རྩོམ་ཐུང་འདིའི་ནང་དུ་གནའ་རབས་རྒྱ་གར་གྱི་རིགས་རྒྱུད་དབྱེ་འབྱེད་ཀྱི་ལམ་ལུགས་ཇི་ལྟ་བུ་ཡིན་མིན་དང་། སྤྱི་ལོའི་སྔོན་གྱི་སྟོང་ལོའི་དཀྱིལ་ཙམ་ལ་བྱོན་པའི་སངས་རྒྱས་ཤཱཀྱ་མུ་ནེ་དང་ཁོང་གི་རྗེས་འཇུག་དག་གིས་ལམ་ལུགས་དེ་ལ་ཇི་ལྟར་སུན་འབྱིན་མཛད་ཡོད་མེད་སོགས་བོད་འགྱུར་རྒྱ་གཞུང་འགའ་ལ་གཏུགས་ཏེ་འབྲི་བར་འདོད། དེ་ཡང་«ཆོས་ཀྱི་ཚིགས་སུ་བཅད་པ»་ཞེས་པའི་མདོའི་ནང་དུ་སྟོན་པ་ཤཱཀྱ་མུ་ནེས་འདི་ལྟར་གསུངས་ཏེ། “རལ་བ་རིགས་དང་རུས་དག་གིས། །བྲམ་ཟེ་ཉིད་དུ་མི་འགྱུར་ཏེ། །གང་ལ་བདེན་དང་ཆོས་ཡོད་པའི། །དག་པ་དེ་ནི་བྲམ་ཟེ་ཡིན།།”[༡]ཞེས་སོ། །མདོ་དེ་ནི་དེང་གི་འཛམ་གླིང་ཡུལ་གྲུ་སོ་སོར་ཡོད་པའི་ནང་པའི་སློབ་རྒྱུད་ཕལ་གྱིས་རྩོད་མེད་དུ་སངས་རྒྱས་ཀྱི་བཀའ་རུ་ཁས་ལེན་པ་ཞིག་ཡིན་པ་དང་། མདོ་དེ་བོད་དུ་ཐོག་མར་སྒྱུར་བ་པོ་ནི་དུས་རབས་ཉི་ཤུ་པའི་ནང་གི་བོད་ཀྱི་ལོ་ཙཱ་བ་དང་མཁས་པ་དགེ་འདུན་ཆོས་འཕེལ་མཆོག་ཡིན། གོང་གི་ཚིག་དེ་དང་ཕལ་ཆེར་གཅིག་འདྲ་ཡིན་པ་ཞིག་མདོ་དེ་ལས་ཆེས་བསྒྱུར་སྔ་བའི་«ཆེད་དུ་བརྗོད་པའི་ཚོམས»[༢]་ཀྱི་ནང་དུ་ཡང་གསུངས་ཡོད། «ཚོམས»་ནི་བོད་དུ་བསྒྱུར་བའི་མདོ་རྙིང་ཤོས་ཡིན་ལ། དེ་སྒྱུར་པ་པོ་ནི་ལོ་ཙཱ་བ་བནྡེ་རིན་ཆེན་ཡིན་ཞིང་ཞུས་ཆེན་པ་ནི་ལོ་ཙཱ་བ་དཔལ་བརྩེགས་མཆོག་རེད། གོང་གི་ཚིགས་བཅད་དེའི་དོན་རྟོགས་པ་ལ་ཐོག་མར་འདི་ལྟར་ཤེས་དགོས་པར་འདུག་སྟེ། དེ་ཡང་གནའ་བོའི་རྒྱ་གར་ནི་དཔལ་ཡོན་དར་བའི་རྒྱལ་ཁབ་ཅིག་ཡིན་པར་བསྙོན་དུ་མེད་མོད། འོན་ཀྱང་རིགས་རྒྱུད་ཀྱི་ཐད་གྲལ་རིམ་གྱི་ཁྱད་པར་ཤིན་ཏུ་ཆེ་བའི་སྤྱི་ཚོགས་ཤིག་ཡིན་པ་མ་ཟད་དུས་ཕྱིས་དགེ་ཆོས་མཆོག་རྒྱ་གར་དུ་འགྲུལ་བཞུད་བྱེད་པའི་སྐབས་སུ་ཡང་སྲོལ་རྒྱུན་དེའི་ཤུལ་ལུས་མང་དུ་ཡོད་པ་ཁོང་གིས་མཛད་པའི་དཔེ་ཆ་«གཏམ་རྒྱུད་གསེར་ཐང»་ནང་དུ་བཀོད་ཡོད། གནའ་བོའི་རྒྱ་གར་དུ་བྲམ་ཟེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཧ་ཅང་ཆེ་བ་བརྟེན་ཁོང་ཚོས་བྲམ་ཟེའི་རིགས། རྒྱལ་རིགས། རྗེའུའི་རིགས། དམངས་རིགས་བཅས་ལས་རིགས་ཀྱི་མཆོག་དང་ཕུལ་དང་རྩེ་མོར་གྱུར་པ་ནི་བྲམ་ཟེ་ཡིན་པར་སེམས། དེའི་ཕྱིར་བྲམ་ཟེ་ནི་སྤྱི་ཚོགས་དེའི་ནང་དད་བཀུར་བྱ་སའི་མི་སྣའི་ཚབ་མཚོན་ལྟ་བུར་གྱུར་ཡོད། བྲམ་ཟེ་ཞིག་ལ་རིགས་དམན་པ་ཞིག་གི་ལུས་ཀྱི་གྲིབ་མ་ཕོག་ན་ཐད་ཀར་རྒྱག་རྡུང་བྱེད་ཅིང་དེ་ལྟར་བྱས་ཀྱང་ཁྲིམས་ལ་གཏུགས་པ་སོགས་བྱར་མེད། མི་ཚེ་གང་པོར་བྲམ་ཟེའི་ཆོས་ལ་དད་པ་བྱེད་པའི་རིགས་དམན་དག་བྲམ་ཟེའི་ལྷ་ཁང་དུ་གོམ་པ་སྤོ་བའི་སྐལ་བ་ཡང་མེད་པར་གྲགས། རིགས་དམན་པ་རྣམས་དང་ལྷན་དུ་གྲོང་གཅིག་གི་ནང་དུ་མི་སྡོད་ཅིང་། གཉེན་སྒྲིག་ཀྱང་མི་བྱེད། འོན་ཀྱང་སུ་ཞིག་བྲམ་ཟེ་ཡིན་མིན་དེ་ཕྱིས་ཀྱི་ཡོན་ཏན་སོགས་ལ་ལྟོས་པ་མེད་པར་སྐྱེས་པ་ནས་རིགས་རྒྱུད་ཀྱིས་ཐག་བཅད་པ་ཞིག་ཡིན། དེ་ནི་ང་ཚོ་བོད་ཀྱིས་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལམ་ལུགས་དང་ཕལ་ཆེར་འདྲ་བོ་ཡོད། དེ་ལྟ་ན་ཡང་སྟོན་པའི་དགོངས་པ་ནི་དེ་ལས་ལྡོག་ཡོད་དེ། གོང་གི་ཚིགས་བཅད་དེས་བསྟན་པ་ལྟར་ན་བྲམ་ཟེ་ལྟ་བུ་དད་བཀུར་བྱ་བའི་ཡུལ་ཡིན་མིན་དེ་སྐྱེས་པ་ཙམ་ནས་རིགས་དང་རལ་བ་དང་རུས་དག་གིས་ཐག་བཅད་པ་ཞིག་རྩ་བ་ནས་མིན།༡ བདེན་པ་རྟོགས་ཤིང་བརྩི་བ། ༢ ཆོས་ཏེ་གཞན་ལ་མི་འཚེ་བ་དང་ཕན་འདོགས་པ། ༣ སེམས་ཀྱི་རྒྱུད་ཉོན་མོངས་སོགས་ཀྱི་དྲི་མས་དག་པ་ཡིན་ན་ད་གཟོད་རིགས་རྒྱུད་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར་དེ་ནི་བྲམ་ཟེ་ཡིན་པར་གསུངས། བྲམ་ཟེ་ཡིན་པར་གསུངས་པ་ནི་མདོར་ན་བྲམ་ཟེ་བཞིན་དུ་དད་བཀུར་བྱ་བའི་ཡུལ་ཡིན་དགོས་པའི་གནས་ལུགས་བསྟན་པ་ཡིན།

