མཚན།            མི་ལ་རས་པ།

འཁྲུངས་ཡུལ།  གུང་ཐང་།

འཁྲུངས་དུས།  ༡༠༤༠

མི་རིགས།        བོད་རིགས།

ཆོས་ལུགས།     ནང་ཆོས།

གྲུབ་མཐའ།     བཀའ་བརྒྱུད།

ལས་རིགས།     ཆོས་ལུགས་ཉམས་ཞིབ་པ།

ལས་ཐོབ།        མཐུ་བ། མགུར་བ། རྣལ་འབྱོར་པ། རི་ཁྲོད་པ། གྲུབ་ཐོབ་པ།

གྲོངས་དུས།      ༡༡༢༣

 

“རྣམ་ཐར་གཅིག་ན་གྲུབ་ཐོབ་མིན”ཟེར་བ་ལྟར་མིན་མི་འགྲོ་སྟེ་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་རིན་པོ་ཆེའི་རྣམ་ཐར་ལའང་མཐུན་དང་མ་མཐུན་པ་མང་དུ་ཡོད་པ་ལས་འདིར་ཕྲན་གྱིས་དཀྱུས་གཅིག་ཏུ་བཀླགས་པའི་མི་ལའི་རྣམ་ཐར་དྲུག་ཙམ་ལས་མི་འདྲ་བར་བསྟན་པའི་གཙོ་གནད་འགའ་བཏུས་ཏེ་ཟུར་འཁོད་བྱེད་པ་ཡིན་ལ་དེ་ཡང་།

 

༡ ཡུལ་དང་ཡབ་ཡུམ་གྱི་མཚན།

༢ རང་དང་སྲིང་མོའི་མཚན།

༣ ཨ་ཁུའི་གདུག་རྩིབ་དང་ངོ་ཚ་མེད་པའི་རྒྱུ་མཚན།

༤ སྐྱ་ཆད་པའི་འཚོ་བ་དང་མི་ཆོས་འཕེར་བའི་མ་ཡུམ།

༥ ཨ་མའི་རྫོངས་པ་དང་མི་ལའི་སློབ་དཔོན།

༦ ངན་ལ་ངན་ལན་དང་སྡིག་ལ་འགྱོད་བཤགས།

༧ ལམ་གྱི་སློབ་དཔོན་དང་ལས་ཀྱི་བླ་མ།

༨ སྒྲུབ་པའི་སྙིང་རུས་དང་གྲུབ་པའི་མངའ་བདག

ཞེས་པའི་དོན་བརྒྱད་པོ་འདིས་བྲི་བྱ་དངོས་ཀྱི་བརྗོད་བྱ་དང་ས་གཅོད་གཉིས་ཀ་གནང་ནས་འབྲི་བ་ཡིན།   ཆེད་དུ་ཞུ་བྱ་ཞིག་ལ་ཆོས་འབྱུང་དང་བླ་རབས་སོགས་སུ་བཤད་པའི་མི་ལའི་རྣམ་ཐར་དག་འདིར་དྲངས་མེད་ལ་འོག་ཏུ་འཆད་པའི་རྣམ་ཐར་དག་གི་མིང་དོད་ལ་ཀ་ཁའི་ཐ་སྙད་བཀོད་ཡོད་པས་ཀློག་པ་པོས་དེ་ལྟར་གཟིགས་རྒྱ་ཕྱེ་རོགས་ཞུ།

དང་པོ་ཡུལ་དང་ཡབ་ཡུམ་གྱི་མཚན།

མི་ལའི་རྣམ་ཐར་ཀ་པ་རུ་ཡུལ་གྱི་མིང་དུ་གུང་ཐང་སྐྱང་ལྔ་རྩ་རོན་ཞེས་དང་ཡབ་ལ་ཁྱུང་པོ་མི་ལ་ཐོས་པ་ཞེས་ཟེར།

ཁ་པ་རུ་ཡུལ་གྱི་མིང་ལ་གུང་ཐང་རྒྱ་ལྔ་རྩ་རོན།   ཡུམ་མྱང་ཟ་ལྡན་ནེ་ཞེས་འཛེར་པ་དང་།

ག་པ་རུ་ཡུལ་ལ་གུང་ཐང་གི་སྐྱ་ལྔ་ཙ་རོན། ཡབ་ཐོད་སེ་ཞེས་དང་།

ང་པ་རུ་ཡུལ་ལ་གུང་ཐང་གི་རྩ།  ཡབ་ཤེས་རབ་རྒྱལ།  ཡུམ་འགྲོ་ཟ་དར་འོད་ཅེས་དང་།

ཅ་པར་ཡུལ་ལ་གུང་ཐང་རྒྱལ་ལྔ།  ཡབ་མིད་ལ་ཤེར་རྒྱལ།  ཡུམ་ཉང་བཟའ་དཀར་ལེགས་ཞེས་ཟློ་བ་དང་།

ཆ་པའམ་གཙང་སྨྱོན་གྱིས་གུང་ཐང་སྐྱ་རྔ་རྩ་དང་།  ཡབ་མི་ལ་ཤེས་རབ་རྒྱལ་མཚན།   ཡུམ་མྱང་ཚ་དཀར་མོ་རྒྱན་ཞེས་གདས།

འདི་དག་ལས་ཡུལ་གྱི་མིང་ནི་བྲིས་ནོར་ཤོར་ཡོད་མེད་ཙམ་ལས་ཐམས་ཅད་ཀྱིས་གུང་ཐང་སྐྱ་སྐྱ་རྔ་རྩ་ཡིན་པར་བཤད།  ཡུལ་དེའང་ཡིན་པ་ལ་མི་ལ་ཚང་གི་མེས་རབས་གོང་མ་ནས་གཞིས་སྡོད་བྱས་པའི་ཕ་གཞིས་ཤིག་མིན་པར།  མི་ལ་ནས་ཡར་བགྲང་མི་ཐོག་ཉེ་ཙམ་ནས་དེར་ཡོང་སྟེ་གནས་ཆགས་པ་ཞིག་སྟེ རྣམ་ཐར་ཅ་པར།  ཆོ་ལོ་ཕམ་ནས་ནོར་ཡོད་ཚད་ཤོར་ནས་མངའ་རིས་གུང་ཐང་ཙ་པ་ཉང་མི་ཅིག་དང་ཤག་པོ་བྱས་ནས་ཚུར་ཡོངས་ནས་རྒྱལ་ལྔ་ཡུལ་གྱི་ཙ་རོང་གི་མཁར་སྒོང་ཐང་ན། ཞེས་དང་།

རྣམ་ཐར་ཆ་པར། ཡབ་སྲས་ཡུལ་གཞིས་ཀུན་དང་བྲལ་ནས་ཡུལ་ཐོན་བྱོན་ཏེ།  མང་ཡུལ་གུང་ཐང་གི་སྐྱ་རྔ་རྩ་ཞེས་བྱ་བར་ཕྱག་ཕེབས་ནས་གཞི་བཅས་ཏེ།  ཞེས་པས་སོ།།

 

ཡབ་མིང་ཡང་ཕལ་ཆེར་མཐུན་མོད་ཀ་པ་དང་ག་པ་གཉིས་སུ་རིམ་བཞིན་ཐོས་པ་དང་ཐོད་སེ་ཞེས་པ་ཞིག་ཡབ་མིང་དུ་བཀོད་ཡོད།  དེ་ཡང་རྣམ་ཐར་ཡོངས་གྲགས་ཕལ་དང་མི་མཐུན་པའི་དམིགས་བསལ་བ་ཞིག་ཏུ་གྲུབ་མོད།   དེ་གཉིས་ངེས་པར་མི་ལའི་ཡབ་མིང་མ་ཡིན་ཞེས་ཀྱང་སྨྲ་མི་སྤོབས་ཏེ།  ཐོས་པ་དགའ་མི་ལ་རས་པ་རང་གི་མིང་ཡིན་པ་ལ་མིང་དེ་ཐོགས་དོན་ཡབ་ཀྱིས་རང་སྐྱེས་པ་ཐོས་པས་དགའ་བར་གྱུར་ཏེ་རང་མིང་ལ་ཐོས་པ་དགའ་བཏགས་ཞེས་པའི་བཤད་ཚུལ་རྒྱུན་རིང་བ་ཞིག་སྔ་ནས་ཡོད་ཅིང་།  དེ་ལྟ་ན་ཡབ་ཐོས་པ་སྲས་མི་ལ་སྐྱེས་པར་དགའ་བ་བྱུང་བས་ཐོས་པ་དགའ་ཞེས་པ་སྟེ།  དཔེར་ན་ལྷ་དགའ་བས་ལྷ་དགའ་དང་།  དགའ་རབ་རྡོ་རྗེ་ལ་དགྱེས་པ་རྡོ་རྗེར་བཏགས་པ་ལྟར་ཨེ་ཡིན་སྙམ་ལ།  མ་ཟད་ཡབ་མིང་ཐོས་པ་ཞེས་པའི་སྟེང་ནས་ཐོད་སེའམ་ཐོས་སེ་ཞེས་པའི་གཅེས་མིང་ཀྱང་ཚུར་ཐོགས་པ་ཡིན་ཏེ། དཔེར་ན“སེ”ཞེས་པ་གཅེས་མིང་གི་མིང་མཐར་ཐོན་པ་མཛེས་སེ་དང་ལེགས་སེ་ཞེས་པ་ལྟ་བུ་མིན་མི་འགྲོ་སྙམ་པའི་རྟོག་འགྱུ་ཡང་རྣམ་ཐར་ཀློག་པའི་སྐབས་འདིར་རང་བཞིན་གྱིས་ལྡང་སྟེ་རང་བཞིན་གྱིས་བཞུགས་འདུག

 

ཡུམ་མིང་ལ་རྣམ་ཐར་ང་པར་འགྲོ་ཟ་དར་འོད་ཅེས་བྲིས་པ་ནི་གཞན་དང་མི་འདྲ་ཞིང་།  ཤེར་རྒྱལ་ལ་ཟླ་བོ་གཞན་ཞིག་བླངས་པའི་ཚུལ་སོགས་ཀྱང་མི་སྣང་བས་ནོར་ཡོད་པ་འདྲ།   གཅིག་བྱས་ན་འབྲོ་ཟ་ནི་དཀར་རྒྱན་གྱི་རུས་དངོས་ཡིན་པ་དང་ཉང་ཚ་ཞེས་པ་མེས་པོ་རྡོ་རྗེ་རྒྱལ་པོ་གུང་ཐང་དུ་ཡོང་ནས་ཉང་མི་ཅིག་དང་ཤག་པོ་བྱས་ཤིང་།  ཉང་ཚ་དཀར་རྒྱན་ནམ་མྱང་ཚ་དཀར་ལེགས་ནི་ཉང་མི་དེའི་ཚ་མོ་ཡིན་པས་ཉང་ཚ་ཟེར་བ་ལས།  རུས་ནི་འབྲོ་ཟ་མིན་མི་འགྲོའང་སྙམ་མོད།

རྣམ་ཐར་ཆ་པ་རུ། རུས་མྱང་ཡིན་པ་ཞིག་ལ། དཀར་མོ་རྒྱན་ཞེས་བྱ་བའི་བུ་མོ་གཟུགས་མཛེས་ལ་མི་ཆོས་ཕེར་བ།  ཞེས་མྱང་ཚ་རུས་ཡིན་པར་བཤད་པས་གང་རྨེད་ཆ་མ་འཚལ་ལ་ཞིབ་དཔྱོད་ཀྱི་ཁོམ་ལྕོགས་ཀྱང་མེད་པས་རེ་ཞིག་བསྐྱུར་ཏོ།།

གཉིས་པ་རང་དང་སྲིང་མོའི་མཚན།

ཀ་པས་མི་ལ་རས་པ།   སྲིང་མོར་པེ་ཏ་ཞེས་དང་།

ཁ་པས་མགོ་ཡག་དང་།   སྲིང་མོར་པྲེ་ཏ་མ་ཞེས་དང་།

ག་པས་ཐོས་པ་དགའ་དང་། སྲིང་མོར་པེ་ཏ་ཞེས་དང་།

ང་པས་མི་ལ།   སྲིང་མོ་ཡང་དེ་བསྡེབ་ཆུང་ཞེས་བྱ་བ་གཉིས་ཞེས་དང་།

“འདི་ལ་དེ་བ་སྡེབ་ཆུང་དང་ཡང་དེ་བསྡེབ་ཆུང་གང་ཡིན་ཆ་མ་འཚལ”

ཅ་པས་ཀླུ་སྒྲུབ་མགོན་དང་།  སྲིང་མོར་མགོན་པོ་སྐྱིད་ཅེས་བཏགས་མོད་ཅུང་གླེན་པས་པེ་ཏར་བཏགས་ཟེར།

ཆ་པས་མི་ལ་ཐོས་པ་དགའ་དང་།  སྲིང་མོར་མགོན་མོ་སྐྱིད་ཅེས་དང་གཅེས་མིང་ལ་པེ་ཏར་ཆགས་ཟེར།

འདི་དག་ལས་ཅ་པས་མི་ལའི་ཐོག་མའི་མཚན་ལ་ཀླུ་སྒྲུབ་མགོན་ཞེས་དང་།  ཐོས་པ་དགའ་ཞེས་པ་ནི་མི་ལ་ཆུང་ནས་གླུ་སྒྲུང་ཉན་ལེན་བྱེད་པར་ཤིན་ཏུ་དགའ་བས་ཁྱིམ་མཚེས་དག་གིས་ཚུར་བཏགས་པར་བཤད།

ཆ་པས་མི་ལའི་ཐོག་མའི་མཚན་ལ་ཐོས་པ་དགའ་ཟེར་ཞིང་། མཚན་དེ་ཐོག་མར་འདོགས་མཁན་ཡབ་ཤེས་རབ་རྒྱལ་མཚན་ཡིན་པར་བཤད་ཡོད་པས་གཞི་རྩའི་ཆ་ནས་ཅུང་མི་མཐུན།  གོང་དུ་རྣམ་ཐར་ཁ་པས་མི་ལའི་མཚན་ལ་མགོ་ཡག་ཅེས་བཀོད་པ་དང་བསྟུན་ན་ཀླུ་སྒྲུབ་མགོན་ཞེས་པ་མི་ལའི་མཚན་ཡིན་འགྲོ་སྙམ་ཞིང་།  མགོ་ཡག་ཅེས་པ་ནི་མཚན་དེའི་སྟེང་ནས་ཚུར་གཅེས་མིང་དུ་ཐོགས་པ་ཨེ་ཡིན་ཡང་སྙམ།

རྣམ་པ་གཅིག་ཏུ་ནི་མཛོད་ནག་མར།  ཕས་ངའི་བུ་རྒྱུད་ཀྱི་བུ་མགོ་ཡག་པས་མགོ་ཡག་ཅེས་དང་མས་ཆོས་མགོ་ཡག་པས་མགོ་ཏུ་བཤད་ཚུལ་ཞིག་ཀརྨ་པས་གསུངས་པར་བཤད་ཀྱང་ཅི་ཆ།  གང་ལྟར་ཐོས་པ་དགའ་ཞེས་པ་མི་ལའི་མཚན་གྱི་རྣམ་གྲངས་ཤིག་ཡིན་ངེས།

སྲིང་མོའི་མིང་ལ་ཕལ་ཆེར་མཐུན་མོད།  ང་པས་མིང་སྲིང་གསུམ་ཡོད་པ་འདྲ་ཞིག་བཤད་པ་དང་།  མིང་ཡང་གཞན་དག་དང་གཏན་མི་མཚུངས་པ་ཞིག་བཤད་འདུག  དེ་ལྟ་ནའང་པེ་ཏའི་མིང་ཅན་གྱི་སྲིང་མོ་ཞིག་ཡོད་པ་དེས་ཀྱང་འདོད།

