དུང་སེམས་དབྱངས་ཀྱི་རི་མོ།

 

སེམས་དངུལ་དཀར་མེ་ལོང་ནང་དུ། །

འདང་བརྩེ་བའི་རི་མོ་བྲིས་པ། །

ཚིག་སྙན་མོ་དབྱངས་ལ་སྦྱར་ནས། །

ངག་བརྩེ་གླུ་རྒྱང་ནས་མགུར་ཡོད། །

 

སྤྲིན་སྨུག་པས་རི་ལུང་འགེབས་དུས། །

སྟོན་འཇག་མའི་ཤུགས་གླུ་ལྷང་ལྷང་།།

ནང་མེ་ལོང་དཀྱིལ་དུ་དྲན་པ། །

འབྲི་མི་དགོས་ཡིད་ངོར་རང་འཆར། །

 

ནང་དུང་སེམས་དབྱངས་ཀྱི་མགུར་མ། །

ཚིག་བཅད་མའི་འགྲོས་དང་བསྡེབས་ནས། །

ལས་འདུན་མའི་ཁུག་སོ་ཞིག་ཏུ། །

ཚིག་རེ་རེའི་པི་ཝང་ངས་དཀྲོལ། །

 

སེམས་ཀུན་རྟོག་སྒྱུ་མའི་སྣང་བ། །

ལས་སྐྱིད་སྡུག་ཚོར་བའི་མངར་སྐྱུར། །

གདངས་སྙན་མོའི་རྒྱུད་སྐུད་ཕྲ་མོས། །

ཚིག་བདེ་མོའི་མེ་ཏོག་ངས་གཏོར། །

 

དགུང་ཉི་མ་རི་རྩེར་ཤར་དུས། །

སེམས་དྲན་པའི་རི་མོ་མངོན་སོང་། །

དབྱིངས་སྐར་མ་འོད་ཆེན་འཛུམ་དུས། །

ངས་ཚོར་བའི་རི་མོ་ཕབ་ཡོད། །

 

སྟོན་སྡོང་ལོའི་སྐྱོ་གར་འཁྲབས་དུས།

གདོང་མིག་ཆུའི་ངོ་གདོང་བཀྲུས་ཡོད། །

ཆུ་ལྷོད་ཀྱིས་བཞུར་བའི་འགྲམ་ན། །

བདག་རེ་བའི་རྨི་ལམ་འཁོར་ཡོད། །

 

ཚིག་སྙན་མོའི་སྡེབ་སྦྱོར་མེད་རུང་། །

ལོ་ཟླ་བའི་ཁུག་སོ་རེ་ནས། །

ཡིད་རྟོག་པའི་འཆར་སྒོ་རེ་རེ། །

ངག་སྙན་མོའི་དབྱངས་འགྲོས་རེ་རེ། །

 

ཞེ་མ་བཅོས་གངས་ཀྱི་འདབ་མ། །

ལུས་ལང་ཚོའི་རང་མདངས་ངོམ་ཞིང་། །

ཚེའི་ཆུ་རྒྱུན་མ་ཆད་བར་དུ། །

ངས་དྲན་པ་དབྱངས་སུ་གྱེར་འདོད། །

 

༢༠༢༣/༩/༢༡

 

ཕྱིར་ལོག་མེད་པའི་མི་ཚེ།

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམ་ན། །

མཁའ་ལ་འཕུར་འདོད་རྔམ་པའི་གཟེབ་ནང་གི་བྱེའུ། །

མཚོ་དང་རི་ཀླུང་བརྒྱུད་ནས་འཕུར་འདོད་ཅིག་ཡོད་ཀྱང་། །

རང་དབང་བྲལ་བའི་གཟེབ་ཀྱི་བྱེའུ་ཆུང་ང་སྐྱོ་བ། །

 

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམ་ན། །

རང་དབང་བྲལ་བའི་ཁེར་རྐྱང་སྐྱོ་བ་ཡིས་གཏིབས་པ། །

རང་དང་འཚམས་པའི་རྨི་ལམ་འཚོལ་སྙེགས་ཤིག་ཡོད་ཀྱང་། །

ཅི་འདོད་རང་དབང་མེད་པའི་བུ་མོ་ང་སྐྱོ་བ། །

 

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམ་ན། །

དྲྭ་བའི་རྒྱ་རུ་ཚུད་པའི་གསེར་མིག་གི་ཉ་མོ། །

བདེ་མོའི་འཁྱུག་རྩལ་ང་ལ་ངོམ་འདོད་ཅིག་ཡོད་ཀྱང་། །

རང་དབང་མེད་པའི་ཉ་མོའི་ལས་དབང་རང་སྐྱོ་བ། །

 

