(ཁ་གསབ་ཅན།)

    དུས་རབས་བཅོ་བརྒྱད་པའི་སྨད་དམ་བཅུ་དགུ་བའི་སྟོད་ལ་ཡོ་རོབ་ནུབ་མར་རིག་གནས་ཉམས་ཉེན་གྱི་གོད་ཆག་བྱུང་སྟེ་མི་རིགས་རིག་གནས་ཀྱི་བཙན་རྫོང་ཡོད་ཚད་ཡ་ང་བའི་དུར་ཁྲོད་ལྟ་བུར་གྱུར། སྐབས་ཤིག་ལ་འཇར་མན་པ་གྷི་རིམ་སྤུན་མཆེད་གཉིས་ཀྱིས་གནའ་སྒྲུང་འཚོལ་སྡུད་ཀྱི་བགྱི་བ་ལྷུར་བླངས་ཏེ་འཇར་མན་མི་རིགས་ཀྱི་སྲོག་གི་དབང་བོར་ཤི་སོས་ཀྱི་དབུགས་དབྱུང་བསྩལ། སྒོས་སུ་ཕྱི་ལོ1806ལོ་ནས1822ལོ་བར་གནའ་སྒྲུང་མང་པོ་བྱིས་སྒྲུང་དུ་བཅོས་ཏེ<<བྱིས་པ་དང་ཁྱིམ་གྱི་སྒྲུང>>ཞེས་པ་དཔར་དུ་བཏབ་ཅིང་བྱིས་པའི་རྩོམ་རིག་གི་སྐྱ་རེངས་ཐོག་མར་བསུས། དུས་དེ་ནས་བཟུང་བྱིས་པའི་མཚར་འཛིན་གྱི་བློ་རྣམ་པར་འབྱེད་པའི་བསྟན་བཅོས<<གྷི་རིམ་བྱིས་སྒྲུང་ཆེན་མོ>> འཛམ་གླིང་གི་བྱིས་པ་ཡོངས་ཀྱི་བགོ་སྐལ་དུ་བྱུང་ཞིང་ཡུལ་གྲུ་ཀུན་ཏུ་ཁྱབ།<<ཞྭ་མོ་དམར་ཆུང>>དང <<ཐལ་རིལ་མ>>  <<བྱི་ལ་དང་ཙི་གུ>>  <<རྒྱལ་སྲས་སྦལ་ཆུང>><<འཇུར་རྟ་གྱོན་པའི་བྱི་ལ>><<ལྷ་གཅིག་དཀར་མོ>> <<གཉིད་དུ་ཡུར་བའི་མཛེས་མ>>སོགས་འཇིག་རྟེན་མཐུན་འཇུག་གི་ལེགས་ཉེས་བླང་དོར་འབྱེད་པའི་བསླབ་བྱའམ་གནས་ལུགས་སྟོན་བྱེད་ཀྱི་གནའ་སྒྲུང་མང་པོ་འཆར་ཡན་དང་རྟོག་བཏགས་ཀྱིས་ཕྱུག་པའི་བྱིས་སྒྲུང་དུ་བཅོས་པས་བྱིས་པ་ལ་འཚར་ལོངས་ཀྱི་རང་དབང་དང་ཚེ་སྲོག་གི་ཐོབ་ཐང་ཡོད་པར་གྱུར། དེ་ལྟར་བྱིས་སྒྲུང་ཡོད་པ་ནས་དྲི་མས་མ་གོས་པའི་བྱིས་པ་དང་དྲི་མས་གོས་པའི་རྒན་པ་གཉིས་ལ་དབྱེ་མཚམས་ཁོར་བྱུང་། <<ཞྭ་མོ་དམར་ཆུང>>ཞེས་པར་གནའ་སྒྲུང་དུ་ཕ་མའི་ཁ་ལ་མ་ཉན་ན་སྤྱང་ཀིས་འཆའ་རྒྱུ་ཡིན་པའི་གནས་ལུགས་ཤིག་བསྟན་ཏེ། སྤྱང་ཀི་ནི་འཇིགས་སྐུལ་བྱེད་དང་དེའི་བརྒྱུད་རིམ་ནི་གཏན་ཚིགས་དང་ལྡན་པར་བྱས་ཏེ་མཇུག་ཏུ་ཞྭ་མོ་དམར་ཆུང་དང་རྨོ་མོ་གཉིས་སྤྱང་ཀིས་འཆོས་ཤིང་ཚེ་ཡི་འཕེན་པ་རྫོགས་པར་བྱས་ཡོད། ཡིན་ནའང་། བྱིས་སྒྲུང་དུ་དེ་