་བར་འགྲོ་བཞིན་ཡོད་ངེས། དགུན་མགོ་བཙུགས་པ་ནས་བཟུང་འབྲི་མོ་རྣམས་ལ་འོ་མ་བཞོ་རྒྱུ་དཀོན་མོད། ཨ་མས་དུས་བཅས་སུ་འོ་མ་བཞོ་རྒྱུ་ཅུང་ཡོད་པའི་འབྲི་མོ་སྐོར་ཞིག་རྡང་ལ་བཏགས་ནས་དགུན་གང་བོར་རྒྱུན་འཁྱོངས་སྒོས་ཕྱིད་ལ་ཁད་ཀྱི་ལག་པ་གཉིས་འབྲི་མོའི་ནུ་མ་ལ་འཇུས་ཏེ་འོ་མ་བཞོ་སྲིད། སྤོ་བོ་ལོ་ན་བགྲེས་ཀྱང་། ཞོ་དང་འོ་མ་ལ་སྔར་བཞིན་ཟས་རིགས་ཀུན་ལས་ཀྱང་སྲེད་པ་ཆེ་བས། ཨ་མས་ཉིན་རེར་ཙག་ཙིག་ངང་གསོག་པའི་འོ་མས་སྤོ་བོ་དང་རྨོ་མོ་གཉིས་ལ་ཞོ་བསྙལ་བཞིན་ཡོད། ངའི་ཨ་མ་ནི་ལས་ལ་བརྩོན་ཞིང་ཞིབ་ཆ་ལྡན་པ རྒན་པ་ལ་བརྩི་བཀུར་ཆེ་ཞིང་གཤིས་ཀ་འཇམ་པ་ཞེས་རི་སྡེ་བའི་ནང་ནས་ཁ་ལས་དགེ་ཡོད་པ་ཞིག་ཡིན། འོན་ཀྱང་མོ་རང་ངའི་སྟེང་ལ་གཟབ་ནན་དང་། ཁོངས་ཁྲོ་ལེན་སླ་མོ གནས་ལུགས་བཤད་མཁས་པོ་ཞིག་ཡིན། ནངས་མོར“ཡར་ལོངས”ཟེར་ནས་ཐེངས་གཅིག་སྐུལ་རྗེས། ཐེངས་གཉིས་པ་འབོད་དུས“ཉིན་གང་བོར་ཉལ་འདུག་ནས། ཁྱོད་དང་ལོ་ཚོད་མཉམ་པ་ཚོ་བྱིས་པ་གཉིས་ཀྱི་ཕ་མ་ལ་གྱུར་ཡོད། ངོ་མི་ཚ་འམ། མི་ཉལ་བའི་ཁོག་པ་ནད་ཀྱིས་བཀང་། ཉལ་གྱིན་ཉལ་གྱིན་ཇེ་སྡུག་ཡིན། ”ཞེས་དཔེ་འདྲེན་ལུང་འདྲེན་མང་པོ་བྱས་ནས་ང་ལ་ཁ་ཏ་དང་སློབ་གསོ་བྱས་ཡོང་། བྱིས་པ་གཉིས་ཀྱི་ཨ་ཕ་ཞེས་པ་དེ་ཡང་ཁུངས་ལུང་མེད་པ་ཞིག་གཏན་ནས་མ་ཡིན་དེ། ངེད་ཚང་གི་ཁྱིམ་མཚེས་ཚང་ལ་ཞི་ལུ་ཞིག་ཡོད། དེ་ང་དང་ལོ་ཚོད་གཅིག་པ་ཡིན། ཁོ་རང་ལོ་བཅོ་ལྔའི་ཐོག་སློབ་མཚམས་བཞག་པ་དང་། ལོ་བཅོ་བརྒྱད་ཐོག་ཁྱིམ་ཐབས་བཟུང་། ད་ལྟ་བྱིས་པ་གཉིས་ཀྱི་ཨ་ཕ་ལ་གྱུར་བ་མ་ཟད། བྱིས་པ་ཆེ་བ་དེ་ད་དུང་ལོ་བཞི་ལ་སླེབས་འདུག ཨ་མས་ནམ་རྒྱུན“ཁྱིམ་མཚེས་ལ་ལྟ་ས། ཨ་རོགས་ལ་ཉན་ས”ཞེས་ཟེར་ནས་ང་རང་ཁོ་དང་གཤིབ་སྡུར་སྒོས་ངའི་སྐྱོན་དང་ཉེས་པ་དག་རེ་རེ་བཞིན་ཕྱིར་ཕུད་བཏང་ནས་ངོ་མཚང་འདྲུས་ཡོང་། དེ་ནི་ཅུང་སུན་པ་ལ། ལན་རེར་ང་རང་སྐྱོན་དང་ནག་ཉེས་གང་ཡང་བཟོས་མེད་པའི་ཁོ་བོའི་སྟེང་ལ་ཚིག་པ་ཟ་ཡོང་།
ངའི་ཨ་མ་ནི་སྒྲ་སྒྲོག་ཆུ་ཚོད་འཁོར་ལོ་ཞིག་ལྟར་ཆད་ལྷག་མེད་པར་འཁོར་ཞིང་ཉིན་ལྟར་རྡུལ་རླུང་ཞིག་བཅས་སྒོ་ཁྲོག་སེ་ཕྱེས་ཏེ་ང་ལ་མལ་ལས་ལེན་རྒྱུ་དྲན་སྐུལ་བྱེད་སྲིད་མོད། དེ་རིང་སྒྲ་སྒྲོག་ཆུ་ཚོད་དེ་ལ་གློག་སྣུམ་ཟད་པའམ། ཆག་སྐྱོན་ཤོར་བ་ནང་བཞིན་གྲགས་འགུལ་ཅི་ཡང་མི་འདུག་པས། ངས་རྣ་བ་གླགས་ཏེ་ཕྱི་རོལ་ལ་ཡུན་རིང་ངང་ལྐོག་ཉན་བྱས་ནས་བསྡད་པ་ཡིན། རླངས་འཁོར་གྱི་མེ་ཁ་གསོས་ཟིན་པའི་སྒྲ་ཞིག་ལྷེམ་ལྷེམ་ངང་ངའི་དར་ལུང་རྣ་བར་མཆེད་དེ་བར་ཤིག་མི་གསལ་གྱུར། ངེད་ཚང་གི་སྒོ་ཁྱིས་ད་དུང་སྐད་མི་འཇགས་པར་ཟུག་སྐད་གཅིག་གཉིས་ཤིག་རླུང་གི་ཁྲོད་ན་སྐྱོམ་པ་ལས། ཡོད་ཚད་ཁ་རོག་གེར་གྲགས་འགུལ་ཅི་ཡང་མི་འདུག ངས་སེམས་སུ་མགྲོན་པོ་ཞིག་སླེབས་ཏེ་ཕྱིར་བུད་སོང་བ་ཡིན་ནམ་སྙམ། ངས་གླལ་སྒྱིང་ཅིག་བྱེད་ཞོར་མགོ་བོ་ཡར་ཀྱག་སྟེ་སྒེའུ་ཁུང་གི་ཕྱོགས་ལ་ལྟ་སྐབས། རླངས་འཁོར་ནག་པོ་ཞིག་ངའི་མིག་གིས་ཟིན་མི་ཟིན་གྱི་བར་མཚམས་ན་བསྐྱོད་བཞིན་འདུག ང་རང་མལ་ལས་ལངས་རྗེས། མལ་ཁྲིའི་འགྲམ་ནས། ཨ་མ་ང་ལ་འབོད་དུ་ཅིས་ཕྱིར་མ་ཡོང་བ་དང་རླངས་འཁོར་ནག་པོ་དེ་སུ་ཡིན་ལ་མནོ་བསམ་བཏང་བ་ཡིན། མོས་ད་དུང་ཁྱིམ་ལས་ཙག་ཙིག་དག་ལས་མ་ཚར་བས་ཡིན་ནམ་སྙམ། ངས་དེ་ལྟར་རང་ཉིད་ཀྱི་དྲི་བ་ལ་རང་ཉིད་དྲི་ལན་འོས་ཤིང་འཚམ་པ་ཞིག་བཙལ།