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམ་ན། །

སྐྱིད་སྡུག་གཉིས་ཀྱི་མལ་བསྟན་བཏང་མྱོང་ཞིག་ཡོད་མོད། །

དགའ་སྐྱོ་ཟུང་གི་མིག་ཆུ་དེ་བས་ཀྱང་བཏོན་མྱོང་། །

འདས་ཟིན་ལོ་ཟླ་སྐྱུར་མོ་ཡིད་ངོར་ལ་གཟན་པ། །

 

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམ་ན། །

བྲིས་ཀྱང་རྫོགས་མཐའ་མེད་པའི་མི་ཚེ་ཡི་གླེགས་བམ། །

རེ་དོགས་རེས་མོས་སེམས་ཚོར་དྲག་པོ་ཡི་ཀློང་ནས། །

སྐྱོ་བའི་ཡུལ་ན་སྐྱོ་བ་རྫོགས་མཐའ་ཞིག་མེད་དོ། །

 

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམ་ན། །

བགྲང་ཡས་ལོ་ཟླ་སྐྱ་བོའི་འཕྲང་རིམ་དེ་བརྒལ་དུས། །

ལུས་དང་སེམས་ཀྱིས་མྱངས་བའི་ཚོར་བ་ཡི་ཕུང་པོ། །

འཇིག་རྟེན་སྤྲོ་དགའི་འདུ་འགོད་ཁོ་མོ་ཡིས་མ་མཐོང་། །

 

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམ་ན། །

ལོ་ཟླ་རེས་སུ་འཁོར་བའི་སྐྱོད་མཚམས་དེའི་བར་ན། །

ངོ་གདོང་ཆུ་ཡིས་བརླན་པའི་སྐྱོ་ཤས་ཀྱི་ཚོར་སྣང་། །

ཡིད་ཀྱི་ངོས་སུ་བཞུར་བ་ཐེངས་གཅིག་ཙམ་མ་ཡིན། །

 

འདས་སོང་ལོ་ཟླའི་རི་མོ་ཡིད་ངོ་རུ་འཆར་ཚེ། །

ཡ་ཆུང་སྐྱོ་གདུང་ཆུ་བོ་ཆད་མེད་དུ་བྲུག་ཅིང་། །

བྲང་ཁོག་འདི་ན་སྐྱོ་བའི་ན་བུན་གྱིས་དཀྲིས་དུས། །

སྐྱོ་གར་ཚིག་ལ་བརྒྱུས་པ་ཁོ་མོ་ཡི་ལས་དབང་། །

       ༢༠༢༤.༡.༡༩

 

དར་མདོའི་མཛའ་གཞ ས།

 

གཞིས་ཁུལ་ཆུང་ཆུང་གི་སྒེའུ་ཁུང་འགྲམ་ནས། །

ཚིག་ཇ་ཕོར་གང་གི་བྲོ་བ་མྱང་ཞོར། །

སྙན་ཚིག་དབྱངས་འགྲོས་ཀྱི་པི་ཝཾ་དཀྲོལ་བཞིན། །

མཛའ་གཞས་ཐ་ཐོར་ཞིག་ངག་ནས་གྱེར་ཡོད། །

 

ལང་ཚོ་མེ་ཏོག་གི་སྐྱེ་ཕྲེང་གཅིག་ལ། །

སྐལ་ལྡན་བུང་བ་ཞིག་ལས་ཀྱིས་འཕྲད་པ། །

ཚེ་རབས་སྔོན་མ་ཡི་བག་ཆགས་མིན་ཡང་། །

སྐྱེ་བ་འདི་ག་ཡི་དྲན་ཤིིང་ལོས་ཡིན། །

 

མི་ཚེ་གླེགས་བམ་གྱི་ལོ་རྒྱུས་ཁྲོད་ནས། །

དྲན་པའི་གཟུགས་རིས་ཤིག་མཚོ་མོར་ཕབ་དུས། །

བརྩེ་བའི་རླབས་རིས་ཤིག་ཡོམ་ཡོམ་གཡོ་བ། །

བརྗེད་མེད་བརྩེ་བ་ཡི་དབུ་ཁྱུད་བཞེངས་ཡོད། །

 

ཚོར་བ་མངར་མོ་ཞིག་སྨྱུག་རྩེར་བཀྱོན་ནས། །

ཡིག་ཆུང་མཛེས་པོ་དེས་སེམས་རྩ་རླན་དུས། །

སྦས་གསང་མེད་དོན་ཞིག་འབྲི་བར་མོས་པའི། །

དྲི་མེད་ཁ་ཚིག་གི་གསང་གཏམ་བཤམས་ཡོད། །

 

