སྒོ་མོ་ཚེ་རིང་བཀྲ་ཤིས་སམ་ཁྲི་སེམས་དཔའི་སྒྲུང་ཐུང་སད་དང་མ་སད་མི་འདུག་ལ་ཕྲན་ཙམ་དཔྱོད་པ།
གཅིག ཚོར་བའི་དཔྱོད་པ།
ངས་སྒོ་མོ་ཚེ་རིང་བཀྲ་ཤིས་སམ་ཁྲི་སེམས་དཔའི་སྒྲུང་རིང་དང་སྒྲུང་འབྲིང་།སྒྲུང་ཐུང་འགའ་རེ་མ་གཏོགས་བལྟས་མ་མྱོང་ཡང་།ངས་བལྟས་པའི་སྒྲུང་རྩོམ་དེ་དག་ལ་བལྟས་ན།ཁོང་གི་བསམ་བློ་ལས་དུས་རྒྱུན་མངོན་གྱིན་ཡོད་པ་ནི་གྲོང་ཁྱེར་ནང་གི་ཕུགས་བསམ་རིང་ལུགས་པ་དག་ལ་དངོས་ཡོད་འཚོ་བས་བརྡབ་གསུག་ཐེབས་པའི་སྐྱོ་གར་རྐྱང་རྐྱང་རེད།དཔེར་བཞག་ན་ཐེངས་འདིར་ངས་ཉུང་ཙམ་གླེང་འདོད་ཡོད་པའི་སྒྲུང་ཐུང་སད་དང་མ་སད་མི་འདུག་ཅེས་པ་ཡང་ཕུགས་བསམ་པ་ཞིག་གི་ཕུགས་བསམ་དང་འཚོ་བ་གཉིས་ཀྱི་བར་ནས་བྱུང་བའི་དཀའ་སྡུག་དང་ངལ་དུབ།སུན་གཅོང་གི་མི་ཚེ་ཞིག་རེད།
སྒྲུང་འདིའི་ཁ་བྱང་ལ་ལྟ་ཐེངས་ཙམ་གྱིས།འདིར་རྩོམ་པ་པོས་བརྗོད་འདོད་པ་ནི་མི་ཞིག་གི་ཧ་ཅང་འུ་ཐུག་པའི་སྐྱིད་སྡུག་ཅིག་ཡིན་པ་ཤེས་ཐུབ།
སྒྲུང་ནང་གི་མི་སྣ་གཙོ་བོ་ལ་མཚོན་ན།སད་པ་ནི་དངོས་ཡོད་འཚོ་བ་ཡིན་ཡང་།སད་པས་ཁོའི་མི་ཡུལ་དུ་གསོན་པའི་འདོད་བློ་སྐོང་མི་ཐུབ་ཅིང་།སད་པས་ཁོའི་དངོས་ཡོད་འཚོ་བའི་རང་བརྩི་གོང་དུ་སྤོར་མི་ཐུབ།ད་རུང་སད་པས་ཁོས་ཕུགས་བསམ་དོར་བའི་ཕམ་ཁ་དེ་དག་གིས་བསྐྱེད་པའི་ན་ཟུག་མྱོང་དགོས་ཤིང་།སད་པས་ཕ་ཡུལ་གྱི་ཁྱིམ་མིས་བཅིངས་བའི་རེ་འདུན་མང་པོ་ལ་མཚོན་ཆ་ཀླན་ནས་རང་གིས་རང་ཉིད་ལ་ཐེངས་མང་གཞུ་དགོས།དེ་བས།མ་སད་ན་དེ་ཚོ་ཡོད་ཚད་དང་ཁ་འབྲལ་ལ།མ་སད་ན་རྨི་ལམ་དང་དབང་རྩས་སྦྱིན་པའི་བདེ་བ་འདྲ་མིན་ཆུ་ཀློང་བརྡོལ་བ་བཞིན་ཁོའི་སྟོང་བསམ་གྱི་ཡི་གར་ཡང་ཡང་འཐིམ་ཡོང་བས།མ་སད་ན་ཁོའི་མི་ཚེ་ནི་བདེ་བ་ལོག་ལོག་ཅིག་ཡིན་ལ།མ་སད་ན་ཁོའི་མི་ཚེ་ནི་འདོད་དོན་སྣ་ཚོགས་ཀྱིས་བསྐྲུན་པའི་ཞིང་ཁམས་ཤིག་ཡིན།
