ནང་དོན་གནད་བསྡུས།

དེ་ལ་དོན་དམ་བདེན་པ་རང་སྟོང་དང་གཞན་སྟོང་དུ་བཞེད་ཚུལ་མང་པོ་མཆིས་ཀྱང་།  འཇུག་པ་རྩ་འགྲེལ་གྱི་སྒྲས་ཟིན་ལྟར་ན་ཇི་ལྟར་འབྱུང་ཚུལ་དང་།  གལ་ཏེ་དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་པ་དང་།  རྟེན་འབྲེལ་ལས་འདས་པར་སྨྲས་ན་དེ་རང་སྟོང་དུ་བཞེད་རྒྱུ་མེད་ཚུལ་བཅས་ཆེད་གཏད་དུ་བརྗོད་པ་ལགས་སོ། །

 

གནད་ཚིག །

སྒྲ་རྟོག་གི་ཡུལ་ལས་འདས་པ།  སོ་སོ་རང་རིག་པའི་ཡེ་ཤེས། སོ་སོ་རང་རིག་གིས་རྟོགས་བྱ།  རྟེན་འབྲེལ་ལས་འདས་པ། ཡུལ་ཡུལ་ཅན་རོ་གཅིག་པ།

དེ་ལ་འཇུག་པ་རྩ་འགྲེལ་ལས་ཇི་ལྟར་འབྱུང་བ་ལྟར་གོ་རིམ་བསྒྲིགས་ཏེ་ཞུ་བ་བགྱིའོ། །དེ་ལ་འཇུག་པ་རྩ་འགྲེལ་གྱི་སྒྲས་ཟིན་ལྟར་ན་དོན་དམ་བདེན་པ་རང་སྟོང་དང་གཞན་སྟོང་གཉིས་ལས།  གཞན་སྟོང་ཡིན་པའི་གསལ་ཁ་ཆེ་སྟེ།  གདུལ་བྱ་སྤྲོས་འཛིན་ཅན་རྣམས་ལ་ལྟོས་ནས་སྤྲོས་འཛིན་ཟློག་པའི་ཕྱིར་དགག་བྱ་རྣམས་འགོག་པའི་ཚེ་ན་རློམ་ཚོད་ལ་སྟོང་ཕྱོགས་ནས་ཅིག་ཆར་དུ་དགག་པ་ལྟར་རློམས་ནས་འགོག་ཀྱང་སོང་ཚོད་ལ་སྤྲོས་པ་རྣམས་ཁེགས་པ་ལས།  སྤྲོས་མེད་དོན་དམ་བདེན་པ་རྟེན་འབྲེལ་ལས་འདས་པ་དང་སྒྲ་རྟོག་གི་ཡུལ་དུ་མི་གྱུར་ཅིང་དོན་དཔྱོད་རིགས་པས་གཞོམ་གཞིག་བྲལ་བ་ལྟར་བསྟན་པས་ཁེགས་མི་ནུས་པའི་ཕྱིར་རོ། །མདོར་ན་འཁོར་ལོ་ཐ་མ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་སུ་གཞན་སྟོང་གི་དོན་ཇི་ལྟར་འབྱུང་བ་ནང་བཞིན་འཁོར་ལོ་བར་པ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་སུ་དོན་གྱི་གོ་བབ་ཀྱི་དབང་དུ་བཏང་ན་དེ་ལྟར་དུ་འབྱུང་ཡང་སྒྲུབ་ཕྱོགས་ནས་རྒྱ་ཆེར་རྩལ་དུ་མ་བཏོན་པ་ཙམ་མོ། །

 

དང་པོ།    དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་པས་གཞན་སྟོང་དུ་སྒྲུབ་པ།

