ཤེས་བྱའི་ཡོན་ཏན་དཔལ་གྱིས་རབ་བརྗིད་ཅིང་། །
འགྲོ་བ་རྣམས་ནི་བུ་གཅིག་ལྟར་སྐྱོང་ལ། །
བརྩེ་བའི་གཞན་གྱི་དོན་ལ་ཞུགས་གྱུར་པའི། །
སྐྱབས་གཅིག་གོའུ་ཏ་མ་གཙུག་ན་རྒྱལ། །
རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་གར་ལ་ངུར་སྨྲིག་གསེར་གྱི་མདངས་བཀྲ་བ། །
འོད་ལྡན་འཛིན་མའི་ཤེས་རབ་ཚལ་ན་འགྲན་མེད་སྤོབས་པའི་མཐའ་རྒྱས་ཤིང་། །
འཇམ་དབྱངས་ངག་ལ་འཇམ་མཉེན་ལྡན་པའི་གངས་ཅན་མཁས་པའི་གཙུག་གི་ཏོག །
ཤེས་རབ་རྩལ་ཆེན་འཇིག་རྟེན་ཁྱོན་ལ་ཇི་བཞིན་སྤེལ་མཁས་ཕྱོགས་གླང་རྒྱལ། །
གཏན་ཚིགས་སྟོང་དང་རྟེན་འབྲེལ་ཐབས་ལ་དཔྱོད་པའི་རིག་པ་ཆུ་གཏེར་ཀླུང་། །
བདེན་དང་དུལ་བའི་དཔྱད་རྩལ་རབ་རྫོགས་འཇམ་དབྱངས་ཐུགས་ཀྱི་ང་རོ་པ། །
མཁྱེན་དཔྱོད་རྣམ་གཙང་ཀུ་མུད་ཨུཏྤལ་ཐུགས་མཚོ་སེམས་པའི་སྤྲུལ་བ་ཅན། །
ཆོས་ཀྱི་གྲགས་པ་འཇིགས་མེད་དྲི་བྲལ་མཚུངས་མེད་རྒྱལ་བ་གཙུག་ཏུ་ཆེ། །
     ཞེས་དགེ་ལེགས་སྣང་བ་འདྲེན་པའི་ཚིག་གིས་མདུན་བསུས་ཏེ། གང་ཞིག་གླེང་བར་བྱ་བ་ནི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་མདོ་ལས།  དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་​པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་པ་ལྟར། སྔོན་བྱོན་སྐྱེས་བུ་རྣམས་ཀྱིས་ཀྱང་སྟོན་པས་གསུངས་པའི་མདོ་སྡེ་དག་གིས་བསྟན་བྱ་རྟོགས་དཀའ་སླ་གང་དག་དཔྱོད་པ་པོས་དཔྱད་དེ་མ་ནོར་བར་རྟོགས་དགོས་པར་བསྟན་ལ། དེའང་གང་ཞིག་གླེང་བར་བྱ་བ་ནི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཞེས་སྙན་པའི་བ་དན་ས་གསུམ་ཁྱབ་པར་བསྒྲེངས་པ་གང་གི་རིགས་ལམ་སེངྒེའི་ང་རོས་བདུད་དང་མུ་སྟེགས་ཀྱི་རྒོལ་བ་མཐའ་དག་ཚར་བཅད་དེ། ཡང་དག་པའི་ཆོས་ཀྱི་སྣང་བ་མཁའ་ཁྱབ་ཏུ་སྤེལ་བར་མཛད་པའི་ལེགས་བཤད་ཆེན་པོ་ཆེས་རྨད་དུ་བྱུང་བའི་ངོ་མཚར་དང་ལྡན་པ། ཚད་མ་རིགས་པའི་སྡེ་བདུན་གྱི་གཙོ་བོ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཞེས་པ་དང་། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གསུངས་པ་ལས་ཅུང་འཕྲོས་ཏེ་ཐེག་པ་ཆེན་པོ་སེམས་ཙམ་པའི་གྲུབ་མཐའ་དང་ཐུན་མིན་གྱི་འདོད་པ་མཚན་ཉིད་གསུམ་གྱི་རྣམ་བཞག་འདི་འཕགས་པ་ཐོགས་མེད་རྗེས་འབྲངས་དང་བཅས་པ་ལ་ཉེ་བར་བཅར་ནས་ཅུང་ཙམ་དཔྱད་པའི་ཁུལ་བྱ་བ་ལ།    མི་འཐད་གཞན་ལུགས་དགག འཐད་ཕྱོགས་རང་ལུགས་བཞག་པ། དེ་ལ་དོགས་པ་སྤོང་བ་གསུམ་ལས། དང་པོ་ལ་ཡང་། གཞན་འདོད་བརྗོད་པ་དང་། དེ་དགག་པའོ། །
ཀུན་མཁྱེན་ཆེན་པོ་ཡབ་སྲས་ཐུགས་དབྱིངས་སུ། །
སྣ་ཚོགས་ཤེས་བྱའི་རྒྱུ་སྐར་འབུམ་ཕྱུག་པས། །