ཁ་པས་པེ་ཏའི་མིང་ལ་པྲེ་ཏ་མ་ཞེས་བཀོད་པ་ནི་རྩོམ་པ་པོས་པེ་ཏ་ཞེས་པའི་མིང་ལ་རྒྱུ་མཚན་མ་རྙེད་དེ་པེ་ཏ་མགོན་སྐྱིད་ཆུང་དུས་ནས་ཟས་མེད་སྤྲང་པོར་ལུས་པས་།  ཡི་དྭགས་མ་ཟེར་བའི་དོན་ཅན་གྱི་པྲེ་ཏ་མ་ཞེས་པ་སྒྲ་འགྱུར་ཏེ་པེ་ཏར་འབོད་པ་རེད་སྙམ་ནས་བཅོས་སམ་སྙམ་སྟེ་ཆ་མི་རྙེད་དོ།།

གསུམ་པ་ཨ་ཁུའི་གདུག་རྩུབ་དང་ངོ་ཚ་མེད་པའི་རྒྱུ་མཚན།

ཨ་ཁུ་དང་ཨ་ནེས་གདུག་རྩུབ་ཀྱི་བྱ་སྤྱོད་ལ་ཀ་པས་ཕ་ཆུང་ངུ་ནས་ཤི་བ་དང་།  མ་དང་པོ་ཨ་ཁུས་གསོས་པ་ལས་རྗེས་སུ་སྡང་ནས་མ་ལོགས་སུ་བྱས་པ་དང་རྫས་རྣམས་འཕྲོག་ཚུལ་ཤོད།

ཁ་པས་ཁུ་བོས་མདོ་སྡེ་དཀོན་བརྩེགས་དང་ཁང་ཞིང་རྣམས་འཕྲོག་ཚུལ་ཤོད།

ག་པས་ཆུང་ངུའི་དུས་ནས་ཕ་ཤི་བ་དང་ཁུ་བོ་དང་ཨ་ནེས་ནོར་རྫས་རྣམས་འཕྲོག་ཚུལ་ཤོད།

ང་པས་མི་ལ་ཡབ་སྲས་ལ་ཕ་སྤུན་དྲག་རྩལ་ཅན་མང་པོ་ཡོད་པ་རྣམས་ཀྱིས་ཀྱང་ཁོང་ཚང་གི་ཆ་རྐྱེན་ཅུང་ཙམ་རེ་འཕྲོག་པ་དང་རྗེས་སུའང་འཕྲོག་ཉེན་ཆེ་བ་ལ་ཡབ་ཤེས་རབ་རྒྱལ་ནས་མི་ལ་སེར་བ་སློབ་ཏུ་བསྔགས་པར་ཤོད།

ཅ་པས་མི་ལ་དགུང་ལོ་གསུམ་དང་ཟླ་བ་བཞི་ལོན་པ་དང་།  པེ་ཏ་ཟླ་བ་བཞི་ལོན་པ།   དཀར་ལེགས་ལོ་ཉེར་བཞི་དང་ཤེར་རྒྱལ་རང་དགུང་ལོ་ཉེར་གཅིག་ལོན་པའི་སྟེང་ཤི་བ་དང་།  དགེ་རྩ་སོགས་ལེགས་པོ་བསྒྲུབས་ནས་ལོ་གསུམ་འགོར་བ་ན་གཉེན་ཉེ་རྣམས་འཚོགས་ནས་དཀར་ལེགས་ཨ་ཁུའི་བུ་དང་མཉམ་དུ་སྡོད་དགོས་ཟེར་བ་ལ། དཀར་ལེགས་ཀྱིས་ཁས་མ་བླངས་ཏེ་ཚེ་འདིར་སྐྱེས་པ་གཞན་དང་མཉམ་དུ་མི་སྡོད་ཅེས་མནའ་བསྐྱལ་བ་ལ།  ཨ་ཁུ་རིན་རྒྱལ་སྤོ་ལངས་ནས་དེ་ལྟར་ན་ངས་ཕ་མའི་ནོར་རྣམས་ལེན་འགྲོ་ཞེས་བཤད་ནས།  མདོ་སྡེ་དཀོན་བརྩེགས་གཙོ་བྱས་པའི་ནོར་རྣམས་ཁྱེར་བར་ཤོད།

ཆ་པས་མི་ལ་ལོ་བདུན་ཙམ་ལོན་པའི་ཚེ་ཡབ་སྙུང་གཞིས་ཟིན་ཞིང་།གྲོངས་ཁར་མི་ནོར་རྣམས་ཨ་ཁུ་དང་ཨ་ནེ་ལ་བཅོལ་གདམས་བྱས་པ་ལ་གྲོངས་ཚར་དུས་དེ་ཚོས་ཚགས་བྱེད་པ་ལ་ཁ་གཡར་ནས་ནོར་རྫས་རྣམས་རང་རང་གིས་བགོས་ཏེ་ཁྱེར་བར་ཤོད།

དེ་ལྟ་ན་དེ་དག་ལས་རྒྱུ་འཕྲོག་མཁན་ནི་དུས་རབས་རྙིང་བའི་ལུང་ཁོག་དེ་རུ།  ཆོས་ལྡན་ལྷ་སའི་ཆོས་ཀྱིས་མ་ཐུལ་ལ་མི་ཆོས་གཙང་མའི་ཁྲིམས་ཀྱིས་མ་ནོན་པར།  ཧམ་སེམས་གཉེན་ནང་དུ་ཤོར་བའི་ཨ་ཁུ་དང་ཨ་ནེ་གཉིས་གཙོ་བྱས་པའི་དེའི་ཕྱོགས་ཀྱི་རྒྱུ་འབྲས་མེད་པའི་གཉེན་ཉེ་འགའ་ཡིན་པ་ཀུན་མཐུན།

ཡིན་ཡང་རྒྱུ་འཕྲོག་པའི་དུས་ལ་མི་མཐུན་པ་ཆེ་ཞིག་འདུག་སྟེ། ཕལ་གྱིས་ཡབ་ཤེར་རྒྱལ་འདས་གྲོངས་སུ་སོང་བའི་རྗེས་སུ་འཕྲོག་པར་བཤད་ཡོད་ལ།  མཐུ་སློབ་ཏུ་བསྔགས་མཁན་ཡང་ཡུམ་ཉང་ཚ་དཀར་རྒྱན་ཡིན་པར་བཤད།

རྣམ་ཐར་ང་པས་ཡབ་མ་འདས་པའི་དུས་སུ་ཕ་སྤུན་དྲག་རྩལ་ཅན་དག་གིས་ནོར་ཅུང་རེ་འཕྲོག་པ་དང་།   མཐུ་སློབ་ཏུ་བསྔགས་མཁན་ཡང་ཤེར་རྒྱལ་རང་ཉིད་ཡིན་པར་བཤད་ཡོད་པས་གོང་དང་ཤིན་ཏུ་འགལ་བར་ཞུགས་ཡོད།  སྤྱིའི་བབ་དང་བསྟུན་ན་ང་པས་བཤད་པ་དེ་ལ་བདེན་ཁ་རྙེད་དཀའ་ལ་རྣམ་ཐར་བྱིངས་དང་ཡང་མི་མཐུན་ཞིང་དངོས་ཡོད་ལའང་མི་མཐུན་ཚོད་དུ་འདུག

གཞན་ཡང་ཅ་པ་ལྟར་ན་ཨ་ཁུ་ཡབ་ཤེར་རྒྱལ་དང་ཕ་མ་གཅིག་པའི་སྤུན་ཡིན་པར་བཤད་མོད་ཆ་པ་ནི་དེ་དང་གཏན་མི་མཚུངས་ཏེ།  ཆ་པས་རྡོ་རྗེ་རྒྱལ་པོ་ལ་རྡོ་རྗེ་སེང་གེ་དང་།   རྡོ་རྗེ་སེང་གེ་ལ་སྲས་གཅིག་མ་གཏོགས་མ་འཁྲུངས་ཤིང་གཅིག་པོ་དེ་ཡབ་ཤེས་རབ་རྒྱལ་མཚན་ཡིན་པ་དང་།   རིན་ཆེན་རྒྱལ་ལ་གཡུང་དྲུང་རྒྱལ་མཚན་ཞེས་དང་།  གཡུང་དྲུང་རྒྱལ་མཚན་དང་སྲིང་མོ་ཁྱུང་ཚ་དཔལ་འགྲན་སོགས་རྡོ་རྗེ་སེང་གེའི་ཕ་སྤུན་གྱི་བུ་ཡིན་པ་དང་རྡོ་རྗེ་སེང་གེ་ཡབ་སྲས་ཀྱི་སྙན་གྲགས་ཐོས་ནས་གུང་ཐང་དུ་ཡོང་པ་སོགས་བཤད།   ཀ་པ་སོགས་ལས་མི་རྒྱུད་མི་གསལ།

ནོར་འཕྲོག་པའི་རྒྱུ་མཚན་ལ་ཨ་ཁུས་ངོ་ཚ་མེད་པའི་གཏན་ཚིགས་གང་འདྲ་ཞིག་བཀོད་པ་རྣམ་ཐར་ཅ་པ་དང་ཆ་པར་འདི་ལྟར། ཅ་པར་“ཕ་མའི་ཤུལ་གྱི་ནོར་མདོ་སྡེ་དཀོན་བརྩེགས་ཀྱིས་འགོ་བྱས་པའི་ནོར་ཐམས་ཅད་ཤེར་རྒྱལ་ལ་ཕོགས་བྱས་པ་ལ།  རིན་རྒྱལ་གྱི་ཆུང་མ་ན་རེ།རང་རེ་བུ་ཚ་མང་པོ་ཡོད་པ་དང་།  ཆ་རྐྱེན་ཆུང་དུ་སོང་བ་དང་། ད་རུང་སྲིང་མོ་ཆུང་བ་གཉིས་ཀྱང་རང་རེའི་རྫོང་དགོས་པ་ལ་ཕ་མའི་ཤུལ་གྱི་ནོར་ཡོད་ཚད་ཤེར་རྒྱལ་ལ་བྱིན་པ་དེ་མ་ལེགས་ཟེར་ནས།  རིན་རྒྱལ་ལ་ངོ་གནག་ཅིང་འཐབ་ཤ་བྱས་ཀྱང་གཏད་ཚར་ནས་བྱེད་ཐབས་མེད་པར་སོང་སྐད” ཅེས་བཤད་ཡོད་ལ་དེ་ལྟ་ན་མེས་པོ་རྡོ་རྗེ་རྒྱལ་པོར་བུ་གཉིས་དང་བུ་མོ་གསུམ་སྐྱེས་ཤིང་།  བུ་ཆེ་བ་རིན་རྒྱལ་ཆུང་ནས་གཉེན་རྟགས་བརྒྱབ་པའི་སྲུ་ཆུང་ཞིག་དང་གཉེན་སྒྲིག་བྱས་ཏེ།  བུ་ཕྲུག་དགུ་པོ་བཙས་ཡོད་མེད་ཀྱི་མཚམས་སུ།  རྡོ་རྗེ་རྒྱལ་པོས་གསེར་སྐུ་དང་གསུང་རབ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མདོ་སྡེ་དཀོན་བརྩེགས་སོགས་མང་པོ་ཞིག་བཞེངས་པ་ལས། ཡུམ་རྒྱས་འབྲིང་བསྡུས་གསུམ་གཙོ་བྱས་པའི་ནོར་མང་པོ་ཞིག་བུ་ཆེ་བ་རིན་རྒྱལ་ལ་བྱིན།  མདོ་སྡེ་དཀོན་བརྩེགས་སོགས་ནོར་རྫས་ཕྱེད། རྗེས་སུ་ཤེར་རྒྱལ་གྱི་ཡིན་པའམ་ཤེར་རྒྱལ་ལ་སྟེར་གྲབས་གང་རུང་གི་འཆར་གཞི་ཡོད་ཅིང་། སྲིང་མོ་དག་འདིའི་བར་དུ་གནས་ལ་བྱིན་ཟིན་པ་འདྲ།  ཤེར་རྒྱལ་ལ་གཉེན་སྟོན་མ་བྱས་གོང་མེས་པོ་རྡོ་རྗེ་རྒྱལ་པོ་ཁྱོ་ཤུག་གཉིས་ཀ་འདས་པས་དགེ་རྩ་ལོ་གསུམ་དུ་བསྒྲུབས་ཤིང་།  ཤེར་རྒྱལ་ལོ་བཅུ་དགུར་སོན་དུས་དགེ་བཤེས་གྲགས་པའི་ཚ་མོ་དཀར་རྒྱན་དང་གཉེན་སྟོན་བྱས་ཤིང་ཕ་མའི་ཤུལ་གྱི་མདོ་སྡེ་དཀོན་བརྩེགས་སོགས་ནོར་རྫས་ཀུན་ཀྱང་ཤེར་རྒྱལ་ལ་མ་བཞག་ཐབས་མེད་དུ་གྱུར།     ཡིན་ཡང་གཉེན་སྟོན་བྱས་ཏེ་ལོ་གསུམ་འགོར་ནས་ཤེར་རྒྱལ་རང་ཡང་ཚེ་དུས་བྱས།  དུས་དེ་ཙམ་ནས་ཁྱིམ་ཤུལ་དེ་རུ་མི་ལ་མ་སྨད་གསུམ་པོ་ལུས།    ཤེར་རྒྱལ་འདས་ནས་ལོ་གསུམ་འགོར་རྗེས་ཨ་ཁུའི་ཕྱོགས་ནས་ཤེར་རྒྱལ་ཤུལ་གྱི་རྒྱུ་ལ་དམིགས་པའམ་མྱི་ལ་དམིགས་པ་གང་ཡིན་ཆ་མི་འཚལ་མོད།  ཉང་ཚ་དཀར་རྒྱན་རང་གི་བུའི་ཆུང་མར་བསུ་དགོས་ཀྱི་བསམ་བློ་ཤར།   འདི་ལ་བལྟས་ན་རིན་རྒྱལ་དང་ཤེར་རྒྱལ་གཉིས་སྤུན་ཡིན་ཀྱང་བར་དུ་ལོ་གྲངས་མང་པོ་ཞིག་རྒྱུགས་ངེས་འདུག

ཡིན་ཡང་དཀར་རྒྱན་གྱིས་ཨ་ཁུའི་ཕྱོགས་ཀྱི་སྒེར་སེམས་ཀྱི་ངོ་གདོང་སྔ་མོ་ནས་ཤེས་ཡོད་པ་འདྲ་སྟེ་མོའི་སྐད་ཆ་ཅིག་ལ“ང་རིན་རྒྱལ་གྱི་བུ་དང་ཡུག་གཅིག་བསྡད།    ནོར་ལེན་རན་ཙ་ན།    ངའི་ལུས་ལ་ཕུ་ཚ་ཅིག་ཚུད་པ་དང་།    ཁྱེད་མིང་སྲིང་གཉིས་སྡུག་རིར་ཤི་བ་ཅིག་མི་ཡོང་ངམ་ཟེར་ནས་ངུ”ཟེར་བ་འདིས་ཡོངས་སུ་བཤད་འདུག

དེས་ན་ཕ་ཕྱོགས་ན་གཉེན་མེད་པ་དང་མ་ཕྱོགས་སུའང་དགེ་བཤེས་གྲགས་པ་གཅིག་པུ་ལས་མོ་རང་གི་ཕ་མ་གཉིས་ཀྱང་སྐབས་དེ་དུས་སུ་འདས་ནས་དཔུང་མེད་པར་གྱུར་བས་རིན་རྒྱལ་གྱིས་གནས་འོང་མ་ལ་རྒྱུ་མི་དབང་བའི་བཙན་ཤུགས་བཀོད་དེ་དཀར་རྒྱན་གྱི་ཁྱིམ་ནས་མངོན་སུམ་དུ་རྒྱུ་འཕྲོག་པར་བཤད་འདུག

 

ཆ་པར་འདི་འདྲ་ཞིག་བཤད་ཡོད་དེ།  “དང་པོ་མི་ལ་ཤེས་རབ་རྒྱལ་མཚན་ཁོ་རང་ཁམས་བཟང་རིང་ལ་ཁང་ཞིང་གསེར་གཡུ་མཛོ་རྟ་གནག་ལུག་རྣམས་ངེད་ཀྱིས་གཡར་བཏང་བ།ཁོ་རང་འཆི་ཁར་ནོར་བདག་པོ་ལ་སྤྲད་པ་ཡིན།ཁྱེད་རང་དབང་བའི་ནོར་གསེར་སེ་གཅིག་གམ།   ནས་ཕུལ་གང་ངམ།   མར་ཉག་གཅིག་གམ།   གོས་དར་རྐྱང་སྤ་གཅིག  དུད་འགྲོ་ཚེ་འཛུགས་གཅིག་ཀྱང་མིག་གིས་མ་མཐོང་བ་ལ་ད་འདི་འདྲ་ཟེར”