བོད་བསྒྱུར་«ལུང་རྣམ་འབྱེད»་དུ། “བཞིན་བཟང་དག་ཐུབ་པའི་དབང་པོའི་གསུང་རབ་འདི་ལ་རིགས་གཅེས་པ་མ་ཡིན། ཁྱིམ་གཅེས་པ་མ་ཡིན། རུས་གཅེས་པ་མ་ཡིན་གྱི། ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་སྒྲུབ་པ་གཅེས་པ་ཡིན་ནོ། །”[༣]ཞེས་གསུངས་ཤིང་། ལུང་དེ་ནི་མི་རྣམས་ཡིད་དབང་འཕྲོག་པའི་སྐད་ཆ་ཞིག་ཏུ་བརྩིས་ནས་མང་དུ་དྲངས་པ་མཛད་མྱོང་། འོན་ཀྱང་སྡོམ་པའི་བར་ཆད་འཆད་པའི་སྐབས་ཀྱི་མདོ་རྩ་བར“ལྷམ་མཁན་དང་། གདོལ་པ་དང་། གཡུང་པོ་དང་དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ།།”[༤]ཞེས་གསུངས་འདུག་ལ་ཁོ་བོས་དེའི་ཐད་ཀྱི་གླེང་གཞི་ལ་ལྟ་འདོད་ཤིན་ཏུ་ཆེན་པོ་བྱུང་། རྒྱུ་མཚན་ནི་དེའི་རྒྱབ་ལོགས་ཀྱི་རྙོག་དྲ་ལ་རྒྱུས་ལེན་བྱ་འདོད་པས་ཡིན། འོན་ཀྱང་ཡིད་ཕངས་པ་ཞིག་ལ་རྗེ་དགེ་འདུན་གྲུབ་པས་མཛད་པའི་«འདུལ་བའི་གླེགས་བམ»་ནང་དུ་འཁོད་གསལ་ལྟར་ན་དེའི་ཐད་ཀྱི་ལུང་གི་ནང་དུ་དེ་གསུམ་གྱི་གླེང་གཞི་མི་གསལ་བར་གསུངས། ལྷོ་བརྒྱུད་གནས་བརྟན་པའི་འདུལ་གཞུང་ནང་དུ་བར་ཆད་ཀྱི་སྐབས་དེ་ལྟ་བུའི་གསུང་ཡོད་མེད་ཤེས་འདོད་ཡོད་ཅིང་། གལ་ཏེ་ཡོད་ན་སྟོན་པས་རིགས་རྒྱུད་ཐད་ཀྱི་གྲལ་རིམ་ལ་ཐུགས་ཇི་ལྟར་མ་དགྱེས་ཀྱང་སྤྱི་ཚོགས་གནོན་ཤུགས་དངོས་ལ་སྐབས་རེར་གཡོལ་ཐབས་བྱས་པ་ལྟ་བུའི་མཐོང་སྣང་ཡོང་ངེས། དེ་ལྟ་ན་ཡང་ཁོང་གི་སློབ་མའི་ནང་དུ་རིགས་དམན་པ་མང་པོ་ཡོད་པ་ནི་བསྙོན་དུ་མེད་དེ། དཔེར་ན་འདུལ་བ་འཛིན་པའི་མཆོག་ཏུ་བསྔགས་པ་དགྲ་བཅོམ་པ་ཉེ་བ་འཁོར་ནི་འབྲེག་མཁན་གྱི་རིགས་སུ་སྐྱེས་པ་ཡིན། དེ་བཞིན་ཉ་བའི་རིགས་ལས་རབ་ཏུ་བྱུང་བ་ཡང་ཡོད། «འདུལ་བ་ལུང་»གི་ནང་དུ། བྲམ་ཟེ་ཞིག་གི་བུས་རང་གི་མ་ལ། “མ་བདག་རིགས་ཀྱི་མཆོག་ཏུ་གྱུར་ནས་ཇི་ལྟར་ཤཱཀྱའི་བུའི་དགེ་སྦྱོང་རིགས་སྣ་ཚོགས་ཅན་རྣམས་ཀྱི་ནང་དུ་རབ་ཏུ་འབྱུང་བར་བྱ།”[༥]ཞེས་བཤད་པ་བྲིས་འདུག་ལ་སྐད་ཆ་དེས་ཀྱང་ཁོང་གི་སློབ་མའི་ནང་རིགས་སྣ་ཚོགས་མཉམ་སྡོད་བྱས་ཡོད་པ་ཤེས་པར་ནུས། ཉེ་ཆར་ཁོ་བོས་གནས་བརྟན་པའི་དགེ་སློང་ཞིག་གིས་བརྩམས་པའི་སྟོན་པའི་རྣམ་ཐར་ཞིག་མཇལ་ཞིང་། དེའི་ནང་དུ་ཁྲོམ་གཞུང་གི་གད་སྙིགས་ཕྱགས་དར་བྱེད་མཁན་གྱི་སྐྱེས་པ་མི་རྣམས་ཀྱིས་རིགས་ཀྱི་ཐ་ཆད་དུ་བརྩི་བ་ཞིག་རབ་ཏུ་བྱུང་བ་མཛད་པའི་སྐོར་བྲིས་འདུག །མ་གཞི་ནས་ཕྱིས་སུ་སེམས་ཀྱི་དྲི་མ་སྦྱོང་བའི་གོ་རིམ་ལས་སོ་སྐྱེ་དང་འཕགས་པ་སངས་རྒྱས་སོགས་སུ་གྱུར་པ་ལས་མི་རྣམས་གཉུག་གཤིས་ཀྱི་ངོས་ནས་སངས་རྒྱ་མི་རུང་བ་དང་། དྲི་མ་སྤོང་མི་རུང་བ་གཏན་ནས་མེད་པ་དེ་ཁོང་གི་ལྟ་གྲུབ་གྱི་ནང་ཚན་གལ་ཆེན་ཞིག་ཡིན། ད་ལྟ་རིགས་རྒྱུད་དང་ཤ་མདོག་སོགས་ལས་མི་ཡི་ཐོབ་ཐང་ལ་གྲལ་རིམ་ཕྱེ་བའི་ལུགས་སྲོལ་ཕལ་ཆེ་བ་ས་གོ་ལའི་སྟེང་དུ་བྱུང་མྱོང་བའི་ལོ་རྒྱུས་ཙམ་དུ་གྱུར་ཟིན་སྟབས་སྐབས་འདི་འདྲ་ཞིག་ལ་མཚོན་ན་རིགས་རྒྱུད་དབྱེ་འབྱེད་ལ་རྒོལ་བའི་སྐད་ཆ་ཡང་ཡོངས་གྲགས་ཙམ་ཡིན་པས་ཡ་མཚན་སྐྱེ་དོན་མེད། འོན་ཀྱང་གོང་གི་ཚིགས་བཅད་དེ་ལོ་སྟོང་ཕྲག་གཉིས་དང་ལྔ་བརྒྱའི་ཡར་སྔོན་རིགས་རྒྱུད་མཐོ་དམན་འབྱེད་པའི་ལུགས་སྲོལ་ཁྱབ་ཆེན་པོར་དར་བའི་ཡུལ་གྲུ་རུ་གསུངས་པ་ཡིན། ཡུལ་དུས་དེའི་ངོས་ནས་བལྟས་ན་གསུང་དེ་དང་དེའི་བརྗོད་བྱ་ཐུགས་ལ་འཁྲུངས་པའི་སྐྱེས་བུ་ཁོང་གི་རྣམ་དཔྱོད་ལ་རིན་ཐང་ཆེན་པོ་ཡོད། སངས་རྒྱས་ཤཱཀྱ་མུ་ནེ་དང་ཁོང་གི་ཉན་ཐོས་དག་གིས་རིགས་རྒྱུད་དབྱེ་འབྱེད་ཀྱི་ལམ་སྲོལ་ལ་བརྩི་བསྲུང་མཛད་ཀྱིན་མེད་ཀྱང་། དེས་རྐྱེན་བྱས་ཏེ་ཁོང་ཚོ་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་ཆེན་པོ་ཕྲད་ཡོད་པའི་ལོ་རྒྱུས་མ་མཐོང་། དེའི་རྒྱུ་མཚན་གཅིག་ནི་སངས་རྒྱས་ཤཱཀྱ་མུ་ནེ་རང་ཉིད་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་ཞིང་། དེ་བཞིན་ཁོང་གི་སློབ་མའི་ནང་དུ་རྒྱལ་རིགས་ཀྱི་རྒྱལ་པོ་དང་། བཙུན་མོ། བློན་པོ་སོགས་མང་པོ་ཞིག་འདུས་ཡོད། དེའི་ཕྱིར་ཡུལ་དེའི་རྒྱལ་རིགས་ཀྱི་རྒྱལ་པོ་ཚོས་ཁོང་དང་ཁོང་གི་ཉན་ཆོས་དག་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། དེས་ཁོང་ཚོ་ལ་ཐད་ཀར་བརྙས་བཅོས་དང་མཐོང་ཆུང་བྱ་མི་ཕོད་པའི་གནས་སྟངས་ཤིག་བསྐྲུན་ཡོད། ཁོང་ཉིད་འཚོ་བཞུགས་བྱེད་པའི་ཡུལ་དུས་དེར་བྲམ་ཟེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ལྟོས་བཅས་ཀྱིས་ཆུང་ཞིང་རྒྱལ་རིགས་ཀྱི་དབང་ཆེ་བའང་བདེན་ནམ་སྙམ་སྟེ། འདུལ་བ་ལུང་ལས། “བྱང་ཆུབ་སེམས་དཔའ་རྣམས་རིགས་ཇི་ལྟ་བུ་ཞིག་ཏུ་ཉིང་མཚམས་སྦྱོར་བ་ལེན་སྙམ་ན། བྲམ་ཟེའི་རིགས་སམ། རྒྱལ་རིགས་ཀྱི་རིགས་སུ་ཡིན་ལ། དེ་ལ་རེས་འགའ་ནི་བྲམ་ཟེའི་རིགས་བཙུན་པར་བཀུར། རེས་འགའ་ནི་རྒྱལ་རིགས་ཏེ། ད་ལྟ་ནི་རྒྱལ་རིགས་བཙུན་པར་བཀུར་བར་གཟིགས་ནས། མ་ལ་བདག་ལ་གཞན་དག་བྱང་ཆུབ་སེམས་དཔས་རིགས་ངན་པར་ཉིང་མཚམས་སྦྱོར་བ་བླངས་སོ་ཞེས་གཞི་འདིས་ཁ་ཟེར་བར་མི་འགྱུར་བར་བདག་གིས་རྒྱལ་རིགས་སུ་ཉིང་མཚམས་སྦྱོར་བ་བླང་བར་བྱའོ་སྙམ་མོ། །”[༦]ཞེས་སོགས་བྱུང་བ་ལས་ཤེས། དེ་བཞིན་རིགས་དམན་པ་དག་གཙོ་བོར་བྱས་པའི་རིགས་རྒྱུད་དབྱེ་འབྱེད་ལ་དགག་པ་བྱེད་མཁན་དག་གིས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་གི་འཁོར་གྱི་ནང་དུ་བྲམ་ཟེ་ཡང་མེད་པ་མིན་ཏེ། དཔེར་ན་དགྲ་བཅོམ་པ་འོད་སྲུངས་ལྟ་བུ་ཡིན།  དེ་བཞིན་བྲམ་ཟེ་དད་པ་ཅན་མང་པོ་ཞིག་གིས་ཀྱང་ཁོང་དང་ཁོང་གི་ཉན་ཐོས་དག་ལ་འཚོ་བ་སྦྱོར་གྱི་ཡོད། འདུལ་བ་ལུང་ལས། “བྲམ་ཟེའི་ཁྱེའུ་དེ་ལྟར་ན་རུས་དང་རིགས་དང་གནད་ཀྱིས་རྒྱལ་རིགས་ཀྱི་རིགས་མཆོག་ཡིན་གྱི། བྲམ་ཟེ་ནི་མ་ཡིན་ནོ། །”ཞེས་དང་། །“བྲམ་ཟེའི་ཁྱེའུ་ཚངས་པ་མི་མཇེད་ཀྱི་བདག་པོ་དེས་ཚིགས་སུ་བཅད་དེ་འདི་སྐད་ཅེས། རུས་དང་འབྲེལ་པ་གང་ཡིན་པའི། །རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །ལྷ་དང་མི་རྣམས་ནང་ན་ཡང་། །རིག་དང་ཞབས་སུ་ལྡན་པ་བཙུན། །ཞེས་སྨྲས་པ་ནི་ལེགས་པར་སྨྲས་པ་ཡིན་གྱི་ཉེས་པར་སྨྲས་པ་མ་ཡིན། ལེགས་པར་བསྙད་པ་ཡིན་གྱི་ཉེས་པར་བསྙད་པ་མ་ཡིན་ནོ། །”[༧]ཞེས་གསུངས་པ་ལྟ་བུའང་མཐོང་དུ་ཡོད་པ་ལ་དགོངས་ནས་མཁས་པ་འགས་སངས་རྒྱས་ཀྱིས་རིགས་བཞིའི་ནང་ནས་རྒྱལ་རིགས་སུ་ཁྱད་འཕགས་སུ་བརྩི་བར་བཤད་ཀྱང་། དེ་ནི་བྲམ་ཟེ་དག་ལ་རིགས་ཀྱི་ང་རྒྱལ་གཅོག་པ་སོགས་ཀྱི་དགོས་པའི་ཆེད་དུ་ཡིན་པ་ལས་རྒྱུན་གྱི་ལག་ལེན་དངོས་ཀྱི་ནང་རྒྱལ་རིགས་ཁྱད་འཕགས་སུ་བརྩིས་པའི་དཔང་རྟགས་ཅི་ཡང་མེད་ཅིང་། གོང་འོག་ཏུ་བཀོད་པའི་མདོ་དག་ཏུ་ཕྱིས་ཀྱི་ཡོན་ཏན་ལ་ལྟོས་པ་མེད་པར་ཐོག་མ་ནས་རིགས་ཀྱི་ཁྱད་པར་ཡོད་པའི་སྐོར་ཞལ་གྱིས་མི་བཞེས་པར་གསལ། ནང་ཆོས་ཀྱི་གཞི་རྩའི་བསམ་བློ་དེའི་ཤུགས་རྐྱེན་འོག་ཕྱིས་ཀྱི་ནང་པའི་མཁས་པ་མང་པོ་ཞིག་གིས་ཀྱང་རིགས་རྒྱུད་དབྱེ་འབྱེད་ཀྱི་ལུགས་སྲོལ་ལ་དགག་པ་མཛད་ཡོད། སློབ་དཔོན་འཕགས་པ་ལྷ་ནི་དེའི་ནང་གི་དཔེ་མཚོན་གཅིག་ཡིན། ཁོང་གིས་«དབུ་མ་བཞི་བརྒྱ་པའི་རབ་བྱེད་བཞི་པར»་རྒྱལ་རིགས་ཁྱད་འཕགས་སུ་འདོད་པ་ལ་དགག་པ་མཛད་ཅིང་ཞོར་དུ་བྲམ་ཟེའི་རིགས་ལ་ཡང་ཟུར་ཟ་གནང་ཡོད།