ཚུར་མཐོང་ང་ཡིས་རྒྱན་གཅིག་མཇལ་དཀའ་ཡང་། །
གནས་སྐབས་རང་བློའི་ཚོད་ཀྱིས་འདི་སྐད་སྨྲ། །
              ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
 གཞན་འདོད་པ་བརྗོད་པ་ལ་གཉིས་ལས།
འདོད་པ་དང་པོ།
༡༽ རྒོལ་བ་ཁ་ཅིག་གིས།  གྲུབ་མཛོད་ཀྱི་ལུང་། མ་དག་གཞན་དབང་ནི།  བག་ཆགས་སྣ་ཚོགས་པའི་དབང་གིས་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བའི་ཡུལ་དོན་ལུས་དང་བཅས་པའོ། །  ཡུལ་ནི་གཟུགས་ལ་སོགས་པ་ལྔའོ། །  དོན་ནི་རྣམ་པར་ཤེས་པ་རྐྱེན་གཞན་ལས་སྐྱེ་མཆེད་དུ་གྲུབ་པ་ཚོགས་བརྒྱད་དོ། ། ཞེས་དང་། ཡིད་བཞིན་མཛོད་ཀྱི་རང་འགྲེལ་དུ། དེས་ན་གཟུགས་ནི།  ཀུན་བརྟགས་ཏེ་མེད་བཞིན་དུ་སྣང་བའི་ཕྱིར་དང་། དངོས་པོར་མེད་པས་རྒྱུས་བསྐྱེད་དུ་མེད་པའི་ཕྱིར་རོ། །  ཞེས་སོགས་ལུང་གོང་འོག་གི་བསྟན་བྱ་དང་བསྟན་ཚུལ་ལ་སོགས་པ་ཞིབ་མོར་བརྟག་དཔྱད་མ་བྱས་པར་སྟབས་བདེ་བའི་ངང་ནས། གནས་སྐབས་ཀྱི་དམ་བཅའ་ཙམ་ལ་་གཞུང་ལུགས་དང་དངོས་སྟོབས་ཀྱི་རིགས་པས་གནོད་པ་དག་ལ་གདོང་གཏད་མ་ཐུབ་པར་ཨུ་ཚུགས་ཀྱི་དམ་བཅའ་དེ་འདྲ་ལབ་པ་དང་།  ཡང་ལ་ལས་གནའ་དེང་གི་མཁས་པ་འགའ་ཡིིས་གཞུང་ཚིག་ལ་ལར་འཁྱོག་བཤད་བྱས་ཏེ་གཞན་དབང་དང་ཀུན་བཏགས་གཉིས་གཞི་མཐུན་དུ་འདོད་པ་དག་ལ། མི་འཐད་པའི་དོགས་པ་ཅུང་ཙམ་འོག་ཏུ་དགོད་ཁུལ་བྱའོ། །
  འདོད་པ་གཉིས་པ།
༢༽ཡང་ཁ་ཅིག་གིས།   འཇིགས་གླིང་བདེན་གཉིས་ཤིང་རྟ་རུ། གཉིས་མེད་ཤེས་པ་དོན་དམ་བདེན་པ་རུ། ། འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ། །ཞེས་གསུངས་པ་དེ་དང་། ཀུན་མཁྱེན་ཀློང་ཆེན་པའི་སེམས་ཉིད་ངལ་གསོ་རུ། གཟུགས་འཛིན་གཉིས་སུ་སྣང་བ་ཡུལ་ཡུལ་ཅན་ཀུན་རྫོབ་བདེན་པ། གཉིས་མེད་ཤེས་པ་དོན་དམ་བདེན་པ་སྟེ། ། ཞེས་དང་།  དབུ་མ་རྒྱན་འགྲེལ་ལས། དེས་ན་གཞན་དབང་དོན་དམ་དང་ཀུན་རྫོབ་བཤད་ཚུལ་གཞུང་སོ་སོར་བྱུང་བ་གནད་མ་ཤེས་ན་བློ་བལ་བ་ཛ་བཞིན་འཁྲུགས་པར་འགྱུར་བས་ན། གཞན་དབང་ཉིད་གནས་ཚུལ་མཐར་ཐུག་པའི་དོན་དབང་བཙན་དུ་བྱས་ན་དོན་དམ་དང་། སྣང་ཚུལ་དབང་བཙན་དུ་བྱས་ཏེ་གཞལ་ན་ཀུན་རྫོབ་ཏུ་བསྡུར་རུང་བ་གནད་ཀྱི་དོན་ཏོ། ། ཞེས་གསུངས་པ་དག་ལ་འཐད་སྒྲུབ་ཉིད་དུ་བཞེད་དེ། གཉིས་སྟོང་གི་ཤེས་པ་དེ་ཉིད་ནི་དོན་དམ་བདེན་པ་རེད་འདུག་སྙམ་ལ།  རྒྱུ་མཚན་ཀུན་མཁྱེན་འཇིགས་མེད་གླིང་པ་དང་ཀུན་མཁྱེན་ཆེན་པོ་སོགས་ཀྱིས་གཞུང་ཁ་ཤས་ལ་དེ་འདྲའི་ཚིག་སླེབས་འདུག་པ་དང་བསྟུན་ནས་གཉིས་སྟོང་གི་ཤེས་དོན་དམ་བདེན་པ་འདོད་པས་དེ་ཡོངས་གྲུབ་ཡིན་པར་གཞི་ནས་བསྒྲུབ་མི་དགོས་པར་རྒྱ་བོད་ཀྱི་མཁས་དབང་ཀུན་གྱིས་དགོངས་པར་ཡིན་པར་ཐག་བཅད་ནས་ཡོངས་གྲུབ་དུ་འདོད་པ་དང་། གཞན་དབང་ཡིན་པར་གྲུབ་བསྡུས་དང་མཛོད་འགྲེལ་གྱི་མཚན་ཉིད་སོགས་ལ་བརྟེན་གཉིས་སྟོང་གི་ཤེས་པ་རྒྱུ་རྐྱེན་ལ་རག་ལས་སྐྱེས་པ་སོགས་བཞེད་ནས་གཞན་དབང་དུ་འདོད་པས་སོ། །  རྩ་བའི་ཆ་ནས་གཞུང་ཚིག་དེ་དག་སྦྲེལ་ནས་གཉིས་སྟོང་གི་ཤེས་པ་གཞན་དབང་དང་ཡོངས་གྲུབ་གཉིས་ཀྱི་གཞི་མཐུན་དུ་འཇོག་པར་སྨྲའོ། །