ཞེས་ནོར་འདི་དག་དང་པོ་ནས་ཁོ་ཚོའི་ཡིན།  ཁོ་ཚོས་ཤེར་རྒྱལ་ལ་གཡར་བ་རེད།  ཤེར་རྒྱལ་ཤི་ཁར་ཁོ་ཚོར་ཕྱིར་བྱིན་པ་རེད་ཅེས་པ་ནི་ཁ་གཡར་ས་དང་ནོར་ཕྱིར་མི་སྟེར་བའི་རྒྱུ་མཚན་དུ་བཤད་འདུག    དེ་ལྟ་ན་ནོར་ཁྱེར་པའི་རྒྱུ་མཚན་རྣམ་ཐར་དེ་གཉིས་སུ་བཀོད་པ་མི་འདྲ་ནའང་ཆོས་སྲིད་གཉིས་ཀྱི་ལམ་སྲོལ་ལས་རྒྱང་དུ་ཞུགས་པའི་རྒྱུ་མཚན་ཞིག་ཡིན་པ་གཉིས་ཀ་མཚུངས།  མི་ལ་ལོ་བཞིར་སོན་དུས་པེ་ཏ་སྐྱེས་པ་ཀུན་མཐུན།

བཞི་པ་སྐྱ་ཆད་པའི་འཚོ་བ་དང་མི་ཆོས་ཕེར་བའི་མ་ཡུམ།

ནོར་འཕྲོག་རྗེས་ཀྱི་འཚོ་བ་ནི་ཀ་པས་རྫས་རྣམས་འཕྲོག་ནས་མས་རྫོངས་དང་ཉིན་འཁལ་གྱིས་འཚོ་བ་ལས། ཞེས་དང་།

ཁ་པས་ཡུམ་གྱིས་རང་ལ་ཞིང་བག་ཙམ་ཞིག་ཡོད་པ་དང་བཀལ་ཐག་བླས་པའི་གླའི་མིང་སྲིང་གཉིས་གསོས་པར་བཤད།

 

ག་པས་ཡུམ་གྱི་རྫོང་བར་བྱིན་པའི་ཞིང་དང་ཉིན་འཁལ་བྱས་པ་ལ་འཚོ་བ་བྱས་པར་བཤད།

ང་པ་ལྟར་ན་འཚོ་བ་ཕྲན་ཙམ་རེ་ཡབ་ཤེར་རྒྱལ་ཡོད་དུས་འཕྲོག་པར་བཤད་པའི་འཚོ་བ་ལ་སྡུག་ཆགས་ཆེན་པོ་བྱུང་མེད།

ཅ་པས་དེ་ནས་དཀར་ལེགས་ཀྱི་ཕ་མ་གཉིས་ཀ་ཤི་ནས་སྔར་ལས་ཀྱང་སྡུག་ཏུ་སོང་ཡོད་པར་འདུག་ལ།  དེ་ནས་རྗེ་བཙུན་ལོ་བདུན་ལོན་པ་དང་།

དགེ་བཤེས་ཙ་པའི་དྲུང་དུ་བཞག་ནས་མ་སྨད་གཉིས་པོ་ཁང་སྟོང་དེར་སྡོད་པ་ལ་ཟས་གོས་ཅི་ཡང་མེད།   ཡུལ་མི་ཁྱིམ་མཚེས་རྣམས་ཀྱིས་ཀྱང་དཀར་ལེགས་ལ་ཁྱོད་སྐུད་པོའི་བུ་དང་མི་སྡོད་པ་ཟེར་ནས་འཐབ་ཅིང་ཤིན་ཏུ་སྡུག་པའི་ཚོད་དུ་སོང་ལ། ཞེས་དང་།

ཡང་དེ་ལས། རིན་རྒྱལ་ཕ་སྤད་བཟའ་ཚོ་རྣམས་ཀྱིས་ནི།  རྗེ་བཙུན་དང་པེ་ཏ་གར་མཐོང་ཡང་རྡོས་རྡེག་པར་བྱེད་ཅིང་།   དཀར་ལེགས་ལ་ཡང་རྡུང་ནི་མི་ཕོད་མོད་ཁ་ངན་ཚིག་ངན་ཟློས་ཏེ། ཞེས་བཤད་ལ།

ཆ་པས།  ནན་ཏར་མ་སོང་ན་ཁང་བ་ཡང་ངེད་དབང་བས།  མ་སྨད་ཚོ་ཕྱིར་སོང་ཟེར་ཞིང་ཨ་མར་ཐལ་ལྕག་གིས་བརྡུངས།  ངེད་མིང་སྲིང་གཉིས་ཕུ་དུང་གི་ལྕག་གིས་བརྡུངས།  ཞེས་དང་།

ཡང་དེ་ལས།  ཨ་མ་སྤྲང་དུ་ཨ་ཞང་གིས་མ་བཅུག་པར་མིའི་ལས་ཉིན་འཁལ་ཉིན་ཐགས་བྱེད་ཅིང་།  ངེད་མིང་སྲིང་ལ་ཅི་ཕན་དང་ནོར་ཅི་གསོག་བྱས།  སྲིང་མོས་ཅི་ལྕོགས་ཀྱིས་མི་གཡོག་དང་།  རྔ་གདང་རྒྱུག་དུད་པ་ལང་རྒྱུག་བྱས་ནས་ལྟོ་གོས་ཅི་རྙེད་བྱས་རུང་།  ལྟོ་སྐྱ་ལ་གོས་ཧྲུལ་བ་ཡིད་ཕམ་པ་ལས་སྐྱིད་པོ་རང་མ་མྱོང་།  ཞེས་གསུངས།

དེ་ལྟར་ན་མི་ལ་ཤེར་རྒྱལ་ཤི་རྗེས་སུ་མ་སྨད་དེ་གསུམ་ལ་གཉེན་གོ་ཆོད་ཅིག་དང་ཉེ་ཐག་ཆོད་ཀྱི་གྲོགས་ཤིག་ཡོད་པ་ལྟ་ཅི།  ཟས་བསོད་པོ་ཞིག་དང་གོས་དྲོན་པོ་ཞིག་ཀྱང་མེད་པར་ཀ་བཞི་གདུང་བརྒྱད་གྱི་ཁང་སྟོང་།ཡར་ན་མཆོད་པའི་སྐུ་མེད།  མར་ན་འཚོ་བའི་རྟེན་མེད་པར་ནག་ཤོམ་མེར་འདུག་པ་དེ་རུ།  ལྟོགས་བསྲན་དང་འཁྱགས་ཉལ་བྱས་པའི་ཉིན་ཞག་གི་ཁ་གྲངས་ནི་བློ་ཡུལ་ལས་འགོངས་པ་ཞིག་རེད།

གཅིག་བྱས་ན་གུང་ཐང་དུ་ཁང་ཆེན་བབས་ཏེ་བུ་ཡུག་འཚུབ་པའི་རླུང་སྒྲ་སྒོ་སྲུབ་ལས་ཐོས་ཐུབ་པའི་དགུན་ཟླ་བཅུ་བའི་མཚན་མོ་དེར།   ཆུ་རྙིད་ཅིག་ཏུ་གོར་གྱོང་མཛུབ་ཆུང་འདྲ་བ་ཞིག་བགོས་ཏེ་བྱིས་པ་གཉིས་ལ་བྱིན་རྗེས།  ཁྱོ་ག་ཤེར་རྒྱལ་དྲན་པའམ་ཁྱོ་ག་ཤེར་རྒྱལ་ཡོད་དུས་ཀྱི་དགོང་ཇ་མངར་མོ་དྲན་བཞིན་ཆུ་རྙིད་ཅིག་ཧུབ་འཐུང་བྱེད་མཁན་

དེ་ཉང་ཚ་དཀར་རྒྱན་ཡིན་ངེས་ལ།  བུ་ག་མང་དུ་བརྡོལ་བའི་རྒྱུན་གོས་རས་རྐྱང་ཞིག་གི་ཐུ་འོག་ཏུ་ཁོག་འདར་རྒྱག་བཞིན་པའི་བྱིས་པ་གཉིས་བཟུང་སྟེ་རྩ་གདན་ཞིག་གི་སྟེང་དུ་གཉིད་ཁུལ་བྱེད་པའི་ན་ཆུང་མ་དེའང་ཉང་ཚ་དཀར་རྒྱན་ཡིན་ངེས།

མདོར་ན་དེ་དུས་སུ་ཨ་མས་གཞན་གྱི་གཡོག་བྱས་ཏེ་འཚོ་བ་རེ་ཨེ་ལོན་བལྟས་ཤིང་། པེ་ཏས་མི་གཡོག་དང་སློང་མོ་གང་ཡིན་བྱས་ཏེ་ཟས་གོས་རེ་ལོན་པའི་རེ་བ་བཅས་འདུག

ཡིན་ཡང་ལྟོ་སྐྱ་ལ་གོས་ཧྲུལ་བ་ཡིད་ཕམ་པ་ཙམ་ལས་སྐྱིད་པོ་རང་མ་བྱུང་ཞེས་པ་ལྟར་མ་བུ་དེ་གཉིས་ཀྱིས་གཡོག་མོ་དང་སློང་མོ་བྱེད་པའི་འཚོ་ཐབས་དེ་ཁ་རྒྱུགས་ཡོང་པ་ལྟ་ཅི་ཟ་རིན་ཙམ་ཡང་ཡོང་དཀའ་བའི་ཚོད་དུ་སླེབས་འདུག

འཁོས་ཞན་པའི་འཚོ་བ་དེས་ཤིན་ཏུ་ཉམ་ཐག་པར་བྱས་པའི་དུས་ཚོད་དེའི་ནང་དུ། སྣ་སྐྲངས་པར་ཁུ་ཚུར་གྱི་དཔེ་ལྟར་སྡུག་དེའི་སྟེང་དུ་མི་སེམས་གསོད་པའི་འཕྱ་དམོད་དང་།  ཤ་རས་གས་པའི་རྡུང་རྡེག་མང་དུ་བྱས་ཡོད་པ་ནི་གོང་གི་རྣམ་ཐར་དེ་གཉིས་སུ། “རྗེ་བཙུན་དང་པེ་ཏ་གར་མཐོང་ཡང་རྡོས་རྡེག་པར་བྱེད་ལ”  ཞེས་དང་།

“དཀར་ལེགས་ལ་རྡོ་ཅིག་རྒྱབ།  རྗེ་བཙུན་རྡོག་རིལ་བྱས་ནས་དོ་བསད།  པེ་ཏ་སྒོ་ན་མར་བྲོས་ནས་བྱ་རྒྱུ་མེད་ཅིང་”ཞེས་དང་།

“རྗེ་བཙུན་རྩ་ཕུ་ན་ཡར་སྐྱུར་སྲུན་ལ་སོང་བ་ཕ་སྤུན་ཚོ་དང་ཕྲད་པས་བརྡུངས་ཤིང་རྡོག་རིལ་བྱས།  མགོ་བཅག་ནས་མར་ཡོངས་པ་དང”ཞེས་བཤད་པ་དག་གིས་ཤེས་ནུས་པས་རྣམ་ཐར་བཀླགས་ཏེ་སྐབས་འདིར་ཐོན་དུས་རྒྱུ་འབྲས་མེད་པའི་ལས་ཀ་དེས་ཡིད་སེམས་མྱ་ངན་པར་བྱས་ཤིང་། ལས་ཀ་དེའི་རྐང་འོག་གི་མི་ལ་མ་སྨད་ལ་ཤིན་ཏུ་སྙིང་ཉེ་བའི་འདུ་ཤེས་ཤིག་ལྡང་ཡོང་།

མིང་ཐོབ་དང་རྒྱུ་ནོར་འཕྲོག་པའི་སྙིང་ནད་འདི་མི་ལའི་ཨ་མ་ལ་མཚོན་ན་མི་མགོ་སུམ་ཅུའི་སྲོག་རིན་གྱིས་ཀྱང་སོད་མ་ཐུབ་པར་སེར་བ་གྱང་རིམ་དགུ་ཅན་ཞིག་འབེབས་དགོས་པའི་སྡུག་བསྔལ་ཆེ་ཞིག་ཏུ་གྲུབ།

དེ་ལྟར་ཤིན་ཏུ་སྐྱ་ཆད་པའི་འཚོ་བ་དེའི་སྐྱོ་ངལ་འོག་ཏུ།  ཨ་མ་ཉང་ཚ་དཀར་རྒྱན་གྱིས་ཞུམ་པ་མེད་པའི་སྙིང་སྟོབས་དང་རྨོངས་པ་མེད་པའི་བློ་གྲོས་སྔར་ལས་ཀྱང་ཇེ་བརྟན་དུ་བཏང་སྟེ།  བུ་ཆུང་ལ་ཆུང་ནས་ཡི་གེ་སློབ་ཏུ་བཅུག་པ་ནི་ངོ་མཚར་ཆེ་ལ།  དེ་ལས་ཀྱང་ཁྱོ་ག་གཞན་ཞིག་བཙལ་ནས་རང་གི་འགན་ཁུར་ཇེ་ཉུང་དུ་མི་གཏོང་བར་ལང་ཚོ་སྨིན་པའི་མཛེས་སྡུག་ཁྱིམ་སྟོང་ཞིག་ཏུ་རྫོགས་པར་བྱེད་པ་ནི་དེ་ལས་ཀྱང་ངོ་མཚར་ཆེ་སྟེ། བྱེད་ཐབས་འདིས་བུ་ཕྲུག་གཉིས་ལ་བཅངས་པའི་བླ་ན་མེད་པའི་བྱམས་བརྩེ་ཞིག་མཚོན་ཐུབ་ལ་ཁྱོ་ག་ལ་འཆང་བའི་ལྡོག་མེད་ཀྱི་བརྩེ་བ་ཞིག་ཀྱང་མཚོན་ཐུབ།

མོས་ཁྱོ་ག་གཞན་ཞིག་མི་འཚོལ་བའི་རྒྱུ་མཚན་གཙོ་བོ་དེ་ཨ་ཁུའི་བུ་ཁྱོ་གར་མི་ལེན་པའི་རྒྱུ་མཚན་དང་གཅིག་མཚུངས་སུ་སོང་ངེས་ཏེ་སྔར་ལྟར་རོ།།

རྣམ་ཐར་གཅིག་ལྟར་དུ་བྱས་ན།  མི་ལ་མཐུ་སློབ་དུ་བསྔགས་པའི་འཆར་གཞི་དང་ཆོད་སེམས་ནི་མི་ལ་ལོ་བདུན་ལ་སླེབས་དུས་ནས་ཨ་མ་ཉང་ཚ་དཀར་རྒྱན་ལ་ཡོད་ངེས་ལ། མི་ལར་ཆུང་ནས་ཡི་གེ་སློབ་ཏུ་བཅུག་པའི་རྒྱུ་མཚན་ཡང་དེ་ཡིན་འགྲོ་སྙམ།

མོས་གནུབས་ཁུ་ལུང་དུ་མི་ལར་འཕྲིན་བསྐུར་བ་ལྟར་ན་འཕྲིན་དེ་མོས་བྲིས་པ་འདྲ་ལ་དེ་ལྟར་ན་དཀར་རྒྱན་ནི་གུ་དོག་པའི་ལུང་པ་དེའི་ནང་གི་བུད་མེད་ཤེས་རིག་ཅན་ཞིག་ཀྱང་ཡིན་འདུག

མདོར་ན་ཉང་ཚ་དཀར་རྒྱན་གྱི་བློ་རིག་དེས་ལྷ་རྗེ་གནུབས་ཆུང་བ་ཡང་མགོ་རྨོངས་པར་བྱས་པ་ལྟར་ཏེ་བུ་ཕོ་རབ་ཅིག་ལ་མ་མཛངས་མ་ཞིག་གི་རྒྱབ་སྐྱོར་མེད་པ་མི་སྲིད་པའི་ཚོད་དུ་འདུག