ལས་ཀྱི་མེ་ཏོག་དེ་གང་དུ་བཞད་ན། །

སེམས་ཀྱི་བུང་བ་དེ་དེའི་ཕྱོགས་འཁོར་འགྲོ །

དུང་སེམས་ལས་འཕྲོ་ཡི་མདུད་པ་དམ་ན། །

འགྱུར་མེད་གཏམ་རྒྱུད་ཀྱི་རི་མོ་འབྲི་ཆོག །

 

ཟླ་བའི་འོད་ཟེར་ཞིག་མཁའ་ནས་འཕྲོས་དུས། །

སྣང་བའི་མུན་པ་ཞིག་དགུང་དུ་ཡལ་སོང་། །

བཅོས་མིན་དྭངས་གཙང་གི་སེམས་གཞས་རིང་མོ། །

དྭངས་གསལ་མཚོ་མོ་ཡི་ངོགས་ལ་བཏབ་འདོད། །

 

སྣང་བ་མག་མོག་གི་རི་གྲོང་ཆུང་ཆུང་། །

གློག་འོད་དཀར་དམར་གྱི་མཛེས་ལྗོངས་བཀྲ་དུས། །

མནའ་བོའི་མཛའ་གཞས་ཀྱི་དར་མདོ་གྲོང་ནས། །

བརྩེ་གཞས་གསེར་ནག་གི་བཅུད་ལ་བསྙལ་ཡོད། །

 

ཞེ་འདྲིས་གཙང་མ་ཞིག་ཡུན་དུ་བརྟན་ན། །

རི་ཆུ་སྟོང་ཕྲག་གིས་བར་ཐག་བཅད་རུང་། །

མི་ཚེ་སྐྱིད་སྡུག་གི་འཁོར་བསྐྱོད་རིང་མོར། །

འགྱུར་མེད་མནའ་ཚིག་དེ་ཡོད་ན་ལོས་ཆོག །

 

ལོ་ཟླ་རེ་རེ་ལ་ཚོར་བ་ངས་བཀོད། །

མཚན་ནུབ་རེ་རེ་ལ་སྒྲོན་ཆུང་ངས་སྤར། །

མཛའ་གཞས་རེ་རེ་ལ་དབྱངས་འགྲོས་ངས་སྦྱར། །

གྲོང་ཚོ་ཆུང་ཆུང་ལ་སྨྲེང་བ་ངས་འབྲི། །

 

བརྩེ་བ་རླབས་རིས་ཀྱིས་བཀྱགས་པའི་མཚོ་ཁར། །

དུང་བ་རྨུ་ཐག་གིས་ཟམ་ཆུང་བསྐྲུན་ཡོད། །

ཟམ་སྣེ་གཉིས་པོ་ལ་བཏགས་པའི་དར་མཚོན། །

ལས་དབང་དམར་པོ་ཡིས་དན་རྟགས་བྱས་ཡོད། །

 

འཆར་ཡན་གྱི་སྤྲོས་པ།

 

ཚོར་བ་སྐྱེན་པོའི་མིག་ཆུ་འདི། །

སྙིང་ཤ་རློན་པའི་ཁྲག་ཐིག་ཡིན། །

སེམས་ཀྱི་རྡོག་ཁྲེས་ལྕི་མོ་འདི། །

བརྗེད་མེད་མི་ཚེའི་ཉིན་ཐོ་ཡིན། །

 

ལྷིང་འཇགས་བར་སྣང་སྟོང་བ་རུ། །

ལས་ཀྱི་སྐར་མ་སྨིན་དྲུག་འཆར། །

སྐར་མདའ་ས་རུ་ལྷུང་ཐེངས་རེར། །

ཁོ་མོའི་རྨི་ལམ་དཀྲུགས་འདི་སྐྱོ། །

 

གཏམ་རྒྱུད་སྐྱུར་མོའི་བར་གསེང་ནས། །

ཚོར་བའི་རླབས་ཕྲེང་མཁའ་རུ་འཕྱུར། །

སྣང་བ་རབ་རིབ་གཅིག་གི་བར། །

སྐྱོ་བའི་སྨྲེ་ངག་ལན་གཅིག་ཤོར། །

 

ཚོར་བའི་མཚོ་མོ་རླུང་གིས་སྐྱོམས། །

ལང་ཚོའི་མེ་ཏོག་ཉམས་ཤིང་རྒུད། །

ལོ་ཟླའི་རྒྱབ་ལྗོངས་སྐྱུར་མོ་དག །

མ་འོངས་ལོ་རྒྱུས་དེབ་ཏུ་བཀོད། །

 

