བརྩེ་བའི་འཕར་ལྡིང་།
ཚེ་ཡི་སྨུག་སྤྲིན་འཐིབ་པའི་འཇིག་རྟེན་ནས། །
སེམས་ཀྱི་སྨིག་རྒྱུ་མེ་ལོང་ངོས་སུ་ལྷུང་། །
སྣང་འགྱུ་རླུང་གིས་གཡོ་བའི་སྒོ་དྲུང་ནས། །
མི་ཚེའི་ཕྱི་མིག་ཤོར་སའི་དྲན་ཤིང་ཡིན། །
སྣང་བ་རླུང་གིས་སྡེབ་པའི་རི་གྲོང་ནས། །
སྤྲིན་དཀར་སྟངས་སྟབས་རྒྱུ་བའི་གར་མ་ལ། །
ཁྲེལ་གཞུང་ཉི་ཟླའི་གུར་ཆུང་སེམས་ལ་བྲིས། །
ཚེ་ཡི་འཇིག་རྟེན་བསྒུལ་བའི་རྟེན་སྐལ་ཡིན། །
སེམས་ཀྱི་ཕྱི་ནང་རྒྱུ་བའི་སྨྲེང་སེམས་འདི། །
འཁོར་བའི་སྒོ་དྲུང་ཞིག་ནས་ཁྱོད་ལ་བཞག། །
ལས་སྐལ་ཚེ་ཡི་ལམ་ཐག་རིང་མོ་འདི། །
ཞེ་མཐུན་སྣང་བ་མཐུན་སའི་རི་མོ་ཡིན། །
མཛའ་གཅུགས་སེམས་ཀྱི་ལས་འཕྲོས་ལམ་ཆུང་འདི། །
ལས་འབྲས་སྟོང་གི་དབུ་ཁྱུད་ཐོགས་མ་ཡིན། །
དྲན་ན་ཉི་ཟླ་རྫོགས་མེད་དུས་ཚོད་ནས། །
འཚོ་བའི་ཆ་ཤས་ཁྱོད་ལ་ཉེ་རན་འདུག །
བཅོས་མིན་ཚིག་གི་རྣམ་འགྱུར་འདི་དག་གིས། །
ཡིད་ལ་འོང་བས་སེམས་འགྱུ་སྣ་ཚོགས་བྱིན། །
རྟག་ཏུ་བརྩེ་བའི་ཤོག་བྱ་ཁྱེད་ལ་བཏང་། །
བདག་གི་འཇིག་རྟེན་ཁྱེད་ལ་སྐྱོར་རན་འདུག །
ཞེ་འདང་དམ་གྱིས་སྦྲེལ་བའི་དམ་ཚིག་གིས། །
ཁྱོད་ལ་ཚེ་རབས་ལས་ཀྱི་སྣམ་བུ་བཟོས། །
དེ་རིང་བདག་གི་སེམས་ཀྱི་སྟོང་ཆ་འདི། །
ཁྱོད་དྲན་ཉི་མ་འཚོལ་བའི་དུས་དེ་ཡིན། །
འདིར་སྣང་སྒྱུ་མའི་ཤུལ་ལམ་རིང་མོ་འདི། །
དགའ་སྐྱོའི་སྤེལ་མས་ས་མཚམས་གཉིས་སུ་གྲུབ། །
འཚོ་བའི་དར་སྐུད་འདྲེས་མར་བསླས་པ་ན། །
སེམས་ཀྱི་སྤྲིན་དཀར་རྒྱུ་བ་ཐེངས་གཅིག་མིན། །
ཉི་ནུབ་ཕར་ཕར་འགྲིབ་པའི་ཕྱི་དྲོ་དེར། །
མཛའ་བ་སེམས་ལ་རྩིག་པ་འདི་ཉིད་ནི། །
སྐྱིད་སྡུག་འཚོ་བའི་སྒང་གཤོང་འདི་ག་ནས། །
ཁྲེལ་གཞུང་སེམས་ཀྱི་བར་ཐག་ཁྱེད་རང་ཡིན། །