ལྔ་བ་ཨ་མའི་རྫོངས་བ་དང་མི་ལའི་སློབ་དཔོན།

ལོ་ངོ་བཅོ་བརྒྱད་ཀྱི་མནར་གཅོད་རིམ་པར་མྱོང་སྟེ་མཐུ་སློབ་ཏུ་ཆས་ཤིང་མཐུ་སློབ་པའི་རྒྱགས་ལ་ཨ་མས་རང་གི་རྫོངས་བ་བཙོང་བའི་སྐོར་ལ་རྣམ་ཐར་ཀ་པ་རུ།  མི་ལས་གླུ་ལེན་གྱིན་འོང་པ་དང་།   མ་ན་རེ།   ཁྱོད་ཀ་འདྲ་བ་ཅིག་འོང་བ་ཟེར་ནས་མཆི་མ་ཅིག་བྱུང་བས།  འོ་ན་འཇུག་བྱ་ཟེར།  ཡི་གེ་འདྲ་ཤེས་ཀྱིན་འདུག་པས་མཐུ་འོང་ངམ་བྱས་པའི་འོང་ཟེར་ནས་མས་རྫོངས་ཞིང་བཙོངས་པ་དང་སློངས་བྱས་པའི་ཀ་ཆ་རྣམས་ཀྱིས་རྟ་དཀར་པོ་རྟེ་ལ་གྲགས་དང་།ཚོས་སྟང་དྲུག་འཕན་ཆ་དང་བཅས་ཁ་རྙེད་ནས་མང་ཡུལ་གུང་ནས་མི་དྲུག་འགྲོ་བ་ལ་མས་གཉེར་གཏད་ཁྱོད་ལ་ལོག་ས་མེད་པས་མཐུ་མ་བྱུང་བར་ལ་མ་ཡོང་བྱས་ནས་གཏང་ངོ་།། ཞེས་དང་།

ཁ་པ་རུ་མའི་ཞིང་དུམ་བཙོང་པས་རྟ་ཁམ་པ་རྟེལ་ལ་གྲགས་དང་།ཚོས་ལྟང་གཅིག་ཁུགས་པ་མང་ཡུལ་གུང་ཐང་ནས་གྲོགས་པོ་ངཙལ་བས་མི་ལྔ་རྙེད།མི་ལ་དང་དྲུག་འོངས།མས་དཔལ་མོ་དཔལ་ཐང་བསྒྲལ་ནས་གྲོགས་པོ་རྣམས་ལ།འདི་ལ་མཁོས་ཀ་མེད་པས་གཉེར་གྱིས་ཤིག་བྱས།བུ་ཁྱོད་ལ་ཡུལ་དུ་ལོག་ས་མེད་པས་མཐུ་གྱིས་ཡུལ་དུ་མ་འོང་།རྒྱགས་ད་རུང་ངས་བཙག་བསྐུར་ཟེར་རོ།།  ཞེས་དང་།

ག་པ་རུ་མ་ཡི་རྫོངས་ཞིང་ཡོད་པ་བཙོངས་པ་དང་སློངས་བྱས་པའི་ཀ་ཆས་རྟ་སེར་པོ་རྟེའུ་ལ་གྲགས་བྱ་བ་ཉོས་ནས། ཚོས་ལྟང་གཅིག་འཕན་ཆ་དང་བཅས་པ་བཀལ་ནས་མཐུ་སློབ་པའི་མི་དྲུག་དང་འགྲོགས་ནས་མཐུ་སློབ་ཏུ་ཕྱིན།  ཞེས་དང་།

ང་པ་རུ་ཡབ་ཤེས་རབ་ན་རེ།འོ་སྐོལ་ལ་ཡོན་ཏན་གྱི་ཁ་མ་བཟུང་ན།སྐྱིད་མེད་པས་ཁྱོད་ཀྱིས་དབུས་རྩ་ཐིལ་ན་མར་ལ་སོང་ལ།མཐུ་སེར་སློབ་ཅིག་གསུངས་ནས།ཆ་རྐྱེན་མང་དུ་བསྐུར་བས།ཞེས་གསུངས།

ཅ་པ་རུ་མས་མོ་རང་གི་ནོར་ཞིང་ཅིག་ཡོད་པ་དེ་ཡང་བཙོངས་ལ་དཀར་ལེགས་རང་གི་ཉེ་དུ་རྣམས་ལ་སློང་ཅིག་ཀྱང་བྱས་ནས།གཞན་ཡང་ཕན་ཆས་དམ་དུམ་དང་།ཚོས་ལྟང་དྲུག་དང་བཅས་པ་རྣམས།རྟ་ཁམ་པ་རྟེ་ལ་གྲགས་ལ་བཀལ་ནས།  མང་གུང་ནས་རོགས་མི་ལྔ་བྱུང་བ་དང་འགྲོགས་ཏེ།  དཔལ་མོ་རོང་ཁ་ཐུག་པ་མས་སྐྱེལ་བ་ཕྱིན་ནས།ཞེས་གསུངས།

ཆ་པ་རུ་ཨ་མས་མཐུ་སློབ་པའི་ཆ་རྐྱེན་དུ་ཞིང་པྲེ་པེ་སྟན་ཆུང་གི་ཕྱེེད་བཙོངས་པའི་རིན་ལ་གཡུ་སྐར་ཆེན་འོད་འཕྲོ་བྱ་བ་ཞིག་དང་།  རྟ་དཀར་པོ་སེང་གེ་སྲབ་མེད་བྱ་བ་ཡུལ་ན་དགའ་བ་ཞིག་དང་།  ཚོས་ལྟང་གཉིས་བུར་ལྟང་གཉིས་ཁུགས་འདུག་པའི་བུར་ལྟང་གཉིས་འཕྲལ་དགོས་ལ་སྤྱད་ནས་གྲབས་ཚར་བ་དང་།ང་གུང་ཐང་གི་ལྷུན་གྲུབ་མགྲོན་ཁང་བྱ་བར་ཞག་འགའ་བསྡད་ནས་ལམ་གྲོགས་བཙལ་བས།  མངའ་རིས་དོལ་ནས་ཡིན་ཟེར་བའི་གཅེས་ཕྲུག་ལྔ་དབུས་གཙང་ཕྱོགས་ལ་ཆོས་དང་མཐུ་སློབ་ཏུ་འགྲོ་བ་ཡིན་ཟེར་སླེབས་བྱུང་བ་ལ།  ང་ཡང་མཐུ་སློབ་ཏུ་འགྲོ་བས་རང་རེ་རྣམས་སྡེབ་འགྲོ་བྱས་པས། རུང་ཟེར་བ་དང་།ཞེས་སོགས་གསུངས་ཡོད།

དེ་ལྟ་ན་མི་ལ་ནར་སོན་ཏེ་དགུང་ལོ་བཅོ་བརྒྱད་ལ་སོན་པའི་ཉིན་ཞིག ཁོ་རང་ཐག་ཉེའི་སྟོན་མོ་ཞིག་ཏུ་སོང་སྟེ་ཆང་གིས་ཅུང་བཟི།  གླུས་ཡིད་ཅུང་ཟད་འཕྲོག་པས་ཕྱིར་ཡུལ་ལ་ལོག་སྐབས།  གླུ་ལེན་གྱིན་འོང་པ་ཨ་མས་མཐོང་སྟེ་རྡུང་རྡེག་དང་སྡུགས་དམོད་རན་ཙམ་བྱས་རྗེས། ཁྱོད་ཀྱིས་མཚོན་ཐོགས་ནས་དགྲ་གསོད་པ་མི་འོང་བས་མཐུ་བསླབས་ཏེ་དགྲ་འདུལ་དགོས་པའི་དྲན་ཚད་བསླངས་པ་རྣམ་ཐར་ཐམས་ཅད་མཐུན་ལ། མ་ཟད་མཐུ་སློབ་ཏུ་འགྲོ་དུས་ཀྱི་རྒྱགས་དང་ཆིབས་པ། ཨ་མས་རྫོངས་པ་བཙོང་ནས་གྲ་སྒྲིག་དང་ཚགས་ཆུད་བྱས་པའང་ཕལ་ཆེར་མཐུན།  ཡིན་ཡང་རྒྱགས་ག་ཚོད་ཡོད་པ་དང་ཆིབས་པ་གང་འདྲ་བཅིབས་པ་སོགས་ལ་མ་འདྲ་བ་ཅུང་ཡོད་དེ།  དཔེར་ན་རྣམ་ཐར་ཁ་པ་དང་ག་པ་རུ་ཚོས་ལྟང་གཅིག་ཅེས་བཤད་ལ།  ཀ་པ་དང་ཅ་པ་རུ་ཚོས་ལྟང་དྲུག་ཅེས་དང་།  ཆ་པས་ཚོས་ལྟང་མཉིས་དང་བུར་ལྟང་གཉིས་ཞེས་གསུངས་ཡོད་པས་ཚོས་ལྟང་གི་གྲངས་དང་བུར་ལྟང་དང་འཕན་ཆ་ཡོད་མོད་ལ་མི་མཐུན་ལ། འདིར་ལྟང་ཞེས་པ་ཀོ་བ་དང་རྐྱལ་བའི་སྣོད་ཅིག་ལ་ངོས་འཛིན་ལ། བུར་ལྟང་ཞེས་པ་ནི་ལྟང་དང་བཅས་པའི་བུ་རམ་དེ་ལ་ངོས་འཛིན་ཏེ།  དཔེར་ན་ད་སྐབས་བུ་རམ་ཁུག་མ་གང་ཟེར་བ་དང་མཚུངས།  ཡིན་ཡང་ཚོས་ཞེས་པ་ནི་གང་ཡིན་གོ་མ་སོང་།

ཆིབས་པ་རྟ་ཞིག་ཡོད་པའི་ཁ་དོག་གང་ཡིན་སྐོར་ལ་རྣམ་ཐར་ཀ་པ་དང་ཅ་པས་དཀར་པོ་ཞིག་ཏུ་བཤད།  ཁ་པ་དང་ཅ་པས་ཁམ་པ་ཞིག་ཡིན་པར་བཤད།   ག་པས་སེར་པོ་ཞིག་ཏུ་བཤད།   མང་པོའི་ཕྱོགས་དང་བསྟུན་ན་སེར་ཤས་ཅུང་ཆེ་བ་ཞིག་མིན་ནམ་སྙམ་ལ།  གཞན་དཀར་པོ་ཟེར་བས་ནི་ལྷ་རྗེ་གནུབས་ཆུང་ལ་སེར་བ་ཞུ་བའི་ཞུ་རྟེན་དུ་བླ་མ་གཡང་སྟོན་ཁྲོ་རྒྱལ་གྱིས་རྟ་དཀར་པོ་ཞིག་ཕུལ་བར་བཤད་པ་དེར་ནོར་ཡོད་ཤས་ཆེ་སྙམ།  གོང་ཏུ་ཕལ་ཆེར་གྱིས་རྟེ་ལ་དང་རྟེའུ་ལ། ཡང་ན་རྟེག་གྲགས་སོགས་ཟེར་བ་ནི་རྟེའུ་ལ་རྟེའུ་ལི་ཞེས་ཁ་སྐད་དུ་འབོད་པ་ལྟར་རྟེའུ་ཕྲུག་ཅིག་མིན་ནམ་སྙམ།  རྣམ་ཐར་ཆ་པར་རྟའི་མིང་ལ་སེང་གེ་སྲབ་མེད་ཅེས་ཟེར་བ་ནི་རང་གིས་རྟ་དཀར་པོར་བཤད་པ་དང་བསྟུན་ནས་རྟའི་མིང་ལ་གངས་སེང་དུ་བཏགས་པ་ཙམ་ཡིན་འགྲོ་སྙམ་སྟེ།  སྤྱིར་རྟའི་མིང་ལ་རྒོད་པོ་མཐུར་མེད་དང་།གྱི་ལིང་ལྟ་བུར་འདོགས་པ་ལས་སེང་གེར་བཏགས་པ་མེད་ཚོད་དུ་འདུག་ལ།  ཡོད་ཀྱང་མི་ལ་ཚང་གི་ཞིང་ཕྱེད་ཀ་དེས་གཡུ་སྐར་ཆེན་འོད་འཕྲོ་དང་རྟ་སེང་གེ་སྲབ་མེད་གཉིས་ཁུག་མི་སྲིད་དེ། མིང་དེ་ལྟར་ན་གཡུ་ཡང་གཡུ་བཟང་ཞིག་ཡིན་ངེས་ལ་རྟ་ཡང་རྟ་མཆོག་ཅིག་ཡིན་ངེས་པས་རྟེའུ་ཞིག་ཁུག་ཅེས་པ་དོན་མཐུན་དུ་སེམས།

གཡུ་འདི་དང་པོ་ནས་དཀར་ལེགས་ཀྱི་ཡིན་པར་ཡང་བཤད།

མཐུ་སློབ་མཁན་ལའང་མི་ལྔ་དང་མི་དྲུག་སོགས་མི་མཐུན་པ་ལྟར་སྣང་བ་རེ་ཡོད་མོད།  མི་ལ་རང་དང་བཅས་མི་དྲུག་ཡིན་ཚོད་འདུག་སྟེ་དེའི་ཕྱོགས་དེ་རྣམ་ཐར་དག་ཅུང་ཁ་གསལ་དང་མང་ཕྱོགས་སུ་འདུག

མཐུ་སློབ་གྲོགས་ལྔ་པོ་གང་ནས་ཡིན་པའི་སྐོར་ལ་རྣམ་ཐར་ཕལ་ནས་གུང་ཐང་གི་ཡིན་པ་འདྲ་ཞིག་ཏུ་བཤད་མོད།  རྣམ་ཐར་ཅ་པར་མངའ་རིས་དོལ་ནས་ཡིན་པར་བཤད་པ་བདེན་ཤས་ཆེ་སྟེ།  དེ་དག་གུང་ཐང་གི་ཡིན་ཞིང་མི་ལས་མཐུ་སློབ་རོགས་སུ་རྙེད་པ་ལྟར་ན།   དེ་དག་གིས་ཨ་ཁུའི་ཕྱོགས་ཀྱི་བྱས་ཉེས་དང་མི་ལ་ཚང་གི་སྡུག་བསྔལ་གོ་ཡོད་ངེས་མོད།  རྣམ་ཐར་དག་ཏུ་གོ་མེད་པ་ལྟ་བུར་གསུངས་ཡོད་པ་དང་།

ལར་དེ་དག་གིས་མི་ལར་གྲོགས་བྱེད་ཚུལ་ལ་བལྟས་ནའང་ཨ་ཁུའི་ཕྱོགས་ལ་སྐྲག་དགོས་པ་མི་ཤེས་པའི་རྒྱུས་མེད་ཅིག་ཡིན་ཚོད་འདུག

མི་ལ་ཐོག་མར་མཐུ་སློབ་ཏུ་འགྲོ་སའི་སློབ་དཔོན་ནི་གཡུང་སྟོན་ཁྲོ་རྒྱལ་ཡིན་པ་རྣམ་ཐར་ཐམས་ཅད་མཐུན།  ཡིན་ཡང་ཁོང་གི་རུས་གང་ཡིན་མི་མཐུན་ཏེ་རྣམ་ཐར་ཀ་པ་དང་ག་པ་གཉིས་སུ་རྔོག་གམ་མངོགས་སུ་བཤད་ལ་གཞན་དག་གིས་གཉག་གམ་གཉགས་སུ་བཤད།

ད་དུང་སྲོག་མཐུ་སློབ་སའི་གཙང་གི་སློབ་དཔོན་ཞིག་ཡོད་པ་དེའི་མཚན་ལའང་རྣམ་ཐར་གཞན་དག་ལས་གཙང་གི་བོན་པོ་ཅེས་པ་ཙམ་ལས་མི་གསལ་མོད།  རྣམ་ཐར་ཆ་པ་རུ་གཙང་རོང་གི་གནུབས་ཁུ་ལུང་བྱ་བ་ན་བླ་མ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་བྱ་བ་ཞེས་ཁ་གསལ་ཅན་དུ་གསུངས་ཡོད་ཅིང་མ་ཟད་ས་དེར་མི་ལ་རས་པས་མཐུ་སྒྲུབ་སའི་སྒྲུབ་ཁང་གི་ཁང་ཤུལ་ད་ལྟར་ཡང་ཡོད་པར་བཤད་པས་བོན་གྱི་བླ་མ་དེའི་མཚན་དང་རུས་དེ་ཡིན་འདུག་སྙམ་མོད། རྣམ་ཐར་ཅ་པའི་གསུང་ཞིག་དང་།

ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །

དྲག་སྔགས་གཟའ་གདུང་དམར་ནག་ཞུས།།

ཁོང་སྒྲུབ་འཕྲིན་གྱི་ཕྱག་བཞེས་མཁས་ནའང་།།  ཞེས་པ་སོགས་ལས་གཙང་གི་བོན་པོ་དེ་ཁུ་ལུང་ལྷ་རྗེ་མིན་ཤས་ཆེ་ཡང་སྙམ་ཏེ་འོག་ཏུ་འཆད།   ད་དུང་། ཕ་གྱེར་སྟོན་དང་ངབ་མེར་དབུ་མཛད་པའི། །

རོང་སྟོན་ལྷ་དགའ་ཡན་ཆད་ཀྱི། །

དྲིན་ཅན་བླ་མ་བཅུ་ཙམ་ཡོད། །

ཞེས་པ་ལྟར་མཐུ་བསླབ་དང་མ་བསླབས་པའི་བར་དེར་ཐུན་མོང་རིག་གནས་སྣ་ཚོགས་སློབ་སའི་སློབ་དཔོན་དང་། ས་གཞན་དུ་ཕྱིན་ནས་ཆོས་བསླབ་ཚུལ་སོགས་ཀྱང་ཡོད་ཚོད་འདུག་མོད་རྣམ་ཐར་ཅ་པ་ཙམ་ལས་ཁ་གསལ་དུ་མེད་པས་ཅ་པའི་རྒྱབ་ཆོས་ལ་གཟིགས་རོགས་ཞུ་ཞེས་ཞུའོ།།

དྲུག་པ་ངན་ལ་ངན་ལན་དང་སྡིག་ལ་འགྱོད་བཤགས།

མཐུ་བཏང་བའི་སྐོར་ལ།   མི་ལས་ལྷ་རྗེ་གནུབས་ཆུང་ལས་སྲོག་མཐུ་བསླབས་ཏེ་ཨ་ཁུའི་ཕྱོགས་སུ་མཐུ་བཏང་བའི་ཚུལ་རྣམ་ཐར་ཐམས་ཅད་རང་མཐུན་དུ་འདུག་མོད།  མ་མཐུན་པའི་ཆ་ཡང་འདི་ཙམ་ཡོད་དེ།  རྣམ་ཐར་ཁ་པར།  ཁང་བ་རྡིབས་པས་མི་ཕོ་མོ་ཉི་ཤུ་རྩ་བརྒྱད་བསད་དེ།  ཞེས་དང་།

རྣམ་ཐར་ཅ་པར།  ལར་མི་ཉི་ཤུ་རྩ་གཅིག་ཤི།  ཞེས་དང་།

ལར་སྔ་ཕྱི་གཉིས་ལ་སྐྱེས་པ་རང་ཡང་བཞི་བཅུ་ཞེ་གཅིག་ཙམ་ཤི་ལ།སྤྱིར་གྲོང་ཁྱིམ་བཅུ་བདུན་གྱི་སྒོ་རྡིབ་ཟེར།  ཞེས་དང་།

རྣམ་ཐར་ཆ་པར།  ཀ་བ་འགྱེལ་ཏེ།   ཁྱིམ་གཏིབས་པའི་གཏིབས་འོག་ཏུ་ཨ་ཁུའི་བུ་རྣམས་དང་།  མནའ་མ་སོགས་མི་མདའ་སུམ་ཅུ་སོ་ལྔ་ཤི་བས་ཁང་བའི་ནང་ས་ཚུབ་དང་རོས་གང་།  ཞེས་གསུངས་པས་ཤི་གྲངས་ལ་མ་མཐུན།

ཤི་མཁན་ལའང་མ་མཐུན་ཏེ། རྣམ་ཐར་ཀ་པ་དང་ག་པ་ཅ་པ་སོགས་ཀྱིས་ཨ་ནེ་མ་གཏོགས་པ་ཀུན་ཤི་བར་བཤད།  རྣམ་ཐར་ཆ་པས་ཨ་ཁུའི་བུ་དང་མནའ་མ་སོགས་ཤི་བ་ལས་ཨ་ཁུ་དང་ཨ་ནེ་མ་ཤི་བར་བཤད།   ཡིན་ཡང་སྤྱིའི་བབ་དང་བསྟུན་ན་ཨ་ཁུ་ཡང་ཤི་ཡོད་ངེས་ཏེ་མེད་ན་དེའི་སྐབས་སུ་རྗེ་མི་ལ་གསོད་པའི་གྲོས་མཁན་གཙོ་བོ་དེ་ཨ་ཁུ་ཡིན་དགོས་མོད་དེ་མིན་པ་དང་། གྲོས་མཁན་གཙོ་བོ་དེའི་ཆུང་མ་ཡང་དེ་སྔོན་མི་ལ་ཚང་གི་གཡོག་མོ་ཞིག་ཏུ་བཤད་པས་སོ།།

གཞན་ཡང་མཐུ་བཏང་རྗེས་སུ་ཨ་ནེའི་ལོ་རྒྱུས་ཙམ་ལས་ཨ་ཁུའི་གནས་ཚུལ་བཤད་པ་མེད་པ་འདིས་ཀྱང་ཨ་ཁུ་གསོན་མེད་པ་ར་སྤྲོད་ཐུབ་སྙམ་མོ།།   དེ་ལྟར་མཐུ་བཏང་སྟེ་མི་མགོ་སུམ་ཅུའི་གཡས་གཡོན་ཞིག་བསད་དེ་ཨ་ཁུ་ཚང་གི་ཕོ་ཟད་མོ་ལ་ཐུག་པར་བྱས་ཀྱང་།  ལོ་ངོ་བཅོ་བརྒྱད་ལ་ཁོག་ཏུ་སྦས་པའི་ཨ་མ་དཀར་རྒྱན་གྱི་སྙིང་ནད་ད་དུང་ཡང་མ་ཞི་བར་ཡང་བསྐྱར་སེར་བ་གྱང་རིམ་དགུ་ཅན་ཞིག་ཕབས་དགོས་ཀྱི་རེ་བ་བཏོན།   རེ་བ་འདིས་རླབས་ཆེ་བའི་ཨ་མ་དེའི་ཕྱི་ནང་གི་མནར་གཅོད་ཀྱི་ལྕི་ཡང་ཡང་མཚོན་ཐུབ།

མི་ལས་ཀྱང་རེ་བ་ལྟར་གཡུང་སྟོན་ལས་སེར་བ་བསྒྲུབས་ནས་སེར་བ་གྱང་རིམ་གསུམ་ཅན་ཞིག་ཕབས་ཤིང་།  མ་ཟད་ལན་དུ་མར་ཕབས་ནས་རི་རྡོ་ཐམས་ཅད་ཀླུང་དུ་ཕབ།  ཀླུང་རྡོ་ཐམས་ཅད་ཆུ་ལ་ཕོ་བས་མི་ལའི་གྲོག་མོ་ཟེར་བའི་གྲོག་རོང་ཆེན་པོ་ཡང་བྱུང་ཡོད་ཚོད་འདུག་གོ།།

དེ་ལྟར་མཐུ་བཏང་སྟེ་མི་བསད། སེར་བ་ཕབ་ནས་ཞིང་ཕྱུགས་ལ་གནོད་པ་ཚབས་ཆེན་ཕོགས།  བྱ་བྱེའུ་ཡང་མང་པོ་ཤི་ནས་སེམས་ཅན་ལ་གནོད་པ་མང་རབ་ཅིག་བྱས་རྗེས།  རང་བྱས་རང་གིས་མཐོང་ནས་ཆོས་སྒྲུབ་དགོས་ཀྱི་ཀུན་སློང་ཤར་བའི་སྐོར་ལ།  རྣམ་ཐར་ཀ་པར།  གཡུང་སྟོན་ཆང་འཐུང་ས་ཅིག་ནས་ན་རེ།  རང་གི་སྡིག་པའི་ཁར་ཁྱོད་ཀྱི་ཆེད་དུ་སྡིག་མང་པོ་བྱས་པས་ད་ཁྱོད་ཀྱིས་ཆོས་ནུས་སམ་ངས་རྒྱགས་བསྐྱལ་ན་ཟེར་བས།བོན་པོ་ལ་དྲིས་པས་ཀྱང་མཐུན་ནས་རྒྱགས་ཚན་ཅིག་དང་འབྲེ་སྟོན་ལྷ་དགའ་ཅན་དུ་ལོ་རྒྱུས་བརྗོད་ནས་ཆོས་ཞུས་པས།  ཞེས་དང་།

རྣམ་ཐར་ཁ་པར་ཡང་དེ་ལྟར་གཡང་སྟོན་གྱིས་སྐུལ་ལྕག་གནང་ནས་མི་ལས་ཆོས་བྱས་ཚད་དང་།    རྣམ་ཐར་ག་པར་ཡང་དེ་ལྟར་གཡུང་སྟོན་གྱིས་ཆོས་བསྐུལ་གནང་སྟེ་བོན་པོ་ལའང་དྲིས་ནས་འབྲེ་སྟོན་ལྷ་དགའི་མདུན་དུ་སོང་བར་བཤད།

རྣམ་ཐར་ང་པར།  དེར་ཡང་སྐྱོ་བ་སྐྱེས་ཏེ།  སེར་བ་འདི་ཡང་སྡིག་པའི་ལས་ཡིན་པས།  ཆོས་གཅིག་བྱ་དགོས་བསམ་ནས།  ལ་སྟོད་དང་གཉིས་བྱེད་པའི་ལྷ་རྗེ་རོང་གི་བསྟན་འཛིན་ལྷ་དགའ་ཞེས་བྱ་བ།  རྫོགས་ཆེན་དང་བསྒྲུབ་པ་སྟེ་དྲུག་ལ་སོགས་པ་མཁྱེན་པའི་གསང་སྔགས་རྙིང་མ་བ་ཆེ་བ་ཡོད་པར་འདུག་པས།  རྣམ་གཞག་བྱས་ཏེ།  རྫོགས་པ་ཆེན་པོ་ཉན་པའི་དུས་སུ།  ཞེས་སོགས་གསུངས།

རྣམ་ཐར་ཅ་པར་ཡང་དེ་ལྟར་གཡང་སྟོན་སྤྲང་པོ་ཞིག་ཤི་བར་ཐུགས་སྐྱོ་ནས་མི་ལར་ཆོས་བསྐུལ་གནང་སྟེ་མི་ལས་ཆོས་བྱས་ཚུལ་བཤད་ཡོད།

རྣམ་ཐར་ཆ་པར་མི་ལ་སྡིག་པར་འགྱོད་ནས་ཆོས་སྒྲུབ་འདོད་ཡོད་པ་ལ་ཉིན་ཞིག་གཡུང་སྟོན་ལ་ཡོན་བདག་བཟང་པོ་ཞིག་ཡོད་པ་ཤི་བས་གཡུང་སྟོན་ཐུགས་སྐྱོ་སྟེ་མི་ལ་ཆོས་བསྐུལ་གནང་བར་བཤད་ཡོད།

དེ་ལྟར་ན་རྣམ་ཐར་དེ་དག་གི་བཤད་པ་བྱིངས་མཐུན་མོད་མ་མཐུན་པ་ཡང་རེ་ཙམ་འདུག་སྟེ།    དཔེར་ན་ཆོས་སྒྲུབ་འདོད་ཐོག་མར་མི་ལ་རང་ལ་སྐྱེས་སམ་སློབ་དཔོན་གྱིས་བསྐུལ་བ་གང་ཡིན་དང་།  གཡུང་སྟོན་ལ་སྐྱོ་བ་སྐྱེ་བའི་རྐྱེན་སྤྲང་པོ་དང་ཡོན་བདག་ཤི་བ་གང་ཡིན་ལྟ་བུ་དང་།  མི་ལས་ཨ་མ་ཤི་བ་ནམ་ཞིག་ལ་ཤེས་པ་ལྟ་བུ་སོགས་སོ།།

 

གཞན་ཡང་རྣམ་ཐར་ཁ་པར་མི་ལའི་མཐུ་སེར་བཏང་སྟེ་དོན་འགྲུབ་རྗེས་སློབ་དཔོན་གཉིས་ཀྱིས་མི་ལ་ཡུལ་དུ་བསྔགས་པ་དང་།  མི་ལའང་གུང་ཐང་དུ་སོང་ནས་མ་ཤི་བ་དང་སྲིང་མོ་འཁྱམས་པ་ཤེས་རྗེས་ཕྱིར་སློབ་དཔོན་གྱི་དྲུང་དུ་ལོག་ནས་ཞབས་ཏོག་བྱས་ཚུལ་གསུངས་ཡོད་ལ།   དེ་བཞིན་ཀ་པ་དང་ཅ་པ་ག་པ་རྣམས་སུ་མི་ལ་ཡུལ་ཕྱོགས་སུ་ཕྱིན་པ་མ་གསལ་མོད་སྐབས་དེར་ཨ་མ་ཤི་བ་དང་མི་ལས་ཀྱང་དེ་ཤེས་ཡོད་པར་བཤད།  ཡིན་ཡང་ཆ་པས་ནི་སྐབས་དེར་ཨ་མ་ཤི་བར་བཤད་མེད་ལ་མི་ལས་དེ་ཤེས་ཡོད་པར་ཡང་བཤད་མེད།  དེ་ཡང་མ་བཤད་པ་ཙམ་མིན་པར་མི་ལས་སྐབས་དེར་དེའི་སྐོར་གཞི་ནས་ཤེས་མེད་པར་བཤད་ཡོད།

སྐབས་འདིར་རྣམ་ཐར་ཆ་པས་བཤད་པ་ལྟར་མི་ལས་ཨ་མ་ཤི་ཡོད་མེད་མི་ཤེས་པ་ཅུང་དོན་དངོས་སུ་འདུག་པ་འདྲ་སྟེ།  གལ་ཏེ་ཤེས་ཡོད་ན་མཐུ་སེར་ལ་ཐོགས་པ་མེད་པའི་མི་ལ་ཡུལ་དུ་སོང་ནས་མྱ་ངན་མི་ཞུ་བར་མིག་ཆུ་རེ་བཏང་ནས་སློབ་དཔོན་གྱི་མདུན་དུ་སྐྱིད་འདུག་བྱེད་པ་ཚུལ་དང་མི་འགྲིག་ལ།      མ་ཟད་བླ་མ་མར་པའི་མདུན་དུ་ཆོས་ཞུས་ཚར་ནས་ཡུལ་ལ་འགྲོ་བར་དགོངས་པ་ཞུ་བའི་སྐབས་སུ།  ཨ་མ་ལུས་ཀྱི་སྒྲོམ་བུ་དེ།།   ད་ལྟ་ཞིག་གམ་མ་ཞིག་ལྟ།།  ཞེས་ཤོད་ཚུལ་ཡང་མེད།

གཞན་རྣམ་ཐར་ཅ་པར་ཨ་མ་ཤི་བ་སྔར་ནས་ཤེས་ཡོད་པ་ལ་རྗེས་སུ་ཨ་མ་ལུས་ཀྱི་སྒྲོམ་བུ་དེ།།   ད་ལྟ་ཞིག་གམ་མ་ཞིག་ལྟ།། ཞེས་ཟེར་བ་འགལ་བར་ཆགས་ཡོད་ལ་མ་ཟད་ད་དུང་རྣམ་ཐར་ཅ་པར།ཨ་ཁུ་རིན་རྒྱལ་ཕ་སྤད་རྣམས།།  ད་ལྟ་དར་རྒུད་ཅི་འདུག་ལྟ།།  ཟེར་བའང་གོང་དུ་ཨ་ནེ་མིན་པ་ཀུན་ཤི་ཟེར་བ་དང་འགལ་བ་འདྲ་ཞིག་ཏུ་འདུག་སྟེ་དེ་ལྟར་མི་ལས་ཀྱང་སྔ་མོ་ནས་ཤེས་ཡོད་པས་སོ།།

གཞན་གསུང་རབ་མཆོད་གནས་དཀོན་བརྩེགས་དེ།།  ཐིགས་པས་རུལ་ལམ་མ་རུལ་ལྟ།།ཞེས་དཀོན་བརྩེགས་རང་ཁྱིམ་དུ་ཡོད་པ་ལྟར་བྱས་པ་དེ་ཡང་ཅུང་མི་འགྲིག་པ་འདྲ་སྟེ།  ཉེ་བ་དགྲར་ལངས་སྐབས་དཀོན་བརྩེགས་གཙོ་བྱས་པའི་རྒྱུ་འཕྲོག་པར་རྣམ་ཐར་ཀུན་སྨྲ་བ་གཅིག་ཡིན་པས་སོ།།  ཡང་ན་མཐུ་སེར་བཏང་རྗེས་ཞིང་དང་ནོར་ཅི་རིགས་ཤིག་ཨ་ཁུའི་ཕྱོགས་ནས་ཕྱིར་བྱིན་ཞིང་དེ་མི་ལས་ཤེས་ཀྱང་དགོས་པ་འདྲ།

བདུན་པ་ལམ་གྱི་སློབ་དཔོན་དང་ལས་ཀྱི་བླ་མ།

ལམ་གྱི་སློབ་དཔོན་གྱི་སྐོར་ལ་རྣམ་ཐར་ཀ་པས་འབྲེ་སྟོན་ལྷ་དགའ་ཅན་དུ་ལོ་རྒྱུས་བརྗོད་ནས་ཆོས་ཞུས་པས།  སྡིག་པས་མི་སྟོངས་སངས་རྒྱ་བའི་རྫོགས་པ་ཆེན་པོ་རྩ་བ་ཨོ་ལྷག་རྩེ་མོ་བྱུང་རྒྱལ་ཁ་གསེར་དང་ཁ་གཡུར་ཡོད་པ་ཡིན་གྱིས་གསུངས་ནས་ཐུགས་བདེ་བ་ཅིག་གིས་དབྱར་དགུན་གཉིས་གསུམ་བསྡད་པས།ཞེས་སོགས་གསུངས།

ཁ་པར་མ་ཡིག་ཆད་འདུག

ག་པར་ཡང་རྒྱང་རོ་མདའི་ཉང་སྟོད་ན་འབྲེ་སྟོན་ལྷ་དགའ་བྱ་བ་རྫོགས་ཆེན་ལ་མཁས་ཟེར་བའི་རྩར་ཕྱིན་ནས་དབྱར་དགུན་གསུམ་བསྡད་པར་བཤད།           ང་པར། ལ་སྟོད་དང་གཉིས་བྱེད་པའི་ལྷ་རྗེ་རོང་གི་བསྟན་འཛིན་ལྷ་དགའ་ཞེས་བྱ་བ།  རྫོགས་ཆེན་དང་བསྒྲུབ་པ་སྟེ་དྲུག་ལ་སོགས་པ་མཁྱེན་པའི་གསང་སྔགས་རྙིང་མ་བ་ཆེ་བ་ཡོད་པར་འདུག་པས།  རྣམ་བཞག་བྱས་ཏེ་རྫོགས་པ་ཆེན་པོ་ཉན་པའི་དུས་སུ། ཞེས་སོགས་གསུངས།

རྣམ་ཐར་ཅ་པ་རུ།  དེར་གདམས་ངག་སུ་ཆེ་དྲིས་ནས་ཐམས་ཅད་ལ་རྩད་བཅད་པས་རོང་ཁུ་ལུང་གི་ན།  རྗེ་ཡེ་ཤེས་བཟུངས།  ཆོས་མཁས་གདམས་ངག་ཆེ་ཟེར་ནས་དེའི་དྲུང་གཤེན་རྗེའི་སྐོར་དང་དྲག་སྔགས་གཟའ་གདོང་དམར་ནག་ལ་སོགས་ལདམས་ངག་མང་བར་ཞུས།   དེ་ནས་ཉང་སྟོད་ཁོ་ན་རེ། བ་མི་བྱང་ཆུབ་རྒྱལ་པོའི་དྲུང་དུ་སྒྱུ་འཕྲུལ་ཞུས།

དེ་ནས་ཉང་སྟོད་རྒྱན་མཁར་ན་གྱེར་སྟོན་དབང་ཕྱུག་རྒྱལ་མཚན་གྱི་དྲུང་དུ་རྫོགས་ཆེན་སྔ་འགྱུར་ཞུས།

ཡར་འབྲོག་གླང་བུ་དོ་རུ།  མར་པ་འབྱུང་གནས་ཡེ་ཤེས་ཀྱི་དྲུང་དུ་མདོ་སེམས་ཕྱོགས་དང་མདོ་སྒྱུ་འཕྲུལ་ཞུས།

དེ་ནས་ཉང་སྟོད་ཁུ་ལེ་དང་རོང་གཡུ་ཕུག་གི་དགོན་པ་གཉིས་ན་བཞུགས་པའི་བླ་མ་འདྲེ་སྟོན་ལྷ་དགའ་བ་དཔལ་གྱི་དྲུང་དུ་ཕྱིན་ནས་ལོ་གཅིག་ཙམ་བསྡད་པར་གསུངས།

རྣམ་ཐར་ཆ་པར། གཙང་རོང་གི་སྣར་ཞེས་བྱ་བ་ན། བླ་མ་རོང་སྟོན་ལྷ་དགའ་ཞེས་བྱ་བ་དམ་ཆོས་རྫོགས་པ་ཆེན་པོ་ལ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བཞུགས།དེར་སོངས་ལ་སྒྲུབ་པ་ཡང་དག་ཅིག་གྱིས་ཤིག་གསུང་།  ངས་ཀྱང་བླ་མས་ལུང་བསྟན་པ་ལྟར་གཙང་རོང་གི་སྣར་དུ་འོངས་ནས་རྩད་བཅད་པས།  བླ་མའི་ཇོ་མོ་དང་གྲྭ་བ་འགའ་འདུག་པ་རྣམས་ན་རེ།འདི་མ་དགོན་ཡིན་ཏེ།    བླ་མ་ད་ལྟ་འདི་ན་མི་བཞུགས།  མྱང་སྟོད་རི་ནང་བྱ་བའི་བུ་དགོན་ཞིག་ན་བཞུགས་ཟེར།  ཞེས་སོགས་གསུངས།

དེས་ན་བླ་མ་མར་བར་མ་མཇལ་པའི་སྔོན་དུ་འབྲེ་སྟོན་ལྷ་དགའ་ཞེས་པའི་རྫོགས་ཆེན་ཆོས་སྨྲ་བ་ཞིག་དང་མཇལ་བ་རྣམ་ཐར་དྲུག་པོ་མཐུན་ལ་ཡོངས་གྲགས་ལའང་ཚུལ་དེ་ཁ་རྒྱུགས་ཆེ་བར་བྱེད།  རྣམ་ཐར་ཕལ་གྱིས་ཁུ་ལུང་ལྷ་རྗེའི(གཙང་གི་བོན་པོ་ཞིག་ལས་ཁུ་ལུང་ལྷ་རྗེ་མིན་པ་འདྲ)རྗེས་སུ་འབྲེ་སྟོན་ལྷ་དགར་མཇལ་བ་ཞིག་ལས་བར་དེར་བླ་མ་གཞན་བསྟེན་པ་མི་གསལ།  མ་ཟད་ཆ་པ་ལྟར་ན་བར་དེར་བླ་མ་གཞན་མ་བསྟེན་པར་ཐད་གར་གཙང་རོང་སྣར་དུ་བྱོན་པ་ལྟར་བཤད་ཡོད།  རྣམ་ཐར་ཅ་པར་བར་དེར་ཆོས་ཞུ་སའི་བླ་མ་བཞིའི་མཚན་བགྲང་ཡོད་པས་གོང་དང་ཅུང་མི་མཐུན།   ཡིན་ཡང་མར་པར་མ་མཇལ་པའི་སྔོན་དུ་བླ་མ་གསུམ་གྱིས་མི་ཚད་པ་ཞིག་བསྟེན་པ་ཅ་ཆ་གཉིས་ཀས་འདོད་ལ་དེ་ལྟར་དུ་ཡིན་ཡང་ངེས།

འདིར་འདི་འདྲ་ཞིག་བསམ་སྟེ་རྣམ་ཐར་ཅ་པར་ཁུ་ལུང་དུ་རྗེ་ཡེ་ཤེས་བཟུངས་ལས་གཤིན་རྗེའི་སྐོར་དང་དྲག་སྔགས་གཟའ་གདོང་དམར་ནག་ལ་སོགས་གདམས་ངག་མང་བར་ཞུས་ཞེས་གསུངས་ཡོད་ལ།  རྣམ་ཐར་ཆ་པ་རུ་སྲོག་མཐུ་གཟའ་གདོང་དམར་ནག་ཅེས་པ་ཞིག་གཙང་གི་བོན་པོ་ལས་བསླབས་པར་བཤད་ཡོད་མོད།  རང་གི་བསམ་ཚུལ་ལྟར་ན་སྐབས་འདི་ལ་རྣམ་ཐར་ཅ་པ་ཅུང་བདེན་ཤས་ཆེ་་སྙམ་སྟེ།  གལ་ཏེ་རྣམ་ཐར་ཆ་པ་ལྟར་མཐུ་སློབ་སའི་གཙང་གི་བོན་པོ་དེ་ལྷ་རྗེ་གནུབས་ཆུང་ཡིན་ན་རང་ལས་བསྟན་པའི་རས་ཆུང་བའི་ཞུས་ལན་དུ།

ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །

དྲག་སྔགས་གཟའ་གདུང་དམར་ནག་ཞུས།།

ཁོང་སྒྲུབ་འཕྲིན་གྱི་ཕྱག་བཞེས་མཁས་ནའང་།།

མི་ཁོ་བོས་སྒྲོ་འདོགས་ཅུང་མ་ཆོད།།   ཞེས་གནུབས་ཆུང་བའི་ཆོས་དེས་ཁོའི་སྒྲོ་འདོགས་ཆོད་མ་ཆོད་གསུང་མི་སྲིད་དེ། གནུབས་ཆུང་བའི་ཆོས་དེ་ཆེད་དུ་སྲོག་ལ་རྒོལ་བའི་མཐུ་ཙམ་ཡིན་པས་སོ།།  དེ་ལྟ་མིན་ན།

ཁྱད་པར་གཡུང་སྟོན་ཁྲོ་རྒྱལ་གྱིས། །

ཟས་གོས་ནོར་དང་མཐུ་སེར་གནང་།།

ཁོང་སྒྲུབ་འཕྲིན་གྱི་ཕྱག་བཞེས་མཁས་ནའང་།།

མི་ཁོ་བོས་སྒྲོ་འདོགས་ཅུང་མ་ཆོད།།  ཅེས་ཀྱང་ངེས་པར་གསུང་ངེས་ཏེ་གཙང་གི་བོན་པོ་དེ་ལས་གཡུང་སྟོན་ཁྲོ་རྒྱལ་བསྟེན་ཡུན་རིང་ཞིང་ཐོབ་ཡིག་ཀྱང་དེ་ལས་མང་བས་སོ་ཞེས་ཀྱང་སྙམ།།

མདོར་ན་ས་ཕྱོགས་ཀྱིས་འཁྲུལ་གཞི་བཟོས་ཏེ་དེ་གཉིས་གཅིག་ཏུ་བྱས་ཤིང་གཟའ་གདོང་དམར་ནག་ཀྱང་ཕྱོགས་དེ་ནས་ཞུས་པ་ལ། ཕྱོགས་དེའི་བོན་པོ་ཤེས་པའི་རྣམ་ཐར་པ་དག་གིས་བོན་པོ་ལས་ཞུས་པར་བཤད་ཅིང་ལྷ་རྗེ་ཤེས་པ་དག་གིས་ལྷ་རྗེ་ལས་ཞུས་ཞེས་བཤད་པ་མིན་མི་འགྲོའང་སྙམ་མོ།།

འབྲེ་སྟོན་ལྷ་དགའི་ལྷ་ཆོས་དང་དེ་ལས་འཕྲོས་ཏེ་སྐབས་དེའི་རྫོགས་ཆེན་གྱི་གནས་བབ་ལ་དཔྱད་པའང་དོན་དང་འབྲེལ་ལ་མ་ཟད་མི་ལས་རྫོགས་ཆེན་སེམས་སྡེ་ཞུས་ཀྱང་ལམ་ལྷོང་མ་ཡོང་པ་ནི་ཆོས་དང་གང་ཟག་སོ་སོར་སོང་བ་ཙམ་ལས་ཆོས་ལ་ལན་པ་མིན་ཚུལ་རང་མགུར་དུ།

རྫོགས་པ་ཆེན་པོས་མདུན་ནས་གཟེར། །

ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །

ཁ་ནས་གདམས་ངག་ཁྲག་ཏུ་སྐྱུགས། །   ཞེས་སོགས་ཀྱིས་ཤེས་པ་སོགས་བཤད་དུ་ཡོད་མོད་སྐབས་དང་མ་འབྲེལ་བས་བསྐྱུར།

ལས་ཀྱི་བླ་མར་མཇལ་བའི་སྐོར་ལ་རྣམ་ཐར་ཀ་པར།རྒད་པོ་འཕྲུ་བྱེད་པ་ཞིག་འདུག་པ་ལ་འཕྲིན་བཅོལ་བས་འདི་ཚོ་ཟིན་པ་དང་བྱ་ཡིས་ཟེར་ནས་རི་མོ་བྲིས་ཏེ་ལ་འུར་རྐོས་པ་དང་།ད་ང་ཡིས་ཐན་བྱ་ཡིས་ཤོག་ཅིག་ཟེར་ནས་སོང་།ཤོག་ཟེར་ཕྱིན་པ་དང་བུང་ཚོའི་སྟེང་ན་ད་ཅི་དེ་འདུག་པས་བྲེད་ནས་ཡོད་པ་དང་།བྲེད་མི་དགོས་གསུངས་ནས།ཞེས་སོགས་གསུངས།    ཁ་པར་མི་གསལ།

ག་པར།  ས་སྐྱགས་སུ་སླེབ་པ་དང་མི་རྒན་འབྲས་བུ་བྱེད་པ་གཅིག་འདུག་པ་ལ།མི་བདུན་ཕྱག་བྱེད་ཀྱིན་འདུག་པ་ལ་ཡང་རྟོག་པ་མ་ཞུགས།དེ་ལ་མར་པ་དང་མཇག་བའི་འཕྲིན་བཅོལ་བས་ས་ལ་རི་མོ་གཅིག་བྱས་ནས་འདི་བརྐོ་རོགས་གྱིས་ཤིག་འདི་ཟིན་པ་དང་ངས་འཕྲིན་བྱ་ཡིས་ཟེར།ཞེས་སོགས་སྔར་བཞིན་གསུངས།

ང་པས།དེ་ནས་བླ་མ་མར་བ་ལོ་ཙ་དང་།མཁན་ལུང་དགོན་པར་མཇལ་ཏེ།   ཆོས་དང་ཟང་ཟིང་གཉིས་ཀ་ཞུ་བྱས་པས།  གཉིས་ཀར་མི་འོང་གཅིག་བྱ་ཟེར་སྐད།ཅེས་སོགས་གསུངས།

ཅ་པས་བན་རྒན་ཅིག་གིས་སྤང་རྐོ་བ་ལས་ཐོག་མར་མཇལ་ཚུལ་སོགས་སྔར་ལྟར་གསུངས།

ཆ་པས་དང་པོ་མར་པ་ཡབ་ཡུམ་གཉིས་ལ་མཚན་ལྟས་ལེགས་པོ་བྱུང་ཚུལ་དང་དེ་ནས་མར་པ་ཕྲུ་བྱེད་དུ་ཕེབས་པ་ལ་མི་ལ་མཇལ་ཚུལ་སོགས་ཅུང་རྒྱས་པ་ཞིག་གསུངས་ཡོད།