ལྷམ་སྒྲོག་འཆིང་རྗེས། ཉི་འོད་ནི་ངས་མཉམ་མ་བཞག་པའི་གོ་སྐབས་དང་བསྟུན་ནས་མལ་ཁྲིའི་ངོས་ནས་འཇབ་སྟེ་དཔེ་སྒྲོམ་གྱི་སྟེང་ལ་འཕྲོས་འདུག འོན་ཀྱང་དཔེ་སྒྲོམ་སྟེང་ན་དཔེ་ཆ་གཅིག་ཀྱང་མི་འདུག དཔེ་སྒྲོམ་ནི་ནམ་མཁའ་བཞིན་སྟོང་ལྷང་ལྷང་བྱེད། སྣང་བརྙན་འདི་མཐོང་རྗེས་ང་རང་དངངས་འཚབ་དྲག་པོས་སྒོ་ནས་ཕྱིར་རྒྱུགས་པ་ཡིན། ཆོས་འབྱུང་མཁས་པའི་དགའ་སྟོན། འདང་ཆེ་བའི་གཉིད་དུ་ཡུར་བའི་ཆུ། ད་དུང་མདའ་དང་འཕང་། གཡུ་ཡི་ཕྲེང་བ། བོད་ཀྱི་གཅེས་ཕྲུག ཧོར་གླིང་གཡུལ་འགྱེད་བཅས་དཔེ་དེབ་མང་པོ་ཞིག་ཕངས་སེམས་ཀྱི་མིག་ཆུ་དང་འགྲོགས་ནས་མུ་ནས་མུ་མཐུད་དེ་མིག་ལམ་ལ་འཁོར། ངས་དཔེ་ཆ་ཉོས་པ་དང་དཔེ་ཀློག་བྱེད་པ་ལ་ཨ་མ་དེ་འདྲ་འཐད་ཀྱིན་མེད། མོ་ལ་ཡང་ཁག་མི་འདུག་སྟེ་ང་རང་མཐར་ཕྱིན་ནས་ལོ་གསུམ་ཙམ་ཕྱིན་ཡང་། ང་ལ་མདོག་ཅིག་སྟོན་རྒྱུ་མེད་པར་འདྲ། གང་ལ་ཡང་མི་མགུ་པར་ལུག་འཚོས་ཏེ་བརྩམས་སྒྲུང་གི་དཔེ་དེབ་རེ་ཀློག་ནས་བསྡད་པ་ཡིན། ནམ་རྒྱུན་ངས་དཔེ་ཆ་ཉོས་པ་མཐོང་ཚེ་ཨ་མས“སྒོར་མོ་དག་ཤོག་སྙིགས་ལ་བརྗེས་ནས་ཅི་བྱེད ”ཅེས་ལས་བདའ་བྱེད་སྲིད་ལ། ངས་ཅི་ལ་ཡང་ཁ་ཡ་མི་བྱེད་པར་དཔེ་ཆ་ཀློག་པ་མཐོང་ཚེ “ད་ནི་ཁྱིམ་ཐབས་འཛིན་པའི་ལོ་ཚོད་ལ་ཐོན་འདུག ཤོག་སྙིགས་དག་ཁ་ཕྱེས་ནས་གོ་རྒས་གྱུར་རྒྱུ་རེད། ཁྱོད་དང་ལོ་ཚོད་མཉམ་པ་ཚོ་བྱིས་པ་གཉིས་གསུམ་གྱི་ཕ་མ་གྱུར་ཡོད། ངས་ཁྱོད་སློབ་གྲྭར་མ་བཏང་བ་མེད་ལ། འདོད་ཐོག་ལ་མ་བཞག་པ་ཡང་མེད། ད་ཁྱོད་ཀྱིས་བསམ་ཤེས་ཚོད་རེད། ”ཅེས་འུ་ཐུག་པའི་སྒོ་ནས་ང་ལ་སློབ་གསོ་དང་ཁ་ཏ་བྱས་ཡོང་། ལན་རེར་མོས་མཆི་མ་ཡང་བཏང་ཡོང་། དེ་དུས་ངའི་སྙིང་ལ་ཁབ་ཀྱིས་རྡེག་པ་ལྟར་ཟུག་གཟེར་རྒྱག་ཅིང་། ངས་མྱུར་མོར“ཨ་མ། ཁྱོད་མ་ངུ་། ངས་བསམ་མ་ཤེས་ནི་རེད། ངས་ཆུང་མ་བླངས་ནས་ཁྱོད་གཉོར ”ཞེས་ཨ་མའི་མིག་ཆུ་འབྱིད་ཞོར་རང་སྐྱོན་ངོས་ལེན་བྱས་པ་ཡིན། ཐེངས་དུ་མར་ཨ་མས་ངའི་དཔེ་ཆ་དག་མེ་ལ་སྲེག་འདོད་ཀྱི་བསམ་ཚུལ་གླེང་མྱོང་། དེ་ཐད་ནས་ཨ་མ་དང་ངེད་གཉིས་བར་ལ་འགལ་བ་མང་པོ་ཞིག་བྱུང་། མོས“མགོ་ནག་བརྟེན་ས་སྤུ་ནག། སྤུ་ནག་བརྟེན་ས་སྤང་རྩྭ། གནའ་ནས་ད་ཐུག་གི་བར་ང་ཚོས་ཕྱུགས་འཚོས་ནས་ཡོང་ཡང་། ཁ་མ་སོས་པ་དང་རྒྱབ་མ་ཁེབས་པ་མེད། སྐྱེས་པ་དག་གིས་ཁྱིམ་ཐབས་བཟུང་སྟེ་ཕ་མ་ལ་གཉོར་སྐྱོང་དང་། ཁྱིམ་ཚང་གི་འགན་འཁྲི་ཕྲག་ལ་ཁུར་པ་རེད”ཅེས་ཟེར་བ་དང་། ཤོག་སྙིགས་དག་ལ་ཡོང་རྒྱུ་མེད་པ་དང་། འདི་ལས་དུས་ཚོད་བརླག་ན་གོ་རྒས་འགྱུར་བ། མི་ཞེས་པའི་མཐར་ཐུག་གི་གནས་མལ་ནི་ཁྱིམ་ཚང་ལ་འབབ་དགོས་པ་སོགས་རེ་རེ་བཞིན་རང་གི་མི་ཚེ་ཉམས་མྱོང་ལ་སྦྱར་ནས་བཤད་ཡོང་། ངས་ཀྱང་ཁ་སྐམ་རག་བར་དཔེ་ཆ་ཀློག་ན་བཟང་རབས་དང་མཁོ་རབས་མང་པོ་ཞིག་བཤད་པ་ཡིན་ལ། མི་ཚེ་རིན་ཐང་གི་ལྟ་བ་དང་མཛེས་སྤྱོད་ཀྱི་ལྟ་བ། ཐ་ན་མིའི་འགྲོ་འདུག་སྤྱོད་གསུམ་བཅས་ཕྱོགས་མང་པོ་ཞིག་དང་སྦྲགས་ནས་དཔེ་ཀློག་གི་རིན་ཐང་གླེང་བ་ཡིན། ངས་ཡིན་ལུགས་བརྒྱ་བཤད་ན། ཨ་མས་མིན་ལུགས་སྟོང་བཤད་ཡོང་། ངེད་གཉིས་སུས་ཀྱང་ཕན་ཚུན་ལ་བདེན་ཁ་སྟེར་མི་འདོད་ཀྱང་། བཤད་ཀྱིན་བཤད་ཀྱིན་ཨ་མས་མཐའ་གཅིག་ཏུ་ཨུ་ཚུགས་བྱེད་སྲིད་པས། ངས་ཨ་མ་ལ“ཁྱོད་བདེན་གི”ཞེས་བདེན་ཁ་སྟེར་དགོས། ཨ་མས་བསམ་ཚུལ་དག་ལ་ངས་བསམ་ཤེས་བྱེད་ཐུབ་ཀྱིན་ཡོད། ད་ལོ་མོ་རང་ལོ་ན་ལྔ་བཅུ་ཐོན་ཡོད་པ་དང་། བུ་ཡང་ང་གཅིག་པོ་མ་གཏོགས་མེད་པས། ངས་བུ་མོ་ཞིག་ཁྲིད་ཡོང་སྟེ་ཁྱིམ་ཐབས་བཟུང་ན་སྙམ་ཡོད། འོན་ཀྱང་ཁྱིམ་ཐབས་བཟུང་རྗེས། འཁོར་བའི་སྙི་ལ་ཚུད་པ་དང་། འཚོ་བ་དང་སུས་མགྱོགས་བྱས་ཏེ་འགྲན་སྡུར་བྱེད་དགོས། ད་དུང་རྒྱང་རིང་ན་སྐར་མ་ལྟར་འཚེར་བའི་རྨི་ལམ་ཞིག་གིས་ང་ལ་ཡང་ཡང་བསླུ་བྲིད་གཏོང་། དེ་བས་འགལ་འདུ་མང་པོ་ཞིག་གིས་ང་ལ་ཅི་ཡིན་འདི་ཡིན་མེད་པར་ན་ཟུག་གཏོང་ཞིང་བཙིར་ནས་ཡོང་། ཨ་མས་ཡར་སྔོན་ང་ལ“མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག”ཅེས་མོ་རང་ཐབས་ཟད་དུས་དཔེ་ཆ་དག་མེ་ལ་བསྲེག་ངེས་ཀྱི་ཐ་ཚིག་སྒྲོག་ཡོད་པས། ད་ཐེངས་ཨ་མས་ང་གཉིད་ཡོད་པའི་གོ་སྐབས་དང་བསྟུན་ནས་ངའི་དཔེ་ཆ་དག་མེ་ལ་བསྲེགས་སོང་སྙམ་སྟེ་ང་རང་ཚིག་པ་ཟ་ཞོར་ཨ་མ་གཟས་ཏེ་སོང་བ་ཡིན། ཕངས་སེམས་ཀྱི་མིག་ཆུ་ནི་ར་ལས་ཤོར་བའི་ཆུ་ལྟར་མཚམས་མི་ཆད་པར་མིག་ཀོང་ནས་ཕྱི་ལ་ཐོན