དེ་ཡང་«བཞི་བརྒྱ་པ»་རུ། “འཚོ་བའི་ཐབས་སོ་ཅོག་ལ་ཡང་། །འཇིག་རྟེན་ན་ནི་རིགས་ཞེས་བརྗོད།།”[༨]ཅེས་བུམ་པ་ཞིག་མར་གྱིས་བཀང་ན་དེ་ལ་མར་གྱི་བུམ་པ་ཞེས་འབོད་ཅིང་། འོ་མས་བཀང་ན་དེ་ལ་འོ་མའི་བུམ་པ་ཞེས་བརྗོད། དེ་ནི་བཅུད་ཀྱི་གནས་སྐབས་མི་འདྲ་བས་མིང་དེ་ལྟར་བཏགས་ཤིང་བློས་འཛིན་པ་ལས་གདོད་མ་ནས་མར་གྱི་བུམ་པ་ཡིན་པ་མེད་ལ། ད་ལྟའི་མར་གྱི་བུམ་པའི་ནང་དུ་ཕྱིས་སུ་འོ་མ་སོགས་ལྡུག་མི་རུང་བ་ཡང་མིན། དེ་བཞིན་མི་རྣམས་ཀྱང་ཕྱིས་ཀྱི་རྒྱུ་སྟེ། གྲོང་ལས་འདས་ནས་དཀའ་ཐུབ་སྒྲུབ་པ་དང་། གཞན་གྱི་རྗེ་བོ་བྱེད་པ། རྗེ་ཡི་བཀའ་སྒྲུབ་པ། ཞིང་རྨོ་བ་སོགས་ཀྱི་འཚོ་ཐབས་མི་འདྲ་བའི་སྒོ་ནས་རྒྱལ་རིགས་སོགས་ཀྱི་རིགས་སུ་མིང་བཏགས་པ་ལས། དང་པོ་ནས་རྒྱལ་རིགས་ཡིན་པ་སུ་ཡང་མེད་ཅིང་། ཕྱིས་ཀྱི་འཚོ་ཐབས་ཀྱི་དབང་གིས་རྒྱལ་རིགས་ཀྱང་དམངས་རིགས་སུ་འགྱུར་སྲིད་ལ། དམངས་རིགས་ཀྱང་རྒྱལ་རིགས་སུ་འགྱུར་ཆོག་པར་གསུངས། ཡང་ཁོང་གིས“འདས་དུས་ཤིན་ཏུ་རིང་བ་དང་། ། མི་མོ་རྣམས་ཡིད་གཡོ་བ་སྟེ། །དེ་ཕྱིར་རྒྱལ་རིགས་ཞེས་བྱ་བ། །རིགས་ལས་འགའ་ཡང་ཡོད་མ་ཡིན། །”ཞེས་གལ་ཏེ་རིགས་ཀྱི་ཁྱད་པར་དེ་ཕ་མ་སོགས་ཀྱི་རུས་ཀྱིས་ཐག་གཅོད་དགོས་ན་རིགས་རྣམས་ཕན་ཚུན་འཆོལ་བར་འགྱུར་ཏེ། དུས་ཤིན་ཏུ་རིང་པོར་འདས་ཤིང་། བུད་མེད་ཀྱི་སེམས་ཀྱང་གཡོ་བའི་རང་བཞིན་ཅན་ཡིན་པས་རྒྱལ་རིགས་དག་ལྐོག་ཏུ་རིགས་དམན་པ་དང་ཕྲད་ནས་འདོད་པ་སྤྱད་པ་ལས་བུ་ཚ་སྐྱེས་པ་སོགས་འབྱུང་བས་སོ། །ཞེས་སུན་འབྱིན་མཛད། གནའ་བོའི་བྲམ་ཟེ་དག་གིས་རིགས་ཆེན་པོ་བཞི་ནི། ཕྱིས་ཀྱི་འཚོ་ཐབས་ཀྱི་དབང་གིས་སོ་སོར་བཏགས་པ་ཙམ་མ་ཡིན་པར་འཇིག་རྟེན་བྱེད་པ་པོ་ལྷ་ཚངས་པ་ཡིས་ཐོག་མ་ནས་མཆོག་དམན་གྱི་ཁྱད་པར་དེ་ལྟར་བཀོད་ཅིང་བསྐྱེད་པར་འདོད། དེ་ཡང་འཇིག་རྟེན་བྱེད་པོ་ཡི་ཁ་དང་། བྲང་དང་། ལྟེ་བ་དང་། རྐང་པ་ལས་རིམ་པ་བཞིན་དུ་བྲམ་ཟེ་དང་། རྒྱལ་རིགས། རྗེའུ་རིགས། དམངས་རིགས་བཅས་སྐྱེས་པ་ཡིན་ཟེར། དེ་ལྟར་བྲམ་ཟེ་དག་གིས་རང་ཉིད་ཁྱད་འཕགས་སུ་བསྒྲུབ་ཕྱིར་སྐྱེ་ཁུངས་ཚུན་གཞན་དང་མི་འདྲ་བར་སྒྲུབ་པའི་ཆོས་ལུགས་ཀྱི་ཕྱི་ཤུན་སྣ་ཚོགས་བཟོས་ཏེ། དེས་མི་རྣམས་ཀྱི་མགོ་བོ་འཐོམས་པར་བྱས་ཡོད།  འོན་ཀྱང་ནང་པ་དག་གིས་མ་གཞི་ནས་རྒྱུ་འབྲས་ཀྱི་ཆོས་ཉིད་ལས་འདས་པའི་འཇིག་རྟེན་བྱེད་པོ་ཁས་མི་ལེན་ཞིང་། དེ་བས་ཀྱང་ཕྱིས་ཀྱི་འཚོ་ཐབས་ལ་ལྟོས་པ་མེད་པར་གདོད་མ་ནས་རིགས་བཞིའི་ཁྱད་པར་དེ་ལྟར་ཡོད་པ་ཁས་ལེན་གྱིན་མེད། ཁོང་ཚོའི་འདོད་པ་ལྟར་ན་རིགས་བཞིའི་ཁྱད་པར་དེ། སྦྱིན་སྲེག་དང་མཆོད་སྦྱིན་བྱེད་པ། རིག་བྱེད་ཀྱི་གཞུང་ལ་ཐོས་བསམ་བྱེད་པ། ཁྱིམ་དང་བྲལ་ནས་དབེན་པར་སྒོམ་སྒྲུབ་བྱེད་པ་སོགས་ཀྱི་མི་ཚོགས་ཤིག་ཟུར་དུ་བྱུང་བ་དེར་བྲམ་ཟེ་ཞེས་པའི་ཐ་སྙད་བཏགས། སྲིད་ཀྱི་དབང་ཆ་བཟུང་ཞིང་དཔལ་འབྱོར་ལ་དོ་དམ་བྱེད་པའི་མཐོ་རིམ་སྐུ་དྲག་གི་རིགས་ཤིག་བྱུང་བ་ལ་རྒྱལ་རིགས་ཞེས་བྱ་ཞིང་། རྒྱལ་པོ་དག་གི་བཀའ་བཞིན་དམག་ལ་འགྲོ་བ་དང་། ཞིང་འདེབས་པ། ཚོང་བྱེད་པ་སོགས་ཀྱི་ལས་གཉེར་མཁན་དག་ལ་རྗེའུ་རིགས་ཞེས་བྱ། དེ་ནས་རིགས་ཆེས་དམན་ཤོས་ཏེ། ཉ་པ། ལྷམ་མཁན། འབྲེག་མཁན་སོགས་ལ་དམངས་རིགས་ཞེས་བྱ་བ་ཡིན། དེས་ན་རིགས་བཞིའི་ཁྱད་པར་དེ་ཕྱིས་ཀྱི་ཆོས་ལུགས་དང་། རིག་གནས། འཚོ་ཐབས་སོགས་ཀྱི་ཆ་ནས་བྱུང་བ་ལས་སྐྱེས་ཙམ་ནས་རིགས་རྒྱུད་འདི་ཡིན་གྱི་ཐག་གཅོད་མེད་ཅིང་། སུ་ཞིག་ཕྱིས་ཀྱི་ཡོན་ཏན་དང་བྱ་བ་སོགས་ལ་ལྟོས་མི་དགོས་པར་སྐྱེས་ཙམ་ནས་རིགས་རྒྱུད་ཀྱིས་ཁྱད་འཕགས་དང་བཀུར་འོས་སུ་གྱུར་པའི་སྲོལ་རྒྱུན་དེར་གནས་ལུགས་ཅི་ཡང་མེད་པར་འདོད།