དེ་ལ་འཇུག་པ་རྩ་འགྲེལ་དུ་འཕགས་པ་བདེན་པ་གཉིས་ལ་འཇུག་པའི་མདོ་ལུང་ཁུངས་སུ་བྱས་ནས་དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་པ་དང་།  དེ་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི།  གཞན་རྣམས་མ་ཡིན་པར་གསུངས་པ་སྟེ།  དེ་ཉིད་ལས།  དོན་དམ་པའི་བདེན་པ་བསྟན་པར་འདོད་པས་དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་སུ་བསྟན་པར་མི་ནུས་པས། ཉན་པར་འདོད་པ་སེམས་ལ་རང་གིས་མྱོང་བ་ཉིད་དུ་དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དཔེ་བཤད་པ།  ཞེས་འབྱུང་བས་སྒྲ་རྟོག་གི་ཡུལ་དུ་མི་གྱུར་བར་མདོར་བསྟན་པ་དང་།  དེའི་མཇུག་ཏུ་(འཕགས་པ་བདེན་པ་གཉིས་ལ་འཇུག་པ་རུ།  ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི། དེ་དོན་དམ་པའི་བདེན་པ་ཞེས་ བྱ་བའི་གྲངས་སུ་མི་འགྲོ་སྟེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །)ཞེས་སོགས་ཀྱི་མདོ་ཚིག་མང་པོ་ཞིག་དྲངས་ནས་མཐའ་སྡོམ་འདི་ལྟར་བྱས་པ་སྟེ། དེ་ཉིད་ལས། དེའི་ཕྱིར་དེ་ལྟར་ན་དེ་ཁོ་ན་ཉིད་བསམ་པ་ལ།  འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ། ། ཞེས་འབྱུང་བས་ཤིན་ཏུ་ཁ་ཚོན་གསལ་བོ་བཅད་འདུག་པས་སོ། །དེ་ཉིད་ལས་མཇུག་ཏུ། སྟོང་ཉིད་ཀྱི་དབྱེ་བ་ནང་སྟོང་པ་ཉིད་བཤད་པའི་སྐབས་སུ།  གལ་ཏེ་མིག་ལ་སོགས་པ་རྣམས་ཀྱིས་རང་གི་ངོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་བྱིས་པའི་སྐྱེ་བོས་གཟུང་བར་བ་བྱ་གང་ཡིན་པ་དེ་ཉིད་དེ་རྣམས་ཀྱི་རང་བཞིན་ཡིན་ན་ནི། རང་བཞིན་དེ་ཕྱིན་ཅི་ལོག་ཏུ་གྱུར་པས་ཀྱང་རྟོགས་པའི་ཕྱིར། ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ན། གང་གི་ཕྱིར་འདི་ཉིད་རང་བཞིན་མ་ཡིན་པ་དེའི་ཕྱིར། དེའི་ལྟ་བའི་དོན་དུ་ཚངས་པར་སྤྱོད་པ་དོན་དང་བཅས་པར་འགྱུར་རོ། །ཞེས་འབྱུང་བ་ལ་བལྟས་ན་ཀུན་རྫོབ་ཏུ་གྱུར་པའི་རང་བཞིན་ནི་བཅོས་མིན་གྱི་རང་བཞིན་དུ་མི་རིགས་པ་བསྟན་ནས་དེ་ཕྱིན་ཅི་ལོག་ཏུ་གྱུར་པས་ཀྱང་རྟོགས་པ་དང་།  དེ་རྟོགས་པ་ལ་འབད་རྩོལ་ཆེན་པོ་བྱེད་མི་དགོས་ཤིང་སྒྲ་རྟོག་གི་ཡུལ་དུ་གྱུར་བ་དང་ཅིག་ཤོས་བཅོས་མིན་གྱི་རང་བཞིན་ནི་དེ་ལྟར་དུ་མིན་པར་བསྟན་འདུག་པས་སོ། །ཡང་ལུང་དེའི་མཇུག་ཏུ།  གང་ཞིག་བྱིས་པའི་སྐྱེས་བོས་བལྟ་བར་བྱ་བ་མ་ཡིན་པ་དེ་ཉིད་ནི་རང་བཞིན་དུ་རིགས་ལ། དེ་ཙམ་གྱིས་དོན་དམ་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་ཡང་མ་ཡིན་ཏེ།  ཞེས་འབྱུང་བས་བཅོས་མིན་གྱི་རང་བཞིན་གང་ཡིན་པ་སོ་སོ་སྐྱེ་བོའི་ཡུལ་ལས་འདས་དགོས་པར་བསྟན་འདུག་པས་སོ། །འདི་ལྟ་བུ་ཁ་གསལ་ཅན་གྱི་སྒྲུབ་བྱེད་རྣམས་ཀྱིས་བློ་འདས་སུ་བསྒྲུབས་མ་ནུས་ན།  འདི་ལས་ཡན་འཁོར་ལོ་ཐ་མ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་སུ་ཡང་བྱུང་མི་འདུག་པས་བློ་འདས་ཟབ་མོ་ཞིག་ཤིན་ཏུ་སྨྲ་དཀའ་བས་སོ། །

