ལིན་ཆིན་ཤེན་གྱིས་བརྩམས།
སྒོ་ཡོན་གྱིས་བསྒྱུར།
བདག་གིས་རྨི་ལམ་ཞིག་རྨིས། རྨི་ལམ་ནང་ཁྲོམ་སྲང་དུ་འཕྲད་པའི་མིར་གསོལ་བ། “ཁྱེད་ཀྱིས་བདག་ལ་དཀའ་ངལ་དང་བར་ཆད། སྡུག་བསྔལ་མང་ཙམ་གནང་ཆོག་གམ།”
མི་དེ་རྣམས་ཀྱིས་བདག་གི་རེ་སྐུལ་ཁས་ལེན་གནང་མ་སོང་། བདག་གིས་བྲེལ་འཚུབ་ཆེན་པོའི་ངང་ནན་གྱིས་ཞུ་དོན། “བདག་གིས་ཁྱེད་ལ་རྔན་པ་དབུལ་ཆོག དུས་ཚོད་རེར་ཤོག་སྒོར་ལྔ་བརྒྱ་ཡོད། ཁྱེད་ཀྱིས་བདག་ལ་མནར་གཅོད་བསྩལ་པར་འཚལ།”
སྲང་ལམ་གྱི་མི་ཆ་མེད་དེ་ཚོས་མགོ་བོ་འཕྲེད་དུ་གཡུག་བཞིན་ཁུ་སིམ་མེར་བདག་དང་ཁ་བྲལ་འགྲོ།
བདག་གིས་རང་ཉིད་ལ་བར་ཆད་སྩོལ་བའི་མི་ཞིག་བཙལ་མ་ཐུབ་པའི་སེམས་འཚེར་གྱིས་གཉིད་ལས་སད།
བདག་ནི་མལ་ཁྲིའི་སྟེང་བསྡད་དེ་ཡུན་རིང་ཧང་སང་། དངོས་གནས་དཀའ་ངལ་དང་མནར་གཅོད། སྡུལ་བསྔལ་དག་ནི་ཅི་འདྲའི་རིན་ཐང་མངའ་བ་ལ་ཨང་།
གལ་ཏེ་ཡོད་ཚད་ལམ་ལྷོངས་བྱུང་བ་ཡིན་ན། གང་སུ་དག་གིས་སེམས་པ་ལྷོད་པོའི་སྒོ་ནས་བསམ་གཞིག་ནན་དུ་གཏང་ངམ། གང་སུ་དག་ཡར་འགྲེངས་ནས་འཚོ་བའི་སླད་དུ་ཤེས་རབ་ཀྱི་རྩལ་སྤྱད་དམ། གང་སུ་དག་བློ་བདེ་བག་ཕེབས་ཀྱིས་ཕལ་བའི་འཚོ་གནས་ཁྲོད་ཀྱི་བདག་ཉིད་ལས་བརྒལ་ཏེ་མཐོ་བའི་རི་རྩེར་འཛེགས་པར་འགྱུར་རམ།
གལ་ཏེ་དཀའ་སྡུག་མེད་པ་ཡིན་ན། གང་སུ་དག་གིས་ཟོལ་མེད་ཁེངས་སྐྱུང་གི་ཚུལ་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་གསོལ་བ་འདེབས་སྲིད་དམ། གང་སུ་དག་མཐའ་ཡས་པའི་སྲིད་ཁམས་ལ་ཡིད་རྟོན་ནམ། གང་སུ་དག་གི་བརྩེ་སེམས་དྭངས་མ་སྐྱེ་བ་ཕྱི་མར་བཅོལ་བར་འགྱུར་རམ།
བདག་གིས་དཀའ་ངལ་དང་བར་ཆད། སྡུག་བསྔལ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་ཞིང་། དེ་དང་ལྷན་ཅིག་སྔར་བདག་ལ་བར་ཆད་བསྩལ་པའི་སྐྱེས་བུ་ཁོང་ཚོའི་གཞལ་མེད་ཀྱི་དྲིན་ལན་ཡང་ཚོར་བར་བྱ་སྟེ། ཁོང་ཚོ་ནི་ཅི་འདྲའི་བྱམས་བརྩེ་དང་ལྡན་པ་ལ། བདག་གིས་ཁོང་ཚོར་ཆེད་དུ་ཡོན་སྦྱར་བ་གང་ཡང་མེད་ཀྱང་། ཁོང་ཚོས་རིན་བྲལ་གྱི་དུས་ཚོད་བཀོལ་ནས་ཚོད་བགམ་དང་བདག་ཡར་འདེགས་པ་མ་ཟད། བདག་གི་ཤེས་རབ་འཕེལ་བར་སྡོངས་གྲོགས་མཛད་པའོ། །
༢༠༡༤.༠༦.༡༢ཉིན་བསྒྱུར་གྲུབ།
༢༠༡༧.༠༧.༧ཉིན་ཞུ་དག་བྱས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=453
ཉེ་མཆན།