«འདུལ་བ་ལུང་»དུ། རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་ལ། རིགས་བཞི་ལ་དེ་བཞིན་གཤེགས་པའི་ཉན་ཐོས་གདམས་ངག་སྩོལ་བའམ། རྗེས་སུ་སྟོན་པའམ། ཆོས་སྟོན་པ་རྙེད་ན་སྤངས་པ་དང་རྟོགས་པ་བརྙེས་ཐུབ་མི་ཐུབ་ལ་ཁྱད་པར་ཡོད་མེད་དྲིས་པའི་ལན་དུ། སངས་རྒྱས་ཀྱིས་རྒྱལ་པོ་ལ་ཚུར་འདི་ལྟར་དྲི་བ་མཛད་དེ། “ཇི་ལྟར་ཕྱོགས་སོ་སོ་ནས་བྲམ་ཟེ་དང་རྗེའུ་དང་དམངས་རིགས་གཞོན་ནུ་དག་གིས་ཤིང་སཱ་ལ་དང་། ཤུག་པ་སྐམ་པོ་དང་། ཙན་དན་སྐམ་པོ་དག་བླངས་ནས་གཙུབ་ཤིང་གཙུབས་ཏེ། མེ་ཕྱུང་། དེ་ནས་སོག་མའི་ཕུང་པོ་བསྲེག་ན། དེ་ལ་གཙུབ་མཁན་གྱི་རིགས་ཀྱི་ཁྱད་པར་ལས་མེ་དེ་དག་ལ་འོད་དང་ཁ་དོག་ལྡན་མི་ལྡན་དང་གསལ་མི་གསལ་དང་མེའི་བྱ་བ་བྱེད་ནུས་མི་ནུས་ཀྱི་ཁྱད་པར་ཡོང་སྲིད་དམ། ”ཞེས་སོ། །རྒྱལ་པོ་གསལ་རྒྱལ་གྱིས། “ཀྱེ་གཽ་ཏ་མ། ཞུགས་དེ་ཐམས་ཅད་འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གསལ་བ་ལགས་ཤིང་། ཞུགས་ཀྱི་བགྱི་བ་བགྱིད་རྔོ་ཐོགས་ལགས་སོ། །”ཞེས་ཞུས་པ་ལ།  དེ་ནས་སངས་རྒྱས་ཀྱིས། “རྒྱལ་པོ་ཆེན་པོ་དེ་བཞིན་དུ་བག་ཡོད་དང་བརྩོན་འགྲུས་དང་ཤེས་རབ་དང་ལྡན་པས་གདམས་ངག་དང་རྗེས་སུ་སྟོན་པའི་དོན་བསྒོམས་ནས་མཉམ་པར་ཉམས་སུ་བླངས་ན་རིགས་བཞི་ཀ་ལ་ཁྱད་མེད་དུ་འབྲས་བུ་ཐོབ་ཏུ་ཡོད་དོ། །”[༩] ཞེས་གསུངས་སོ། །དེས་ན་སངས་རྒྱས་ཤཱཀྱ་མུ་ནེའི་བསྟན་པ་ལ་རིགས་བཞི་ཀ་ལ་ཁྱད་མེད་དུ་ཆོས་སྟོན་པར་བྱེད་ཅིང་། བཞི་ཀ་རབ་ཏུ་བྱུང་ཆོག །དེ་བཞིན་བཞི་ཀས་བརྩོན་འགྲུས་དང་བག་ཡོད་བསྟེན་ཏེ་ལམ་བསྒོམས་ན་འབྲས་བུ་ཡང་མཚུངས་པར་ཐོབ་སྲིད་པའི་དགོངས་པ་བཞེས་ཡོད།

ད་ཡོད་བོད་འགྱུར་«བཀའ་འགྱུར»་ནང་དུ་«སྟག་རྣའི་རྟོགས་པ་བརྗོད་པ»་ཞེས་པའི་མདོ་ཞིག་ཡོད། མདོ་དེའི་ནང་དུ་གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུ་ལ་ཟེར་བ་དང་། བྲམ་ཟེ་པད་མའི་སྙིང་པོ་ཞེས་པའི་མི་སྣ་གཉིས་ཀྱིས་ཕན་ཚུན་རིགས་རྒྱུད་ལམ་ལུགས་ཀྱི་ཐད་རྩོད་གླེང་བྱས་པའི་བརྒྱུད་རིམ་བཀོད་ཡོད། མི་སྣ་དེ་གཉིས་ཀྱི་བྱུང་བ་དེ་དུས་ཐོག་དེའི་བྱུང་བ་མིན་པ་དང་། སངས་རྒྱས་ཀྱི་མཁྱེན་པས་གཟིགས་པའི་འདས་དོན་གང་ཞིག་དགེ་སློང་རྣམས་ལ་དགོས་པའི་ཆེད་དུ་གསུངས་པར་བཤད་ཡོད།  དེས་ན་མདོ་དེ་སངས་རྒྱས་ཀྱི་བཀའ་ཡིན་མིན་ཐག་མི་ཆོད་ཅིང་། དེ་བས་ཀྱང་མི་སྣ་གཉིས་ཀྱི་རྩོད་གླེང་དེ་ལོ་རྒྱུས་དངོས་ཀྱི་བྱུང་བ་ཡིན་པ་བཤད་མི་ཐུབ། འོན་ཀྱང་རྩོད་གླེང་གི་གོ་རིམ་ཧྲིལ་པོའི་ནང་གནའ་བོའི་རྒྱ་གར་གྱི་རིགས་རྒྱུད་དབྱེ་འབྱེད་ཀྱི་ལམ་ལུགས་དང་དེ་ལ་རྒོལ་བའི་ནང་པ་དག་གི་བསམ་བློ་མཚོན་ཐབས་བྱས་ཡོད། དེའི་ཕྱིར་མདོ་དེའི་དངོས་ཤུགས་ལས་གནའ་བོའི་རྒྱ་གར་གྱི་རིགས་རྒྱུད་དབྱེ་འབྱེད་ཀྱི་ལམ་ལུགས་དང་ནང་པ་དག་གི་བསམ་བློ་མང་པོ་ཤེས་ཐུབ། དེས་ན་མདོ་དེ་ཡང་ཕྱོགས་ཙམ་བཀླག་པར་བྱ། རྩོད་གླེང་དངོས་མ་བཀོད་པའི་གོང་དུ་མདོ་དེར་བཤད་པའི་གནས་ཚུལ་ཐུང་ངུ་ཞིག་མཚམས་སྦྱོར་བྱ་དགོས།  དེ་ཡང་ནམ་ཞིག་ལ། སངས་རྒྱས་ཤཱཀྱ་མུ་ནེའི་ཉན་ཐོས་ཏེ་མང་དུ་ཐོས་པའི་མཆོག་ཏུ་གྲགས་པ་དགེ་སློང་ཀུན་དགའ་བོ་ཞེས་པ་ཁོང་གྲོང་ནས་བསོད་སྙོམས་བསླངས་ཏེ་བཞེས་གྲུབ་རྗེས་ཆུ་ཡི་ཕྱིར་དུ་ཆུ་མིག་གཅིག་ལ་ཁ་ཕྱོགས་ཏེ་ཕེབས། ཆུ་མིག་དེར་གདོལ་བའི་རིགས་སུ་གཏོགས་པའི་བུད་མེད་མཛེས་མ་ཞིག་གིས་ཆུ་འཆུ་བཞིན་པ་དང་སྟབས་ཁེལ། ཀུན་དགའ་བོས། “སྲིང་མོ། བདག་ལ་ཆུ་བྱིན་ཅིག ”ཅེས་སྨྲས། བུ་མོ་དེས། “བདག་ནི་གདོལ་བའི་རིགས་ཡིན་པས་ཁྱེད་ལ་ཆུ་འབུལ་བ་མི་འོས་སོ་”ཞེས་ལན་བཏབ། ཀུན་དགའ་བོས། “ངས་ཁྱོད་ལ་རིགས་རྒྱུད་གང་ཡིན་མ་དྲིས་ཀྱི་བདག་ལ་ཆུ་ཅུང་ཟད་གནང་རོགས་”ཞེས་གསུངས། དེ་ནས་མོས་གུས་ཞབས་དང་བཅས་ཏེ་ཀུན་དགའ་བོ་ལ་ཆུ་བྱིན།