དེ་ལྟར་ན་དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་པས་དེ་ལ་འཛིན་པ་ཞུགས་མི་ཐུབ་ཅིང་།  དེ་ལ་འཛིན་པ་མ་ཞུགས་ན་དེ་བཀག་དགོས་པའི་རྒྱུ་མཚན་མེད་པའི་གནད་ཀྱིས་དེ་གཞན་སྟོང་ཡིན་པ་ལས།  རང་སྟོང་དུ་འཇོག་དགོས་པའི་གནད་མི་འདུག་པས་སོ། །

གཉིས་པ། དོན་དམ་བདེན་པ་སོ་སོ་རང་རིག་གིས་རྟོགས་བྱ་ཡིན་པས་གཞན་སྟོང་དུ་སྒྲུབ་པ།

དེ་ལ་འཇུག་པ་རྩ་འགྲེལ་དུ་ཐ་སྙད་ཀྱི་ལམ་ནས་གཞན་ལ་བརྡ་སྤྲད་པའི་སྐབས་སུ་རིག་བྱ་རིག་བྱེད་ཅེས་ཐ་དད་དུ་ཕྱེས་ནས་བཤད་ཀྱང་དོན་ལ་རིག་བྱ་རིག་བྱེད་སོ་སོར་མེད་པར་དབྱིངས་རིག་དབྱེར་མེད་ཀྱི་དོན་དམ་བདེན་པ་རང་གིས་རང་རྟོགས་པར་བཞེད་འདུག་པས་སོ། །དེ་ཉིད་ལས། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ། །སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང་། དེ་ཡང་སླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ། །ཞེས་འབྱུང་བས་དོན་དམ་བདེན་པ་སོ་སོ་རང་གིས་རིག་པར་བྱ་བར་བསྟན་ཅིང་། དེ་ལྟར་ན་དབྱིངས་རིག་དབྱེར་མེད་ཡིན་པ་ལས་ཡུལ་སྟོང་པ་ཕྱང་ཆད་དུ་མི་འགྲིག་པས་སོ། ། ཡང་མཇུག་ཏུ་སྟོང་ཉིད་ཀྱི་དབྱེ་བ་ནང་སྟོང་པ་ཉིད་བཤད་པའི་སྐབས་སུ།  ཇི་སྐད་དུ། རིགས་ཀྱི་བུ་དོན་དམ་པ་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འཇིག་པ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཡི་གེ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དང་། ཡི་གེ་རྣམས་ཀྱིས་རབ་ཏུ་བསྙད་དུ་མེད་ ཅིང་སྤྲོས་པས་རྟོགས་པ་མ་ཡིན་ཏེ། རིགས་ཀྱི་བུ་དོན་དམ་པ་ནི་བརྗོད་མེད་ཅིང་ཞི་བ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱའོ། །ཞེས་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་འདི་ཁུངས་སུ་དྲངས་པ་ལ་བལྟས་ན་དོན་དམ་དོན་དམ་བདེན་པ་བློ་འདས་དང་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བར་བཞེད་དགོས་པར་གསལ་བས་སོ། །དེ་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་དོན་རྗེ་བཙུན་ངལ་གསོ་ལས་འདི་ལྟར་འབྱུང་བ་སྟེ།  ༼ཡེ་ཤེས་ཀྱི་ཚོགས་སྒྲུབ་བཤད་པའི་སྐབས་སུ། ༽ཡེ་ཤེས་དང་ནི་ཞེས་པའི་ཡེ་ཤེས་དེ་གློ་བུར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་ཆོས་ཉིད་དེ་ཆོས་ཀྱི་དབྱིངས་ཡིན་པ་དང་། དེ་རང་ཉིད་ལ་རང་རིག་པ་ཡང་ཡིན་པས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་པའི་ཡུལ་ཅན་རྣམ་དག་དེ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་དུ་ཁས་བླངས་འདུག་པས་སོ། །