སྒྲུང་འདི་ནི་ངལ་དུབ་ཀྱིས་གྲུབ་པའི་སྒྲུང་ཞིག་རེད།ཀློག་པ་པོས་ལྟ་ཀློག་གི་གོ་རིམ་ཁྲོད་ནས་རང་ཉིད་ལ་ཁ་ཕྱོགས་ངེས་མེད་ནས་འོང་བའི་ངལ་དུབ་ཅིག་དལ་གྱིས་སེམས་ལ་འཛུལ་གྱིན་སིམ་འགྲོ་བ་རྟོགས་ཐུབ།དེ་ཡང་སྒྲུང་ནང་གི་མི་སྣ་གཙོ་བོ་ནི་སྒྲུང་འདིའི་ཁ་ལོ་བ་གཅིག་པུ་དེ་ཡིན་ལ།ཁ་ལོ་བ་འདི་ཡང་མགོ་འཁོར་བའི་ལམ་འགྲོ་བ་ཞིག་དང་མཚུངས་བར་ཁ་ཕྱོགས་མེད་པའི་གཞུང་ལམ་དུ་སོང་སོང་མཐར།དེ་ཡིས་ཁྲིད་པའི་ཀློག་པ་པོ་ཚོ་ཡང་རིམ་བཞིན་ངལ་དུབ་ཀྱིས་མནན་ནས།རང་ཉིད་སད་ཡོད་དང་སད་མེད་པའི་ཐེ་ཚོམ་གྱི་ཁ་མཚམས་ཤིག་ལ་འཐེན་འགྲོ འདི་ལྟར་བྱེད་པ་ནི་སྒྲུང་འདིའི་དམིགས་ཡུལ་ཡིན་ལ།སྒྲུང་ནང་གི་མི་སྣ་གཙོ་བོའི་དམིགས་ཡུལ་ཡང་ཡིན་པར་སེམས།
ལན་རེར་མི་ཞིག་ལ་ཕུགས་བསམ་ལས་ཅིའང་མེད།ཡང་ན་ཅིའང་མེད་པའི་མི་ལ་ཕུགས་བསམ་ནི་རྒྱུ་ནོར་ཡིན།ཕུགས་བསམ་ནི་གོ་ས་ཡིན།སྒྲུང་ནང་གི་མི་སྣ་གཙོ་བོ་དངོས་ཡོད་ན་ཡོད་དུས།ཡང་མིན་ན་རྨི་ལམ་ལ་བསམ་གཞིག་བྱེད་པར་སྤྲོ་ལ།ཡང་མིན་ན་ཕུགས་བསམ་ལ་ཕྱིར་དྲན་བྱེད་པར་སྤྲོ།ཁོ་རང་སློབ་ཆེན་དུ་ཡོད་པའི་འཚོ་བ་ནི་ཕུགས་བསམ་དང་མི་ཚེ།མི་ཚེ་དང་ཕུགས་བསམ་གཉིས་གཡེལ་མེད་དུ་གྲུབ་པའི་ལོ་ཟླ་ཞིག་རེད།ཁོས་དེ་དག་ལ་ཕྱིར་དྲན་བྱེད་དུས།གཞོན་ནུ་ཞིག་གི་ལང་ཚོ་མེ་བཞིན་འབར་ཞིང་ཆུ་བཞིན་གང་སར་གཤར་ནས།མི་སྒེར་གྱི་རང་མཐོང་ལ་དུས་རྟག་པར་མེ་སྟག་མཆེད་ཅིང་ལང་ཚོའི་གསོན་ཤུགས་ལ་ཆར་ཀྱིས་འཁྲུད་ཀྱིན་པ་རྟོགས་ཐུབ།འདི་དག་ནི་ཁོའི་ཕྱིར་དྲན་ཡིན་པས།འདི་དག་ནི་ཁོའི་ཕུགས་བསམ་གྱིས་བསྐྱེད་པའི་ནུས་ཤུགས་དང་ལང་ཚོ་ཡིན་པས།འདི་དག་ཕྱིར་དྲན་བྱེད་པ་ནི་རང་ཉིད་བར་སྟོང་གི་ཁྱད་པར་མེད་ཅིང་དུས་ཚོད་རྟག་པའི་སླར་ཡང་གསོན་ཐེངས་གཅིག་རེ་ཅི་མ་ཡིན།འོན་ཀྱང་།ཕྱིར་དྲན་ལ་མོས་པ་ཐལ་ཆེ་བའི་མི་ནི།སྐབས་ལན་རེར་འཚོ་བས་མནར་བའི་གཉོམ་ཆུང་དང་དངོས་ཡོད་ཀྱིས་མི་ཚོགས་ནས་ཕུད་པའི་ཡུལ་གྱར་བ་རེ་ཅིས་ཀྱང་ཡིན་འགྲོ