གཉིས་པ་དགག་པ་གཉིས་ལས་དང་པོ།
༡༽  འདོད་པ་སྔ་མའི་བཞེད་པ་ལྟར་ན།  བུམ་པ་དང་ཀ་བ་ལ་སོགས་པ་ཐམས་ཅད་གཞན་དབང་ཡིན་པར་གོང་དུ་གྲུབ་མཛོད་ཀྱིས་ལུང་དག་གིས་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་གསལ་འདུག་སྙམ་མོད། དེ་ནི་གཞུང་ལུགས་ཀྱི་གནད་མ་གོ་བ་ཡིན་ཏེ།  ཕྱི་རོལ་གྱི་གཟུགས་སོགས་གཞན་དབང་ཡིན་པ་ལྟ་ཅི་ཀུན་བཏགས་ཁོ་ན་ཡིན་པའི་ཕྱིར་ཏེ། དབྱིག་གཉེན་གྱིས་སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་དུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དེ། ། ཞེས་གསུངས་བ་དང་། མདོ་སྡེ་དགོངས་འགྲེལ་ལས་ཀྱང་། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་པས་ཀུན་བཏགས་ཡིན་པ་འོས་མེད་དུ་གྲུབ་པ་ཡིན་ལ། ཀུན་བཏགས་ནི་བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པ་རི་རྭ་དང་མགོ་མཚུངས་པ་ཡིན་ནོ། ། དེའི་ཕྱིར་གཟུགས་སོགས་གཞན་དབང་ཡིན་པ་ཇི་ལྟར་འགྱུར་རིགས་ཏེ་མི་རིགས་སོ། ། ཀུན་བཏགས་དང་གཞན་དབང་གཉིས་ཀ་ཡིན་པ་གཏན་མི་སྲིད་པ་ཡིན་ཏེ། སློབ་དཔོན་ཐོགས་མེད་ཀྱི་ཐེག་བསྡུས་ལས། རྣམ་གྲངས་གང་གིས་ཀུན་ཏུ་བརྟགས་པ་ཡིན་པ་དེས་གཞན་གྱི་དབང་མ་ཡིན། ཡོངས་སུ་གྲུབ་པ་མ་ཡིན་ནོ། །ཞེས་དང་།  ཡང་ཐེག་བསྡུས་ལས། རྣམ་གྲངས་གང་གིས་གཞན་གྱི་དབང་ཡིན་པ་དེས་ཀུན་ཏུ་བརྟགས་པ་མ་ཡིན། ཡོངས་སུ་གྲུབ་པ་མ་ཡིན་ནོ། །ཞེས་གསུངས་བའི་ཕྱིར་རོ། །  དེས་ན་ཀུན་དུ་བརྟགས་པ་ནི་རྒྱུ་རྐྱེན་གང་གིས་མ་གྲུབ་པ་ཡིན་དགོས་ལ།  གཞན་དབང་ནི་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་དགོས་པ་རྒྱ་བོད་ཀྱི་མཁས་དབང་རྣམས་ཀྱིས་མགྲིན་གཅིག་ཏུ་བཞེད་ཚུལ་ཡིན་པར་ཚིག་གསལ་ལ་གནད་འདུས་པས་བོད་གཞུང་དང་རྒྱ་གཞུང་འགའ་ཙམ་གྱིས་ངོ་སྤྲད་ན།   ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཛོད་རང་འགྲེལ་དུ།  “གཞན་དབང་ནི་རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའོ། །”  ཞེས་གསུངས་པའི་ཕྱིར་དང་།   