འདྲ་མ་ཡིན་པར་སྤྱང་ཀི་ངོ་མ་ཞིག་གི་སྣང་བརྙན་གྱིས་བྱིས་པའི་མཚར་འཛིན་གྱི་འཆར་སྒོ་ཡངས་པོར་ཕྱེ་སྟེ། ཨ་མཚར་མཚར་དགུས་སྣ་དྲངས་ཤིང་རང་བྱུང་ཁམས་ཀྱི་གནས་མཐའ་དག་ལ་ཡིད་ཤོར་བའི་འགྲུལ་བཞུད་ཀྱི་ལྟད་མོ་ལྟ་ན་སྡུག་པ་ཞིག་དང་སྐྱེས་དངོས་ཡོད་དོ་ཅོག་གི་ངོ་མཚར་བའི་གསང་བའི་གནས་མང་པོ་གབ་ཚིག་གི་ལན་བཞིན་རྟོགས་འདོད་ཀྱི་འདུན་པ་འགོག་མེད་འཕྱུར་བ་བཅས་ཀྱིས་བྱིས་པ་ལ་ཀུན་རྟོག་གི་བློ་སྒོ་རྣམ་པར་འབྱེད། སྒྲུང་གི་མཇུག་ཏུ་སྤྱང་ཀིས་ཞྭ་མོ་དམར་ཆུང་དང་རྨོ་མོ་གཉིས་ཁྱུར་མིད་བཏང་པ་དང་རྔོན་པ་ཞིག་གིས་སླར་ཡང་སྤྱང་ཀིའི་ལྟོ་བ་ལས་ཁོ་མོ་གཉིས་གསོན་པོར་ཕྱིར་བཏོན་པ་སོགས་སྒྱུ་འཕྲུལ་ལྟ་བུའི་ཨ་མཚར་གྱི་ལྟད་མོ་གཞན་ཞིག་གིས་ཟླ་དགུ་ཞག་བཅུར་ཨ་མའི་མངལ་གྱི་གུར་ཁང་འགྲིམ་པའི་བག་ཉལ་གྱི་འདུ་ཤེས་ཕྲ་མོ་བདུད་རྩི་སྨན་གྱིས་སོས་པ་བཞིན་བྱིས་པ་ལ་ཨ་མའི་དྲིན་དང་བྱམས་བརྩེ་དྲན་པར་བྱས་ཡོད་དོ།། འདི་ནི་གནའ་སྒྲུང་དང་བྱིས་སྒྲུང་གི་ཁྱད་པར་ཡིན་ལ་གནའ་སྒྲུང་བྱིས་སྒྲུང་དུ་བཅོས་པའི་དགོས་པའང་ཡིན།

དེ་དང་བསྟུན་ནས་ཏན་མག་པ་ཨན་ཏིར་སིན་གྱིས<<ཀླུའི་བུ་མོ>>དང <<རྒྱལ་པོའི་ལྭ་གསར་པ>><<སྐྱེ་འབྲས་ཞན་པའི་གག་ཕྲུག>> <<འབར་ཞུན་འཚོང་བའི་བུ་མོ>><<སྲན་རིལ་སྟེང་གི་ལྷ་གཅིག>><<བུ་མོ་མཐེ་བོང>>སོགས་བྱིས་སྒྲུང་མང་པོ་གསར་རྩོམ་མཛད། ཨན་ཏིར་སིན་ལ་ཆུང་དུས་ནས་གནའ་སྒྲུང་གི་རྒྱལ་པོར་འབོད་པའི<<མཚན་ཞག་སྟོང་གི་རྨི་ལམ>>སོགས་གནའ་སྒྲུང་གི་བག་ཆགས་ཟབ་མོ་བསྒོས་ཡོད་པས། ཁོང་གི་གསར་རྩོམ་གྱི་ས་བོན་གནའ་སྒྲུང་ཡིན་པ་སུས་ཀྱང་བསྙོན་དུ་མེད། དེ་བས་གནའ་སྒྲུང་དང་བྱིས་སྒྲུང་གི་འབྲེལ་བ་ནི་ཕ་མ་དང་བུ་ཕྲུག་གི་འབྲེལ་བ་ལྟ་བུར་ངོས་བཟུང་ན་འགྲིག་པར་འདོད།

ཕྱི་ལོ1835ལོར་ཨན་ཏིར་སིན་གྱིས<<བྱིས་པའི་སྙན་ལམ་དུ་ཕུལ་བའི་སྒྲུང>> ཞེས་བྱ་བ་དཔར་དུ་བཏབ་པ་ནས་བཟུང་ཨན་ཏིར་སིན་ནི་བྱིས་པའི་འཇིག་རྟེན་གྱི་ཉི་གཞོན་དུ་གྱུར་ཅིང་ཁོང་ནི་དེང་རབས་བྱིས་སྒྲུང་གི་ཡབ་ཆེན་དུ་གྲགས་སོོ།།