ཁོའི་ཕུགས་བསམ་གྱི་འདུན་པ་རྒུད་ནས་རྒུད་དུ་འགྲོ་དུས། ཁོ་ནི་མི་གཞན་གྱི་རྒྱུ་ནོར་ལ་ཡིད་སྨོད་སྐྱེས་མཁན་ཞིག་ཏུ་འགྱུར་གྱིན་གྱུར།ཁོས་ཐ་ན་རྨི་ལམ་དུ་ཡང་རང་ལ་ཁང་པ་གང་འདྲ་ཞིག་དང་རླངས་འཁོར་གང་འདྲ་ཞིག་ཡོད་པ་སོགས་རྨིས་ཏེ་རང་ཉིད་ཀྱི་རྒྱུ་ནོར་ལ་ཧམ་པའི་འདོད་པ་མངོན་གྱིན་ཡོད།ཁོ་ནི་མ་གཞི་ཡར་སྐུལ་གྱི་བསམ་སྤྱོད་ལྷོག་ལྷོག་ཏུ་གདུ་བའི་གཞོན་ནུ་ཞིག་ཡིན་པས།ལས་ཀར་ཞུགས་མ་ཁད་ཁོས་རང་གིས་རང་ལ་འཆར་གཞི་བཟོས་ཤིང་།རང་གིས་རང་ལ་ཕུགས་འདུན་གྱི་སྣུམ་རྩི་འཁྱུལ་བའི་མ་འོངས་པ་ལ་མདུན་བསུ་བྱས།ཡིན་ནའང་།ཉེ་འཁོར་གྱི་མི་ཡི་རིན་ཐང་གི་ལྟ་ཚུལ་ལས་ཁོའི་རིན་ཐང་གི་ལྟ་ཚུལ་ཡང་རིམ་བཞིན་འགྱུར་ནས་ཉེ་འཁོར་གྱི་མི་དང་འདྲ་བ།ཡང་ན་ཉེ་འཁོར་གྱི་མི་ལས་ཐབས་རྡུགས་སུ་གྱུར་ནས།གཞན་གྱི་བརྡར་གཅོད་ཀྱིས་རང་གི་རིན་ཐང་མངོན་དགོས་པ་ཞིག་ཏུ་གྱུར།
མི་གཙོ་ཆེ་བ་ནི་མ་གཞི་ནས་འདི་འདྲ་ཞིག་ཡིན།རྩོམ་པ་པོས་མི་སྣ་གང་ཞིག་བཞེངས་སྐྲུན་བྱས་ཏེ།དེ་ཡིས་དངོས་ཡོད་འཚོ་བ་ནས་དཔའ་རྟགས་ཅི་འདྲ་ཞིག་བསྟན་པའི་དོན་དག་བརྗོད་པ་མིན་པར།སྤྱིར་བཏང་གི་གཞོན་ནུ་ཞིག ཡང་ན་མི་ཚང་མ་དང་འདྲ་བར་སློབ་ཆེན་གྱི་སྐབས་སུ་ཕུགས་བསམ་གྱིས་གསོས་པའི་གཞོན་ནུ་ཡར་སྐུར་ཅན་ཞིག་དང་།ལས་ཀར་ཞུགས་རྗེས་རྒྱུ་ནོར་དང་གོ་ས་ཡིས་གང་སར་འཕངས་བའི་མི་བུ་གཉོམ་ཆུང་ཞིག་གི་འཚོ་བ་དངོས་དེ་འགྲེམ་སྟོན་བྱས་པ་དེས།ང་ཚོ་ལ་བསམ་གཞིག་བྱས་རིན་ཡོད་པའི་ལམ་བུ་ཞིག་བསྟོན་པ་དང་མཚུངས།ལམ་བུ་དེ་ནི་སྒྲུང་ནང་གི་མི་སྣ་གཙོ་བོ་ཐེངས་གཅིག་བགྲོད་ཟིན་པའི་ལམ་བུ་དེ་ཡིན་ལ།ལམ་བུ་དེ་ནི་སྒྲུང་ནང་གི་མི་སྣ་གཙོ་བོི་ད་རུང་བགྲོད་མ་མྱོང་བའི་ལམ་བུ་དེ་ཡང་ཡིན།
སྒྲུང་ནང་གི་ང་ལ་མིང་མེད་པ་ནི།ང་ལ་སྤྱི་ཚོགས་ན་གནས་ས་ཡང་དག་ཅིག་མེད་པ་དང་མཚུངས་ལ།ང་རང་ཐོབ་དང་གོ་ས་ཡིས་བཟུང་བའི་འཚོ་བ་འདི་ནས་མ་བསྐྲད་རང་ཤུགས་ཀྱིས་རྒྱང་ཕུད་བཏང་བ་དང་འདྲ།ང་ནི་རྨི་ལམ་གྱིས་བཟི་རུ་བཞག་ཀྱང་།དངོས་ཡོད་ཀྱིས་སྨྱོ་རུ་བཅུག་པའི་མི་ཕལ་བ་ཞིག་ཡིན།ད་རུང་ང་ནི་དངོས་ཡོད་ཀྱིས་རྨི་ལམ་དུ་ཁྲིད་ཅིང་།རྨི་ལམ་གྱིས་དངོས་ཡོད་ལ་ཁྲིད་པའི་འཆར་ཡན་གྱི་བྲན་གཡོག་ཅིག་ཡིན།སྤྱི་ཚོགས་འདི་ནས་ང་ལ་མཚོན་ན་ང་ནི་ཡོད་པ་ཡིན་ཡང་།མི་མང་པོ་ཞིག་གིས་ང་ནི་མེད་པ་ཞིག་ཏུ་འདོད་དེ།ཡང་ན་ང་ནི་རླུང་ལྟར་རྒྱུ་ཡང་གཞན་གྱིས་མི་མཐོང་ལ།བ་སྤུ་ལྟར་ནམ་མཁར་གཡེང་ཡང་སུ་གཅིག་ལ་ཡང་བག་ཆགས་བཟོ་མི་ནུས།འདི་ནི་སྒྲུང་ནང་གི་ངའི་གནས་བབ་ཡིན་ནམ།འཚོ་བའི་ནང་གི་ངའི་གནས་བབ་ཡིན།ཡང་ན་ང་ཚོ་ཚང་མའི་གནས་བབ་ཡིན།
ཁོ་སྨྱོས་ཟིན་ཡང་སྨྱོན་པ་མིན་པར་འདོད་པ་ནི་རང་གིས་རང་ལ་བཙལ་བའི་བརྩི་མཐོང་ཐ་མ་དེ་ཡིན་ངེས།ཁོ་ལ་མཚོན་ན།གཞན་གྱི་ལྟ་སྟངས་ཀྱིས་ཁོ་རང་གི་མདུན་ལམ་ལ་ཁ་ལོ་བསྒྱུར་ནུས་པས།ཁོ་ནི་རང་གི་དོན་དུ་གསོན་ཡོད་ལ།གཞན་གྱི་དོན་དུ་ཡང་གསོན་ཡོད།ཡང་ན་ཁོ་ནི་ཚང་མའི་དོན་དུ་གསོན་ཡང་།རང་གི་དོན་དུ་སྨྱོས་ཟིན་པའི་ཟློས་གར་བ་ཞིག་རེད།ཁོ་ལ་ལྟ་མཁན་མེད་ཀྱང་།ཁོ་ལ་འཁྲབ་གཞུང་ཞིག་ཡོད།ཁོ་ལ་འཁྲབ་རིན་མེད་ཀྱང་།ཁོ་ལ་དམིགས་ཡུལ་ཞིག་ཡོད།དམིགས་ཡུལ་དེ་ནི་འཚོ་བས་ཁོ་ལ་བྱ་དགའི་ཚབ་ཏུ་སྦྱིན་པའི་རྨི་ལམ་ཞིག ཡང་ན་དངོས་ཡོད་ཅིག ཡང་མིན་ན་འགན་འཁྲི་ཞིག ཡང་མིན་ན་བྲོས་བྱོལ་གྱི་ཚབ་ཏུ་རྒྱང་རིང་ནས་རྒྱང་རིང་དུ་ཡལ་ཟིན་པའི་ཕུགས་བསམ་དེའོ།།
གཉིས། རྟོག་པའི་དཔྱོད་པ།