ཆོས་རྗེ་མི་ཕམ་པས་མཁས་འཇུག་ལས།” དེ་ཕྱིར་ཕྱོགས་དང་དུས་ཀྱི་བསྡུས་པའི་སྣང་བ་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་མོ། །འདི་ལྟ་བུའི་རྟེན་འབྲེལ་གྱི་སྣང་བ་འདི་ལ་གཞན་དབང་ཞེས་བྱ་སྟེ།” ཞེས་སོགས་བོད་ཀྱི་མཁས་དབང་རོང་ཀློང་མི་གསུམ་སོགས་ཀྱིས་འདོད་པ་ཡིན་པར་མ་ཟད་རང་བཟོ་རྟོགས་བཏགས་ཀྱིས་དྲན་ཚུལ་ཙམ་ཡིན་པར། སེམས་ཙམ་ལྟ་གྲུབ་ཀྱི་ཁུངས་བཅོལ་ཡུལ་རྒྱ་འགྲེལ་ཚད་ལྡན་ཐེག་བསྡུས་དང་དབྱིས་གཉེན་གྱི་སུམ་ཅུ་པ་སོགས་སུ་གསལ་ཏེ།     དབྱིག་གཉེན་གྱིས་སུམ་ཅུ་པ་ལས། “གཞན་གྱི་དབང་གི་ངོ་བོ་གང་། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །” ཞེས་དང། ཐེག་བསྡུས་ལས། “དེ་ཇི་ལྟར་ན་གཞན་གྱི་དབང་ཡིན་ལ། ཅིའི་ཕྱིར་ན་གཞན་གྱི་དབང་ཞེས་བྱ་ཞེ་ན། རང་གི་བག་ཆགས་ཀྱི་ས་བོན་ལས་སྐྱེས་པ་ཡིན་པས་དེ་ལྟ་བུས་ན་རྐྱེན་གྱི་གཞན་གྱི་དབང་ཡིན་ནོ། །”  ཞེས་གསུངས་པས་གཟུགས་སོགས་རྒྱུ་རྐྱེན་གྱིས་དབང་གི་བྱུང་བའི་གཞན་དབང་ཉིད་དུ་བཞེད་པ་ནི་འཕགས་ཡུལ་གྱི་སློབ་དཔོན་དང་རང་གཞུང་དག་གི་དགོངས་པ་ལས་ཕྱི་རོལ་དུ་འགྱུར་བས་ཧ་ཅང་ཐལ་བ་དང་། དངོས་སྟོབས་ཀྱི་རིགས་པ་དག་དང་ཡང་འགལ་བའི་ཕྱིར་རོ། །
དགག་པ་གཉིས་པ།
༢༽ འདོད་པ་ཕྱི་མ་ལྟར་ན།   གཉིས་སྟོང་གི་ཤེས་པ་གཞན་དབང་དང་ཡོངས་གྲུབ་གཉིས་ཀར་བཞེད་པ་འཐད་པར་མི་སྣང་སྟེ། ཡོངས་གྲུབ་ཡིན་པ་མི་སྲིད་པའི་ཕྱིར། གལ་ཏེ་ཡོངས་གྲུབ་ཉིད་དུ་བཞེད་ཚེ་གཉིས་སྟོང་ཤེས་པ་རང་ཉིད་དོན་དམ་ལ་འདོད་དགོས་པ་ཡིན་གྱི་དེ་མ་ཡིན་ཏེ།  མདོ་སྡེ་དགོངས་པ་ངེས་འགྲེལ་ལས། “དེ་ཅིའི་ཕྱིར་ཞེ་ན།  དོན་དམ་ཡང་དག་འཕགས། ཆོས་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ལ། གཞན་གྱི་དབང་གི་མཚན་ཉིད་དེ་ནི་རྣམ་པར་དག་པའི་དམིགས་པ་མ་ཡིན་པས་དེའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །  ཞེས་གསུང་པ་ལྟར་འདོད་དགོས་པར་རང་གིས་རྟོག་བཟོ་ཙམ་མ་ཡིན་པར་རྒྱ་བོད་ཀྱི་མཁས་དབང་རྣམས་ཀྱིས་ཁ་གསལ་གོ་བདེ་ཡི་གཞུང་ལུགས་མང་དུ་མཆིས་མོད་འོན་ཏང་ཡོད་ཚད་འདི་རུ་བྲིས་ན།  ཡིག་ཚོགས་མང་བར་དོགས་ནས་ཧ་ཅང་གོ་བདེ་བའི་བོད་གཞུང་རེ་དང་རྒྱ་གཞུང་རེ་བགྲང་བར་བྱའོ། ། ཆོས་རྗེ་མི་ཕམ་པས་མཁས་འཇུག་ལས། “ཀུན་བརྟགས་པའི་སྤྱོད་ཡུལ་བདག་གཉིས་པོ་དེས་གཞན་དབང་གི་རྣམ་པར་ཤེས་པ་འདི་སྟོང་པ་ནི། ཡོངས་གྲུབ་སྟེ་ཆོས་ཉིད་དོ། །”ཞེས་པ་དང་།   འགྲེལ་བཤད་ལས། “འདི་ལྟར་གཞན་གྱི་དབང་གི་ཆོས་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ།  དེ་བས་ན་གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པའོ། །”  ཞེས་སོགས་ལ་ལྟོས་ནས་གཉིས་སྟོང་ཤེས་པ་ཆོས་ཉིད་དུ་འདོད་པར་སྙམ་མོད། ཡིན་ཡང་།  གཉིས་སྟོང་གི་ཤེས་པ་དོན་དམ་བདེན་པ་མ་ཡིན་ཏེ་ཡོངས་གྲུབ་ཏུ་བསྡུས་པའི་ཆོས་མ་ཡིན་པས་སོ། མ་ཡིན་ཏེ་གཞན་དབང་གི་སྟོང་བའི་སྟོང་ཆ་དེ་མ་ཡིན་པའི་ཕྱིར་སྟེ་གཞན་དབང་ཡིན་པས་སོ། །  རྒྱན་འགྲེལ་ལས། “ཕྱི་རོལ་གཟུང་བ་དང་དེར་འཛིན་པས་སྟོང་པ་ནི་ཡོངས་གྲུབ་སྟེ་དོན་དམ་པ་ཡིན་ནོ། །” ཞེས་གསུངས་པའི་ཕྱིར་རོ། །