ལོ་ཟླ་རིང་མོའི་འཚོ་བ་འདི། །

ཕྱིར་དྲན་ཀློང་དུ་སྐྱེལ་བའི་ཚེ། །

མི་ཡི་མི་ཚེ་ཟེར་བ་འདི། །

ཆུ་རིས་འགུལ་ཙམ་ཡིན་པ་རྟོགས། །

 

ཚོར་ཤེས་མག་མོག་ཞིག་གི་ཁྲོད། །

སྣང་བའི་རི་མོ་མཛེས་ན་ཡང་། །

སྐྱིད་སྡུག་སྤེལ་མའི་འཁོར་བ་ནས། །

སྐྱོ་བའི་དབུགས་རིང་ཐོལ་གྱིས་ཤོར། །

 

ལྷོ་བཞུད་སྤྲིན་པ་དཀར་པོ་ཞིག །

བར་སྣང་སྟོང་པའི་དབྱིངས་ནས་གཡོས། །

མི་རྟག་སྨུག་སྤྲིན་རྒོད་པོ་ཞིག །

བསིལ་རླུང་འཇམ་པོའི་ཁྲོད་ནས་ཞུམ། །

 

ཡུན་ཐུང་མི་ཚེའི་གྲུ་ཁ་ལ། །

སྙན་མོའི་ཚིག་རྩལ་མི་ལྡན་ཡང་།  །

ལོ་ཟླ་སྐྱ་བོའི་ཁུག་སོ་རུ། །

ཚོར་རྟོག་ངག་གི་འཆར་སྒོ་བཞེངས། །

 

 

ཡིད་ཀྱི་འཆར་སྒོ།

 

འཁོར་བའི་ཆོས་ལ་སེམས་པ་བརླན་ནས། །

དཀའ་སྡུག་མི་ཚེའི་སྐྱིད་སྡུག་མྱོང་དུས ། །

ནམ་ཞིག་འཁོར་བའི་ཆོས་ཉིད་བསམ་ན། །

འཁོར་བ་ཁབ་རྩེ་ཟེར་བ་དྲན་ཡོང་། །

 

འཇིག་རྟེན་སྒྱུ་མའི་གར་སྟེགས་སྟེང་དུ། །

སྐྱིད་སྡུག་འདྲེས་མའི་ཟློས་གར་འདི་ཉིད། །

ཡིད་ཀྱི་ཚོར་བའི་མེ་ལོང་ངོས་སུ། །

སྣུམ་མཚོན་རི་མོའི་རྒྱབ་ལྗོངས་བཀོད་ཡོད། །

 

ཚིག་བཅད་འབྲི་བའི་འདུན་པ་ཆེ་ཡང་། །

དོན་ལ་འབྲི་བའི་སྒྱུ་རྩལ་དབུལ་བས། །

ཀློག་མཁན་དགའ་བའི་དགའ་སྟོན་མེད་ཀྱང་། །

མེས་པོའི་སྲོལ་བཟང་བསྐྱང་འདོད་ཆེ་སོང་། །

 

ཟང་ཟིང་འཚོ་བའི་མངར་སྐྱུར་ཁ་གསུམ། །

ཚོར་བའི་ཕོ་བྲང་དབུས་སུ་བཞེངས་ན། །

གནམ་ས་གཉིས་ཀྱི་འདྲེས་མཚམས་ཞིག་ནས། །

ཐོལ་བྱུང་ངག་གི་མགུར་མ་ཤོར་སོང་། །

 

ཟང་ཟིང་རྨི་ལམ་ལྟ་བུའི་འཇིག་རྟེན། །

ལོ་ཟླའི་གཅོང་རོང་དྲག་པོའི་འོག་ཏུ། །

དགའ་སྐྱོའི་ཁ་ཆར་གོས་སུ་གྱོན་ནས། །

བདེ་སྡུག་སྣང་བའི་རི་མོ་བྲིས་ཡོད། །

 

ཟླ་འོད་མག་མོག་ཅིག་གི་ཀློང་ནས། །

གཞས་ཆུང་གཉོམ་པོ་ལྷོད་ཀྱིས་འཐེན་ཞིང་། །

སྒྱུ་འཕྲུལ་ཚིག་གི་ཕོ་བྲང་བཞེང་བ། །

ཁོ་མོའི་རྨི་ལམ་རོལ་སྟངས་ཤིག་གོ །

 

ཚིག་ཚོགས་མོད་པོ་ངག་ལ་བརྒྱུས་ནས། །

འཇིག་རྟེན་འདིར་སྣང་ཟིན་ཐོར་འགོད་ཚེ། །

དགའ་སྐྱོ་འདྲེས་མའི་ཚོར་འདུ་གསོན་པོས། །

འཇིག་རྟེན་སྨྱུག་རྩེར་གཏོར་མཁན་ང་ཡིན། །

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4594