ཨན་ཏིར་སིན་གྱིས“བྱིས་སྒྲུང་ནི་བྱིས་པའི་མངོན་སུམ་གྱི་འཚོ་བ་ལས་བྱུང་བ་རེད།”ཅེས་གསུངས་པ་བཞིན་ཁོང་གིས་རང་ཉིད་ཀྱི་བྱིས་དུས་ཀྱི་དྲན་པ་ཀློང་རྡོལ་ཞིང་འཆར་ཡན་དང་རྟོག་བཏགས་ཀྱི་ཞིང་ཁམས་ལས་བྱིས་པའི་རང་དབང་གི་རྩེད་ར་ཡོད་ཚད་མཚར་སྡུག་འོད་སྟོང་འབར་བའི་སྐྱེད་ཚལ་ཞིག་ཏུ་བསྒྱུར།  ཨན་ཏིར་སིན་གྱིས་ཚེ་གང་བོར་དྲི་མས་མ་གོས་པའི་བྱིས་བློ་ཡལ་བར་མ་དོར་བར་སྐྱེས་ཐོབ་ཀྱི་ཤེས་རབ་དང་རྩོམ་རིག་གི་བློ་སྦྱོང་ལ་བརྟེན་ནས་བྱིས་སྒྲུང་གསར་རྩོམ་མཛད། ཁོང་གིས་བྱིས་པ་ཚོ་འཆར་སྒོ་མཐའ་ཡས་པའི་ཞིང་ཁམས་ཉམས་མཚར་བ་ཞིག་ཏུ་འཁྲིད་ནུས་པར་མ་ཟད་རྒན་པ་ཚོ་རྩོམ་རིག་གི་ཞིང་ཁམས་གཞན་ཞིག་ཏུ་ཁྲིད་དེ་མི་ཚེའི་གནས་ལུགས་དང་འཚོ་བའི་བདེན་པ་གཅེར་བུར་སྟོན་ནུས། འདི་ནི་ཨན་ཏིར་སིན་གྱི་གཞན་དྲིང་མི་འཇོག་པའི་མཐུ་དང་ནུས་པ་བླ་ན་མེད་པ་ཞིག་ཡིན་པས། <<ཀླུའི་བུ་མོ>>དང <<རྒྱལ་པོའི་ལྭ་གསར་པ>><<སྐྱེ་འབྲས་ཞན་པའི་གག་ཕྲུག>> <<འབར་ཞུན་འཚོང་བའི་བུ་མོ>><<སྲན་རིལ་སྟེང་གི་ལྷ་གཅིག>><<བུ་མོ་མཐེ་བོང>>སོགས་འཛམ་བུ་གླིང་གི་བྱིས་སྒྲུང་རབ་དང་མཆོག་གི་རྒྱལ་མཚན་དུ་བསྒྲེངས། <<འབར་ཞུན་འཚོང་བའི་བུ་མོ>>ལྟ་བུར་བྱིས་པའི་བློ་ངོར་འཚོ་བའི་སྣང་ཚུལ་དང་བརྩེ་བའི་རང་བཞིན་དང་འཆི་བའི་ཆོས་ཉིད་སོགས་ཉམས་མཚར་བའི་སྤྲོ་གར་གྱི་རྣམ་པ་ཅན་དུ་བཞེངས་ལ། རྒན་པའི་སྣང་ངོར་བཤུ་གཞོག་དང་གཉའ་གནོན་དང་རུལ་སུངས་དང་མེད་མུག་སོགས་ཡ་ང་བའི་སྐྱོ་གར་གྱི་སྣང་བརྙན་ཞིག་བཞེངས་ཡོད། དེ་ལྟར་བྱིས་པ་དང་རྒན་པ་གཉིས་ཀྱིས་དུས་མཉམ་དུ་ལོངས་སྤྱོད་མི་འདྲ་བ་གཉིས་ཉམས་སུ་ལེན་ནུས་པ་དེ་ཨན་ཏིར་སིན་གྱིས་བྱིས་པ་དང་རྒན་པའི་དབྱེ་མཚམས་གསལ་ཐག་ཆོད་པ་ཁོར་ཡོད་པའི་རྟགས་མཚན་ཡིན། དེ་བཞིན<<རྒྱལ་པོའི་ལྭ་གསར་པ>>ཞེས་པ་ལས་ཀྱང་བྱིས་པའི་ཆུ་བུར་མིག་ནི་དྭངས་ཤིང་གསལ་བའི་བདེན་པ་མཐོང་བྱེད་ཀྱི་མིག་སྟེ། རྒྱལ་པོ་གཅེར་བུར་བུད་པ་མཐོང་བས་གད་མོ་བགད་ཅིང་ངག་ལས “རྒྱལ་པོ་གཅེར་བུ་རེད།” ཅེས་སྨྲས་ལ། རྒན་པའི་ཉོན་མོངས་ཀྱི་མིག་ནི་གཡོ་སྒྱུ་ཁྲམ་གསུམ་གྱིས་བསྒྲིབས་པས་རྒྱལ་པོའི་ལྭ་གསར་པ་ལ་ངོ་བསྟོད་དི་རིར་བགྱིས་པ་སོགས་སྒྲུང་ནང་གི་བྱིས་པ་དང་རྒན་པ་ལའང་དབྱེ་མཚམས་གསལ་ཐག་ཆོད་པ་བཀར།  ཨན་ཏིར་སིན་གྱིས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་བྱིས་པའི་མིག་གིས་བལྟས་པས་བདེན་པ་མཐོང་ཞིང་བདེན་པ་སྨྲས་བས། ཁོང་ནི་དུས་ནམ་ཡང་འཛམ་གླིང་རྩོམ་རིག་གི་མཁའ་དབྱིངས་སུ་ནུབ་པ་མེད་པའི་སྐར་ཆེན་དེ་ཡིན་ལ། བྱིས་སྒྲུང་དང་བྱིས་པའི་འཇིག་རྟེན་གྱི་ཉི་གཞོན་དེ་ཡིན། སྔ་ཕྱིར་འཇར་མན་གྱི་མཚན་ཉིད་རིག་པ་མཁན་གྷི་ཏི་དང་དབྱིན་ཇིའི་མཛེས་རྟོག་སྨྲ་བ་ཝེལ་ཊི་སོགས་བྱིས་སྒྲུང་གསར་རྩོམ་གྱི་ལམ་བུར་ཞུགས་་པའི་སྐྱེས་ཆེན་མང་པོ་བྱུང་ནའང་ཨན་ཏིར་སིན་གྱི་བྱིས་སྒྲུང་ལྟ་བུའི་བྱིས་སྒྲུང་རབ་དང་མཆོག་ནི་སྲིད་ན་དཀོན།

དུས་རབས་ཉི་ཤུ་བར་བྱིས་པའི་སྒྲུང་རིང་གསར་རྩོམ་གྱི་རླབས་རྒྱུན་དྲག་ཏུ་འཕྱུར། ཨ་རི་པ་ཨེ་སྦི་ཝེཊི་ཡི <<ཤཱ་ལོ་ཁྲིའི་སྡོམ་རྒྱ>>དང་ཧོ་ཆའེ་སི་བྷོར་ཐི་ཡི<<གསང་བའི་གནས་ཀྱི་མེ་ཏོག་ལྡུམ་ར>>དབྱིན་ཇིའི་བྷ་ལེ་ཡི<<ཕེ་ཁྲི-བྷོལ>>། སེ་ཝེས་དན་གྱི་ཨེ་སི་ཐི་ལེ་ཌི·རོན་རྒི་རེན་གྱི<<བྷེ་བྷེ་འབོབ་རིང་མ>>། ཧྥ་རན་སིའི་ཨེན་ཋོན་ངྷི་སེན་ཋི་ཨོ་ཕི་རེའི<<རྒྱལ་སྲས་གཞོན་ནུ>>སོགས་བྱིས་པའི་སྒྲུང་རིང་མང་པོ་དར་ཁྱབ་བྱུང་ཞིང་བྱིས་པའི་རྩོམ་རིག་གི་བསྟན་པ་ཕྱོགས་བཅུར་རྒྱས། དེ་དག་ལས་ཧྥ་རན་སིའི་ཨེན་ཋོན་ངྷི་སེན་ཋི་ཨོ་ཕི་རེའི<<རྒྱལ་སྲས་གཞོན་ནུ>>ཞེས་བྱ་བ་དེ་ཨན་ཏིར་སིན་གྱི་བྱིས་སྒྲུང་ནང་བཞིན་བྱིས་སྒྲུང་རབ་དང་མཆོག་གི་གནས་སུ་ཚུད