ལུང་དང་རིགས་པ་ཆེར་མེད་ཀྱང་། །
མཁས་པའི་གསུང་འབུམ་དེ་དག་ལས། །
མཐོང་ཐོས་བར་གྱི་འབྲས་བུ་དག །
འདི་ལྟར་སྣང་ནས་ཅུང་ཙམ་གླེང་། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཉིས་པ་འཐད་ཕྱོགས་རང་ལུགས་བཞག་པ་ལ།  རྒྱ་བོད་ཀྱི་གཞུང་ལ་བཅོལ་ནས་ཀུན་བཏགས་བཞག་པ།  རྒྱ་བོད་ཀྱི་གཞུང་ལ་བཅོལ་ནས་གཞན་དབང་བཞག་པ།  རྒྱ་བོད་ཀྱི་གཞུང་ལ་བཅོལ་ནས་ཡོངས་གྲུབ་བཞག་པ་དང་གསུམ་ལས།
དང་པོ།
ཀུན་བཏགས་ཀྱི་མཚན་ཉིད།  བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པ།  དེ་ཡིན་པ་རྒྱ་བོད་ཀྱི་མཁས་པ་ཀུན་གྱི་འདོད་པ་ལ་བཅོལ་ནས་བཞག་པ་ཡིན་པས་རྒྱབ་རྟེན་གྱི་གཞུང་ལུགས་མང་དུ་མཆིས་ཀྱང་ཚིག་འབྲུ་མང་བར་ཧ་ཅང་དོགས་ནས་བོད་གཞུང་གཉིས་དང་རྒྱ་གཞུང་གཉིས་མ་གཏོགས་སྐབས་འདིར་དྲངས་བར་མི་བྱའོ། །  མཛོད་འགྲེལ་པད་དཀར་ལས། “ཀུན་བརྟགས་ནི་བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པའོ།།” ཞེས་དང་། ཆོས་རྗེ་མི་ཕམ་པས་མཁས་འཇུག་ལས། “གཞན་དབང་གི་སྣང་བ་འདི་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་སྣ་ཚོགས་ཀྱི་ངོ་བོ་དང་། གང་ཟག་ཏུ་སྒྲོ་བཏགས་པའི་བདག་གཉིས་ནི་ཀུན་བརྟགས་སོ། །”ཞེས་གསུངས། དབྱིག་གཉེན་གྱིས་སུམ་ཅུ་པ་ལས། “རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་དུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དེ། །” ཞེས་གསུངས་པ་དང་། ཐོགས་མེད་ཀྱི་ཐེག་བསྡུས་ལས། “རང་གི་མཚན་ཉིད་ཀྱིས་མེད་ལ་ཀུན་ཏུ་རྟོག་པ་ཙམ་དུ་དམིགས་པས་ཀུན་བརྟགས་ཞེས་བྱའོ།།” ཞེས་གཞུང་དེ་དག་ལས་གསུངས་པ་ལྟར། རང་གི་མཚན་ཉིད་ཀྱི་གྲུབ་པ་མེད་ཀྱང་རང་ལ་འཇུག་པའི་སྒྲ་རྟོག་གིས་བརྟགས་པ་ཙམ་དུ་གྲུབ་པ་ཀུན་ཏུ་བརྟགས་པའི་ངོ་བོར་བཞེད་དོ། །  ཀུན་བཏགས་ནི་གཞན་དབང་ཡོངས་གྲུབ་གཉིས་ཀ་དང་གཞི་མཐུན་མེད།  སེམས་ཙམ་གྱི་དགོངས་པ་མཐར་ཐུག་སློབ་དཔོན་ཐོགས་མེད་ལ་ཉེ་བར་བཅར་ནས་སྨྲའོ། །    དེ་ཉིད་ཀྱིས་ཐེག་བསྡུས་ལས། “རྣམ་གྲངས་གང་གིས་ཀུན་ཏུ་བརྟགས་པ་ཡིན་པ་དེས་གཞན་གྱི་དབང་མ་ཡིན། ཡོངས་སུ་གྲུབ་པ་མ་ཡིན་ནོ། །” ཞེས་གསུངས་པ་ལྟར་དུ་གྲུབ་པ་ལྟར་འདོད་པ་རང་ལུགས་སུ་བཞག་གོ །
གཉིས་པ།