ཡ་མཚན་པ་ཞིག་ལ། མོས་ཀུན་དགའ་བོ་ཐོག་མ་མཐོང་བའི་དུས་དེ་ཉིད་ནས་ཁོང་གི་བཞིན་རས་དང་། སྐད། གཟུགས་བཅས་ལ་བསམས་ཀྱིན་བསམས་ཀྱིན་ཡིད་རབ་ཏུ་ཆགས་ནས། རིགས་སྔགས་འདོན་པ་སོགས་ཀྱི་ཐབས་སྣ་ཚོགས་ཀྱིས་ཀུན་དགའ་བོ་རང་གི་ཁྱོ་ག་ལ་རག་ཐབས་བྱས། འོན་ཀྱང་ཐབས་ཤེས་དེ་དག་གིས་ཀུན་དགའ་བོའི་ཡིད་མ་ཁུག་ཅིང་། མཐར་སངས་རྒྱས་ཀྱིས་མོ་རང་རབ་ཏུ་བྱུང་བཅུག་རྗེས་ཆོས་ཀྱི་གཏམ་སྣ་ཚོགས་གསུངས་ནས་འབྲས་བུ་ཐོབ་ཏུ་བཅུག །མདོ་དེའི་ནང་གི་གདོལ་བའི་རྒྱལ་པོ་དང་བྲམ་ཟེ་གཉིས་ཀྱི་རྩོད་གླེང་དེའང་སྐབས་ཐོག་དེར་ཀུན་དགའ་བོ་དང་གདོལ་བའི་བུ་མོ་གཉིས་ཀྱི་ཚེ་སྔ་མའི་འབྲེལ་བ་ལས་འཕྲོས་ཏེ་སངས་རྒྱས་ཀྱིས་དགེ་སློང་རྣམས་ལ་གསུངས་པ་ཞིག་ཡིན་པར་བཤད། གདོལ་བའི་བུ་མོས་ཐོག་མར་ཀུན་དགའ་བོ་ལ་ཆུ་མི་འབུལ་བ་དེས་རིགས་དམན་པས་རང་ལས་རིགས་མཐོ་བ་དག་ལ་ཆུ་ཙམ་ཡང་འབུལ་མི་རུང་བར་བསྟན། དེ་བཞིན་ཀུན་དགའ་བོས་རིགས་རྒྱུད་གང་ཡིན་ལ་མི་ལྟོས་པར་ཆུ་བླངས་པ་དེས་སངས་རྒྱས་ཀྱི་ཉན་ཐོས་དག་གིས་རིགས་རྒྱུད་དབྱེ་འབྱེད་ཀྱི་ལམ་ལུགས་བརྩི་སྲུང་བྱེད་ཀྱི་མེད་པ་མཚོན་པར་བྱས་ཡོད། གདོལ་པའི་རྒྱལ་པོ་དང་བྲམ་ཟེའི་བར་གྱི་རྩོད་གླེང་དེ་སངས་རྒྱས་ཀྱིས་ཚུལ་ཇི་ལྟར་འཕྲོས་ནས་གསུངས་པ་ཤེས་རྗེས་ད་གཟོད་རྩོད་གླེང་དངོས་བཀོད་ན་ཆོག །དེ་ཡང་མདོ་དེར། དུས་ནམ་ཞིག་ཡུལ་ག་གེ་མོ་ན་གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུ་ཟེར་བ་དང་། བྲམ་ཟེ་པད་མའི་སྙིང་པོ་ཞེས་པ་གཉིས་ཡོད་པ་དང་། གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུས་བྲམ་ཟེ་པད་མའི་སྙིང་པོ་ལ་རང་གི་བུ་སྟག་རྣ་ཅན་ལ་བྲམ་ཟེ་པད་མའི་སྙིང་པོའི་བུ་མོ་སྦྱིན་དགོས་པའི་རེ་བ་ཞུས་ཤིང་། བྲམ་ཟེ་པད་མའི་སྙིང་པོས་ཇི་ལྟར་སྣང་བ་དང་མུན་པ་མཉམ་དུ་གནས་པ་མེད་པ་དང་། གསེར་དང་ཐལ་བ་གཅིག་ཏུ་མི་འགྱུར་བ་བཞིན་རིགས་ཀྱི་མཆོག་བྲམ་ཟེའི་བུ་མོ་དང་རིགས་དམན་པ་གདོལ་བའི་བུ་གཉིས་གཉེན་སྒྲིག་བྱར་མི་རུང་བའི་གནས་ལུགས་བཤད་པ་དང་།  དེ་ལ་གདོལ་བའི་རྒྱལ་པོས་རིགས་རྒྱུད་དབྱེ་འབྱེད་དེ་ལུགས་དང་མི་མཐུན་པའི་སྐོར་བཤད་ནས་ལན་བཏབ་པ་སོགས་བཀོད་ཡོད།

གདོལ་པས། “བྲམ་ཟེ་དག་ནམ་མཁའ་དང་རྒྱ་མཚོ་ལས་སྐྱེས་པ་ནི་མ་ཡིན། གཙུབ་ཤིང་གིས་མེ་ཕྱུང་བ་ལྟར་ས་ལས་སྐྱེས་པ་མ་ཡིན་པར། བྲམ་ཟེ་གང་ལས་སྐྱེས་པ་དེ་ནས་གདོལ་བ་དག་ཀྱང་སྐྱེས་ན་སྐྱེས་ཙམ་ནས་དེ་ལྟར་དམན་མཆོག་ཡོང་དགོས་པའི་རྒྱུ་མཚན་གང་ཞིག་ཡོད་དམ། བྲམ་ཟེའི་མཆོག་རྣམས་ཀྱང་ཤི་བའི་ཚེ་རོ་སྤོང་ཞིང་མི་གཙང་བར་ལྟ་ལ། རིགས་གཞན་རྣམས་ཀྱང་ཤི་བའི་ཚེ་དེ་ལྟར་ཡིན་ན་བྲམ་ཟེ་དང་རིགས་གཞན་ལ་ཁྱད་པར་ཅི་ཞིག་ཡོད། བྲམ་ཟེའི་གཞུང་དུ། སེམས་ཅན་གཞན་ལ་གནོད་པའི་ལས་བྱད་དང་རོ་ལངས་ཀྱི་ལས་རྣམས་བསྟན་ཅིང་། ཤ་ཟ་བར་འདོད་པས་སྔགས་བཟླས་ནས་ར་ལུག་བསད་ན་མཐོ་རིས་སུ་འགྲོ་བར་བསྟན་ཡོད། དེ་དག་ལ་གནས་ལུགས་ཅི་ཡང་མེད་དེ། གལ་ཏེ་སྔགས་བཟླས་ནས་བསད་པས་མཐོ་རིས་སུ་འགྲོ་བའི་སྐད་ཆ་དེ་བདེན་ན། བྲམ་ཟེ་རང་གི་ཕ་མ་དང་། བུ་ཕྲུག  །ཆུང་མ། ཉེ་དུ་སོགས་ཀྱང་སྔགས་བཟླས་ནས་བསད་ན་མཐོ་རིས་སུ་འགྲོ་བར་སྟོན་དགོས་པ་ལ།  དེ་ལྟར་མི་བསྟན་པར་ར་ལུག་དག་ཁོ་ན་གསོད་པར་ཅིའི་ཕྱིར་སྟོན། སྔགས་བཟླས་ནས་བསད་དེ་མཆོད་སྦྱིན་བྱས་ན་མཐོ་རིས་སུ་འགྲོ་ཚེ། རང་ཉིད་ཀྱང་བསད་ནས་མཆོད་སྦྱིན་མི་བྱེད་པ་ཅི་ཞིག་ཡིན་ནམ། གཞན་ཡང་ཁྱེད་ཅག་གི་གཞུང་དུ་འདི་ལྟར་བཤད་དེ། གསེར་རྐུ་བ་དང་ཆང་འཐུང་དང་། །བླ་མའི་ཆུང་མ་སྤྱོད་པ་དང་། །སྡོམ་པའི་ཚོགས་ནི་འཇིག་པ་སྟེ། །སྡིག་པ་བཞི་རུ་བྲམ་ཟེས་འདོད། །གསེར་རྐུ་བ་ནི་སྤོང་བར་བྱ། །དེ་གཞན་ལས་གཞན་སྡིག་ཡོད་མིན། །བྲམ་ཟེ་གང་གིས་གསེར་བརྐུས་ན། །དེ་དག་བྲམ་ཟེ་མིན་པར་འདོད། །ཆང་ནི་བཏུང་བར་མི་བྱ་སྟེ། །གཞན་ནི་བཏུང་བར་བྱ་བར་འདོད། །བྲམ་ཟེ་གང་ཞིག་ཆང་འཐུང་བ། །དེ་དག་བྲམ་ཟེར་མི་འགྱུར་རོ། །བླ་མའི་ཆུང་མ་སྤྱད་མི་བྱ། །གཞན་གྱི་ཆུང་མ་བགྲོད་པར་བྱ། །བླ་མའི་ཆུང་མ་ལ་བགྲོད་པ། །དེ་དག་བྲམ་ཟེར་མི་འགྱུར་རོ། །བྲམ་ཟེ་གཅིག་ཀྱང་བསད་མི་བྱ། །བྲམ་ཟེ་མིན་པ་དུ་མ་བསད། །གང་ཞིག་བྲམ་ཟེ་གསོད་བྱེད་པ། །དེ་དག་བྲམ་ཟེར་མི་འགྱུར་རོ། །བཞི་པོ་དེ་དག་གང་ཡིན་པ། །བྲམ་ཟེ་རྣམས་ལ་སྡིག་པར་འགྱུར། །དེ་དག་ལས་གཞན་སྡིག་མེད་འདོད། །བཞི་པོ་དེ་ལས་གཅིག་བྱས་ན། །དེ་ནི་བྲམ་ཟེ་ཡིན་མི་འགྱུར། །བྲམ་ཟེ་རྣམས་ནི་ཚོགས་པ་རུ། །ཆུད་མིན་ཕྱག་ཀྱང་མི་བྱའོ། །སྟན་དང་ཆུ་རྣམས་མི་བསྟབ་ཅིང་། །བསུ་བ་ཡང་ནི་མི་བྱའོ། །བྲམ་ཟེ་ཉམས་པ་དེ་ལ་ཡང་། །དེ་ནི་འབྱུང་བའི་ཐབས་སྣང་སྟེ། །དེ་ཡིས་ལོ་ནི་བཅུ་གཉིས་སུ། །བོང་བུའི་ལྤགས་པ་བགོ་བྱ་ཞིང་། །ཁ་ཊཾ་ཁ་ནི་ཐོགས་པར་བྱ། །ཐོད་པའི་ནང་དུ་བཟའ་བར་བྱ། །དཀའ་ཐུབ་འདི་ནི་ཡང་དག་བཟུང་། །ངེས་པར་རྒྱུན་ནི་མ་བཅད་པར། །གང་གིས་རྟུལ་ཞུགས་ཡང་དག་བླང་། །ཕྱིར་ཡང་བྲམ་ཟེར་འགྲོ་བར་འགྱུར། །ལོ་ནི་བཅུ་གཉིས་ཚང་བ་ན། །ཕྱི་ནས་དེ་ནི་བྲམ་ཟེར་འགྱུར། །དེ་ནི་འབྱུང་བའི་ཐབས་སུ་བསྟན། །བྲམ་ཟེ་དེ་ནི་དཀའ་ཐུབ་ཡིན། །རྨོངས་པས་ལས་ནི་ངན་པ་སྟེ། །འབྱུང་བ་མེད་པར་བསྟན་པར་བྱ། །བྲམ་ཟེ་དེ་ནི་འདི་ལྟར་ཏེ། །འདི་ཤེས་ཐ་མལ་ཉིད་ཙམ་དུ། །འཇིག་རྟེན་གང་ཡིན་བརྗོད་པར་བྱེད། །བྲམ་ཟེ་ཡང་དེ་ལྟ་བུའོ། །རྒྱལ་རིགས་ཀྱང་དེ་ལྟ་བུའོ། །རྗེའུ་རིགས་ཀྱང་དེ་ལྟ་བུའོ། །དམངས་རིགས་ཀྱང་དེ་ལྟ་བུ་ཡིན་ནོ། །”ཞེས་བྲམ་ཟེའི་གཞུང་འགའ་ཞིག་ཏུ་བསྟན་པའི་བསླབ་པའི་སྐོར་བཀོད་ཅིང་། ཤུགས་ལས་བྲམ་ཟེ་དག་གིས་རང་གི་ཆུང་མ་གཞན་གྱིས་སྤྱོད་མི་ཆོག་ཅིང་། གཞན་གྱི་ཆུང་མ་རང་གིས་སྤྱོད་ཆོག་པ་དང་། བྲམ་ཟེས་བྲམ་ཟེ་གསོད་མི་ཆོག་ཅིང་། བྲམ་ཟེས་མི་གཞན་བསད་པ་ལ་སྡིག་པ་མེད་པ་སོགས་ཀྱི་བསླབ་ཁྲིམས་ལ་ཟུར་ཟ་གནང་ཡོད། །དེ་བཞིན་བྲམ་ཟེའི་རིགས་ཉམས་ཚེ་ཇི་ལྟར་སླར་གསོ་བྱེད་དགོས་པའི་སྐོར་བཀོད་པ་ལས། བྲམ་ཟེ་དག་གིས་རང་གི་རིགས་ཀྱི་ཆོས་ལ་ཇི་ལྟར་རྩིས་པོ་ཆེ་བྱེད་པ་ཡང་ཤེས་ཐུབ། དེ་ལ་པད་མའི་སྙིང་པོས། “བག་མའི་ཁྲིམས་ཀྱི་ནང་དུ་བྲམ་ཟེའི་རིགས་ཀྱིས་རིགས་བཞི་ཀ་ཆུང་མ་ལེན་ཆོག་པ་དང་། རྒྱལ་རིགས་ཀྱིས་རང་ཉིད་ཚུད་པའི་རིགས་གསུམ་ཆུང་མ་ལེན་ཆོག་པ་དང་། རྗེའུ་རིགས་ཀྱིས་རང་ཉིད་ཚུད་པའི་རིགས་འོག་མ་གཉིས། དམངས་རིགས་ཀྱིས་དམངས་རིགས་ཁོ་ན་མ་གཏོགས་ལེན་མི་ཆོག་པའི་ཁྲིམས་ཡོད་པས་ཁྱོད་ཀྱིས་ཡུལ་ཁྲིམས་དང་བག་ཁྲིམས་ཙམ་ཡང་མི་ཤེས་སོ། །”ཞེས་ཟེར།  སྐད་ཆ་དེའི་ཤུགས་ལས་གདོལ་བའི་བུ་སྟག་རྣ་ཅན་དམངས་རིགས་ཡིན་པས་དེས་རང་ལས་རིགས་མཐོ་བའི་བྲམ་ཟེའི་བུ་མོ་ཆུང་མར་ལེན་པའི་ཐོབ་ཐང་མེད་པར་བསྟན།