དེ་ལྟར་ན་འཁོར་ལོ་ཐ་མ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྣམས་སུ་དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད་ཡིན་པ་བསྟན་པ་བཞིན་ཁས་ལེན་གྱིན་འདུག་པས་སྒྲུབ་ཕྱོགས་ནས་གཞན་སྟོང་རྩལ་དུ་མ་བཏོན་པ་ཙམ་ལས་དོན་དུ་འོས་མེད་ཀྱིས་ཁས་ལེན་དགོས་པར་གསལ་བས་སོ། །

གསུམ་པ། དོན་དམ་བདེན་པ་རྟེན་འབྲེལ་ལས་འདས་པས་གཞན་སྟོང་དུ་སྒྲུབ་པ།

དེ་ཡང་འཇུག་པ་རྩ་འགྲེལ་དུ་དབུ་མ་རྩ་བ་ཤེས་རབ་ལ་ཁུངས་བཅོལ་ནས་དོན་དམ་བདེན་པ་བཅོས་མིན་དང་གཞན་ལ་ལྟོས་པ་མེད་པ་དང་གཞན་ལ་ལྟོས་པ་དང་བཅས་པ་ཡིན་པས་བཅོན་མིན་གྱི་རང་བཞིན་དུ་མི་རིགས་པ་བསྟན་པས་སོ། ། དེ་ཡང་འཇུག་པ་རང་འགྲེལ་ལས།  (རང་བཞིན་ཉིད་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །)ཞེས་གསུངས་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ལུང་འདི་ཁུངས་སུ་འདི་ལྟར་འབྱུང་བ་སྟེ། ཡང་ཅི་གང་ཞིག་སློབ་དཔོན་གིས་བསྟན་བཅོས་ལས་ཁྱད་པར་དུ་མཛད་པ་རྣམ་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ ཞིག་ཡོད་དམ་ཞེ་ན། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་།མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་རྒྱས་པར་གསུངས་པ་ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ། །ཞེས་གསུངས་པས་ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་གདོད་མ་ནས་ཡོད་པར་རིགས་པ་གང་གིས་ཀྱང་བསྒྱུར་བཅོས་དང་བྲལ་བར་བསྟན་པས་སོ། །ལུང་དེའི་མཇུག་ཐོག་དེ་མ་ཐག་ཏུ། ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག །མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། །དེ་དག་གི་རང་བཞིན་ཡང་གང་ཞིག་ཅེ་ན། འདི་ དག་ནི་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ། མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་རང་གི་ངོ་བོའོ། །ཞེས་འབྱུང་བ་ལ་བལྟས་ན་དོན་དམ་བདེན་པ་རྟེན་འབྲེལ་ལས་འདས་པར་གསལ་ཏེ།  དེ་རྟེན་འབྲེལ་ཡིན་ན་ལྟོས་གྲུབ་ཡིན་དགོས་པ་གང་ཞིག །དེ་དེ་ལྟར་དུ་མིན་པར་བསྟན་པའི་ཕྱིར་རོ། །གལ་ཏེ་དོན་དམ་བདེན་པ་ལྟོས་གྲུབ་ཏུ་ཁས་བླངས་ན་དེ་ལྟོས་གྲུབ་མིན་པར་གོང་གི་ལུང་དག་གིས་གསལ་ལ།  དེ་ལས་ཀྱང་གསལ་བ་གོང་དུ་དྲངས་པའི་ལུང་གི་མཇུག་ཏུ་འདི་ལྟར་འབྱུང་བ་སྟེ། གང་དག་མེ་ལ་སོགས་པའི་རང་བཞིན་ཚ་བ་ལ་སོགས་པ་ཡིན་པར་སྨྲ་བ་དེ་དག་གི་ལྟར་ན་ནི། རྣམ་པ་ཐམས་ཅད་དུ་མི་རུང་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་བཅོས་མ་ཉིད་ཡིན་པའི་ཕྱིར་དང་། ལྟོས་པ་དང་བཅས་པའི་ཕྱིར་རོ། །ཞེས་འབྱུང་བས་རྟེན་འབྱུང་དང་ལྟོས་གྲུབ་ཡིན་པའི་གནད་ཀྱིས་(རང་བཞིན་ཉིད་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པའི་སྐབས་ཀྱི་རང་བཞིན་ཡིན་པར་བཀག་ཅིང་།  དེ་ལྟར་ན་དེ་སྐབས་ཀྱི་རང་བཞིན་ནི་རྟེན་འབྱུང་དང་ལྟོས་གྲུབ་མིན་པར་ཁ་ཚོན་ཤིན་ཏུ་གསལ་བོ་བཅད་འདུག་པས་སོ། །དེས་ན་དོན་དམ་བདེན་པ་རང་སྟོང་དུ་གཏན་ལ་ཕབ་ནུས་ན།  དེ་རྟེན་འབྲེལ་ལས་འདས་པར་བཞེད་མི་ཐུབ་ཅིང་།  དེ་རྟེན་འབྲེལ་ལས་འདས་པས་གཞན་སྟོང་དུ་བཞེད་དགོས་པར་འོས་མེད་ཀྱིས་གྲུབ་པས་སོ། །དེ་བཞིན་དུ་དབུ་མ་རྩ་བ་ཤེས་རབ་དང་། ཚིག་གསལ་སོགས་ལས་དོན་དམ་བདེན་པ་རྟེན་འབྲེལ་དང་ལྟོས་གྲུབ་ལས་འདས་པར་གསུངས་ཡོད་ཀྱང་འདིར་མ་སྨོས་པའོ། །