གཞན་དབང་གི་མཚན་ཉིད།    རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའོ། །  སྒྲུབ་བྱེད་སྔར་ལྟར་བོད་གཞུང་དང་རྒྱ་གཞུང་དག་ལ་ཁུངས་བཅོལ་ཏེ།   བོད་གཞུང་ཚད་ལྡན། མཛོད་འགྲེལ་པད་དཀར་ལས། “རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའོ། །”  ཞེས་གསུངས། ཆོས་རྗེ་མི་ཕམ་པས་མཁས་འཇུག་ལས། “དེ་ཕྱིར་ཕྱོགས་དང་དུས་ཀྱི་བསྡུས་པའི་སྣང་བ་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་མོ། །འདི་ལྟ་བུའི་རྟེན་འབྲེལ་གྱི་སྣང་བ་འདི་ལ་གཞན་དབང་ཞེས་བྱ་སྟེ།”  ཞེས་གསུངས།  འཕགས་ཡུལ་གྱི་གཞུང་ལུགས་ཚད་ལྡན། དབྱིག་གཉེན་གྱི་སུམ་ཅུ་པ་ལས། “གཞན་གྱི་དབང་གི་ངོ་བོ་གང་། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །” ཞེས་པ་དང་། ཐེག་བསྡུས་ལས། “ཇི་ལྟར་ན་གཞན་གྱི་དབང་ཡིན་ལ། ཅིའི་ཕྱིར་ན་གཞན་དབང་ཞེས་བྱ་ཞེ་ན། རང་གི་བག་ཆགས་ཀྱི་ས་བོན་ལས་སྐྱེས་པ་ཡིན་པས་དེ་ལྟ་བས་རྐྱེན་གྱི་གཞན་དབང་ཡིན་ནོ། །སྐྱེས་ནས་ཀྱང་སྐད་ཅིག་ལས་ལྷག་པར་བདག་ཉིད་གནས་པར་མི་ནུས་པས་ན་གཞན་གྱི་དབང་ཞེས་བྱའོ། །” ཞེས་པ་ལྟར་གནས་ཚུལ་མཐར་ཐུག་པའི་སྐབས་རང་གི་རྒྱུ་རྐྱེན་ལས་སྐྱེ་བའི་ཆོས་གཟུང་འཛིན་གཉིས་སྟོང་ཤེས་པ་རང་རིག་རང་གསལ་ལ་གཞན་དབང་དུ་ཤེས་པར་བྱ་དགོས་སོ། ། གཞན་དབང་ནི་ཡོངས་གྲུབ་ཀུན་བཏགས་གཉིས་དང་གཞི་མཐུན་མེད།  གོང་ལྟར་སྨྲའོ། ། སློབ་དཔོན་ཐོགས་མེད་ཀྱི་ཐེག་བསྡུས་ལས། རྣམ་གྲངས་གང་གིས་གཞན་གྱི་དབང་ཡིན་པ་དེས་ཀུན་ཏུ་བརྟགས་པ་མ་ཡིན། ཡོངས་སུ་གྲུབ་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འདོད་པར་སྨྲའོ། །
གསུམ་པ།
ཡོངས་གྲུབ་ཀྱི་མཚན་ཉིད།   གཞན་དབང་ལ་ཀུན་བརྟགས་མེད་པར་ཡོངས་གཅོད་དུ་གྲུབ་པ།  སྒྲུབ་བྱེད་རྒྱ་བོད་ཀྱི་མཁས་པ་ཀུན་ཀྱིས་དགོངས་དོན་ཡིན་པ་འོག་ཏུ་གསལ་ལོ། ། མཛོད་འགྲེལ་པད་དཀར་ལས། གཞན་དབང་ལ་ཀུན་བརྟགས་མེད་པར་ཡོངས་གཅོད་དུ་གྲུབ་པའོ། །ཞེས་གསུངས། ཆོས་རྗེ་མི་ཕམ་པས་མཁས་འཇུག་ལས། ཀུན་བརྟགས་པའི་སྤྱོད་ཡུལ་བདག་གཉིས་པོ་དེས་གཞན་དབང་གི་རྣམ་པར་ཤེས་པ་འདི་སྟོང་པ་ནི། ཡོངས་གྲུབ་སྟེ་ཆོས་ཉིད་དོ། །ཞེས་པ་དང་། དེའི་དོན་དབུ་མ་རྒྱན་འགྲེལ་ལས། དེ་ལྟར་གཟུང་འཛིན་དུ་སྣང་བཞིན་པ་གཞན་དབང་གི་རྣམ་ཤེས་དེའི་རང་བཞིན་མཐར་ཐུག་པ་རང་རིག་རང་གསལ་ཙམ་ལས་མ་འདས་པས་དེ་ཙམ་བདག་གཉིས་ཀྱིས་སྟོང་པའི་ལྡོག་ཆ་ནས་ཡོངས་སུ་གྲུབ་པ་དངོས་པོའི་ཡིན་ལུགས་གཏིང་སླེབས་པ་ཉིད་དུ་འདོད་དེ། ཞེས་ཚུལ་དེ་ལྟར་གྱི་སྒོ་ནས་གོ་བར་བྱའོ། ། དབྱིག་གཉེན་གྱི་སུམ་ཅུ་པ་ལས། གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང་། །ཞེས་པ་དང་། ཐེག་བསྡུས་ལས་ཀྱང་། ཅིའི་ཕྱིར་ན་ཡོངས