སྒོ་མོ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་འདི་དང་རྒྱ་ནག་གི་གློག་བརྙན་《ཧྲོའུ་སྐུ་ཞབས།སྐུ་ཁམས་བཟང་།》ཞེས་པ་འདི་གཉིས་ལ་འདྲ་ས་མང་པོ་འདུག ཧྲོའུ་སྐུ་ཞབས་ནི་རང་གི་ཐོབ་ཐང་འཚོལ་འདོད་ཀྱང་འཚོ་བའི་ནང་གི་མི་དང་དོན་དག་གིས་མཐའ་ཁར་དེད་ཅིང་།རང་ཉིད་ལ་ལྷག་པའི་ཐ་མའི་བརྩི་མཐོང་བོར་བ་དང་མཉམ་པོར་སྡེ་མཐའི་སྡོང་མགོ་དང་ལ་ཁ་རུ་འཁྱམ་ཉུལ་བྱས་ཏེ་རིམ་བཞིན་དབང་བོ་མི་དྭངས་བར་གྱུར་ནས་སྨྱོས་པ་ཞིག་རེད།དེ་བས་སྒྲུང་ནང་གི་ང་ཡང་རང་གིས་བསམས་ན་རང་ཉིད་སྙན་ངག་པ་ཞིག་ཡིན་པས་མི་ཚད།སྙན་ངག་ནི་ཁོ་བོའི་མདུན་བསྐྱོད་ཀྱི་སྒུལ་ཤུགས་ཡིན་ལ།རང་ཉིད་གཞན་པ་དེ་ཡང་ཡིན་པས།སྙན་ངག་ལ་མི་གཞན་གྱིས་དམའ་འབེབས་བྱས་ན་ངས་རྒོལ་ལན་སྤྲོད་ལ།སྙན་ངག་ལ་མཆིལ་ཞགས་འཕངས་ན་ངས་འཁོན་སེམས་འཆིང་མོད།མི་གཞན་ལ་མཚོན་ན།སྙན་ངག་ནི་ཆ་ག་ཆག་གེ་སྟེ།མཁོ་མེད་ཀྱི་ཅ་ལག་ཅིག་གམ་དོན་མེད་ཀྱི་ལབ་གླེང་ཙམ་ལས་ཅིའང་མིན།དེའི་ཕྱིར་ན།སྙན་ངག་གི་ཐོབ་ཐང་བོར་ན་ངའི་ཐོབ་ཐང་བོར་བ་དང་མཚུངས་ལ།སྙན་ངག་ལ་གནས་ས་མེད་ན་ང་ལ་གནས་ས་མེད་པ་དང་མཚུངས།འདི་ལྟར་ང་ལ་གཞན་གྱིས་དོན་དུ་མི་བརྩི་ཞིང་འདི་ལྟར་ང་རང་འཚོ་བའི་དགོས་མཁོ་དང་རྒྱང་དུ་བཀྱེད་དུས།ངས་ནི་ང་གཞན་ཞིག་བཞེངས་སྐྲུན་བྱེད་པའམ་ང་གཞན་ཞིག་རྟོག་པས་བཙལ་ནས་སྙན་ངག་ལ་ངུ་འབོད་མི་བྱེད་ག་མེད་ཡིན།ཆེས་ཐ་མའི་ང་གཉིས་ནི་དངོས་ཡོད་དང་རྨི་ལམ་གྱི་ང་ཡིན་ལ།ཆེས་ཐ་མའི་ང་གཉིས་ནི་ཕུགས་བསམ་དང་འཚོ་བ་གཉིས་ཀྱི་ང་ཡིན།དེ་བས་ང་གཉིས་མཉམ་དུ་འཛོམས་ནས་སྙན་ངག་ལ་ངུ་འབོད་བྱེད་པ་ནི་འཚོ་བ་ལ་གྱེས་བརྡ་བཏང་བ་ཡིན།ངས་ཕུགས་བསམ་གྱི་ང་དེ་མ་འགྲུབ་ལ།ངས་དངོས་ཡོད་ཀྱི་ང་དེ་མ་འཁྱོངས་བས།ང་ནི་ང་གཉིས་ཀྱིས་དོར་བའི་མི་དེ་ཡིན་ལ།ང་ནི་ང་གཉིས་ཀྱིས་ཞེན་ཁ་ལོག་པའི་མི་དེ་ཡང་ཡིན།