ཡང་བྲམ་ཟེས། “བྲམ་ཟེ་ནི་ལུས་ཀྱི་སྟོད་ཁ་ནས་སྐྱེས། བྲང་ལས་རྒྱལ་རིགས་སྐྱེས། ལྟེ་བ་ནས་རྗེའུ་རིགས་སྐྱེས། རྐང་པ་ནས་དམངས་རིགས་སྐྱེས་པ་ཡིན་པས་རིགས་བཞི་ལ་མཐོ་དམན་གྱི་ཁྱད་པར་ཡང་དེ་ལྟ་བུ་ཡོད་ན། ཁྱོད་ཀྱིས་ཁྱོད་རང་རིགས་དམན་པ་དང་ཁོ་བོ་རིགས་མཐོན་པོ་ཡིན་པ་མི་ཤེས་སམ། ཅིའི་ཕྱིར་བདག་གི་བུ་མོ་དང་གཉེན་གྱི་འབྲེལ་བ་བྱ་བར་འདོད།” ཅེས་ཟེར། སྐད་ཆ་དེ་ལས་རིགས་བཞིའི་ཁྱད་པར་དེ་ཕྱིས་ཀྱི་འཚོ་ཐབས་ཀྱིས་བཏགས་པ་མིན་པར་གདོད་མ་ནས་ཆེས་མཐུ་ཆེ་བའི་འཇིག་རྟེན་བཀོད་པ་པོ་ཡིས་བསྐྱེད་པའི་བྲམ་ཟེའི་ཆོས་ལུགས་ཀྱི་བསམ་བློ་མངོན་ཡོད། ལེགས་ལྡན་གྱི་«རྟོག་གེ་འབར་བ»་རུ་ཡང་རིགས་བཞི་ཚངས་པའི་ཁ་དང་དཔུང་པ་དང་བྲང་དང་རྐང་མཐིལ་ལས་རིམ་པ་བཞིན་སྐྱེ་བར་འདོད་པའི་ལུགས་བཀོད་འདུག །གདོལ་པས། “གལ་ཏེ་རིགས་བཞི་འཇིག་རྟེན་བྱེད་པོས་བསྐྱེད་དུ་ཆུག་མོད། ཁ་དང་བྲང་དང་ལྟེ་བ་དང་རྐང་པ་ཐམས་ཅད་ལུས་ཀྱི་ཆ་ཤས་ཡིན་པ་ལ་ཁྱད་པར་མེད་ན་དེ་གང་ལས་སྐྱེས་ཀྱང་དེས་རིགས་བཞི་ལ་མཐོ་དམན་གྱི་ཁྱད་པར་ཡོད་པ་ཇི་ལྟར་སྒྲུབ། ཁྱེད་ཀྱི་སྐད་ཆ་དེ་དག་ནི་ཇི་ལྟར་བྱིས་པ་དག་འཇིམ་པའི་གོང་བུ་མང་པོ་བཟོས་ཏེ། གཅིག་ལ་ཞོའོ། །གཞན་ལ་འོ་མའོ། །ཤའོ་ཞེས་བརྗོད་པར་བྱེད་མོད། དེ་ཙམ་གྱིས་ཞོ་ལ་སོགས་པར་མི་འགྱུར་བ་བཞིན་མིན་ནམ།  ཡང་དག་པར་དཔྱད་ན་རིགས་བཞི་ནི་འཇིག་རྟེན་བྱེད་པོས་བཟོས་པ་མ་ཡིན་གྱི། དབང་པོ་དང་། སྐྱེ་གནས་དང་། ཟས་ལ་སོགས་པ་རང་གི་རྒྱུ་དག་ལས་སྐྱེས་པ་ཙམ་དུ་ཟད། དེས་ན་བྱེད་པོས་རིགས་བཞིའི་ཁྱད་པར་ཇི་ལྟར་བསྐྱེད་པ་ཡིན།

