སྐྱིད་ལུས།
ནམ་ཞར་དུས་ཆེན་འདི་དང་འདི་ཞེས་སྒྲོག་པ་ལས། དུས་ཆེན་དེ་དང་དེ་མཚུངས་ཀྱི་རིན་ཐང་ལྡན་པའི་དོན་ལ་འཇུག་པ་གལ་ཆེ་མོད། རང་ཅག་རྣམས་ཤིན་ཏུ་རྨོངས་པས། རིན་ཐང་ལྡན་པ་དག་དང་རིང་དུ་གྱེས་འགྲོ།
དེ་རིང་གི་དགེ་རྒན་དུས་ཆེན་ལ། འགའ་ཤས་ནི་རྒྱལ་སྤྱི་དང་ཀྲུང་གོའི་དགེ་རྒན་དུས་ཆེན་ཟེར་ཏེ་རྩོད། སྙིང་བོ་ཡེ་མི་འདུག གང་གི་དགེ་རྒན་དུས་ཆེན་རྩོད་པ་ལས། གང་ཞིག་དགེ་རྒན་དུས་ཆེན་སྲུང་བ་བརྩོན་པ་ལེགས། དགེ་རྒན་དུས་ཆེན་སྲུང་བ་ལ། ཐོག་མར་དགེ་རྒན་གྱི་ངོ་བོ་བྱེད་ལས་རྟོགས་པ་གལ་ཆེ། དེ་རྟོགས་པ་ལ་གཞི་ནས་དགེ་རྒན་གྱི་གལ་ཆེན་རང་བཞིན་རྟོགས་ཤིང་། དུས་ཆེན་སྲུང་བའི་གལ་ཆེན་རང་བཞིན་ཡང་རྟོགས། གཞན་དུ་ན། “ཁྱི་རྒྱག་སྐར་མར་ཟུག་པའི”དཔེ་ལས་མི་འདུག
ལར་དགེ་རྒན་གྱི་སྐོར་ལ་རང་གཞན་གཉིས་ཀྱི་གསུང་རབ་དག་ཤིན་ཏུ་རྒྱས་པར་གླེང་བས། འདིར་བསྐྱར་དུ་གླེང་བ་གལ་མི་ཆེ། རང་རེའི་གསུང་རབ་སྔ་མ་དག་ན་དགེ་རྒན་ཞེས་པའི་ཐ་སྙད་ཀྱང་མི་འབྱུང་། སློབ་དཔོན་དང་དགེ་བའི་བཤེས་གཉེན། ཡང་ན་ཕ་ཡི་མིང་གིས་བསྙད། ཀྲུང་གོ་གསར་པའི་དུས་ནས། རང་ཅག་ལའང་དགེ་རྒན་ཞེས་པའི་ཐ་སྙད་ཅིག་སྤྱོད་མོད། རྗེས་རབས་དག་མི་ཤེས་པར་འདུག འདི་ཡང་སྐབས་སུ་མ་བབས་པས། རིགས་པ་དང་ལྡན་པ་དག་ནུས་ན་གཞན་དུ་གླེང་རོགས།
འདིར་གླེང་བར་འདོད་པ་ནི་མི་རིགས་དགེ་རྒན་ཡིན། མི་རིགས་དགེ་རྒན་ནི་རིགས་རུས་ཆོ་འབྲང་མི་རིགས་དེ་ཡིན་པས་མི་འཐུས་པར། སྐད་དང་ཡི་གེ་ཡང་མི་རིགས་དེའི་ཡིན་དགོས། ཁོག་གི་གཟུང་གཞུག་ཀྱང་མི་རིགས་དེའི་ཡིན་དགོས། དེ་ཙམ་གྱིས་ཀྱང་མི་འགྲུབ་སྟེ། མདུན་གྱི་སློབ་མ་མི་རིགས་དེ་ཡིན་དགོས་པར་མ་ཟད། ལྷག་པའི་བསམ་པ་ཡང་མི་རིགས་དེ་ལ་འབུལ་དགོས། དེ་ལྟར་བྱས་པས་གཞི་ནས་མི་རིགས་དགེ་རྒན་ཞེས་པ་ཞིག་གྲུབ་བམ་སྙམ་མོད། ད་དུང་མ་ཚང་བ་དང་ནོར་བ་ཡོད་ན། དཔྱོད་ལྡན་དག་རྒྱས་པར་གསུང་རོགས།