དེ་དང་འདྲ་བའི་བརྩམས་ཆོས་ད་རུང་མང་དུ་མཐོང་རྒྱུ་ཡོད།དཔེར་བཞག་ན།ཡིས་ཧྭ་ཡི་《ང་ལ་རང་གི་མིང་མེད》་ཅེས་པའི་སྒྲུང་ཐུང་ཡང་གླེན་པ་ཞིག་གི་མི་ཚེ་ཧྲིལ་བོ་བརྒྱུད་དེ་གཞན་གྱིས་བརྙས་བཅོས་མྱངས་བའི་འཚོ་བ་ཞིག་ཇི་བཞིན་བརྗོད་ཡོད་པ་ལྟ་བུ་རེད།སྒྲུང་འདི་ཚོར་བལྟས་ན།རྩོམ་པ་པོ་ཚོས་ནམ་ཡང་མི་གཉོམ་ཆུང་ངམ་ཕུགས་བསམ་ཡོད་ཀྱང་གཞན་གྱིས་མིག་འོག་ཏུ་འཕངས་བའི་དོན་དངོས་དག་ལ་ཐེར་འདོན་དང་རྒོལ་རྡུང་།ཡང་ན་རང་གི་བསམ་ཚུལ་མངོན་ནས་དགག་པ་གཏོང་གིན་ཡོད།སྒྲུང་འདིའི་ནང་གི་ང་ཡིན་ན་འདྲ།གློག་བརྙན་ནང་གི་ཧྲོའུ་སྐུ་ཞབས་ཡིན་ན་འདྲ།ཡང་མིན་ན་ང་ལ་རང་གི་མིང་མེད་ནང་གི་ལེ་ཧྥ་ཡིན་ན་འདྲ།ཚང་མར་མི་ཡི་རྒྱབ་རྩ་མེད།ཐོབ་ཀྱི་རོགས་གདན་མེད།འབྱོར་བའི་འཁོས་ཀ་མེད་པས།མི་རྣམས་ཀྱི་མཁོ་བ་དང་འབྲེལ་བ་མེད་ཅིང་ཁེ་ཕན་ལ་དེ་བས་ཀྱང་སྐྱོར་གདན་མི་ཐུབ་པས།ཁོ་ཚོས་མི་འདི་དག་རྩ་བ་ནས་མིག་ནང་དུ་མི་འཇོག དེ་ལས་ཀྱང་ཚད་བརྒལ་ཞིག་ཡོད་པ་ནི།མི་རྣམས་ཀྱིས་ཅིའང་མེད་པའི་མི་ལ་བརྙས་བཅོས་བྱེད་པར་སྤྲོ་ལ།ཟུར་ཟ་བྱེད་པར་དེ་བས་མོས།
ཡིན་ནའང་།གཉོམ་ཆུང་གི་མི་རྣམས་ལ་མཚོན་ན།ཆེས་རྨས་སྐྱོན་ཐེབས་པའི་བྱ་སྤྱོད་དམ་དབང་རྩ་འཁྲུག་པའི་རྐྱེན་གཙོ་བོ་ནི་མི་རྣམས་ཀྱིས་རྩ་བ་ནས་རྒྱབ་ཏུ་འདོར་བ་ཡིན།སྒྲུང་ནང་གི་ང་མགོ་ཁྲིད་དང་འགལ་བ་བྱུང་རྗེས།གྲོགས་པོ་དག་ཀྱང་རྒྱང་དུ་བཀྱེད་སོང་།གྲོགས་པོ་མེད་པས་ང་ནི་ཁེར་རྐྱང་བ་ཞིག་ཏུ་གྱུར་ལ།ལས་གྲོགས་ཚོའི་རྒྱུ་འབྱོར་དང་འབྲེལ་བའི་ལབ་གླེང་ལ་དེ་བས་ཞུགས་མི་ཐུབ་པས།ང་ནི་མི་ཡི་ཚོགས་པ་དང་རྒྱང་ནས་རྒྱང་དུ་བཀྱེད།དེའི་ཕྱིར་ན།མཐོང་ཆུང་ཡན་གྱི་མི་སེམས་ལ་གནོད་པ་ཞིག་དང་།རྒྱང་དུ་འདོར་བ་ལས་མི་ཡི་འཚོ་གནས་ལ་གནོད་འཚེ་ཆེ་བ་ཞིག་ཡོད་མི་སྲིད་པས།ང་ཡང་མཇུག་མཐར་གཞན་གྱི་བརྡར་གཅོད་ཀྱིས་ཕུད་པའི་སྨྱོན་པ་ཞིག་ཏུ་གྱུར་སོང་ལ།ཧྲོའུ་སྐུ་ཞབས་ཀྱང་མཇུག་མཐར་མི་ཚོགས་ཀྱིས་ཡུལ་མཐར་དོར་བའི་གཉུག་མ་ཞིག་ཏུ་གྱུར་སོང་།