དྲན་སེམས་རླུང་གིས་བསྒུལ་བའི་འཇིག་རྟེན་ནས། །
སེམས་པའི་ཁངས་ཆར་ལན་གཅིག་འཐོར་བ་ན། །
བར་ཐག་ཕྱི་མིག་བསྲུང་བའི་གྲུ་ག་ནས། །
ཡིད་བརྟན་སེམས་ཀྱི་སྣང་བ་འདྲེས་ས་ཡིན། །
ཞེན་ཆགས་མཚོ་མོ་བསྲུབ་པའི་འཛུམ་བག་འདི། །
གཙང་འགྲམ་མེ་ཏོག་གཡོ་བའི་ངང་ཚུལ་ཡིན། །
སེམས་ཀྱི་འཁྲེང་སེམས་བརྒྱུས་པའི་རྣམ་རྟོག་གིས། །
བརྩེ་བའི་ཤུགས་གླུ་རྒྱང་ལ་བསྐུར་བ་ཡིན། །
ཁྱོད་ནི་སེམས་ཀྱི་ལས་སྐལ་གཞུང་མ་ཡིན། །
སྨྲེང་བའི་གཏམ་དག་ཉིན་མཚན་གཉིས་ལ་བཏང་། །
སྟོན་ཟླ་གཞུག་མ་རྫོགས་པའི་དུས་ཚོད་ནས། །
དྲན་པ་ནང་གི་སྲུང་མ་ཁྱོད་རང་ཡིན། །
ངག་རིག་འཕྲུལ་བའི་ཟླ་བ་ཁྱེད་ལ་བརྩམས། །
མི་ཚེའི་ཁྲེལ་གཞུང་གཙང་པོ་ཁྱེད་ལ་བཅོལ། །
རབ་ཐག་མཆི་མ་བྲུག་པའི་རྗེས་ཤུལ་ནས། །
ཁྱོད་ཉིད་ཕྱོགས་ལ་སེམས་ཀྱི་ངལ་བ་བྱས། །
༢༠༢༢/༡༠/༢༣/ཉིན་བརྩམས།
རྩོམ་པ་པོ། ཁམས་པ་རབ་དབྱངས།
ཕྲན་དཔྱད་པ། 《ཁམས་པ་བེ་དུང་། 》
ལར་བདག་གི་སྙན་ངག་ལུགས་ཀྱི་ལྟ་ཚུལ་ལྟར་ན། སྙན་ངག་ཟེར་བ་ཡིག་རྩལ་གྱིས་འབྲི་བ་དང་། མྱོང་ཚོར་གྱིས་འབྲི་བ། གོ་རྟོགས་ཀྱིས་འབྲི་བ་བཅས་ཡོད་པ་ལས། ད་ཐེངས་སྙན་ངག་པ་ཁམས་པ་རབ་དབྱངས་ཀྱིས་བརྩམས་པའི《བརྩེ་བའི་འཕར་ལྡིང》ཞེས་པའི་སྙན་རྩོམ་འདི་ཞིབ་ཀློག་བགྱིས་པའི་མྱོང་ཚོར་ལྟར་ན། སྙན་ངག་འདི་ཚོར་བའམ་མྱོང་ཤེས་ཀྱིས་བྲིས་པ་ཤས་ཆེ་བའི་ཉམས་ཤིག་འདུག་ཅིང་། དེ་ནི་སྙན་ངག་པ་ཞིག་གིས་སྙན་ངག་གི་བརྩམས་ཆོས་སྤེལ་བར་མེད་དུ་མི་རུང་བའི་རྨང་གཞིའི་ཆ་རྐྱེན་ཡང་ཡིན་པ་སྟེ། ཡོངས་གྲགས་སུའང་ཚོར་བས་མ་ཟིན་པའི་སྙན་ངག་ནི་བཟི་ཁ་མེད་པའི་ཆང་རག་ལྟ་བུ་ཡིན་པས། དེ་ཡིས་ཀློག་རོལ་བྱེད་མཁན་དག་ལའང་ཚོར་བ་དང་འཆར་སྣང་གང་ཡང་སྦྱིན་མི་ཐུབ་ཟེེར་བ་བདེན་ངེས་རེད། དེ་བས་སྙན་ངག་ནི་ཚོར་བས་འབྲི་ཞིང་ཚོར་བས་མྱོང་རྒྱུ་ཞིག་ཡིན་པའི་ཆ་ནས་ཚོར་འགྱུས་ཟིན་པའི་སྙན་ངག་ནི་རབ་ཏུ་ལེགས་པ་ཡིན། འོན་ཏེ་སྙན་ངག་གམ། མིང་ཚིག་སྡེབ་ཏུ་བསྒྲིགས་ནས་རྩོམ་པ་པོའི་ནང་སེམས་ཀྱི་ཚོར་བ་མཚོན་པར་བྱེད་སྐབས་ཚོར་བའི་འགྱུ་རིམ་དང་ཚོར་བ་འགྲེམ་སྟངས་ཀྱི་ཆ་ནས་གདམ་གསེས་དང་། ལེགས་སྒྲིག་གང་མཚམས་ཡོད་དགོས་པ་ནི་སྙན་ངག་གི་གཞི་རྩའི་བླང་བྱ་ཡིན་པས། དེའི་ཆ་ནས་བལྟས་ན་ཚོར་བའི་འཕར་ལྡིང་དང་། ཚོར་བའི་འགྱུར་ཁུགས་ཀྱི་ཆ་ནས་གོ་རིམ་དཀྱུས་སུ་བཏང་པ་དང་། གོ་རིམ་དཀྲུག་སྟེ་སྤེལ་བའི་ལུགས་གཉིས་འདྲེས་པར་བྱས་འདུག་པ་ནི་དམིགས་བསལ་གྱི་རྩོམ་ཐབས་སུ་མཐོང་ལ། དེ་བཞིན་སྐྱེས་བུའི་ནང་སེམས་ཀྱི་མྱོང་ཤེས་དེ་ཉིད་མིང་ཚིག་སྡེབ་ཏུ་སྒྲིག་པའི་སྐད་བརྡའི་མཚོན་ཐབས་ཀྱི་ཆ་ནས། སྲོལ་རྒྱུན་ལུགས་ལྟར་ཐ་སྙད་ཀྱི་མཛེས་པ་དང་། བརྗོད་པའི་འཕྱོར་འགྲོས་མ་བོར་བའི་ཁར། རྩོམ་པ་པོས་ནང་སེམས་ཀྱི་དུང་ཚོར་དེ་ཉིད་གབ་དོན་དུ་མ་བཏང་བར་དངོས་སུ་ཕྱིར་བཏོན་པའི་ཉམས་ཀྱིས་དེང་རབས་ལུགས་ཀྱི་སྙན་ངག་གི་མཛེས་པའང་འབུར་དུ་ཐོན་འདུག་པས། སྙན་ངག་ལ་བཀག་རྒྱ་དང་མཐའ་མཚམས་མི་འོས་པའི་དཀྱེལ་ཡངས་རིང་ལུགས་ཀྱི་ལྟ་ཚུལ་སྒང་ནས་གཞལ་ཡང་མ་འགྲིག་པའི་ཆ་གང་ཡང་མེད་པའི་ཚོད་དུ་འདུག་པས། འདི་ལྟ་བུའི་སྙན་ངག་ནི་རང་རེའི་རྩོམ་རིག་གི་གར་སྟེགས་སུ་འཐོན་པར་འོས་པའི་སྒྱུ་རྩལ་གྱི་གར་མ་ཉམས་དང་ལྡན་པ་ཞིག་ཏུ་མཐོང་བ་ལགས་ཤིང་། ཕྱིས་སུའང་བཟི་ཁ་བཙན་ཞིང་འཕྱོར་ཉམས་ལྡན་པའི་སྙན་རྩོམ་མང་ཙམ་སྤེལ་བའི་སྐུལ་མ་ཞུའོ་ཞེས་ཁམས་པ་བེ་དུང་ནས་2024-3-11ཉིན་སྦྱར་བ་དགེ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4598
དཔྱད་མཆན་སྤེལ།