ང་རང་ལྷས་རའི་སྒོ་ཁར་ཐོན་དུས། ཨ་མས་དོན་ཅི་ཡང་མ་བྱུང་ཁུལ་བྱས་ཏེ་ལྷས་རའི་ནང་ན་འབྲི་མོ་བཞོ་བཞིན་འདུག ངས་ཨ་མ་ལ་ལན་འགར་བོས་ནས་ངའི་དཔེ་ཆ་དག་ཅི་བྱས་སོང་། གང་ལ་ཁྱེར་སོང་ཞེས་ཡང་ཡང་དྲིས་ཀྱང་། ཨ་མས་མི་གོ་ཁུལ་བྱས་ཏེ་ང་ལ་ཨ་ལན་མི་སྟེར། ང་རང་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཀྱང་། མོ་རང་ངའི་ཨ་མ་རེད། ང་རང་ཟླ་དགུ་ཞགས་བཅུར་ལུས་ལ་ཁུར་མཁན་རེད། ཞིམ་པོའི་ཟས་དང་དྲོན་པོའི་གོས་བྱིན་མཁན་རེད། ངས་ཅི་བྱ། ང་རང་ཐབས་ཟད་དེ་སྐད་མཐོན་པོའི་སྒོ་ནས“ཨ་མ ཨ་མ”ཞེས་འབོད་ཞོར་མོས་གམ་ལ་བཅར། ཨ་མས་ང་ཡོང་བ་གཏན་ནས་མཐོང་ཀྱིན་མི་འདུག མོས་བློ་རྩེ་གཅིག་སྒྲིམ་གྱིས་འོ་མ་བཞོ་བཞིན་འདུག ངས་མོ་ལ་འབོད་བཞིན་པ་ཡང་མོས་གོ་ཐུབ་ཀྱིན་མི་འདུག
མིག་མདུན་གྱི་སྣང་ཚུལ་འདིས་ང་རང་དངངས་སྐྲག་རབ་ཏུ་སྐྱེས་ཏེ་ངས་དཔེ་ཆ་དག་གར་ཁྱེར་ཡང་འདྲི་རྒྱུ་བརྗེད་ནས། མུ་མཐུད་དུ “ཨ་མ ཨ་མ”ཞེས་འབོད་ཞོར་ཨ་མའི་དཔུང་བ་ནས་སྤྲུགས་པ་ཡིན། འོན་ཀྱང་ངའི་ལག་པས་ཨ་མའི་དཔུང་བ་གཏན་ནས་འཛིན་མི་ཐུབ། དེ་ནི་བར་སྟོང་ལ་ལག་སྙོབ་བྱེད་པ་ནང་བཞིན་སྟོང་ལྷང་ངེར་བྱེད། ཨ་མ་ནི་ནམ་མཁའི་འཇའ་ཚོན་ནང་བཞིན། ངའི་མིག་གིས་མཐོང་ཡང་། རེག་མི་ཐུབ། ང་རང་དངངས་འཚབ་ཀྱིས་ཡིད་ཙམ་ལ་ཅི་བྱེད་འདི་བྱེད་མེད་པར་ལུས། “ཨ་མ། ངས་དཔེ་དེབ་ཚང་མ་བསྲེགས་ཚར” ཞེས་ངའི་རྒྱབ་ཕྱོགས་ནས་མི་ཞིག་གིས་སྐད་ཆ་བསྙད་བྱུང་། ངས་ཁ་ཕྱིར་འཁོར་ཏེ་ལྟ་སྐབས། ང་རང་སྙིང་ལོག་བྱས་ཏེ་སྙིང་མིད་པའི་ཁར་ཐོན་ལ་ཁད་བྱས་བྱུང་། དེ་ནི་ང་ཡིན། མ་རེད། དེ་ནི་ང་དང་འདྲ་བའི་མི་ཞིག་རེད། གཟུགས་བྱད་དང་རྣམ་འགྱུར། སྐད་གདངས་བཅས་ང་དང་ཨ་ན་མ་ན་ཅན་གྱི་མི་ཞིག་རེད། ང་རང་བླ་འཁྱམ་ཧོན་འཐོར་གྱིས་ཧད་ནས་འདུག་ཁོམ་མང་ཙམ་མ་བྱིན་པར། ཨ་མས“འོ་ཡ། མ་ཁོ། ད་ཁྱོས་བསམ་ཤེས་སོང་ནི་རེད། ད་ཨ་མས་སྡུག་མྱོང་དགོས་རྒྱུ་མ་རེད། ཨ་མའི་སྐྱིད་འདི”ཞེས་འབྲི་མོའི་འོག་ནས་སྐྱིད་ཉམས་དོད་པའི་ངང་མགོ་བོ་ཀྱག་ཏེ་མི་དེའི་གདོང་ལ་བལྟས། ཁོ་གཉིས་ནི་མ་བུ་གཉིས་དང་འདྲ་བར་ཕན་ཚུན་ལ་བརྩེ་བ་ཡོད་པས་སྒོ་ནས་གདོང་ལ་འཛུམ་ཤིག་ཤིག་གིས་ཁ་བརྡ་བྱེད་པ་ལས། ང་ལ་ཁ་ཡ་གཏན་ནས་མི་བྱེད། ང་ནི་ནམ་མཁའི་བར་སྟོང་ལ་འཐིམ་པའི་རླུང་དང་ཉི་འོད་ལྟར། གཟུགས་མེད་ལ། དྲི་ཡང་མེད་པར། དེ་བས་ཀྱང་ཁོ་གཉིས་ལ་འབྲེལ་བ་མེད་པ་ཞིག་ལ་སྣང་། ངས་ཨ་མ་ཞེས་ཅི་ལྟར་བོས་ཡང་། མོས་ང་ལ་ཁ་མི་གྲགས་པར། མི་དེ་ལ“མ་ཁོ། མ་ལོ”ཞེས་དགའ་དགའ་དུང་དུང་བྱེད། མི་དེའི་གདོང་ལ་རྒྱལ་ཁའི་འཛུམ་ཞིག་དོད་ནས། ཡང་བསྐྱར་ཨ་མ་ལ“ངའི་སྙིགས་རོ་དག་བདག་བྱས་ཡོང་།”ཞེས་ཟེར་ནས། གཡོ་འཛུམ་ཞིག་དང་བཅས་ཐད་ཀར་རྒྱ་སྒོ་གཟས་ཏེ་སོང་། ང་ཡང་ཁོའི་རྗེས་སྙེག་ཞོར“ཁྱོད་སུ་ཡིན། ཁྱོད་སུ་ཡིན”ཞེས་འབོད་ཞོར་རྒྱ་སྒོར་ཕྱིན་པ་ཡིན། རྒྱ་སྒོའི་གཡས་ཕྱོགས་ན་དུ་བ་སྨུག་པོ་ཞིག་མཚམས་མི་ཆད་པར་ལྷོག་ལྷོག་ངང་གནམ་ལ་འཕྱོ་བཞིན་ཡོད། ང་རང་རྒྱུགས་མ་འདུར་གྱིས་དུ་བ་སྨུག་པོ་འཕྱོ་སའི་ཕྱོགས་ལ་ཕྱིན། རླུང་ཡང་ཕྲན་ཙམ་ལྡང་བཞིན་ཡོད་པས། མེ་ཟིན་པའི་དཔེ་དེབ་དག་གི་མེ་ལྕེ་རླུང་གི་རྒྱུག་ཕྱོགས་དང་བསྟུན་ནས་ཚ་ཚ་འུར་འུར་གྱིས་མཆེད། ངས་དང་ཐོག་མཐོང་བ་ནི། ན་ནིང་གསར་བར་ཉོས་པའི་བརྡ་རྙིང་གི་ཚིག་མཛོད་དེ་རེད། དེ་ཅུང་མཐུག་པོ་ཡོད་པས། ཕྱེད་ཙམ་མེ་ཡིས་ཚིག་ཟིན་ཡང་། ཕྱེད་ཀ་ལ་ད་དུང་མེ་འབར་བཞིན་ཡོད། དེའི་འོག་ན་ང་རང་ཆེས་དགའ་སའི་སྒྲུང་དེབ“གཉིད་དུ་གཡུར་བའི་ཆུ”མནན་འདུག་ལ། ཕལ་ཆེར་མེ་ལ་འབར་ཚར་ནས་ཡིག་འབྲི་གཉིད་ཞེས་པ་ཡང་གྱ་མ་གྱུའི་ངང་མངོན་འདུག