ཡང་ཁྱེད་ཅག་གིས་ནམ་མཁའི་སྐར་མའི་ཚོགས་དང་བཅས་པ་ནི་སྐྱེ་རྒུ་བདག་པོའི་མགོ་བོ་ཡིན་ནོ། །བརླ་གཉིས་དང་རྐང་པ་གཉིས་ནི་སའོ། །མིག་གཉིས་ནི་ཉི་མ་དང་ཟླ་བའོ། །བ་སྤུ་རྣམས་རྩྭ་དང་ནགས་ཀྱི་ཚོགས་སོ། །ནམ་མཁའ་ལས་ཆར་འབབ་པ་ནི་མཆི་མའོ། །ཆུ་བོ་རྣམས་ནི་དེའི་གཅིན་ནོ། །མཚོ་རྣམས་ནི་དེའི་མི་གཙང་བ་ཡིན་ནོ། །དེ་ལྟ་བུ་སྐྱེ་རྒུ་བདག་པོ་ཚངས་པར་འདོད་དོ། །ཞེས་སྨྲ་མོད། དེ་ལྟ་བུ་འཇིག་རྟེན་བྱེད་པོ་ཚངས་པ་ཞིག་རིགས་པས་འཐད་དམ། གལ་ཏེ་བྲམ་ཟེ་དག་ཤི་ནས་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་རིགས་གཞན་རྣམས་མི་འགྲོ་ན་བྲམ་ཟེ་ཁྱད་དུ་འཕགས་པར་འགྱུར་མོད། དེ་ལྟར་ཡང་མ་ཡིན་ཏེ། སུ་ཡིས་དགེ་བའི་ལས་བསགས་ན་དེ་ཉིད་མཐོ་རིས་སུ་འགྲོ་ཞིང་། དེ་ལས་ལྡོག་ན་རིགས་གང་ཡིན་གྱི་ཁྱད་པར་མེད་པར་ངན་འགྲོ་སོགས་ཀྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །བྲམ་ཟེ་དག་ལ་དབང་པོ་གཉིས། རྭ་བཞི། མགོ་གཉིས་སོགས་ཡོད་ན་ཁྱད་པར་དུ་འགྱུར་མོད་དེ་ལྟ་བུ་ཡང་མི་དམིགས་སོ། །བྲམ་ཟེ་དག་ནི་མི་དགེ་བའི་བཤེས་གཉེན་ཡང་ཡིན་ཏེ། མཆོད་སྦྱིན་གྱི་ཆེད་དུ་གཞན་གསོད་དགོས་པར་བསྟན་ཅིང་། རིག་སྔགས་ཀྱིས་གཞན་སྐྲག་པར་བྱེད་པ་སོགས་ཀྱིས་མི་དགེ་བ་སྒྲུབ་པར་བྱེད་དོ། །དེ་དག་ནི་མཐོ་རིས་སུ་འགྲོ་བའི་ལམ་མ་ཡིན་ཏེ། ཚུལ་ཁྲིམས་བསྲུངས་ཤིང་གཞན་ལ་ཕན་འདོགས་པ་དང་མི་འཚེ་བ་ནི་མཐོ་རིས་སུ་སྐྱེའོ། །བྲམ་ཟེ་དག་ཀྱང་རིགས་གཞན་གྱི་མི་བཞིན་དུ་ཤ་དང་རུས་པ་དང་ཁྲག་དང་གཅིན་དང་། ལྤགས་པ། ཚོར་བ་བདེ་སྡུག་སོགས་མཚུངས་པར་མཐོང་སྟེ། དེས་ན་བྲམ་ཟེ་ཁྱད་འཕགས་སུ་བརྩི་བའི་རིགས་བཞི་མ་གྲུབ་བོ། །དཔེར་ན་སྐྱེས་བུ་འགའ་ཞིག་ལ་བུ་བཞི་ཡོད་ཅིང་། དེ་དག་ལ་དགའ་བྱེད་ཅེས་བྱ་བ་དང་འཚོ་བྱེད་ཅེས་བྱ་བ་དང་། མྱ་ངན་མེད་ཅེས་བྱ་བ་དང་། ཚེ་བརྒྱ་བ་ཞེས་བྱ་བ་བཏགས་ན། མིང་ཙམ་གྱིས་དགའ་བར་བྱེད་པ་དང་། འཚོ་བར་བྱེད་པ། ཡིད་བདེ་བར་བྱེད་པ། ཚེ་ལོ་བརྒྱ་པར་འགྱུར་རམ། མི་འགྱུར་ཏེ། དེ་ནི་རང་གི་གཉེན་ཉེ་དག་གིས་འདོད་པས་མིང་དེ་ལྟར་བཏགས་པ་ཙམ་ཡིན། དཔེ་དེ་བཞིན་དུ་རིགས་བཞི་ཡང་མིང་གི་ཁྱད་པར་ཡིན་གྱི་དོན་ལ་དམན་མཆོག་གི་ཁྱད་པར་ཅི་ཡང་མེད་དོ”ཞེས་སོགས་སྨྲས་པ་བཀོད་འདུག །དེའི་འཕྲོ་ནས་མར་ད་དུང་རྩོད་པ་དང་རྩོད་ལན་མང་པོ་འདུག་མོད་ཡི་གེ་མང་བར་འགྱུར་བས་ཕྱོགས་སྟོན་ཙམ་བྱས་རྗེས་ཞིབ་ཏུ་ཤེས་འདོད་པ་དག་གིས་མདོ་དེ་རང་ལ་གཟིགས་དགོས་པའི་དྲན་སྐུལ་ཞུས་ཏེ་མཚམས་འཇོག་པར་བྱ། [༡༠]དཔལ་ལྡན་ཆོས་གྲགས་ཀྱིས་ཀྱང་། «རྣམ་འགྲེལ»་ལེའུ་དང་པོའི་མཇུག་ཏུ་བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་གསུངས་པའི་ནང་དུ། “རིགས་སྨྲས་དྲེགས”ཞེས་ཁྱད་དུ་འཕགས་པའི་ཡོན་ཏན་གང་ཡང་མེད་པར་བྲམ་ཟེ་སོགས་ཀྱི་རིགས་ཡིན་པ་ཙམ་གྱིས་དྲེགས་པ་སྐྱེ་བ་དེ་བླུན་བོའི་རྟགས་སུ་བརྩི་བ་མཛད་འདུག །བོད་དུ་བྱོན་པའི་རྒྱ་གར་གྱི་མཁས་པ་ཆེ་ཤོས་གྲས་ཏེ་སློབ་དཔོན་ཞི་བ་མཚོ་དང་། ཁོང་གི་སློབ་མ་ཀ་མ་ལ་ཤཱི་ལས་མཛད་པའི་གཞུང་«ཚད་ཆེན»་རྩ་འགྲེལ་གྱི་གཞན་གྱི་དབང་པོ་ལས་འདས་པའི་དོན་མཐོང་བ་ཅན་གྱི་སྐྱེས་བུ་བརྟག་པ་[༡༡]ཞེས་པའི་ལེའུར་བྲམ་ཟེའི་རིགས་ཁྱད་འཕགས་སུ་འདོད་པ་ལ་དགག་པ་མཛད་ཡོད། ཁོང་གིས་བྲམ་ཟེ་དག་གིས་རིག་བྱེད་ཀྱི་གཞུང་དག་བྲམ་ཟེ་ནང་ཁུལ་ལས་རང་གི་ཆོས་ལུགས་ལ་དད་མོས་ཅན་གྱི་རིགས་དམན་པ་དག་ལ་མི་སྟོན་པ་ལ་སུན་འབྱིན་མཛད་ཅིང་། དེ་བཞིན་བྲམ་ཟེ་དག་ལ་འདི་ལྟར་འདྲི་བར་མཛད་དེ། “ཁྱེད་ཅག་རིགས་ཀྱིས་ང་རྒྱལ་བྱེད་ཆོག་པའི་ཁྱད་ཆོས་ཅི་ཞིག་ཡོད་དམ། བྲམ་ཟེ་ཉིད་ཅེས་པའི་སྤྱི་དོན་གཞན་ཞིག་ཁྱེད་ཅག་ཁོ་ན་ལ་ཡོད་པས་ཡིན་ནམ། ཡང་ན་སྐྱེས་པ་ཙམ་ནས་ཆོ་ག་སོགས་ཀྱིས་བྲམ་ཟེ་རུ་དབང་བསྐུར་བས་ཡིན་ནམ། ཡང་ན་བྲམ་ཟེའི་བུད་མེད་ཀྱི་མངལ་ནས་སྐྱེས་པས་ཡིན། བྲམ་ཟེ་ཉིད་ཅེས་པའི་སྤྱི་དོན་གཞན་ནི་རིགས་པ་བརྒྱ་ཕྲག་གིས་བརྟགས་ཀྱང་དམིགས་སུ་མེད་ན་དེ་ཁྱེད་ཅག་ཁོ་ན་ལ་ཡོད་པར་སུ་ཞིག་གིས་ཡིད་ཆེས། གལ་ཏེ་བྲམ་ཟེ་ཉིད་ཅེས་པའི་སྤྱི་དོན་གཞན་ཞིག་ཁྱེད་ཅག་ཁོ་ན་ལ་ཡོད་དུ་ཆུག་མོད། དེས་ཁྱེད་ཅག་དམངས་རིགས་དག་ལས་ཤེས་རབ་དང་། ཡིད་གཞུངས། བཤང་གཅི་དང་ཁྲག་ལ་སོགས་པ་གང་གི་སྒོ་ནས་ཀྱང་ཁྱད་པར་འཕགས་མི་འདུག་ན་དེས་ན་ང་རྒྱལ་བྱ་ཆོག་པའི་ཡོན་ཏན་ཅི་ཞིག་ཡོད་དམ། ཁྱེད་ཅག་རང་བཞིན་གྱི་དབང་དུ་གྱུར་པ་དང་། བདག་པོར་གྱུར་པ་དང་། དགའ་མགུར་ལྡན་པ་དང་། སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་།  སྡིག་པ་མ་ལུས་པ་སྤངས་པ་སོགས་ཀྱིས་དམངས་རིགས་དག་ལས་ཁྱད་པར་དུ་འཕགས་ན་ད་གཟོད་ཁྱེད་ཅག་ཁྱད་འཕགས་སུ་བརྩི་བར་འོས་ཀྱི། བྱ་མཁན་དང་། ཉ་མཁན་དང་། ལྷམ་མཁན་སོགས་དང་ཤེས་རབ་དང་། སྙིང་རྗེ། སྡིག་པ་སྤངས་པ་སོགས་གང་གི་སྒོ་ནས་ཀྱང་ཁྱད་དུ་མི་འཕགས་ན་གང་གིས་ཁྱེད་ཅག་ཁོ་ན་ཁྱད་པར་ཅན་གྱི་རིགས་ཡིན་པར་བསྒྲུབ་པར་ནུས། སྐྱེས་མ་ཐག་ཏུ་ཆོ་གས་བྲམ་ཟེ་རུ་དབང་བསྐུར་བ་ཙམ་གྱིས་ཁྱད་འཕགས་ཀྱི་རིགས་ཡིན་པ་ག་ལ་མཚོན་ཏེ། ཆོ་ག་དེ་ལྟ་བུ་དམངས་རིགས་སོགས་ལ་ཡང་གང་འདོད་དུ་བྱ་ཆོག་པ་མིན་ནམ། བྲམ་ཟེའི་ཐ་སྙད་ནི་སུ་ལ་ཡང་འདོད་པས་སྦྱར་ཆོག་ན་དེ་སྦྱར་བ་ཙམ་གྱིས་ཁྱད་འཕགས་སུ་ག་ལ་འགྱུར། བྲམ་ཟེ་མོའི་མངལ་དུ་སྐྱེས་པས་ཀྱང་ང་རྒྱལ་བྱ་རིན་ཅི་ཡང་མེད་དེ། བྲམ་ཟེའི་མོ་ནི་དམངས་རིགས་ཀྱི་བུད་མེད་དག་ལས་ཅི་ཞིག་གིས་ཀྱང་ཁྱད་པར་འཕགས་མི་འདུག་ཅིང་།  ཁོང་ཚོ་དང་དམངས་རིགས་ཀྱི་བུད་མེད་དག་གི་ཤ་ཁྲག་གི་ལུས་པོ་དང་ནང་གི་བསམ་བློ་སོགས་མི་འདྲ་བ་ཅི་ཞིག་མཐོང་།