དེ་རིང་དགེ་རྒན་དུས་ཆེན་ལ་མཉམ་འུར་བྱེད་པ་དག་ཀྱང་མི་རིགས་དགེ་རྒན་གྱི་ཆེད་དུ་ཡིན་ངེས་ཏེ། གཞན་དུ་ན། རང་དང་འབྲེལ་བ་རྒྱང་རིང་བ་དག་ལ་མཉམ་འུར་འདི་ཙམ་འབྱུང་བ་མི་ཉིད་རང་གི་གཉུག་གཤིས་ནས་ཐག་བཅད་ཡོད། བོད་སྐད་དང་བོད་ཡིག་སྤྱོད་པ་ཞིག་གིས། མི་རིགས་གཞན་གྱི་སྐད་དང་ཡི་གེ་སྤྱོད་པ་དག་ལ་རྟེན་འབྲེལ་གྱི་ཁ་གཡང་མང་པོ་མི་འབོད། བརྒྱ་ལ་ཁོག་རྒྱ་ཅན་དེ་འདྲ་རེ་གཉིས་འབྱུང་སྲིད་མོད། རང་ཅག་ཕལ་བ་རྣམས་ནི་ནམ་ཞར་ཡང་རང་གི་ཉེ་སར་འཁོར།
དེས་ན་མི་རིགས་རང་གི་དགེ་རྒན་ཞིག་ཡིན་པ་ལ། བོད་སྐད་དང་བོད་ཡིག་མཁྱེན་པ་གཞིར་བཅས། བོད་རང་གི་རིག་གནས་ལ་ནང་རྒྱུས་དང་། ལྷག་བསམ་གཙང་མས་བོད་རང་གི་བྱིས་པ་རྣམས་ལེགས་པར་སྐྱོང་བ་དགོས་མོད། བོད་སྐད་བཤད་པའི་དགེ་རྒན་མང་ཤོས་བོད་ཡིག་ལ་ཞན་ཁར། བོད་མི་རང་གི་རིག་གནས་ལ་ནང་རྒྱུས་ཡོད་པ་ཤིན་ཏུ་དཀོན། ལྷག་ཏུ། སློབ་ཆུང་དང་སློབ་འབྲིང་གི་དགེ་རྒན་དག་ནི་རང་གི་རིག་གནས་ལ་འཇུག་པ་རྒྱ་ཁབ་བཞིན་དོག་པས། བོད་སྐད་དང་བོད་ཡིག་ལ་རྨང་ཤིན་ཏུ་ཞན། བོད་མི་རང་གི་ཡི་གེ་ལ་བྱང་ཆ་དང་བྲལ་བ་གང་ཞིག བོད་ཀྱི་བྱིས་པ་ཡག་པོ་སྐྱོང་བའི་དཔེ་མེད། བརྒྱ་ལ་ཡོད་ན། བྱིས་པ་རང་གི་བསོད་ནམས་ལ་རག་ལས་ཟེར་རྒྱུ་ལས་འོས་མེད། འདི་དག་ཐམས་ཅད་དཔེ་ཀློག་ལ་མ་གོམས་པས་ལན། དགེ་རྒན་དཔེ་ཀློག་དང་བྲལ་བ་གང་ཞིག་གིས་སློབ་མ་དཔེ་ཀློག་ལ་དགའ་བ་ཞིག་སྐྱོང་བ་ག་ལ་སྲིད། དགེ་སློབ་གཉིས་ཀ་དཔེ་ཀློག་དང་བྲལ་ན། མི་རིགས་ཤིག་གི་སྐད་དང་ཡི་གེ་ལ་ཆག་འཇིག་བྱུང་བ་ཡིན་ཏེ། དགེ་རྒན་དང་སློབ་མ་ཐམས་ཅད་ཀྱི་རྩིས་ཐང་འདི་ནས་ཤོར་བ་ཡིན། མི་རིགས་རང་གི་སྐད་དང་ཡི་གེ་ཡག་པོ་མི་ཤེས་པའི་དགེ་རྒན་ཞིག་ལ། སོ་སོའི་ལ་རྒྱ་དང་རྩིས་ཐང་གླེང་བའི་ཐོབ་ཐང་ཡེ་མེད།