དེའི་འཕྲོལ། ངས་འབར་གྱིན་པའི་དཔེ་དེབ་མང་པོ་ཞིག་མཐོང་བྱུང་། དཔེ་དེབ་སྲབ་བུ་དག་འབར་ནས་ཐལ་རྡུལ་ལ་འགྱུར་འདུག་ཅིང་། འཛམ་གླིང་ལོ་རྒྱུས་སྤྱི་བཤད་དང་དགེ་ཆོས་གསུང་རྩོམ། ཆོས་འབྱུང་དང་རྣམ་ཐར་གྱི་དཔེ་དེབ་སྐོར་ཞིག་གིས་ད་དུང་ཐྲིག་ཐྲིག་གི་སྒྲ་འབྱིན་ཞོར་མེར་འབར་བཞིན་ཡོད། ངས་འབར་མ་ཚར་བའི་དཔེ་དེབ་དེ་དག་ལ་ཕངས་སེམས་ངང་ཡང་ཡང་ལག་སྙོབ་བྱས་ཀྱང་། ངས་གཏན་ནས་ཟིན་ཐུབ་ཀྱིན་མི་འདུག ངས་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་སྤྲས་གནང་མྱོང་བའི་དཔེ་དེབ་དེ་དག་ད་ལྟ་སྐད་ཅིག་ཉིད་ངའི་མིག་ལམ་ནས་ཐལ་རྡུལ་ལ་གྱུར་བས། ང་རང་ཕངས་སེམས་ཆེན་པོས་མནར་ཏེ་ན་ཟུག་བཟོད་གླགས་མེད་པ་ཞིག་བྱུང་ཞིང་། མིག་ཆུ་ནི་རང་དབང་ན་མི་འདུག་པར་འགྲམ་པའི་མཁུར་ཚོས་བརྒྱུད་ནས་ས་ལ་ཐོར། དེ་དུས་ཁོ་ཡང་སླེབས་བྱུང་། ཧབ་ཆ་བྱེད་ཞོར། ལག་ནང་གི་རླངས་སྣུམ་དམ་བེ་གང་དེ་འབར་མ་ཚར་བའི་དཔེ་དེབ་དག་གི་སྟེང་ལ་ལྡུག་ཅིང་། ཨམ་ཕྲག་ལས་འབར་ཞུན་ཞིག་བཏོན་ཏེ་མེ་སྒྲོན། མེ་ལྕེ་ནི་སྔར་ལས་ཇེ་དྲག་ལ་སོང་ཞིང་། འབར་ཚད་ཀྱང་ཇེ་མགྱོགས་གྱུར་། ཆོས་འབྱུང་དང་རྣམ་ཐར་གྱི་དཔེ་དེབ་དེ་དག་ཡང་མེ་ཡི་བསྟིམས་ནས་མི་རིག་པར་གྱུར། ང་རང་ལྷག་པར་སེར་སྣ་སྐྱེ་ཞིང་། དེ་བས་ཀྱང་ཁོང་ཁྲོ་ལེན། དཔའ་སྤོ་ཐོག་དང་དགེ་རོ་ཐོག་ཞེས་པའི་དཔེ་ལྟར་ངས་མཛུབ་མོ་ལྔ་བཅིང་ཁུ་ཚུར་བྱས་ཏེ་ཤུགས་ཡོད་དགུས་ཁོ་ལ་ཞུས་པ་དང་། “ཁྱི་རྒན། ཁྱི་ཕྲུག ངས་དཔེ་དེབ་དག་ཕྱིར་སྤྲོད། ”ཅེས་ཟེར་ནས་སྐད་བཏང་བ་ཡིན། འོན་ཀྱང་ཁོ་ནི་ནམ་མཁའི་བར་སྟོང་ན་ལུས་པའི་མཁའ་དབུགས་ནང་བཞིན། ངས་ཅི་ལྟར་ཁུར་ཚུར་ཞུས་ཀྱང་། རེག་མི་ཐུབ་ལ། འཛིན་ཡང་མི་ཐུབ། བར་ཤིག་ང་རང་ཐང་ཆད་ནས། ཁ་ནང་ལ་ཡོང་ཚོད་ཀྱིས་ཁོ་ལ་དམོད་མོ་བྱེད་བཞིན། དབུགས་ཧལ་ཧལ་ངང་འབར་གྱིན་པའི་དཔེ་དེབ་དག་ལ་བལྟས་ནས་བསྡད་པ་ཡིན། ཁོས་རུམ་ནས“ངོ་ཁེབས”ཞེས་པའི་སྒྲུང་དེབ་དེ་བླངས་ནས་མེ་ལ་གཡུག་བྱུང་། རྒྱལ་ཁའི་འཛུམ་ཞིག་དང་མཉམ་པོར་ང་ལ་ལྟ་བཞིན“སྙིང་རླུང་སྟོད་ལ་འཚངས་ངམ། ན་ཟུག་སྐྱེས་སམ། དཔེ་འདི་དཔལ་མོས་ཁྱོད་ལ་བྱིན་པ་རེད།”ཅེས་བཤད་བྱུང་། ང་ལ་ཨ་ལན་སྟེར་ཁོམ་མ་བྱིན་པར་ཁོས་ཡང་བསྐྱར་ཧབ་ཆ་དིར་རེ་བ་ཞིག་བྱས་རྗེས། ལག་པ་གཉིས་ཨམ་ཕྲག་ལ་བཅུག་སྟེ་ངའི་མདུན་ནས་ཕར་འགྲོ་ཚུར་འགྲོ་བྱེད་བཞིན། “འོ། རེད། ཁྱོད་ཤི་སོང་ནི་རེད། ད་འདི་དག་ཐམས་ཅད་ཁྱོད་ལ་དབང་བ་མ་རེད”ཅེས་བཤད། ཤི་སོང་བ་ཞེས་གོ་དུས། ང་ཏབ་ཏབ་པོར་ཅི་བྱ་གཏོལ་མེད་ལ་བཏང་། ཁོས་ངའི་ཚུག་ཀ་ལྟ་བཞིན། ཧ་ཧ་ཧ ཞེས་ཕོ་བ་ལག་པས་སྐྱོར་བཞིན་བགད་བྱུང་། ངས་ཅི་ལྟར་འདང་རྒྱབ་ཀྱང་ང་རང་ཤི་སོང་བ་ཞིག་དྲན་རྒྱུ་མི་འདུག་པས། ངས་ཁོ་ལ“ཁྱོད་ཀྱིས་རྫུན་མ་བཤད། ང་ཤི་སོང་ན། དེ་ན་ཁྱོད་སུ་ཡིན”ཞེས་བཤད་པ་ཡིན།
“ང་ཁྱོད་ཡིན།”
“དེ་ན་ང་སུ་རེད།”
“ཁྱོད་ང་རེད།”ཅེས་ཐོ་མེད་པའི་དྲིན་ལན་ཞིག་བྱིན། ངས་སེམས་སུ་ཁོ་ནི་མི་མ་ཡིན་གྱི་ཆོ་འཕྲུལ་ཞིག་ཡིན་སྙམ་ནས། སྐྲག་ན་ལྷ་དྲན། ལྟོགས་ན་རྐུན་དྲན་ཞེས་པའི་དཔེ་ལྟར་མྱུར་མོར་དཀོན་མཆོག་གསུམ་ལ་གསོལ་འདེབས་བྱེད་ཞོར་སྐེ་ཡི་སྲུང་མདུད་དག་ལ་ རེག་པ་ཡིན། ཁོས་ངའི་བྱ་སྤྱོད་དག་མཐོང་རྗེས། ཅི་མི་སྙམ་པར་བགད་མོ་ལྷུག་ལྷུག་གིས་ང་ལ་སྙིང་འཕྱས་བཏང་བྱུང་། “མི་མ་ཡིན་གྱི་གདོན་འདྲེ་ཁྱོད། ངའི་དཔེ་ཆ་བསྲེག་ཀྱང་བསྲེག། འོན་ཀྱང་ངའི་ཨ་མར་གནོད་པ་བཏང་མི་ཆོག”ཞེས་བཙན་ཤུགས་ཀྱིས་ཁོ་ལ་སྐད་ཆ་སྦོམ་པོ་བཤད་ནས་ངར་ངར་བྱས་པ་ཡིན། འོན་ཀྱང་ངས་སེམས་སུ་ཁོས་མི་མ་ཡིན་གྱི་རང་གཟུགས་འཇིགས་སུ་རུང་བ་རེ་བསྟན་ཨེ་ཡོང་སྙམ་ནས་འཚུབ་ཆ་དང་དངངས་སྐྲག་ཀྱང་ངང་གིས་སྐྱེས་བྱུང་། ཁོས་སྨིན་མ་བསྡུས་ཏེ་གཟབ་ནན་གྱིས་ང་ལ་བརྗོད་རྒྱུར“ཁྱོའི་ཨ་མ་ངའི་ཨ་མ་རེད། ངས་རང་གི་ཨ་མ་ལ་གཅེས་ནོ་ཁོ་ཐག་ཡིན། ཤོག་སྙིགས་དག་བསྲེགས་ཟིན། ཉིན་འགའ་འགོར་རྗེས། ཆུང་མ་བླངས་ནས་ཁྱིམ་ཐབས་འཛིན་རྒྱུ་ཡིན། ངས་ཁྱོད་ལྟར་རང་གཅིག་པོར་བསམ་ནས་ཨ་མ་ལ་སྡུག་ལ་གཏན་ནས་མི་གཏོད”ཅེས་བཤད། ཁོས་གྲོགས་པོ་ཞིག་ལ་ཁ་བརྡ་བྱེད་པ་ནང་བཞིན། ངག་འཇམ་པོས་ལྷོད་ལྷོད་ངང་ང་ལ་དེ་འདྲ་བརྗོད་བྱུང་།
ངས་ཁོ་ལ“ཁྱོད་ཀྱིས་ཆུང་མ་སུ་ལེན་རྒྱུ་ཡིན།”ཞེས་དྲིས་པ་ཡིན། དེ་དུས་ང་ཡང་ཅུང་ལྷོད་ལ་བབས་འདུག ཡར་སྔོན་གྱི་སྡང་སེམས་དང་འཇིགས་སྐྲག་དག་ཀྱང་ཅུང་ཞི་འཇགས་དང་བཏང་སྙོམས་ལ་ཆགས། ཁོས་ཡང་བསྐྱར་ཧབ་ཆ་ཞིག་རྒྱབ་བྱུང་། དཔེ་དེབ་ཀྱི་སྙིགས་རོ་དག་ལ་རྡོག་བརྫིས་བྱེད་ཞོར“ ཁྱོད་ནི་དངོས་གནས་མི་ཁྲེལ་མེད་དང་སྒེར་སེམས་ཆེ་བ་ཞིག་རེད། ཤོག་སྙིགས་དེ་འདྲ་མང་པོ་གསོག་ནས་ཅི་བྱེད། དངོས་གནས་རྒྱུ་དངོས་དང་དུས་ཚོད་ལ་རྡོག་བརྫིས་བྱས་པ་རང་རེད། ཨ་མ་ཁྱོད་ལ་མི་མགུ་བ་ཡང་ཁག་མི་འདུག”ཅེས་བཤད་པ་དང་། ཤུགས་རིང་ཞིག་འཐེན་ཏེ་མུ་མཐུད་དུ་བཤད་རྒྱུར་“ཁྱོད་ཀྱིས་སེམས་བདེ་མོ་བྱོས། ངས་ཨ་མའི་འདོད་པ་ལྟར་ཁྱིམ་ཐབས་བཟུང་ཏེ་བུ་དགའ་ཞིག་བྱེད་ཁོ་ཐག་ཡིན།”ཞེས་ང་ལ་ཁས་ལེན་བྱས་བྱུང་། ཁོས་གློ་བུར་དུ་ཅི་ཞིག་དྲན་པ་ནང་བཞིན། རུམ་ནས་ཁ་པར་བླངས་ཏེ་ངའི་རྩིབ་ལ་བཅར་ཞིང་། “ཁྱོད་ཀྱིས་ད་དུང་དཔལ་མོ་སེམས་ལ་བཅང་འདུག་གམ། འོན་ཀྱང་ངས་མོ་ཆུང་མར་མི་ལེན།”ཞེས་བཤད་ཞོར་སྐད་འཕྲིན་ལསHoney ཞེས་པའི་མིང་བཀོལ་ཡོད་པ་དེ་ལ་གཟས་ནས། ཐེ་ཚོམ་དང་ཕངས་སེམས་ཏིལ་འབྲུ་ཙམ་ཡང་མེད་པར་སུབ་བྱུང་། ང་ནི་སྐད་ཅིག་ལ་བློང་བློང་པོར་བཏང་བྱུང་། ཁོས་མགོ་བོ་ཀྱག་ནས་ངའི་གདོང་ལ་ལྟ་བཞིན“སེམས་དེ་འདྲ་མ་སྐྱོ། མོ་དང་ཁྱོད་གཉིས་མ་གཞི་ནས་ལམ་ཀ་གཅིག་གི་མི་མིན། ངས་ཁྱོད་ལ་རོགས་བྱས་ནས་སེམས་ཐག་གཅོད་བཞིན་ཡོད།”ཅེས་བཤད། ངའི་མིད་པ་བརྣངས་ཞོར“ངེད་གཉིས་ལ་བརྩེ་དུང་ཡོད”ཅེས་བཤད་པ་ཡིན། སྐབས་དེར་མིག་ཆུ་ནི་ར་ལས་ཤོར་བའི་ཆུ་ལྟར་རང་དབང་མེད་པར་ཐུར་དུ་རྒྱུག། ཁོ་རང་ཁོང་དགོད་ཅིག་བྱེད་བཞིན“ཧུན། བརྩེ་དུང་ནི་ཟ་ཆོག་པ་ཡིན་ནམ། གོན་ཆོག་པ་ཡིན། བརྩེ་དུང་ཡོད་ན་ཁྱོད་ཀྱིས་ད་དུང་གཞུང་ཞབས་ཀྱི་ལས་ཀ་ལ་རྒྱུགས་མི་འཕྲོད་པ་གང་ཡིན། མོས་ཁྱོད་ཀྱིས་རྒྱུགས་འཕྲོད་པར་སྒུག་ནས་གོ་རྒས་འགྱུར་རྒྱུ་རེད། བུ་མོ་སུ་ཞིག་གི་ལང་ཚོ་ནི་རིན་མེད་ལ་ཆུ་བཞུར་བཞུར་བྱེད་ཆོག་པ་རེད། ཁྱོད་རང་རྒྱུགས་འཕྲོད་རྒྱུ་ལ་རེ་བ་ཆད་ཡོད་ཀྱང་། ཁྱིམ་ཚང་གི་འགན་འཁྲི་གང་ཡང་ཕྲག་ལ་མི་ལེན་པར། ལོ་ན་བགྲེས་པའི་ཨ་མ་གཅིག་པོའི་ཕྲག་ལ་གཡུག། ཁྱོད་ནི་དངོས་གནས་མི་སྒེར་སེམས་ཅན་ཞིག་རེད། ཁྱོད་སུ་ལ་ཡང་མི་དགའ། རང་ཉིད་གཅིག་པོར་དགའ”ཞེས་བཤད་བྱུང་། སྐད་ཆ་དེ་དག་གིས་ངའི་སྙིང་ལ་གཅུ་གཟེར་རྒྱག
ཁོས་བཤད་པ་དེ་དག་ཡང་བདེན་པར་འདུག ང་ནི་སྔ་མོ་ནས་རང་ཉིད་ལ་ཁོ་ཆད་ཅིང་། ལྷག་པར་གཞུང་ཞབས་ཀྱི་ལས་ཀ་གཉེར་ཐུབ་རྒྱུར་ཁོ་ཆད་ཡོད། ཁྱིམ་ཐབས་བཟུང་ནས་ཁྱིམ་གྱི་ལས་ཀ་དག་ངའི་ཕྲག་ལ་ཁུར་འོས་མོད། ངས་དེ་དག་ལ་ཕྱི་བཤོལ་བྱས་ནས་བསྡད་ཡོད། ཁོའི་སྐད་ཆ་དེ་དག་ངའི་ནོངས་ལ་ཁེལ་བས་ང་རང་སྐད་ཅིག་ལ་བློང་བློང་པར་བཏང་བྱུང་། དཔལ་མོ་དང་ངེད་གཉིས་སློབ་ཆེན་སློབ་གྲོགས་ཡིན། སློབ་ཆེན་སློབ་རིམ་གཉིས་པ་ནས་བཟུང་ངེད་གཉིས་ཕན་ཚུན་ལ་མཐུན་པོ་བྱུང་བ་དང་། ལོ་རིམ་བཞིར་བར་སླེབས་དུས། ད་གཟོད་དངོས་སུ་དགའ་རོགས་ལ་ཆགས་པ་ཡིན། སློབ་མཐར་ཕྱིན་རྗེས་མོས་གཞུང་ཞབས་ཀྱི་ལས་ཀ་ཞིག་ལ་རྒྱུགས་འཕྲོད་སོང་། ངས་ཐེངས་འགའ་ལ་རྒྱུགས་སྤྲད