ཡང་ཁྱེད་ཅག་གི་སྔ་མོའི་མེས་པོ་ཚོ་ནས་ད་བར་བརྒྱུད་པ་དག་བྲམ་ཟེའི་རིགས་ཁོ་ན་ཡིན་པ་ཅི་ཞིག་གིས་བདེན་དཔང་བྱའམ། འདས་པའི་དུས་ཤིན་ཏུ་རིང་མོའི་ནང་བྲམ་ཟེའི་བུད་མེད་དང་རིགས་དམན་པའི་སྐྱེས་པ་དག་མཉམ་དུ་འདུས་པ་ལས་རིགས་འཆོལ་བ་མི་སྲིད་པ་ཇི་ལྟར་ཐག་ཆོད་དམ། དེས་ན་རིགས་ཀྱིས་ང་རྒྱལ་བྱེད་པ་ནི་རྨོངས་པ་ཁོ་ནའི་ལས་སོ་”ཞེས་སུ་གསུངས་པར་མཛད་དོ། །དེ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་«དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ»་ན་ཡང་རིགས་བཞི་ལ་མཆོག་དམན་གྱི་ཁྱད་པར་ཕྱེ་སྟེ། བྲམ་ཟེའི་རིགས་ཁྱད་འཕགས་སུ་འདོད་པ་ལ་དགག་པར་མཛད་དེ། གང་གིས་འགོག་པའི་རིགས་པ་ནི་གོང་གི་དེ་དག་དང་ཕྱོགས་མཐུན་ཙམ་དུ་ཡོད། དེར་བྲམ་ཟེའི་ཆོས་ལུགས་ཀྱི་ལྟ་གྲུབ་མང་པོ་ཞིག་བསྟན་ཡོད་པས་རྩ་འགྲེལ་དེ་གཉིས་ནི་དེའི་ལུགས་ཀྱི་ལྟ་གྲུབ་དང་ཆོས་ལུགས་ལ་ཞིབ་དཔྱད་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན། སྤྱིར་རྒྱ་གར་ནི་འཛམ་གླིང་ཤར་ཕྱོགས་ཀྱི་དཔལ་ཡོན་དར་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཁོང་ཚོའི་རིག་གནས་ལོ་རྒྱུས་ཀྱི་རྒྱུན་རིང་ལ་གཏིང་ཟབ་པ་དེ་ཡང་བྲམ་ཟེ་དག་དང་འབྲེལ་བ་མེད་པ་ག་ལ་ཡིན། བྲམ་ཟེ་ཕལ་མོ་ཆེ་ཞིག་ནི་གྲོང་གི་འདུ་འཛི་དང་བྲལ་ནས་གཞུང་ལུགས་འཆད་ཉན་དང་། ཆོས་ལུགས་ཀྱི་ཆོ་ག་སྤེལ་བ། སྒོམ་བྱེད་པ་སོགས་ཀྱིས་དུས་འདའ་བས་ཁོང་ཚོས་ཆོས་ལུགས། རྩོམ་རིག  །མཚན་ཉིད་རིག་པ་སོགས་ཀྱི་ཐད་མཛད་རྗེས་མང་པོ་ཞིག་བཞག་པ་མཛད་ཡོད། ཕྱིས་ཀྱི་ནང་པའི་ཆོས་ལུགས་སོགས་ཀྱི་མ་ཡུམ་ཡང་བྲམ་ཟེའི་ཆོས་ལུགས་ཡིན། འོན་ཀྱང་ཕྱོགས་གཞན་ནས་ཆོས་ལུགས་ཀྱི་ལག་ཆ་སྤྱད་དེ་རང་གི་ཁེ་གྲགས་བསྲུངས་པ་དང་། རིག་གནས་དང་ཆོས་ལུགས་སྒེར་སྡོམ་བྱས་པ་དང་།  རིགས་རྒྱུད་དབྱེ་འབྱེད་ཀྱི་ལམ་ལུགས་ཀྱིས་རིགས་དམན་པ་མང་པོ་ཞིག་ལ་མི་འོས་པའི་སྡུག་བསྔལ་མྱོང་དུ་བཅུག་པ་སོགས་ཀྱང་བསྙོན་དུ་མེད། མདོར་ན་གོང་གི་སྟོན་པའི་གསུང་དེ་ནི་མི་ལོ་ཉིས་སྟོང་ལྔ་བརྒྱ་ཡི་ཡར་སྔོན་དུ་གསུངས་པ་ཡིན་པ་དང་། ཁོང་གི་རྗེས་འབྲངས་དག་གི་གསུང་དེ་དག་ཀྱང་མི་ལོ་མང་པོའི་ཡར་སྔོན་གྱི་སྐད་ཆ་ཡིན། སྐབས་དེའི་རྒྱ་གར་གྱི་ཡུལ་སྲོལ་དང་། འཛམ་གླིང་གི་གནས་བབ་ལ་བསམས་ན་སྐད་ཆ་དེ་དག་ལ་ཡུལ་དུས་ཀྱི་ཆ་ནས་རིན་ཐང་ཆེན་པོ་ཡོད་པར་མ་ཟད། དེང་གི་དུས་འདིར་ཡང་བོད་ཀྱི་ཆོས་པ་རྣམས་ནས་འདི་ལྟ་བུའི་སྟོན་པའི་དགོངས་པ་དག་བསྔོགས་ཐུབ་ན་དགོས་པ་ཅུང་ཟད་ཡོད་པར་སྙམ་ནས་རྩོམ་འདི་བྲིས་ཤིང་། ད་དུང་རྒྱ་གར་གྱི་རིགས་རྒྱུད་དབྱེ་འབྱེད་ཀྱི་ལམ་སྲོལ་དང་དེ་ལ་རྒོལ་བའི་ནང་པ་དག་གི་བསམ་བློ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་ཙམ་ཞིག་ཏུའང་འགྱུར་བར་སྨོན་ནོ། །

 


མཆན་དང་ལུང་ཁུངས།

[༡] སངས་རྒྱས་ཤཱཀྱ་མུ་ནེ།  «ཆོས་ཀྱི་ཚིགས་སུ་བཅད་པ།» དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་ནང་དུ་བཞུགས།

[༢] «ཆེད་དུ་བརྗོད་པའི་ཚོམས»་ལས། “རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན། །རལ་བས་མ་ཡིན་རུས་ཀྱིས་མིན། །གང་ཞིག་བདེན་པའི་ཆོས་ལྡན་པ། །གཙང་མ་དེ་ཡིན་བྲམ་ཟེ་ཡིན། །”ཞེས་སོགས་གསུངས་སོ། །སངས་རྒྱས་ཤཱཀྱ་མུ་ནེ། «ཆེད་དུ་བརྗོད་པའི་ཚོམས།»«སྡེ་བསྟན»་མངོན་པ། <ཏུ> ཤོག་ངོས་0082

[༣] སངས་རྒྱས་ཤཱཀྱ་མུ་ནེ། «ལུང་རྣམ་འབྱེད།» «སྡེ་བཀའ»་འདུལ་བ། <ཅ> ཤོག་ངོས་0355

[༤]སློབ་དཔོན་ཡོན་ཏན་འོད། «འདུལ་བ་མདོ་རྩ་བ།» «སྡེ་བསྟན»་འདུལ་བ། <ཝུ> ཤོག་ངོས་0008

[༥] སངས་རྒྱས་ཤཱཀྱ་མུ་ནེ། «འདུལ་བ་ལུང་གཞི།» «སྡེ་བཀའ»་འདུལ་བ།< ཀ> ཤོག་ངོས་0162

[༦] སངས་རྒྱས་ཤཱཀྱ་མུ་ནེ། «འདུལ་བ་ལུང་། »« སྡེ་བཀའ»་འདུལ་བ། < ག>  ཤོག་ངོས་550

[༧] སངས་རྒྱས་ཤཱཀྱ་མུ་ནེ། «འདུལ་བ་ལུང་།»  «སྡེ་བཀའ»་འདུལ་བ། <ཁ>   ཤོག་ངོས་0135

[༨] སློབ་དཔོན་འཕགས་པ་ལྷ། «རྣལ་འབྱོར་སྤྱོད་པ་བསྟན་བཅོས་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ།» «སྡེ་བསྟན»་དབུ་མ།<ཚ> ཤོག་ངོས་0010

[༩] སངས་རྒྱས་ཤཱཀྱ་མུ་ནེ། «འདུལ་བ་ལུང་གཞི།» «སྡེ་བཀའ»་འདུལ་བ། <ཁ> ཤོག་ངོས་0176

[༡༠]  སངས་རྒྱས་ཤཱཀྱ་མུ་ནེ། «སྟག་རྣའི་རྟོགས་པ་བརྗོད་པའི་མདོ།» «སྡེ་བཀའ»་མདོ་མང་། <ཨོཾ> ཤོག་ངོས་0464་ནས་མར་བཞུགས།

[༡༡] ཀ་མ་ལ་ཤྲཱི་ལ།  «ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ» «སྡེ་བསྟན»་ཚད་མ། <འེ> ཤོག་ངོས་0643ནས་མར་གསལ།

 

ཡོང་ཁུངས།  «རྡོ་ཏི»་ལོ་དེབ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4559