 བཞི་པ།  ཡེ་ཤེས་ཆོས་སྐུ་འདུས་མ་བྱས་ཡིན་པས་གཞན་སྟོང་དུ་སྒྲུབ་པ།

དེ་ལ་འཇུག་པ་རྩ་འགྲེལ་ལས་མཐར་ཐུག་གི་ས་བཤད་པའི་སྐབས་སུ།  འཐོབ་བྱ་བྱང་ཆུབ་བརྙེས་ནས་ཡེ་ཤེས་ཆོས་སྐུ་ཡིས་ཡུལ་སྐྱེ་མེད་དེ་ཁོ་ཉིད་རོ་གཅིག་པའི་སྒོ་ནས་མཁྱེན་པ་བསྟན་པ་ལ་རྩོད་པ་གཉིས་བྱུང་བས་ཡེ་ཤེས་ཆོས་སྐུ་སྐྱེ་བ་མེད་པ་དེ་ཁོ་ཉིད་ཡིན་པར་གསལ་བས་སོ། །དེ་ཡང་དབུ་མ་འཇུག་པ་རུ། ༼ཡུལ་སྐྱེ་མེད་རྟོགས་པ་མི་འཐད་པའི་རྩོད་ལན་བསྟན་པའི་སྐབས་སུ།༽གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །ཞེས་ཤོ་ལོ་ཀ་བཞི་འབྱུང་ཡོད་ལ།  འདིའི་སྐབས་སུ་སྒྲས་ཟིན་ལྟར་ན་ཡེ་ཤེས་ཆོས་སྐུ་འདུས་བྱས་ཡིན་པ་བསྟན་འདུག་སྙམ་པའི་སེམས་ཚོར་སྟེར་ཆེ་ཡང་།  དོན་ངོ་མ་ལ་དེ་ལྟར་དུ་མིན་པར་དེ་ནི་གཞན་ལ་གོ་བརྡ་འཕྲོད་སླ་བའི་ཆེད་དུ་ཡིན་པ་སྟེ།  ཡུལ་གྱི་གནས་ཚུལ་ཇི་ལྟར་ཡིན་པ་བཞིན་དུ་ཡུལ་ཅན་ཡེ་ཤེས་ཀྱི་གནས་ཚུལ་ཡང་དེ་ལྟར་ཡིན་དགོས་པར་བསྟན་པས་སོ། །དེ་ལྟར་ཡང་འཇུག་པ་རང་འགྲེལ་ལས།  ༼གོང་དུ་འཇུག་རྩ་དྲངས་པའི་ཐད་དུ།༽དེའི་ཕྱིར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་བཞག་གི། དངོས་སུ་ན་འགའ་ཞིག་འགའ་ཞིག་གིས་ཤེས་པ་ནི་མ་ཡིན་ཏེ།  ཤེས་པ་དང་ཤེས་བྱ་གཉི་ག་ཡང་མ་སྐྱེས་པ་ཡིན་པའི་ཕྱིར་རོ། །ཞེས་འབྱུང་བ་ལ་བལྟས་ན་ཡུལ་སྐྱེ་མེད་དེ་ཁོ་ན་ཉིད་རྟོགས་ཚུལ་ནི་ཡུལ་སྐྱེ་མེད་ཀྱི་ངང་ལ་གནས་པ་བཞིན་དུ་ཡུལ་ཅན་ཡེ་ཤེས་སྐྱེ་མེད་ཀྱི་ངང་ལ་གནས་ནས་མཁྱེན་ཚུལ་ཞིག་བྱུང་བས་སོ། །འདི་ནི་ཐ་སྙད་ཀྱི་སྐབས་ལ་ཡིན་པས་ཐ་སྙད་ཀྱི་སྐབས་ལ་ཡུལ་ཅན་ཡེ་ཤེས་སྐྱེ་མེད་ཡིན་ན་དེ་ཆོས་ཉིད་འདུས་མ་བྱས་སུ་བཞེད་དགོས་པར་གསལ་བའོ། །ཡང་འཇུག་པ་རང་འགྲེལ་ལས། ༼ཡུལ་དང་ཡུལ་ཅན་རོ་གཅིག་ན་ཡུལ་དེ་མཁྱེན་ནས་གཞན་ལ་སྟོན་པར་མི་འཐད་པའི་རྩོད་ལན་བསྟན་པའི་སྐབས་སུ།༽ ཤེས་པ་འདི་སྐྱེ་བ་མེད་པ་དེ་ཁོ་ན་ཡིན་པ་བདེན་མོད་ཀྱི། འཇིག་རྟེན་ན་དེ་ཉིད་སྟོན་པ་མི་སྲིད་པ་ཡང་མ་ཡིན་ནོ། །ཞེས་གསུངས་ནས་ཡེ་ཤེས་ཆོས་སྐུ་འདི་སྐྱེ་བ་མེད་པ་དེ་ཁོ་ན་ཉིད་ཡིན་པ་ལ་བདེན་ལན་གནང་བ་དང་།  ཡུལ་དང་ཡུལ་ཅན་རོ་གཅིག་ན་ཡུལ་དེ་མཁྱེན་ནས་གཞན་ལ་སྟོན་པར་མི་འཐད་པའི་རྩོད་པ་འདི་མ་འབྱུང་བའི་སྔ་རོལ་ཏུ་འཇུག་པ་རྩ་འགྲེལ་དུ་ཡུལ་ཅན་ཡེ་ཤེས་དང་ཡུལ་ཆོས་ཉིད་གཉིས་དབྱེར་མེད་རོ་གཅིག་ཏུ་ཁས་བླངས་ཡོད་པ་ལས།  རྩོད་པ་འདི་འབྱུང་དོན་མེད་པ་སོགས་གང་ལ་བལྟས་ན་ཡུལ་ཅན་ཡེ་ཤེས་ཆོས་ཉིད་འདུས་མ་བྱས་སུ་བཞེད་དགོས་པར་གསལ་ལོ་སྙམ་མོ། །དེས་ན་དབུ་མ་རང་སྟོང་པ་རྣམས་ཀྱིས་ཐད་ཀར་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་ཁས་ལེན་དཀའ་བས་དབུ་མ་གཞན་སྟོང་པའི་བཞེད་པ་ལས་མ་འདས་པ་ལ་ཁེལ་བས་སོ། །དེ་ལ་འདི་དག་ལ་བོད་འགྲེལ་གྱི་སྒྲུབ་བྱེད་ཁ་ཤས་བྱུང་འདུག་ཀྱང་འདིར་མ་བྲིས་ལ།  ད་ཐེངས་ཆེད་གཏད་འཇུག་པ་རྩ་འགྲེལ་ལས་ཇི་ལྟར་འབྱུང་བ་རྣམས་ལ་ཁུངས་བཅོལ་ནས་དངོས་ཉིས་བྲིས་པ་ལགས་སོ། །

 

དཔྱད་གཞིའི་ཡིག་ཆ།

འཇུག་པ་རྩ་འགྲེལ། སྐྱ་མདའ་དཔེ་ཚོགས་དཔེ་སྐྲུན་ཁང་ནས223ལོའི་ཟླ1པོར་པར་ཐེངས་གསུམ་པ་བསྡུ་བསྒྲིགས་བྱས།

དབུ་མ་རྩ་བའི་འགྲེལ་བ་ཚིག་གསལ། ལྔ་རིག་དཔེ་ཚོགས་དཔེ་སྐྲུན་ཁང་ནས་བསྡུ་བསྒྲིགས་བྱས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4508