་ཀྱང་ཡིག་ཚད་མ་ལོན། བར་ཤིག་ཁོ་ཆད་ནས་རྒྱུགས་ལེན་དུ་འགྲོ་འདོད་ཀྱང་མ་བྱུང་།མོས“ཁྱོད་ཀྱིས་ཀྱང་ལས་གནས་བརྟན་འཇགས་ཤིག་གཉེར་ཐུབ་དུས། འུ་གཉིས་ཀས་གཉེན་སྒྲིག་བྱེད། འཚོ་བ་སྐྱོང”ཞེས་བཤད་མྱོང་། ངས་ངེད་གཉིས་ལམ་ཀ་གཅིག་གི་མི་མིན་པ་ཤེས་ཡོད། འོན་ཀྱང་ང་རང་མོ་ལ་བརྩེ་དུང་ཆགས་ཡོད་པ་ཡང་དོན་དངོས་ཡིན། ང་ནི་ཁྱིམ་གྱི་བུ་གཅིག་པོ་ཡིན་པ་མོས་ཤེས་མེད། མོས་ནམ་རྒྱུན་འུ་གཉིས་ཀ་ཟེར་ནས་སྙིང་ཉེ་ཉེ་བྱེད་ཡོང་དུས། ང་ལ་ཅུང་དོགས་མི་བདེ་བ་བྱུང་ཞིང་། ཡུལ་གྱི་ཨ་མ་གཅིག་པོའི་ངང་ཚུལ་སྙིང་རྗེ་མོ་དེ་མིག་ལམ་ལ་འཁོར་ཡོང་། མོས་ངེད་གཉིས་གཅིག་པོས་བརྟན་འཇགས་ཀྱི་འཚོ་བ་ཞིག་རོལ་ཐུབ་ན་བསམ་ཡོད། འོན་ཀྱང་ང་ནི་བུ་གཅིག་པོ་ཡིན། ཁྱིམ་འདིའི་འཁོར་བ་འཛིན་མཁན་ཡིན། སྤྱིར་གནའ་མིའི་བོད་ཀྱི་གཏམ་དཔེ་ལ། གཞོན་རྩེད་གྲོགས་གཅིག་འཁོར་གཉིས་འཁོར་རེད། འགལ་སོང་རུང་འགྱོད་པ་ང་མེད་གི དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད། འགལ་མི་འགྲོ་སེམས་ཐག་གོར་མོ་རྡོ་ཞེས་བཤད་ཡོད་མོད། འོན་ཀྱང་ངས་སུ་ཡང་བློས་གཏོང་ཐུབ་ཀྱིན་མེད་ལ། ང་རང་སུ་དང་འགལ་ཡང་མི་འདོད། ངས་མོ་ལ“ངས་ཁྱོད་ཆུང་མར་ལེན་འཇོག”ཅེས་བཤད་དུས། མོས“ཁྱོད་ལ་ད་དུང་བརྟན་འཇགས་ཀྱི་ལས་ཀ་ཞིག་མེད་པས། ལས་གནས་ཞིག་ལ་རྒྱུགས་འཕྲོད་རྗེས་ད་གཟོད་གཉེན་སྒྲིག”ཅེས་བཤད། ད་དུང་ངེད་གཉིས་གཉེན་སྒྲིག་རྗེས། མོས་ཕ་ཡུལ་ནས་ཁང་བ་ཉོ་སྟེ་དེ་ནས་གཞིས་ཆགས་འདོད་པ་དང་། ངེད་གཉིས་ཀའི་ལས་ཀ་ཡང་མོའི་ཕ་ཡུལ་གྱི་ཐག་ཉེ་ཞིག་ནས་གཉེར་ཐུབ་ན་འདོད་ཀྱིན་ཡོད། ད་དུང་འཚོ་བ་ལ་གནོན་ཤུགས་ཆེ་བས་བྱིས་པ་གཅིག་མ་གཏོགས་སྐྱེས་མི་འདོད་པ་བཅས་ཀྱི་འཆར་གཞི་ཡང་སྣ་ཚོགས་འཐེན། འོན་ཀྱང་ང་ནི་མི་རྐྱང་རྟ་རྐྱང་ཞིག་མིན། ཕ་ཤུལ་བུས་འཛིན་པའི་འགན་འཁྲི་ཡོད། ངས་ཨ་མ་བསྐྱུར་མི་འདོད་ལ། དཔལ་མོ་བློས་ཀྱིས་ཀྱང་མི་ཐོངས། འདི་ལྟར་བསམ་དུས་ངས་རྟག་ཏུ་ལ་གཞས་ཤིག་དྲན་ཡོང་།
ང་རྫ་རི་བརྒྱུད་ནས་འགྲོ་དུས།
ངའི་འགྲོ་རོགས་མེ་ཏོག་སེར་ཆེན་ཡིན།
འགྲོ་ཟེར་ན་མེ་ཏོག་མི་འགྲོ་གི།
བསྐྱུར་བསམ་ན་བློས་ཀྱིས་མི་ཐོངས་ཀི
“ཁྱོད་ཀྱིས་བསམ་ན། ངས་ཆུང་མར་སུ་ལེན་རྒྱུ་རེད”ཞེས་དྲི་བ་ཞིག་བཏོན་ཏེ་ངའི་བསམ་གཞིག་གི་སྐུད་སྣེ་དུམ་སེ་བཅད།
“མི་ཤེས”
“ང་ཚོའི་སྡེ་བའི་རིག་སྐྱབས་ཚང་གི་ལྷ་མོ་ཡིན། ད་ནངས་ཨ་ཞང་དོན་འགྲུབ་ཡོང་ནས། ང་ལ་གཉེན་སློང་དུ་འགྲོ་རྒྱུར་ཁས་བླངས་ཡོད།”ཅེས་བཤད། ལྷ་མོ་ནི་ང་དང་སྡེ་བ་གཅིག་གི་ཡིན། མོ་རང་ད་ལོ་ལོ་ཉི་ཤུ་རྩ་བདུན་སླེབས་མ་ཐག་ཡིན། ངའི་ལོ་གཅིག་གི་ཆུང་ཡིན། མོ་རང་ཆུང་དུས་ནས་སློབ་གྲྭ་འགྲོ་མ་མྱོང། ཟོག་བཞོ་བ་དང་ལུག་འཚོ་བ། ལྕི་བ་ལས་པ་བཅས་འབྲོག་གི་ལས་ཀ་གང་ཡིན་ཡང་བྱང་ཆ་ལྡན་པ་ཞིག་ཡིན། མོ་རང་ངའི་ཨ་མའི་བློར་ཤིན་ཏུ་བབས་ཡོད། ན་ནིང་དབྱར་ཁ་ངེད་ཁྱིམ་ཚང་གཉིས་ཁྱིམ་མཚེས་བྱས་པ་ནས་བཟུང་། ལྷ་མོའི་ཨ་མ་དང་ངའི་ཨ་མ་གཉིས་གྲོས་འཆམ་ཡོད་པ་འདྲ། ཨ་མས་ངའི་མདུན་ནས་ལྷ་མོ་བཟང་རབས་རྒྱན་རབས་མང་པོ་བཤད་ཡོང་ལ། ལྷ་མོ་ངས་ཆུང་མར་བསུས་ན་ལེགས་ཚུལ་ཨ་མས་མངོན་ལྐོག་གཉིས་ཀྱི་སྒོ་ནས་ང་ལ་གསལ་བརྡ་བཏང་ཡོང་མོད། ངས་མི་ཤེས་ཁུལ་བྱས་ནས་བསྡད་པས། ཨ་མས་ཀྱང་ཧ་གོ་ནས། རྗེས་སུ་ང་ལ་ཨུ་ཚུགས་མ་བྱས། ལྷ་མོ་ནི་དངོས་གནས་བུ་མོ་གཞུང་དྲང་དང་ལས་ལ་བརྩོན་མཁན་ཞིག་ཡིན། ཁྱིམ་མཚེས་ཡིན་པའི་ལོ་དེར། མོས་ནམ་རྒྱུན་ཨ་མ་ངེད་གཉིས་ལ་རོགས་གང་ཐུབ་བྱེད། ནངས་མོ་མོ་ཚང་གི་འོ་མ་བཞོ་ཚར་རྗེས་ངེད་ཚང་ལ་ཡོང་ནས་འོ་མ་བཞོ་རོགས་བྱེད་པ་དང་། དགོང་མོ་ཡང་ཁོ་ཚང་གི་ལས་ཀ་ཚར་རྗེས་ཨ་མ་ངེད་གཉིས་ལ་རོགས་བྱས་བེའུ་རྡང་ལ་འདོགས་པ་དང་བཞོན་མ་ལྷས་ལ་བསྐོར་བ་བཅས་བྱེད། དེ་མིན་ཉིན་དཀར་ཁོམ་པ་བྱུང་དུས་ཀྱང་། ངེད་ཚང་ལ་ཡོང་སྟེ་མིག་རིག་རིག་དང་རྣ་ཀྲོག་ཀྲོག་བྱས་ནས་ཁྱིམ་ཞིག་གི་མནའ་མ་ནང་བཞིན་ཡར་རྒྱུགས་མར་འདུར་སྒོས་ཁྱིམ་ལས་ཙག་ཙིག་དག་སྣེ་ལ་ཕུད། མ་བཟང་བུ་མོས་བཟང་བཟང་བྱས་ན། ཕ་ངན་བུ་ལོ་དགའ་སོང་སྙམ་པ་མིན་ཚེ། མོས་ཐད་ཀར་ངའི་གདོང་ལ་ལྟ་མི་ཕོད་པ་དང་། ང་དང་འཕྲད་དུས་མོ་རང་ངོ་ཚ་ནས་མགོ་སྒུར་བ། གདོང་དམར་པོ་གྱུར་བ་བཅས་ཀྱིས་ང་ལ་མོའི་སྐར་ཆེན་ལྟ་བུའི་མིག་ཟུང་གསང་གཏམ་གྱིས་བཀང་འདུག་པའི་ཚོར་བ་བྱིན། གང་ལྟར་ང་རང་མོ་ལ་དགའ་མི་དཔེ། དེ་བས་ཀྱང་ཆུང་མར་ལེན་མི་དཔེ། ངའི་སེམས་ན་དཔལ་མོ་གཅིག་པོ་མ་གཏོགས་མེད། ངེད་གཉིས་བར་ན་བཤད་པའི་ཚིག་དང་བསྐྱལ་བའི་མནའ་ཡོད། དམ་བཅའ་མི་འགྱུར་གོར་མོ་རྡོ་ཟེར་ནས་ཁས་ལེན་བྱས་ཡོད། དབྱར་ཁ་དེར་ངས་དེ་ལྟར་རང་ཉིད་ལ་གསལ་འདེབས་བྱས་ཏེ་ལྷ་མོའི་བསླུ་བྲིད་ཀྱི་མིག་མདའ་དག་ལ་གཡོལ་བ་ཡིན།
ཁོས་ང་རང་ཧད་འདུག་པ་མཐོང་ནས“དཔལ་མོ་ད་དུང་བློས་གཏོང་ཐུབ་ཀྱིན་མི་འདུག་གམ”ཞེས་ལྷུག་ལྷུག་གིས་བགད་བྱུང་། ངས་ཁོ་ལ“ང་མེད་ན། དཔལ་མོ་ཡང་སེམས་སྡུག་གི་བཀང་སྲིད། མོ་ཡང་ང་ལ་དགའ་བོ་ཡོད”ཅེས་བཤད་པ་ཡིན། ཁོས་དགོད་མཚམས་བཞག་སྟེ་གཟབ་ནན་གྱིས་ང་ལ་བཤད་རྒྱུར“མོ་ལ་མཚོན་ན་ཁྱོད་ནི་བཀག་རྡོ་ཞིག་རེད། ཁྱོད་དང་བྲལ་རྗེས། མོ་ལ་འདམ་གསེས་མང་པོ་ཞིག་ཐོན་པ་རེད། གཞུང་ཞབས་ཀྱི་ལས་ཀ་ལ་རྒྱུགས་འཕྲོད་པའི་སྐྱེས་པ་ཞིག་མག་པར་བསུས་ནས་ཁྱིམ་ཚང་བགྱས་ཆོག་པ་རེད།”ཅེས་བཤད་བྱུང་། སྐབས་དེར་ཨ་མས་འོ་མ་བཞོ་ཚར་ནས། གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཞིག་རྒྱས་ཏེ་ཕྱི་སྒོར་ཐོན་བྱུང་། “མ་ཁོ། སུ་ལ་ཁ་བརྡ་བྱེད་གོད། ཁྱོད་བགད་ནོ་ལྷས་ནང་ནས་ཀྱང་གོ་འདུག” ཞེས་བཤད། ཁོས་ཨ་མ་ལ“ཨ་ཞང་དོན་འགྲུབ་ལ་ཁ་པར་བཏང་བ་ཡིན། གཉེན་སློང་རྒྱུ་ལེགས་འགྲུབ་བྱུང་མིན་ཅིག་འདྲི་བསམ་པ་ཡིན ”ཞེས་རྫུན་བཤད་བྱུང་། ངས་ཨ་མ་ལ“ཁོས་རྫུན་བཤད་བཞིན་འདུག ཁོ་ཁྱོས་བུ་མ་རེད། ང་ཁྱོས་བུ་ཡིན། ཁོ་མི་མ་ཡིན་གྱི་རྫུ་འཕྲུལ་རེད”ཅེས་གསལ་བཤད་བྱས་པ་ཡིན། འོན་ཀྱང་ཨ་མས་སྔར་བཞིན་ངས་བཤད་པ་གོ་བཞིན་མི་འདུག ང་ལ་ཁ་ཡ་གཏན་ནས་མི་བྱེད་པར་འཛུམ་དམུལ་དམུལ་གྱིས་ཁོ་ལ་ཁ་བརྡ་གློད། ཁོས་ཀྱང་ངས་བཤད་པ་མ་གོ་ཁུལ་དང་ང་མ་རིག་ཁུལ་བྱས་ནས། ཨ་མ་ལ་ལྷོད་ལྷོད་ངང་ཁ་བརྡ་བྱས་བྱུང་།
“ཨ་ཞང་གིས་ཅི་བཤད་བྱུང་།”
“ཁྱོད་རང་བྲེལ་འཚུབ་ལེན་བཞིན་ཡོད་དམ། ལོ་ཉེར་བརྒྱད་ཐོན་རག་བར་བྲེལ་བ་མི་ལེན། དེ་རིང་བྲེལ་བ་ལེན་རྒྱུ་ཐོན་བྱུང་ངམ་ཟེར་བཞིན་འདུག”ཅེས་བཤད་བྱུང་།
ཨ་མས་གདོང་ལ་བདེ་སྐྱིད་ཀྱི་ཉམས་ཞིག་དོད་བཞིན“ད་ངའི་བུས་བསམ་ཤེས་སོང་ནི་རེད། ཨ་མས་སྐྱིད་འདི”ཞེས་བཤད་བཞིན་མིག་ཆུ་ཡང་རྡོག་པོ་ཁ་ཤས་འཐོར་སོང་།
“ཨ་མ། ཁྱོད་མ་ངུ། ངས་སྔ་མོ་ནས་བསམ་ཤེས་རན་ཡིན། ཁྱོད་རང་འདི་འདྲ་རྒས་ཀྱང་། ད་དུང་འཁོར་བའི་འགན་ལྕི་མོ་དག་ཁྱོད་ཀྱི་ཕྲག་ལ་གཡུག ང་ནི་དངོས་གནས་མི་བསམ་མེད་ཅིག་རེད”ཅེས་བཤད་བྱུང་། དེ་དུས་ངས་ཀྱང་མགྲིན་པ་བརྣངས་ནས་མིག་ཆུ་ཁ་ཤས་རང་དབང་མེད་པར་ས་ལ་འཐོར། ཨ་མ་ལགས་ཀྱི་ལག་པའི་སྐྱི་མོ་དང་ཐོད་པའི་གཉེར་མ་དག་རེ་རེ་བཞིན་ངའི་མིག་ལམ་ལ་བཀྲམས་ཡོང་ཞིང་། ཡར་སྔོན་ཨ་མ་ལགས་དེ་འདྲ་རྒས་ཡོད་པ་ཡང་མ་ཚོར། ང་ནི་དངོས་གནས་མི་ཁྲེལ་མེད་ཅིག་རེད་བསམ་བྱུང་། ཨ་མས་གདོང་གི་སྐྱི་མོ་དག་གི་བར་ནས་འཛུམ་ཞིག་བཙུར་བཞིན“ཨ་མ་དགའ་ནས་མིག་ཆུ་བཞུར་བཞིན་ཡོད”ཅེས་བཤད། ང་ཚོས་མཉམ་མ་བཞག་པའི་གོ་སྐབས་དང་བསྟུན་ནས་རྟ་བདུན་དབང་བོ་རི་རྩེ་ནས་འཇབ་སྟེ་ནམ་མཁའི་མཐོངས་སུ་ལྷོད་ལྷོད་ངང་འཁྱམ་ཉུལ་བྱེད། ངའི་དཔེ་དེབ་དག་ཡང་མེ་ཡི་ཚིག་ནས་སོལ་བར་གྱུར་ཞིང་། སྙིགས་རོ་ལ་ཤས་རླུང་གི་ཁུར་ནས་བར་སྣང་ན་སྐྱོམ་བཞིན་འདུག ངའི་སེམས་པ་འདི་ཡང་བར་སྣང་ལ་ཁུར་བའི་ཤོག་ལྷེབ་ཅིག་དང་འདྲ་བར། འཁྱག་སིབ་སིབ་དང་སྟོང་ལྷང་ལྷང་ངང་གར་འགྲོ་འདིར་འདུག་མེད་པ་ཞིག་ལ་གྱུར། སྐད་ཅིག་ཉིད་ང་ནི་ཕ་ཡུལ་དང་ཁྱིམ་མི་མེད་པའི་ཁྱི་ལྡོམ་ལྟ་བུ་ཞིག་ལ་གྱུར་སོང་། “ཏིང་ཏིང་ཏིང”གསང་དིར་རེ་ཁ་པར་གྱིས་སྒྲ་སྒྲོག་བྱུང་། མི་མ་ཡིན་དེས་ཁ་པར་རྣ་སྒོ་གཏད་ནས་རྣ་བ་གླགས་ཏེ་ཉན།
“གཉེན་སློང་ལེགས་པོ་འགྲུབ་སོང ”ཞེས་བཤད།
“འོ་ཡ། ཨ་ཞང་། དེ་ན་ཨ་མ་ངེད་གཉིས་ཀས་འདིར་གྲ་སྒྲིག་རེ་བྱེད”ཅེས་བཤད། ཨ་མ་དགའ་ནས“ད་འགྲིག་སོང་ནི་རེད། ལྷ་མོ་ངོ་མ་བུ་མོ་ཡ་རབས་སྤྱོད་བཟང་ཞིག་ཡིན། སྐྱིད་འདི”ཞེས་བཤད། གལ་ཏེ་མོ་རང་བྱིས་པ་ཞིག་ཡིན་ཚེ། ཕལ་ཆེར་དགའ་ནས་གནམ་ལྡིང་ས་ལྡིང་བྱས་ཡོད་ཚོད་རེད། འོན་ཀྱང་མི་ནི་དཀའ་སྡུག་གི་ལོ་ཟླ་མང་པོ་ཞིག་གི་བརྒྱུད་རིམ་ཁྲོད་དྭངས་གཙང་གི་བྱིས་བློ་དང་ཁ་ཐག་རིང་དུ་གྱེས་ཤིང་། དགའ་སྐྱོ་ཆགས་སྡང་གི་རྣམ་འགྱུར་དག་ཚ་ཚ་འུར་འུར་གྱིས་དམར་རྗེན་ལ་མི་མངོན་པ་ནི་མི་དར་མའི་རང་གཤིས་དང་མཚར་ལོངས་བྱུང་བའི་མཚོན་རྟགས་ཤིག་ལ་མངོན་འདུག ཨ་མ་འདི་འདྲ་དགའ་བཞིན་ཡོད་པ་མཐོང་བས། ངས་རང་ཉིད་ཀྱི་ཁྲེལ་མེད་དང་སྒེར་སེམས་ཀྱི་བྱ་སྤྱོད་དག་ལ་གནོང་འགྱོད་ཐེབས་ཤིང་། ནོངས་འགྱོད་དེ་དག་གིས་ངའི་སྙིང་ཁོངས་སུ་མེ་ཟླུམ་ལོག་ལོག་ཅིག་བྱུང་བ་ནང་བཞིན་ལུས་པོ་ཚ་ལམ་ལམ་བྱེད། “ད་འགྲིག་སོང་། ལྷ་མོ་ཐོན་ན་ཨ་མའི་འགན་འཁྲི་ཇེ་ཡང་ལ་འགྲོ་ཐུབ་རྒྱུ་རེད”ཅེས་ཁེར་ལབ་བྱས་པ་ཡིན།
ད་ལྟ་བྱ་དངོས་མཐའ་དག་ང་དང་འབྲེལ་མེད་དུ་གྱུར་ཞིང་། སྐད་ཅིག་གི་དུས་ཡུན་ཐུང་ཐུང་ནང་ང་ནི་ཡུལ་གྱར་བ་ཞིག་ལ་གྱུར། མི་མ་ཡིན་གྱིས་ངའི་དངོས་པོ་ཐམས་ཅད་ལ་བདག་པོ་བྱས་ཤིང་། ངའི་ཡོད་ཚད་ལ་ཁ་ལོ་བསྒྱུར་ཏེ་ངའི་ཨ་མ་ལ“ཨ་མ”ཞེས་འབོད་མི་ཐུབ་པ་ཞིག་ལ་བསྒྱུར་ཞིང་། ངའི་བརྩེ་དུང་གི་མེ་ཏོག་ལ་ཡང་རྡོག་བརྫིས་བཏང་། དཔལ་མོ་གཅིག་པོར་ཁོས་འབྲེལ་ཐག་བཅད་ཅིང་། གཅེས་སྤྲས་དང་རིན་ཐང་གང་ཡང་མ་གནང་བས། ངའི་སེམས་སུ་དཔལ་མོའི་སྣང་བརྙན་དག་དྲན་ཞིང་། ངེད་གཉིས་ཀས་དམ་ཚིག་དག་འཁོར་ཡོང་། མོ་རང་སེམས་སྐྱོ་མོ་བྱུང་ནས་མིག་ཆུ་འཛད་མེད་ལ་བཞུར་བཞིན་ཡོད་པའི་སྣང་བརྙན་ཞིག་གིས་ང་རང་མོ་ལ་སེར་སྣ་ཡོང་བ་ཞིག་བྱས། ཉིན་དེའི་ཕྱི་དྲོ། ངས་ཨ་མ་ལ་ཕྱི་མིག་ཡང་ཡང་བལྟས་རྗེས། ང་རང་ཡུལ་འདི་དང་དང་གྱེས་ཏེ་དཔལ་མོ་འཚོལ་བའི་ལམ་ལ་ཆས་པ་ཡིན། ཨ་མའི་འཛུམ་གྱི་ཁེངས་བའི་ངོ་གདོང་དང་སྐྱིད་ཉམས་དོད་པོའི་རྣམ་པ་དག་མཐོང་བས་ང་རང་མོ་ལ་སེམས་ཁུར་ཅི་ཡང་མེད་པ་གྱུར། ང་རང་ལམ་ལ་ཆས་ནས་ཡུན་རིང་མ་འགོར་བར། ནམ་མཁའ་དབྱིངས་སུ་མི་ཞིག་གིས་ངའི་མིང་ནས་འབོད་བཞིན་འདུག ཡང་ལན་རེར་ཁ་ཏོན་བྱེད་པའི་སྒྲ་ཡང་གོ་ཡོང་།
ནམ་མཁའི་དབྱིངས་སུ་འཐིམ་པའི་ཆོས་སྒྲ་དེ་གདངས་ཇེ་དྲག་ལ་ཕྱིན་པ་དང་བཅས་ང་རང་དྲན་པ་སོས། གྲྭ་བ་ཞིག་དང་ཞང་པོ་དག་གིས“ད་སོས་འདུག ད་སོས་འདུག”ཅེས་ཟེར་ནས་མགོ་ལ་ཆུ་བྱོ་བ་དང་བདུག་པ་གདུག་བཞིན་མཆིས། ཨ་མ་དང་སྤོ་བོ་དག་ཆོ་ངེ་དང་སྨྲེ་ངག་འདོན་གྱིན་འདུག ང་རང་དྲན་པ་སོས་པའི་ཉིན་དེར། ཁྱིམ་ནང་བདུག་པ་གདུག་པའི་དྲི་ཞིམ་དང་། ཁ་ཏོན་དང་ཆོ་ངེ་གྱི་སྒྲ་ཡིས་འུར་ཆིལ་ལེར་བྱས་འདུག དཔེ་སྒྲོམ་དངོས་སུ་དཔེ་ཆ་དག་གྲལ་དག་པོར་གནས་འདུག རྗེས་སུ་ཨ་མས་བཤད་ན“ངས་ལུག་འཚོ་སྐབས་རི་སྒང་ཞིག་ནས་གཉིད་ལ་ཤོར་ཏེ་བླ་འཁྱམ་པ་རེད་ཟེར། གྲྭ་བ་དེའི་བླ་འགུག་གི་ཁ་ཏོན་བཏོན་པ་མིན་ན། ང་རང་བླ་འཁྱམས་ནས་ཕྱིར་ཡོང་ཐུབ་རྒྱུ་མ་རེད”ཅེས་བཤད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4601
དཔྱད་མཆན་སྤེལ།