། བྱིས་སྒྲུང་རྩོམ་པ་པོ་ཨེན་ཋོན་ངྷི་སེན་ཋི་ཨོ་ཕི་རེ་ནི་ཆུང་དུས་ནས་ཨན་ཏིར་སིན་གྱི་བྱིས་སྒྲུང་གི་ཞིང་ཁམས་སུ་འཚར་ལོངས་བྱུང་ཞིང་བྱིས་བློ་ཡལ་བར་མ་དོར་བར་བྱིས་སྒྲུང་གསར་རྩོམ་བྱེད་མཁན་གྱི་རྩོམ་པའི་ཁྱུ་མཆོག་ཅིག་ཡིན། <རྒྱལ་སྲས་གཞོན་ནུ>>ཞེས་པའི་བྱིས་སྒྲུང་འདི་ནི་མཚན་ཉིད་རིག་པའི་སྲོག་ལྡན་ཞིང་སྙན་ངག་གི་ཉམས་ཀྱིས་ཕྱུག་པར་མ་ཟད་འཆར་སྒོ་མཐའ་ཡས་ཤིང་ཀུན་རྟོག་ཀློང་རྡོལ་བའི་སྒྱུ་རྩལ་གྱི་གཞལ་ཡས་ཁང་ཞིག་ཡིན་པས། བྱིས་པ་དང་རྒན་པ་ཀུན་ལ་ཡིད་ཀྱི་དང་བ་འདྲེན་ཞིང་ཉམས་དགའ་བར་བྱེད། འདིར་རྒྱལ་སྲས་གཞོན་ནུ་དང་མེ་ཏོག་རྒྱ་སེ། ཝ་མོ་བཅས་ནི་བྱིས་པའི་བསྡུས་གཟུགས་སུ་བྱས་ལ། རྒྱལ་པོ་དང་། གཏམ་འདོད་ཚ་བོ་ཅན། ཚོང་པ། ཆང་རྐྱལ་། ས་ཁམས་རིག་པ་བ་སོགས་རྒན་པའི་བསྡུས་གཟུགས་སུ་བྱས་ནས་འགྲོ་བ་མིའི་ཁེར་རྐྱང་དང་། བརྩེ་བ། འགལ་བ། སྐྱོ་བ། གདམ་ག འགན་འཁྲི། འཆི་བ་སོགས་ཡི་གེའི་གཟུགས་དང་རི་མོའི་ཐབས་ལ་བརྟེན་ནས་རྟོག་བཟོའི་ཞིང་ཁམས་གཞན་ཞིག་ཏུ་སྐར་ཚོགས་བཞིན་བཀྲམས་ཡོད། འདི་ལྟ་བུའི་བར་སྣང་གི་འགྲུལ་བཞུད་ཉམས་མཚར་བ་ཞིག་གིས་བྱིས་པའི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་པར་གདོན་མི་ཟ་སྟེ། བྱེའུ་བཞིན་རང་དབང་གིས་འཕུར་ན་འདོད་པ་དང་ལྗང་མྱུག་བཞིན་རང་ཤུགས་ཀྱིས་སྐྱེས་ན་འདོད་པ་དེ་བྱིས་པ་ཐུན་མོང་གི་སེམས་གཤིས་ཤིག་ཡིན་པས་བྱིས་སྒྲུང་འདི་ཉིད་བྱིས་པའི་བློ་ཁ་དང་གའུ་ཁ་སྦྱོར་གྱི་ཚུལ་དུ་སོང་ཡོད་པ་མིན་ནམ། དེ་བས་ཀྱང་ཉམས་དགའ་བ་ཞིག་ལ་སྒྲུང་ཧྲིལ་པོར་ཡིད་ཀྱི་འཕོ་འགྱུར་སྐྱེན་པ། ཚོར་བ་རྣོ་བ། སེམས་རྩ་ཞིབ་པ། རིག་པ་བཀྲ་བ། གཡེར་བག་རྒོད་པ། ཞེ་རྩ་གཉོམ་པ། བསམ་པ་དཀར་བ་སོགས་བྱིས་པའི་རང་བཞིན་འདི་དག་རྒྱལ་སྲས་དང་མེ་ཏོག་དང་ཝ་མོ་གསུམ་གྱི་བཟོ་ལྟ་དང་ཉམས་འགྱུར་ལས་མངོན་པར་གསལ་བས་སྒྲུང་འདི་ར་རི་བྲལ་བའི་བྱིས་པའི་འཇིག་རྟེན་ཞིག་རེད་ཅེས་སྨྲས་པ་དོན་དང་མཐུན་ནོ་སྙམ། གཞན་རི་མོའི་ཐབས་ལམ་སྤྱད་པ་དེས་བྱིས་སྒྲུང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས། རི་མོ་ནི་བྱིས་པ་ཐུན་མོང་གི་བརྡ་སྤྲོད་ཅིག་ཡིན་པས། དུས་རབས་ཉེར་གཅིག་པ་ནས་བཟུང་རིས་སྒྲུང་གསར་རྩོམ་གྱི་བསྟན་པ་ཤིན་ཏུ་དར་ཤིང་རྒྱས།

<<གྷི་རིམ་བྱིས་སྒྲུང་ཆེན་མོ>>དང<<ཨན་ཏིར་སིན་གྱི་བྱིས་སྒྲུང>>སོགས་ཀྱང་རིས་སྒྲུང་གི་རྣམ་པར་ཕབ་མགོ་བརྩམས་པར་མ་ཟད་རིས་སྒྲུང་གསར་རྩོམ་མཁན་གྱི་དཔུང་སྡེ་ཆེན་པོ་ཞིག་གཙང་པོ་བཞིན་བཞུར་ནས་ཐོན། ལྷག་ཏུ་ཡོ་རོབ་ནུབ་མ་དང་ཨ་རི། ཉི་ཧོང་སོགས་སུ་དར་ཁྱབ་ཆེན་པོ་བྱུང་།  དབྱིན་ཇིའི་རིས་སྒྲུང་མཁན་པོ་ཕེ་ཐི་ཧཱ་ཆོ་སི་ཡི<<དེ་མོ་ལོ་སིའུ་འཆམ་འཆམ་དུ་བསྐྱོད་པ>>ནི་རླབས་རྒྱུན་དེའི་ཁྲོད་བྱིས་པའི་འཇིག་རྟེན་དུ་སྙན་པ་ཆེ་ཆེར་རྒྱས་པའི་རིས་སྒྲུང་ཞིག་སྟེ། ཡི་གེ་དང་རི་མོ་ཟུང་འབྲེལ་གྱིས་གྲུབ་པའི་བྱིས་པ་འཇུག་ངོགས་སྔ་ན་མེད་པ་ཞིག་ཡིན། སྒྲུང་འདིར་ཡི་གེས་མཚོན་མི་ནུས་པ་གང་ཞིག་རི་མོའི་ལམ་ནས་གོ་བརྡ་སྤྲོད་ནུས་པར་བྱས་ཡོད་པས་སྐད་ཆ་སྨྲ་མི་ཤེས་པའི་བྱིས་པའང་བདེ་བླག་ངང་འཇུག་ཐུབ། གཞན་ཨ་རིའི་རིས་སྒྲུང་མཁན་ཤེར་ཧྥོ་སི་ཡི<<དཔག་བསམ་ཤིང>>དང་མཱེེེེེ་ལི་ཡི<<ནགས་ཁྲོད་ཀྱི་དོམ།>>བྷོ་ལིའང་གི<<དྲེད་མོང་སྟོབས་ཆེན>>ལྗེར་མན་གྱི<<སྤོ་བོ་ལ་ཐབས་བཀོད་ཡོད>>ཅེས་པ་སོགས་རིས་སྒྲུང་མང་པོ་བྱིས་པའི་འཇིག་རྟེན་དུ་མེ་ཏོག་སྣ་བརྒྱ་མཉམ་བཞད་ཀྱི་ཚུལ་དུ་བྱུང་དང་འབྱུང་གིན་ཡོད་ལ་རིས་སྒྲུང་མང་པོ་འགུལ་རིས་གློག་བརྙན་གྱི་ལམ་དུ་སོང་བས། ད་ལྟ་ཨ་རི་དང་འཇར་མན། ཉི་ཧོང་སོགས་འཕེལ་རྒྱས་ཀྱི་རྩེར་སོན་ཡོད་པ་མིན་ནམ།

       ཕྱི་ལོ༢༠༢༤ལོའི་ཟླ༣པའི་ཚེས༤ཉིན་སྒར་གསར་ཀིརྟི་སྐྱབས་སུ་འབོད་པས་བྲིས་པ་དགེའོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4554