མི་རིགས་དགེ་རྒན་གྱི་རྩིས་ཐང་དང་ལ་རྒྱ་ནི་མི་རིགས་རང་གི་སྐད་ཡིག་དང་རིག་གནས་མཁྱེན་ཁར། མི་རིགས་རང་གི་སློབ་གསོ་ལ་ལྷག་བསམ་དཀར་པ་དེ་ཡིན་གྱི། རང་སྐད་དང་རང་ཡིག་མི་རྟོགས་པ་གང་ཞིག མི་རིགས་སློབ་གསོ་སྤེལ་བའི་ཐབས་མེད། མི་རིགས་དགེ་རྒན་གང་ཞིག་གི་ལྷག་པའི་བསམ་པ་ནི་མི་རིགས་རང་གི་སློབ་གསོ་སྤེལ་བ་ལས་མཚོན་གྱི། གཞན་དུ་ན་ལྷག་བསམ་ཟེར་བ་འཛིན་རྒྱུ་མེད་པའི་འཇའ་ལྟ་བུ་ཞིག་ཏུ་འགྱུར། རིགས་རུས་ཆོ་འབྲིང་མི་རིགས་རང་གི་ཡིན་པ་དང་། སྐད་དང་ཡི་གེ་མི་རིགས་རང་གི་ཡིན་རུང་། སྤེལ་བའི་སློབ་གསོ་མི་རིགས་རང་གི་མིན་ཚེ། དེ་ལ་མི་རིགས་དགེ་རྒན་གྱི་མིང་གིས་འཛིན་ཐབས་མེད། མི་རིགས་དགེ་རྒན་གྱི་རིན་ཐང་ཤོར་བ་དེ་ལ་དགེ་རྒན་གྱི་རྩིས་ཐང་དང་ལ་རྒྱ་མེད་དེ། དགེ་རྒན་གྱི་རྩིས་ཐང་དང་ལ་རྒྱ་ནི་མི་རིགས་དགེ་རྒན་གྱི་རྩིས་ཐང་དང་ལ་རྒྱ་ནས་མགོ་ཚུགས་པ་ཡིན། ཞིབ་ཏུ་བཤད་ན། མི་རིགས་དགེ་རྒན་གྱིས་མི་རིགས་སློབ་གསོ་མ་སྤེལ་བ་དེ་ནས། ཁོ་རང་གིས་སློབ་མ་རྣམས་ལ་ཀླད་པ་བཀྲུ་བའི་སློབ་གསོ་སྤེལ་བ་ཡིན་ཞིང་། ཀླད་པ་བཀྲུ་བའི་སློབ་གསོ་ནི་དགེ་རྒན་གྱི་ལ་རྒྱ་དང་རྩིས་ཐང་ཤོར་བའི་གཞི་རྩ་ཡིན།
དགེ་རྒན་རང་གིས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་བརྟེན་ནས་འཚོ་གནས་གཉེར་བ་ལ། རང་གི་སློབ་མ་རྣམས་ལ། མི་རིགས་རང་གི་རིག་གནས་དང་སྐད་ཡིག་གི་རིན་ཐང་ངོ་སྤྲོད་པ་ལྟ་ཞོག ལྡོག་སྟེ་བསམ་ནག་བྱུར་འདྲེན་གྱི་སློབ་གསོ་སྤེལ་བ་ནི། དགེ་རྒན་གྱི་རྩིས་ཐང་དང་ལ་རྒྱ་དོར་བ་ཙམ་མིན་ཏེ། རང་ཉིད་མི་ཡིན་པའི་གཞི་རྩའི་རྩིས་ཐང་དང་ལ་རྒྱ་དོར་བ་ཡིན། མི་ཡི་ལུས་ལ་ཁྱི་ཡི་མགོ་ཅན་ཞེས་པ་ཡང་འདི་འདྲ་ལ་ཟེར་བ་ཡིན་ངེས།
དེས་ན་ཁྱོད་ཅག་ལེགས་པར་སོམས་དང་། སོ་སོའི་དགེ་རྒན་དག་ནི་རྩིས་ཐང་དང་ལ་རྒྱ་ལྡན་པར་འཚོའམ། རྩིས་ཐང་དང་ལ་རྒྱ་མེད་པ་དག་གིས་དུས་ཆེན་ལ་འབོད་པ་ཇི་ལྟར་བཏང་ཡང་སྙིང་བོ་ཅི་ཞིག་ཡོད། རྩིས་ཐང་དང་ལ་རྒྱ་ལྡན་པ་དག་གིས་དུས་ཆེན་ལ་འབོད་པ་མ་བཏང་ཡང་གཟི་བརྗིད་སྔར་བཞིན་ལྡན་ན། དུས་ཆེན་ཙམ་ལ་སྙིང་བོ་ཅི་ཞིག་ཡོད་དམ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4536
དཔྱད་མཆན་སྤེལ།