ཡིན་ཡང་མར་བས་ཞིང་རྨོ་བའི་སྐབས་སུ་མི་ལ་མཇལ་བ་དང་དེ་ནས་ལམ་དྲིས་པ་སོགས་རྣམ་ཐར་ཐམས་ཅད་མཐུན་མོད།

མ་མཐུན་པའམ་གསལ་རྒྱས་ལ་ཅུང་ཁྱད་པར་ཡོད་དེ་དཔེར་ན་རྣམ་ཐར་ཀ་པ་རུ་རྒད་པོ་ཅིག་ཏུ་བཤད་པ་དང་།   རྣམ་ཐར་ཅ་ཆ་གཉིས་སུ་བན་རྒན་དང་བན་ཏེ་ཞེས་གསུངས་ལ་སྤྱིར་བན་དེ་ཞེས་པ་རབ་བྱུང་བར་ཟེར་ཞིང་སྐབས་དེར་རྗེ་བཙུན་མར་བ་ཁྱིམ་པའི་གཟུགས་སུ་གནས་པས་དེ་གཉིས་ཀྱི་ཐ་སྙད་དེ་སྤྱིའི་དོང་དང་མི་མཐུན།

གཞན་ཡང་རྣམ་ཐར་ཅ་པ་རུ་འབྲེ་སྟོན་ལྷ་དགས་མི་ལ་ལ་མར་པ་ལོ་ཙ་ཞེས་པ་རྒྱ་གར་དུ་ལན་གསུམ་དུ་བྱོན་པ་ཞིག་བཞུགས་པས་དེར་སོང་ཞེས་གསུངས་ཡོད་མོད།  མི་ལ་མར་པར་འཕྲད་དུས་མར་པ་རྒྱ་གར་དུ་ལན་གཉིས་མ་གཏོགས་སོང་མེད་ཚུལ་ཁྲག་འཐུང་རྒྱལ་པོས་བརྩམས་པའི་མར་པའི་རྣམ་ཐར་དུ་གསལ་བས་གང་ཡིན་དཔྱོད།

གཞན་ཡང་མི་ལའི་ཞིང་རྨོད་ཚར་དུས་མར་པའི་དྲུང་དུ་འབོད་མི་ཞིག་བྱུང་བ་དེ་རྣམ་ཐར་ག་པས་གཡོག་མོ་ཞིག་ཡིན་པ་དང་ཆ་པས་མར་པའི་བུ་ཞིག་ཡིན་ཚུལ་གསུངས་པས་གང་ཡིན་ཆ་མ་འཚལ།

གཞན་སྐབས་འདིར་མི་ལས་རྫོགས་ཆེན་གྱི་དཔེ་ཆ་ཞིག་མར་པའི་མཆོད་ཁང་དུ་ཡར་འཁྱེར་གྲབས་བྱས་པ་ལ།  མར་པས་བཀའ་བཀྱོན་གནང་སྟེ་འཁྱེར་མ་བཅུག་པ་ཞིག་རྣམ་ཐར་ཕལ་ན་གསལ་ཞིང་ཚུལ་དེ་རྫོགས་ཆེན་ལ་སྡང་བ་རྣམས་ལ་རྨ་བྱའི་འབྲུག་སྒྲ་ཐོས་པ་ལྟར་འགྱུར་སྲིད་མོད།  དཔེ་ཆ་དེ་རྫོགས་ཆེན་གྱི་གཞུང་གཅིག་པུ་མིན་པར་དེའི་བར་དུ་མཐུའི་དཔེ་ཆའང་ཡོད་པས་དེར་དགོངས་པ་ཡིན་ཚུལ་རྣམ་ཐར་ཆ་པར་གསུངས་པ་ལྟར་རོ།།

ཡང་རྣམ་ཐར་ཅ་པ་རུ་མི་ལས་ལམ་འཕྲད་ཀྱི་མི་རྣམས་ལ་སྐྱེེས་མཆོག་སྒྲ་བསྒྱུར་མར་པ་ཞེས་པ་གང་ན་བཞུགས་དྲིས་པ་མི་རྣམས་ཀྱིས་མ་ཤེས་པར་བལྟས་ན་སྒྲ་བསྒྱུར་མར་པ་ཞེས་པ་རྗེས་སུ་ཐོགས་པ་ཞིག་ཡིན་ངེས་ཏེ།  སྐབས་དེ་དུས་སུ་མར་པ་དབུས་གཙང་དུ་གྲགས་པ་ཆེ་མོད་མཚན་དེ་ལྟར་དུ་སྐྱེ་བོ་རྣམས་ཀྱིས་མ་ཤེས་པས་སོ།།

དབུས་གཙང་དུ་གྲགས་ཆེ་ཚུལ་ཡང་མར་པའི་རྣམ་ཐར་མཐོང་བ་དོན་ཡོད་དུ་བསྟན་པ་ལྟར་ཡིན་ལ་གཅིག་བྱས་ན་ནོར་བུ་གཞན་དུ་བྲིན་པ་ཙམ།།རྒྱ་མཚོའི་གླིང་དུ་ག་ལ་བྲིན།།   ཞེས་པའི་ཚུལ་དུ་སོང་ཤས་ཀྱང་ཆེ་ཞེས་པས་ནི་ཞོར་འཕྲལ་གྱི་རྟོག་འགྱུ་ལ་ཁ་ངོ་བྱིན་ཏེ་ཁོའི་དྲན་ཚུལ་ཡང་བྲིས་པ་ཙམ་མོ།།

བརྒྱད་པ་སྒྲུབ་པའི་སྙིང་རུས་དང་གྲུབ་པའི་མངའ་བདག

དེ་ལྟར་མི་ལ་རྗེ་མར་པ་དང་མཇལ་ནས་ཆོས་ཕྱིར་སྙིང་རུས་བསྐྱེད་པའི་སྐོར་ནི་སྤྱིའི་ཆ་ནས་རྣམ་ཐར་དག་གཅིག་མཚུངས་སུ་འདུག་སྟེ།དཔེར་ན་མར་པ་མཇལ་ནས་ཆོས་ནོར་གཉིས་ཐུགས་ལ་འདོགས་པར་ཞུས་དུས་གཅིག་གདམ་དུ་བཅུག་པ་ལ་ཆོས་འདེམས་ནས་ནོར་རང་གིས་བཙལ་བ་དང་།  དེ་ནས་ནངས་ནུབ་ཏུ་ཆུ་ལེན་ཡོས་འཐག་བྱས་ཤིང་གཞན་དུ་སྲས་མཁར་གྱི་རྡོ་སྐྱེལ་བ་སོགས་ཀྱིས་ཉིན་གྲངས་མང་པོ་སོང་ཡང་གདམས་ངག་མ་གནང་བར་ཁྱིམ་ལས་དང་མཁར་ལས་འབའ་ཞིག་གིས་དུས་འདའ་བར་བྱས་པ་ལྟ་བུ་སྟེ་དེ་དག་གི་ཚུལ་ནི་གཅིག་མཐུན་དུ་འདུག་གོ།།

སྲས་མཁར་ནམ་བརྩིགས་པའི་སྐོར་ལ་རྣམ་ཐར་ཅ་པ་རུ།  ལས་རོགས་བྱས་ཤིང་བསྡད་ནས་གདམས་ངག་ཞུས་པས་ནི།དབང་ཐོབ་དགོས་གསུངས་ནས་མ་གནང་། དེའི་དུས་སུ་མེས་ཚོན་པོས་ལྷོ་བྲག་གི་ཞིང་ཞོ་ཅིག་འགྲོ་བའི་ས་དང་།  ཚོས་དང་བུ་རམ་ལ་སོགས་ལྟང་ཙེས་བཀང་ནས་ཕུལ་བ་ལ་དེས་གཞི་བྱས་པའི་གསེར་གྱིས་བཞེངས་པའི་མདོ་སྡེ་སུམ་ཅུ་དུམ་ཅིག་དང་།སྐུ་མཁར་དགུ་ཐོག་པ་ཅིག་གི་གཞི་བཏིང་བའི་རྡོ་ཁུར་བས།  སྐུ་རྒྱབ་ལ་རྨ་ཆེན་པོ་བྱུང་།   ཞེས་གསུངས།

དེ་ལྟར་རྣམ་ཐར་ཆ་པར་ཡང་།  ཐོག་མར་མར་པ་ཡབ་ཡུམ་གཉིས་ལ་ཕྱག་ལས་གནང་ཞིང་། ཡར་གདམས་ངག་གནང་བར་གསོལ་བ་བཏབ་དུས་ཡར་འབྲོག་སྟག་ལུང་དང་།གླིང་པའི་ཕྱོགས་ལ་སེར་བ་ཕོབ་དང་གདམས་ངག་སྟེར་གསུངས་ཤིང་།དེར་སེར་བ་ཆེན་པོ་ཕབ་ནས་གདམས་ངག་ཞུས་པ་ལ་གདམས་ངག་མ་གནང་བར།  ཅིས་ཀྱང་གདམས་ངག་དགོས་ན་ལྷོ་བྲལ་ལ་ཁ་པའི་ཕྱོགས་སུ་མཐུ་ཐོངས་དང་།མཐུའི་རྟགས་ཐོན་ན་ནཱ་རོའི་པའི་གདམས་པ་གནང་ཞེས་གསུངས་ནས་མཐུ་གཏོང་དུ་བཅུག་སྟེ། ལ་ཁ་པའི་ཕྱོགས་ཀྱི་མི་མང་པོ་གྲི་ཁར་ཤི་བས་མི་ལའི་མིང་ལ་མཐུ་ཆེན་དུ་བཏགས།ཡིན་ཡང་གདམས་ངག་ད་དུང་མ་གནང་ལ།  མ་ཟད་ཁྲེལ་དགོད་དང་བརྙས་བཅོས་ཀྱི་ཚུལ་མཛད་དེ་མི་ལ་ཡི་ཆད་དྲགས་པོས་ངུས་པ་དང་།  ནངས་པར་བླ་མ་བྱོན་ནས་སྲས་དར་མ་མདོ་སྡེར་མཁར་ཞིག་རྩིག་གྲོགས་གྱིས་དང་།  དེ་ཚར་ན་གདམས་ངག་ཀྱང་སྟེར་ལ་ལྟོ་གོས་ཀྱང་མར་བ་ཉིད་ནས་གནང་བ་སོགས་གསུངས།    དེས་ན་མཁར་རྩིག་པའི་ལས་གཞི་དེ་མི་ལ་མར་བ་མཇལ་ནས་དུས་ཡུན་གང་མཚམས་སོང་རྗེས་སུ་བཏོན་པར་ངེས།

སྲས་མཁར་རྩིག་སའི་སྐོར་རྣམ་ཐར་གཞན་དག་ལས་མི་གསལ་མོད་ཅ་པ་ལྟར་ན་མེས་སྟོན་ཚོན་པོས་གནང་བའི་ས་དེ་ཡིན་པ་འདྲ་ལ།

ཆ་པ་ལྟར་ན་ས་དེ་ནི་མར་པ་ཕ་ཚན་ཀུན་གྱིས་མནའ་བསྐྱལ་བའི་མནའ་རི་ཞིག་ཡིན་པ་ལ། མི་ལ་རས་པ་མནའ་བསྐྱལ་མིའི་གྲས་སུ་མེད་པས་ཤར་ཕྱོགས་རི་སྣ་དེར་མི་ལའི་སྡིག་སྦྱོང་གི་ཆེད་དུ་མཁར་བརྩིག་ཏུ་བཅུག་པ་སོགས་གསུངས་ཡོད་པས་མཁར་རྩིག་སའི་གཞི་ལ་ཅ་པ་དང་མི་མཐུན།

 

སྲས་མཁར་རྩིག་ཐེངས་ཀྱི་སྐོར་ནི་རྣམ་ཐར་ང་པར་ཐེངས་གཅིག་ལ་རྩིག་པ་དང་རྩིག་གྲོགས་མི་བཅུ་གསུམ་ཡོད་པ་དང་རྩེག་རེར་ལོ་རེར་དགོས་པ་ལྟ་བུ་གསུངས་མོད།

རྣམ་ཐར་ཕལ་གྱིས་ཐེངས་ལྔ་ལ་རྩིག་པར་གསུངས་ལ།  དང་པོ་བཞི་ནི་རྨང་ནས་བརྩིགས་ཤིང་ཕྱི་མ་ནི་ཕྱོགས་གཅིག་ཙམ་བཤིགས་ཏེ་བརྩིགས་པར་གསུངས་ཡོད།

དེ་ཡང་རྣམ་ཐར་ཅ་པ་ལྟར་ན་རྩིག་ཐེངས་བཞི་བའི་སྐབས་སུ་ཅིའི་ཕྱིར་བཤིག་པ་ཙམ་གསུངས་ཡོད་པ་ལས་སྔ་མ་དག་བཤིག་དོན་གསུངས་མེད།

རྣམ་ཐར་ཆ་པ་རུ།  སྔར་མཁར་གསུམ་བརྩིགས་ཤིང་བཤིགས་པ་ལ།  གཅིག་ལ་ཐུགས་བསམ་མ་ཐོངས་གསུངས།  གཉིས་པ་ལ་ཕུད་ཀྱིས་བད་གསུངས།  གསུམ་པ་ལ་སྨྱོ་བའམ་དྲན་པས་མ་ཟིན་པ་ཡིན་ནམ་བྱས་པ་མི་དྲན་གསུངས།།ཞེས་སོགས་ཀྱིས་མཁར་རྩིག་ཐེངས་སྔ་མ་གསུམ་བཤིག་པའི་རྒྱུ་མཚན་གསུངས།

དེ་ནས་ཡུམ་བདག་མེད་མ་དཔང་པོ་བྱས་ནས་མཁར་བཞི་བ་རྩིག་ཏུ་བཅུག་མོད། དེའི་རྨང་རྡོ་ལ་གཞན་གྱིས་རྡོ་ཞིག་བཞག་པ་ཤེས་ཏེ་ཕྱིར་བཤིག་ཏུ་བཅུག་ནས། ཡང་བསྐྱར་རྩིག་ཐེངས་ལྔ་བ་བརྩིགས་ཏེ་དཟོད་ལེགས་པར་གྲུབ་ནས་རབ་གནས་ཀྱིས་མཐའ་བརྒྱན་པར་བཤད་ཡོད།  ཡིན་ཡང་དབང་མ་གནང་བར་མ་ཟད་རྡུང་སྟེ་དབང་གྲལ་ནས་དབྱུང་ཞིང་དབང་དགོས་ན་ཁྱམས་ཀ་བ་བཅུ་གཉིས་ཡོད་པ་བཙན་ཁང་དང་བཅས་པ་ཞིག་བརྩིགས་དགོས་པའི་བཀའ་ཕབས་ནས་རྩིག་ཏུ་བཅུག་པར་བཤད་ཡོད།

དེ་དག་གི་སྐབས་སུ་མི་ལའི་སྒལ་བ་ལ་རྣག་ཁྲག་བརྡོལ་བའི་རྨ་ཆེན་གསུམ་བྱུང་བ་སོགས་ཀྱིས་སྡུག་བསྔལ་ཚད་མེད་མྱོང་ཡོད་ལ།  མ་ཟད་རྣམ་ཐར་ཆ་པར་རྡོ་ར་མགོ་ཙམ་ཞིག་གམ།  ས་ཙེལ་པོ་གང་ངམ།  ཆུ་ཕོགས་གཅིག་གམ།  འཇིམ་པ་ཁྱེམ་གང་སྐྱེལ་བའི་གྲོགས་མེད་པར་བརྩིགས་པ་ཡིན་ཞེས་པ་ལྟར། ཆོས་མེད་ཟས་མེད། གྲོགས་མེད་མགོན་མེད་ཀྱི་ངང་ནས་དབང་ཡོན་གྱི་ལས་དཀའ་སྣ་ཚོགས་བསྒྲུབ་པར་བྱས་འདུག

མཁར་རྩིག་པའི་སྐབས་དེའི་མི་ལའི་སྙིང་རུས་དང་། མར་བའི་སློབ་སྟོན།  བདག་མེད་མའི་ཐུགས་བརྩེ་གསུམ་ནི་སྲོག་ལན་བཞི་བཅུའི་སྡིག་སྒྲིབ་ཀྱིས་ཀྱང་མ་ཁོགས་པའི་ཚེ་གཅིག་བྱང་ཆུབ་གྲུབ་པའི་རྒྱུ་རྐྱེན་རྣམ་དག་ཏུ་འདུག་ལ།   སྡུག་བསྔལ་གྱིས་མནར་བའི་མི་ལའི་མིག་ཆུ་དང་།  ཤ་ཚས་གདུང་བའི་བདག་མེད་མའི་ཞུ་བ།  ཐུགས་རྗེས་དཀྲུགས་པའི་མར་བ་ལོ་ཙཱ་བའི་ལྐོག་གྱུར་གྱིི་སྤྱན་ཆབ་དག་ཀྱང་རྣམ་གྲོལ་ཐོབ་པའི་ཐབས་ལམ་ཆ་ཚང་བ་ཅིག་གི་རྨད་དུ་བྱུང་བའི་ཆ་ཤས་ཡིན་པ་ལ་ངེས་པ་དང་དད་པ་འགྲན་ཏེ་ལྡང་ཡོང་ངོ་།།

དེས་ན་ང་ཚོས་འདི་ལྟར་བསམ་བློ་བཏང་ཆོག་སྟེ།  གདོང་སྣེ་ཅིག་ཏུ་གཞན་ལ་མཁར་དགུ་ཐོག་ཅིག་རྩིག་པ་ལྟ་ཅི།  ཐང་སྙོམས་ཤིག་ཏུ་རང་ལ་ཁང་པ་ཁེར་ཐོག་ཅིག་རྩིག་པ་ལའང་ང་ཚོས་ནི་རོགས་དན་དང་རེ་བ་སྣ་ཚོགས་བྱེད་ཀྱང་སྡུག་ཡུས་དང་རྣམ་འགྱུར་སྣ་ཚོགས་འདོན་ངེས།  ཡིན་ཡང་།  ལུས་རྩལ་སྟོབས་རྒྱུ་མེད་ཀྱང་ཟས་བཅུད་ཀྱང་བཟང་རྒྱུ་མེད་པའི་མི་ལ་རས་པས་ནི་མཁར་སུམ་ཐོག་གསུམ་གྱི་ས་རྡོ་རང་གིས་བརྩིགས་ནས་རང་གིས་བཤིགས་ཤིང་།  མཁར་དགུ་ཐོག་ཅིག་གི་འཛུགས་བསྐྲུན་རང་གིས་བཟོས་ནས་རང་གིས་གྲུབ་པ་རེད།

དེ་ལྟར་མཁར་དང་ཁྱམས་ཀྱི་བྱ་བ་དག་བསྒྲུབས་ཀྱང་དབང་གི་སྐལ་བ་ད་དུང་མངོན་དུ་མ་གྱུར་ལ།  མ་ཟད་བཀའ་བཀྱོན་དང་ཕྱག་འབེབས་ནི་ནམ་རྒྱུན་གྱི་འཚོ་བ་ལྟར་ནམ་རྒྱུན་མྱོང་ཞིང་རོལ་དགོས་པར་གྱུར།  སེམས་གསོའི་ཚུལ་དུ་ཡུམ་བདག་མེད་མས་རྡོ་རྗེ་ཕག་མོའི་སྒོམ་ཐབས་ཤིག་གནང་བ་ལས།  དབང་ལུང་གཞན་གྱི་སྐལ་བ་མ་བྱུང་བར་འདུག     མ་ཟད་སྐབས་དེ་དག་ཏུ་རྔོག་སྟོན་སོགས་དབང་ཞུ་བར་ཕེབས་པའི་ཚོགས་གྲལ་དུ་བསྡད་པ་ལའང་བཀའ་བཀྱོན་དང་ཕྱག་འབེབས་སྣ་ཚོགས་ཀྱིས་ཕྱིར་དབྱུང་བྱས་ཤིང་།

དེ་དང་བཅས་པའི་རྒྱུ་རྐྱེན་སྣ་སོགས་ཀྱིས་འུ་ཐུག་ཐབས་ཟད་དུ་གྱུར་ཏེ།ལན་ཅིག་ཡབ་ཡུམ་གཉིས་ཀར་གསང་ནས་འབྲོ་དགོས་ཀྱང་ཐུག་འདུག

ཡིན་ཡང་ལམ་བར་དུ་མི་རྒན་དུད་ཚང་ཞིག་ཏུ་བརྒྱད་སྟོང་བ་བཏོན་ཏེ་རྟག་ཏུ་ངུའི་རྟོགས་བརྗོད་ལ་མཇལ་ནས་སླར་ཡང་ཆོས་ཕྱིར་བརྩོན་དགོས་པའི་ཐུགས་དམ་འཆང་སྟེ་ཕྱིར་ཕེེབས་ནས་དཀའ་སྤྱད་སྒྲིབ་སྦྱོང་ལ་ནན་ཏན་བྱས།

དེ་ལྟ་ནའང་ད་དུང་དབང་ལུང་མ་ཐོབ་པས་ཡུམ་ནས་རྔོག་སྟོན་གྱི་མདུན་དུ་ཆོས་ཞུ་བར་འགྲོ་བའི་བསམ་ཚུལ་བཏོན་ཞིང་།མར་པའི་རྟེན་རྫས་འགའ་ལྐོག་བཞེས་བྱས་ཏེ་རི་བོ་ཁྱུང་སྡིང་དུ་ཕེབས་ནས་རྔོག་སྟོན་དང་མཇལ་འཕྲད་གནང་ཞིང་མར་པས་བསྔགས་པའི་ཟོལ་བསྟན་ཏེ་རྟེན་རྫས་རྣམས་ཕུལ་ནས་རྔོག་ཤིན་ཏུ་མགུ་བར་བྱས།

ཡིན་ཡང་དེར་ཡང་ཐོག་མར་རྔོག་སྟོན་གྱི་གདུལ་བྱ་འགོག་པའི་ཕྱོགས་འགའ་ལ་སེར་བ་འབེབས་པ་སོགས་རང་གི་འདོད་བློ་དང་མི་མཐུན་པའི་ལས་འགའ་བྱས་མཐར།  དགྱེས་རྡོར་གྱི་དབང་ཐོབ་ནས་སྒྲུབ་པ་བྱས་མོད་ཉམས་རྟོགས་ཅི་ཡང་མ་བྱུང་བར་བཤད།

རྗེས་སུ་མར་པས་སྲས་མཁར་འགྲུབ་སྟོན་དུ་རྔོག་སྟོན་བོས་པ་དང་སྦྲགས་ཕྱིར་མར་པའི་དྲུང་དུ་སོང་མོད།  སླར་ཡང་བཀའ་བཀྱོན་ཕྱག་འབེབས་མང་པོ་མྱོང་ཞིང་ཡི་ཆད་དྲག་པོས་ལྕེབས་གྲབས་བྱེད་དགོས་པར་ཐུག  མཐར་རྔོག་སོགས་ཀྱི་ཞུ་བ་དང་དུས་བབས་ཀྱི་གནད་མང་པོ་ལྷན་དུ་ཁེལ་བས།  གཞིི་ནས་གདགས་ངག་གནང་མགོ་ཚུགས་ཤིང་སྡོམ་པ་གསུམ་རིམ་གྱིས་གནང་ནས་མི་ལ་རྡོ་རྗེ་རྒྱལ་མཚན་དང་གསང་མཚན་བཞད་པའི་རྡོ་རྗེར་བཏགས།

མ་ཟད་དབང་གི་དཀྱིལ་འཁོར་དངོས་སུ་བསྟན་པ་ཞིང་སྔར་བྱས་པའི་ཚར་གཅོད་རྗེས་འཛིན་གྱི་གོ་རིམ་དེ་དག་ལ་དགོས་པ་དང་རྟེན་འབྲེལ་གྱི་གནད་ཆེན་པོ་ཡོད་པ་སོགས་གསུངས་ནས་ཐུགས་ཀྱི་བུ་ཆེན་དུ་བཏེགས།

དེ་ནས་ལྷོ་བྲག་སྟག་ཉའི་བྲག་ལས་སྔ་ཕྱིར་ཟླ་བ་བཅུ་གཅིག་ལྷག་ཏུ་སྒྲུབ་པ་བསྐྱངས་ཤིང་།མཁའ་འགྲོས་གྲོང་འཇུག་གི་ལུང་བསྟན་ཐོབ་ཅིང་མར་པས་ནཱ་རོ་ལས་གྲོང་འཇུག་ཞུ་བ་སོགས་བྱུང་།

དེ་ནས་ཟངས་ཕུག་ཏུ་སྒྲུབ་པ་བསྐྱངས་ཤིང་གང་འཚམས་ཤིག་ལ་རྨི་ལམ་དུ་ཨ་མ་འཁོར་བ་རྐྱེན་བྱས་ཏེ་ཡུལ་དུ་གཏོང་བའི་རེ་བ་ཞུས་ཏེ་ཡུལ་དུ་ཆས་གྲབས་བྱས།

སྐབས་དེར་མར་པ་ནས་རྟེན་འབྲེལ་ལ་བརྟགས་ནས་རྗེས་སུ་དཔོན་སློབ་མི་འཕྲད་པ་དང་།མི་ལའི་འགྲོ་དོན་མཐའ་རྒྱས་ཡོང་པ་སོགས་གསུངས་ཤིང་།མ་ཟད་མཁའ་འགྲོའི་སྙན་བརྒྱུད་ཀྱི་དབང་ཁྲིད་གདམས་ངག་གཞན་ལ་མ་གྲགས་པའི་ཆིག་བརྒྱུད་རྣམས་རྫོགས་པར་གནང་ཞིང་།  རྗེས་སུ་སྒྲུབ་པར་ནན་ཏན་བྱ་དགོས་པ་དང་གནས་བྲག་རི་ཁྲོད་གང་གང་བརྟེན་དགོས་པ།  གེགས་སེལ་གྱིི་གདམས་གང་གང་ཡོད་པ་སོགས་གསུང་གི་ཐ་མར་བསྩལ་ཏེ་ཞག་གཅིག་གི་མཉམ་འཛོམས་བརྒལ་རྗེས་བློས་མི་ཐོངས་པའི་སྐྱེལ་མ་ཞིག་གིས་གྱེས་ཕྱག་ཕུལ།

སྐབས་འདིར་སྲས་དར་མ་མདོ་སྡེ་གཤེགས་པ་དང་མི་ལ་འགྲོ་བ་གཉིས་ནི་ཡུམ་བདག་མེད་མས་ཤིན་ཏུ་བློས་ཐོངས་དཀའ་བའི་གྱེས་བྲལ་ཞིག་ཡིན་ངེས།

གོང་གི་དབང་ཐོབ་པའི་བར་སྐབས་ཙམ་པོ་བ་དེ་ནི་རྣམ་ཐར་ཆ་པ་དང་མཐུན་པར་བྲིས་ཤིང་རྣམ་ཐར་ཕལ་མོ་ཆེས་ཀྱང་འདི་བཞིན་འཆད།

ཡིན་ཡང་རྣམ་ཐར་ང་པ་ལྟར་ན་སྲས་མཁར་བདུན་ཐོག་ཙམ་གྲུབ་པའི་སྐབས་སུ་དབང་ལུང་རྫོགས་པར་གནང་བ་འདྲ་གསུངས་ཡོད་ལ།  མ་ཟད་དཀའ་སྤྱད་ཀྱང་རྣམ་ཐར་གཞན་ལས་གསུངས་པ་ལྟ་བུ་ཞིག་མ་བརྒྱབ་པའི་རྣམ་པ་སྟོན།

རྣམ་ཐར་ཅ་པ་ཡང་སྤྱི་ཁོག་ཆ་པ་དང་མཐུན།

 

དེ་ནས་རི་ལ་སྒོམ་པའི་སྐབས་ལ་རྣམ་ཐར་ཆ་པར་རྐང་ཚུགས་ཕུག་དང་རྩེ་གསུམ་ཕུག  ད་དུང་ཕྱིའི་རྫོང་དྲུག    ནང་གི་རྫོང་དྲུག   གསང་བའི་རྫོང་དྲུག  ཡང་རྫོང་གཉིས། གྲགས་པའི་ཕུག་ཆེན་བཞི་དང་མ་གྲགས་པའི་ཕུག་པ་བཞི་སོགས་སུ་སྒྲུབ་པའི་རྣལ་འབྱོར་བསྐྱངས་པར་གསུངས།

རྣམ་ཐར་ཅ་པར་དེས་ཀྱང་མི་ཚད་པའི་གནས་ཆེན་མང་པོ་བགྲང་སྟེ་མཐར་མདོར་ན་རྒྱ་གར་དཔལ་གྱི་རི་ཚུན་ཆོད་དང་།  སྨད་ཀྱི་ཤར་ཙོང་ཁ་ཡན་ཆོད་དང་།   བྱང་ཨ་འདར་ཚ་ཁ་ཚུན་ཆོད་ལ་ཡུན་རིང་ཐུང་མ་གཏོགས་པ་བླ་མ་མིད་ལ་རས་པ་མ་བཞུགས་པ་ཙམ་མེད་པར་གསུངས་ཤིང་།  མགུར་སྐོར་ལའང་འབུམ་གཅིག་ཁྲི་གཅིག་སྟོང་གཅིག་བརྒྱ་དང་བརྒྱད་བཞེངས་པརགསུངས།

དེ་འདྲའི་གནས་ཆེན་དེ་དག་ཏུ་སྒྲུབ་པའི་སྙིང་རུས་ཀྱིས་སྒོམ་པ་མཐར་སོན་བྱས་ཏེ་དགུང་གྲངས་བཞི་བཅུ་ཡས་མས་སུ་ཕྱི་ནང་གྲུབ་རྟགས་ལ་དབང་འབྱོར་ཏེ་རང་དོན་རྟོགས་པ་མཐར་ཕྱིན་ནས་གཞན་དོན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་མཛད།

སྐུ་ཚེ་སྨད་ཀྱི་ཡུན་ལ་ཐུགས་སྲས་བརྒྱད་དང་ཉེ་སྲས་བཅུ་གསུམ།  སྲིང་བཞི་དང་།  རྣལ་འབྱོར་ཕོ་མོ་ཉེར་ལྔ།   རྟོགས་ལྡན་ཕྱིར་མི་ལྡོག་པ་བརྒྱ།   དྲོད་ཐོབ་པའི་སྐྱེས་ཆེན་བརྒྱ་རྩ་བརྒྱད།   སྒོམ་ཆེན་ཕོ་མོ་ལམ་སྣ་ཟིན་པ་སྟོང་རྩ་གཅིག་སོགས་མདོར་ན་མི་དང་མི་མིན་གྱི་གདུལ་བྱ་བགྲང་ལས་འདས་པ་བསྐྱངས་ཏེ་མཐར་རྩག་ཕུ་པས་དུག་དྲངས་པའི་རྐྱེན་བྱས་ཏེ་དགོངས་པ་ཆོས་དབྱིངས་སུ་རྫོགས།

ཡིན་ཡང་ཁོང་གི་བླ་ན་མེད་པའི་མཛད་རྗེས་དང་མངར་སྐྱུར་འཚོ་བའི་རྣམ་ཐར་དག་ནི་འཛམ་གླིང་ཤར་ནུབ་ཀུན་ཏུ་ད་དུང་ཡང་རྣམ་པར་འཚེར་བ་ལགས་སོ།།

ཞེས་པ་ནི་རྗེ་མི་ལ་རས་པའི་རྣམ་ཐར་འགའ་ཟུར་ཀློག་བྱེད་པའི་སྐབས་སུ་གང་མཁོ་བ་དག་ཟུར་དུ་དྲངས་ཏེ་རང་ཉིད་ཀྱི་སྐབས་རྡོལ་བསམ་ཚུལ་དང་སྦྲགས་ནས་བྲིས་ཤིང་སྤེལ་བ་པོ་ནི་སེང་ཁྲི་པ་ཀུན་ཁྱབ་ཡེ་ཤེས་ཏེ་འདི་ཡང་ཤེས་རབ་ཕྲན་བུ་རེའི་རྒྱུར་ཅིག་གུ།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4579