གསུམ་པ། ཐ་མའི་དཔྱོད་པ།
ཐ་མར་ང་ལ་ལུས་པའི་དྲི་བ་ཞིག་ནི།སྒོ་མོ་ཚེ་རིང་བཀྲ་ཤིས་ཀྱིས་སྒྲུང་ཐུང་འདི་འབྲི་དགོས་པའི་དམིགས་ཡུལ་ཅི་ཡིན།ཡང་ན་སྒྲུང་ཐུང་འདིས་ཁོ་མི་སྒེར་ཙམ་མ་ཡིན་པར་ང་ཚོའི་འཚོ་བ་ལ་ཕན་པ་གང་ཞིག་བཏགས་འདུག ངས་ནམ་རྒྱུན་བརྩམས་ཆོས་གང་ཞིག་ལ་བལྟས་ཀྱང་།ཐ་མར་བརྩམས་ཆོས་དེ་ལས་སྤྱི་ཚོགས་ལ་ཕན་གང་འདྲ་ཞིག་བཏགས་འདུག་པའི་ཕྱོགས་ལ་བསམ་གཞིག་གཏོང་གིན་ཡོད།སྤྱིར་དེང་སང་གི་རྩོམ་པ་པོ་མང་བོས་རྩོམ་འབྲི་བའི་དམིགས་ཡུལ་ནི་རང་ཉིད་ཀྱི་ཚོར་བ་ཕྱི་རུ་མངོན་པ་དང་།རང་ཉིད་གཞན་ཞིག་གི་འཚོ་བ་ཕྱི་རུ་མངོན་པ་ཙམ་ལ་བཟུང་འདུག་མོད། ངས་ནི་རྩོམ་འབྲི་བའི་དམིགས་ཡུལ་ནི་དེ་ཙམ་སླ་མོ་ཞིག་གམ་དེ་ཙམ་རྒྱ་ཆུང་བ་ཞིག་ཏུ་འདོད་ཀྱིན་མེད།གལ་ཏེ་རྩོམ་འབྲི་བ་ནི།རང་གི་དགའ་སྐྱོའི་ཚོར་བ་ཙམ་ཕྱི་རུ་མངོན་པ་དེ་ཡིན་ན།རྩོམ་འབྲི་བ་ནི་ལབ་གླེང་ཙམ་གྱི་ཁྱབ་ཁོངས་སུ་བསྡུ་ཆོག་པ་ཞིག་རེད།
ཡང་འགའ་རེས་རྩོམ་འབྲི་བའི་དམིགས་ཡུལ་ནི་མེ་ལོང་ཞིག་བཞེངས་སྐྲུན་བྱས་ཏེ།ཀློག་པ་པོ་རེ་རེ་ལ་གཟུགས་བརྙན་མི་འདྲ་བ་རེ་མཐོང་རྒྱུ་ཡོད་ལ།གཟུགས་བརྙན་རེ་རེ་ལ་མི་སྒེར་གྱི་ལྟ་སྟངས་མི་འདྲ་བ་རེ་ཡོང་བའི་ཆེད་དུ་རེད་ཅེས་བཤད།གང་ལྟར།ངས་བསམས་ན།རྩོམ་འབྲི་བའི་དམིགས་ཡུལ་ནི་རྫ་ཆུ་དྭངས་མ་ཞིག་གཤར་དུ་བཅུག་སྟེ།ཀློག་པ་པོ་རེ་རེ་ལ་ལུས་སེམས་ཀྱི་ཕྱི་དོར་ཐེངས་གཅིག་བྱེད་དུ་འཇུག་རྒྱུ་དེ་ཡིན་པར་སེམས།
དེའི་ཕྱིར་ན།སྒོ་མོ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་འདིའི་དམིགས་ཡུལ་ནི་ཧ་ཅང་གསལ་ཏེ།ཕུགས་བསམ་ཡོད་པའི་མི་རྣམས་ལ་སྐུལ་ལྕག་གམ་ཉམས་མྱོང་གིས་དྲངས་བའི་ལྕག་ཚན་ཞིག་རེད་ལ།ཕུགས་བསམ་ཡོད་མཁན་ཚོར་འཕྱ་སྨོད་ཀྱི་མིག་ཟུང་འཆིང་མཁན་དག་ལ་སྙིང་འཁོན་གྱི་ཟུར་ཟ་ཞིག་རེད།དོན་ངོ་མས།རྩོམ་པ་པོ་ནི་སྒྲུང་ནང་གི་ང་དེ་ཡིན་སྲིད་ལ།ཡང་མིན་ན་ངའི་གྲོགས་པོ་ཡིན་སྲིད།ཡང་མིན་ན་ང་ལ་གདོང་སེམས་བསྐྱེད་མཁན་ཞིག་ཡིན།མཐར་བཤད་ན།རྩོམ་པ་པོ་ནི་སྒྲུང་ནང་གི་ང་དང་སྙན་ངག་ལ་འཕྱ་སྨོད་བྱེད་མཁན་གྱི་མགོ་ཁྲིད་དེའི་རིགས་ལ་རྒོལ་བ་གཏོང་མཁན་ཞིག་རེད་ལ།རྩོམ་པ་པོ་ནི་སྒྲུང་ནང་གི་ངས་ཉིན་རྟག་པར་སེམས་ལ་བསམ་པའི་རྒྱུ་འབྱོར་གྱི་འཁོས་ཀ་གནང་བའི་རྨི་ལམ་གྱི་ང་གཞན་པ་དེ་ཡིན་ཡང་སྲིད།གང་ལྟར།རྩོམ་པ་པོ་ནི།ང་ལ་དགའ་མཁན་ཞིག་ཡིན་ལ།ང་ལ་དགག་མཁན་ཞིག་ཀྱང་ཡིན།ཡང་མིན་ན།རྩོམ་པ་པོ་ནི་གཞན་ལ་གནག་མཁན་དེ་ཡིན་ལ།གཞན་ལ་ཡིད་སྨོད་འཆིང་མཁན་ཡང་ཡིན་ངེས།
འཇིག་རྟེན་གྱི་མི་ལ་བསམ་བློ་མང་ཞིང་།རྩོམ་པ་པོ་ལ་བསམ་བློ་དེ་ལས་མང་།རྩོམ་པ་པོས་སྒྲུང་ཞིག་འཛུགས་སྐྲུན་བྱས་ཏེ་མི་རྣམས་ལ་གནས་ལུགས་ཀྱི་སྐད་ཆ་འགའ་རེ་བཤད་ཀྱིན་ཡོད།ཡིན་ཡང་།མི་རྣམས་ལ་མཚོན་ན།སྐབས་ལན་རེར་སྒྲུང་ནི་གནས་ལུགས་ཀྱི་ཚབ་ཏུ་མི་འགྲོ་བར།ལྟན་མོའི་ཚབས་སུ་བུད་འགྲོ འདི་ཡང་དེང་སང་རྩོམ་པ་པོ་མང་པོས་འདོན་གྱིན་པའི་ལྟ་ཚུལ་ཞིག་ཡིན་པས།ཕྱོགས་གཅིག་ནས་བཤད་ན།ལྟན་མོ་བ་ལ་ལྟན་མོ་སྟོན་པ་ནི་རྩོམ་པ་པོའི་ལས་འགན་གཞན་ཞིག་ཡིན།དེ་བས་སྒྲུང་འདིའི་ནུས་པའམ་ཕན་པ་ཡང་ལྟན་མོ་དང་མྱོང་བ་སོགས་ལ་བརྟེན་ནས་དལ་གྱིས་ཀློག་པ་པོ་རེ་རེ་ཡི་སེམས་ལ་འཐིམ་དགོས་ཤིང་།མྱོང་བ་དང་བསམ་གཞིག་ལ་བརྟེན་ནས་སྒྲུང་ཐུང་འདི་དང་སྤྱི་ཚོགས་གཉིས་ཀྱི་མཚམས་སུ་ལུས་པའི་བར་ཐག་དེ་དག་ལ་གཞལ་ནས་ཅི་ནུས་ཀྱིས་ཤེས་དགོས་སོ།།
ཞེས་པ་འདི་ནི་ཕྱག་ཕྲེང་སྒྲོ་མདོག་ནས་སྙུག་མིང་ལ་བོད་སྐད་བཤད་དུ་འབོད་པས་སྤྱི་ལོ་༢༠༡༨ལོའི་ཟླ་༣པའི་ཚེས་༣༠ཉིན་བྲིས་པའོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=449
ཉེ་མཆན།