་སུ་གྲུབ་པ་ཞེས་བྱ་ཞེ་ན། གཞན་དུ་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པའོ། །རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དང་། དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་མཆོག་གི་དོན་གྱིས་ཡོངས་སུ་གྲུབ་པ་ཞེས་བྱའོ། །ཞེས་གསུངས། མདོར་ན་དགག་གཞི་གཞན་དབང་གི་སྟེང་དུ་དགག་བྱ་བདག་གཉིས་དགག་པའི་དེ་བཞིན་ཉིད་དམ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་པ་ཡོངས་གྲུབ་ཀྱི་དོན་ཡིན་ནོ། །
ཐོས་པའི་ཤེས་རབ་དམན་པ་དང་། །
རྟག་ཏུ་བརྩོན་པ་ཤུགས་ཆུང་བའི། །
བདག་ཉིད་མུན་པས་རུབ་ན་ཡང་། །
  ཆོས་ཚུལ་དཔྱད་པ་འདིར་སྤྲོའོ། །
              ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
དེ་ལ་དོགས་པ་སྤང་བ། རྒོལ་བ་གཉིས་ལས།
དང་པོ།
 ཁ་ཅིག་གིས།  བདེན་གཉིས་ཤིང་རྟ་ལས། ཐེག་པ་ཆེན་པོ་སེམས་ཙམ་པ་ལ་བཤད་པའི་ཕྱིར། གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་ཡུལ་ཅན། །ཀུན་རྫོབ་བདེན་པ་ཉིད་དེ་གང་ལས་གཞན། །གཉིས་མེད་ཤེས་པ་དོན་དམ་བདེན་པ་རུ། །འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ། །ཞེས་དང་།  ཚད་མ་རྣམ་འགྲེལ་ལས། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་དང་། དེའི་འགྲེལ་ཆེན་ལས། སེམས་ཙམ་པ་དེ་ལའང་དོན་དམ་པར་གཉིས་སྟོང་གི་རྣམ་ཤེས་གྲུབ་པར་སྨྲ་བ་ལ་སུ་ཡང་མི་མཐུན་པ་མེད་པས།  ཞེས་དང་།  ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས།  གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་འདོད། །ཅེས་དང་། འགྲེལ་བ་ཤིང་རྟ་ཆེན་པོ་ལས། སེམས་ཙམ་པ་ནི་གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ་བདེན་པ། གཉིས་མེད་ཀྱི་ཤེས་པ་ནི་དོན་དམ་བདེན་པར་འདོད་དེ།  ཞེས་སོགས་དྲངས་ནས་ཁྱོད་རང་གིས་འདོད་པ་ལྟར་ན་འཇིགས་མེད་གླིང་བ་དང་དཔལ་ལྡན་ཆོས་གྲགས་སོགས་ཀྱིས་སེམས་ཙམ་པའི་དགོངས་པ་མ་ལོན་པ་དང་ཁྱོད་རང་དེ་དག་དང་འགལ་བར་སྣང་སྟེ།   ཁོང་རྣམས་ཀྱིས་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་སེམས་ཙམ་པའི་ལུགས་ལ་དོན་དམ་བདེན་པ་ཡིན་པ་གོང་གི་གཞུང་དག་གིས་གསལ་ལོ་ཞེ་ན།  མ་ཡིན།  སེམས་ཙམ་པའི་ལུགས་ལ་སྐབས་རེར་བདེན་གྲུབ་ལའང་དོན་དམ་བདེན་པནཞེས་ཐ་སྙད་སྦྱར་བ་ཡོད་པར་འདུག་མོད་གོང་གི་གཞུང་ཚིག་དག་གི་བདེན་གྲུབ་ལ་དགོངས་པ་ཡིན་པར་བཞེད་དེ།   གཉིས་སྟོང་གི་ཤེས་པ་བདེན་གྲུབ་དུ་འདོད་པ་སེམས་ཙམ་པའི་གྲུབ་པའི་མཐའ་དང་དོན་དམ་པར་རིགས་པས་དཔྱད་བཟོད་མི་གྲུབ་པ་ཡིན་པས་སོ། །སྐབས་དེ་ལྟར་ཕྱེ་བ། དུས་འཁོར་འགྲེལ་ཆེན་ལས་“དེའི་ཕྱིར་གཟུང་བ་དང་འཛིན་པ་རྫས་གཞན་དུ་གྱུར་པ་ལས་རྣམ་པར་གྲོལ་བའི་རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་དེ། དེ་མེད་ན་འཁོར་འདས་གཉིས་ཀའི་སྣང་བ་འབྱུང་བར་མི་སྲིད་དོ་ཞེས་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲོག་པར་བྱེད་དོ། ། དེ་ཡང་རྣམ་ཤེས་བདེན་པར་གྲུབ་པ་དེ་ལ་ཞེས་སོ། །” ཞེས་པ་ལྟར་འདོད་དོ། །
གཉིས་པ།
ཁ་ཅིག་གིས། གྲུབ་མཛོད་ཀྱི་ལུང་། མ་དག་གཞན་དབང་ནི།  བག་ཆགས་སྣ་ཚོགས་པའི་དབང་གི་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བའི་ཡུལ་དོན་ལུས་དང་བཅས་པའོ། །  ཡུལ་ནི་གཟུགས་ལ་སོགས་པ་ལྔའོ། །  དོན་ནི་རྣམ་པར་ཤེས་པ་རྐྱེན་གཞན་ལས་སྐྱེ་མཆེད་དུ་གྲུབ་པ་ཚོགས་བརྒྱད་དོ། ། ཞེས་པ་དང་། ཡིད་བཞིན་མཛོད་ཀྱི་རང་འགྲེལ་དུ། དེས་ན་གཟུགས་ནི།  ཀུན་བརྟགས་ཏེ་མེད་བཞིན་དུ་སྣང་བའི་ཕྱིར་དང་། དངོས་པོར་མེད་པས་རྒྱུས་བསྐྱེད་དུ་མེད་པའི་ཕྱིར་རོ། ། ཞེས་སོགས་དྲངས་ནས།  ཁྱོད་ལྟར་ན་ཀུན་བཏགས་གཞན་དབང་གཉིས་རྣམ་པ་ཀུན་འགལ་བར་སྣང་མོད། འོ་ན། ཀུན་མཁྱེན་ཆེན་པོའི་གཞུང་ལ་ནང་འགལ་བའི་སྐྱོན་དུ་འགྱུར་ཏེ། ཀུན་མཁྱེན་ཆེན་པོའི་ཐོག་མར་ཡུལ་གཟུགས་ལ་སོགས་པ་གཞན་དབང་དུ་འདོད་པར་གྲུབ་མཛོད་དུ་གསལ། རྗེས་སུ་གཟུགས་ལ་སོགས་ཀུན་བཏགས་ཡིན་པར་གོང་གི་གཞུང་དག་ལས་གསལ་བའི་ཕྱིར་ཞེ་ན།  སྐྱོན་མེད་དེ། གྲུབ་མཛོད་དུ་ཡུལ་གཟུགས་ལ་སོགས་པ་གཞན་དབང་ཡིན་པར་བཤད་པ་མ་ཡིན་ལ།  དེའི་སྐབས་སུ་གཞན་དབང་ཞེས་བཞག་པ་ཡིན་པར་འདོད་དེ།  གྲུབ་མཛོད་ཀྱི་གོང་གི་གཞུང་ཚིག་དེའི་འཕྲོར་”འདི་དག་ལས་དང་བག་ཆགས་ཀྱི་རྐྱེན་གཞན་ལ་ལྟོས་པས་གཞན་དབང་ཞེས་བཞག་པའོ།” ཞེས་གསུངས་སོ།  །
དགེ་འདིས་མཚོན་པའི་རྣམ་པར་དཀར་བའི་ལས་ཀྱི་འབྲས་བུ་ཇི་སྙེད་ཀུན། །
སྲིད་པའི་གྲོང་དུ་ཡང་ཡང་འཁྱམ་པའི་མ་གྱུར་འགྲོ་བ་ཡོད་དོ་ཅོག །
ཆགས་སྡང་དུ་ཁའི་མུན་པ་འཐུག་པོ་དམིགས་མེད་ཀློང་དུ་ཉེར་ཞི་ནས། །
བརྩེ་ཆེན་སྙིང་རྗེའི་བསིལ་ཟེར་དཀར་པོའི་འོད་ལ་རྟག་ཏུ་རེག་གྱུར་ཅིག །
འདི་རུ་རིགས་སྨྲའི་དཔུང་སྡེས་རྣམ་བཤད་ལ། །
འཐད་དང་མི་འཐད་འགའ་ཙམ་དཔྱད་ཞུས་པ། །
ལེགས་པའི་ཆ་ལས་དྲི་མས་མ་སྒྲིབ་པ། །
སངས་རྒྱས་བསྟན་པ་དར་བའི་ཕྱིར་དུ་བསྔོ། །
ཅེས་སྤྱི་ལོ2023 ལོར་སྔ་འགྱུར་མཐོ་སློབ་དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ལེགས་བཤད་ཉི་ཟླའི་དགའ་ཚལ་ནས་< རཊ་ཤུལ་ཐུབ་བསྟན་བསྟན་འཛིན་ནམ་དབྱངས་ཞི་བས་>སྦྱར་བའོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4499