བླ་མ་རྣམས་ལ་ཕྱག་འཚལ་ལོ།།
ཀྱེ་མ་དུས་མཐའི་རྣལ་འབྱོར་རི་ཁྲོད་པ།།
གངས་ཅན་རྒྱུད་དུ་བྱུང་བ་འདི།།
བཀའ་བརྒྱུད་རྣམས་ཀྱི་གཤེགས་ཤུལ་དུ།།
བརྩོན་པ་ཆུང་ཡང་འདི་སྐད་ལོ།།
ཡང་དེང་སང་དུས་ཀྱི་ཆོས་མཛད་རྣམས།།
ཆོས་ཚུལ་བཞིན་ཉམས་སུ་མི་ལེན་པར།།
ལོ་འདོད་གཡེང་བའི་རྗེས་སུ་འབྲང་།།
འདི་ཅུང་ཟད་བྱ་བ་ནོར་བ་ལགས།།
འདོད་སྲེད་ཕ་ཡུལ་སྤངས་ནས་ཀྱང་།།
བསྟན་པའི་སྤྱི་དོན་སྒྲུབ་བོ་ཞེས།།
གཞན་གྱི་ཡུལ་དུ་ཆགས་སྡང་སོགས།།
འདི་ཡང་འཁྲུལ་བའི་སྤྱོད་པ་ལགས།།
ཕ་ཞིང་གི་སོ་ནམས་བཤོལ་ནས་ཀྱང་།།
མཐུན་རྐྱེན་གྱི་ལྡོམ་བུ་བྱེད་དོ་ཞེས།།
ཅུང་ཟད་ཙམ་ལ་མ་བྱིན་ལེན།།
འདི་ཡང་ལོག་པའི་སྤྱོད་པ་ལགས།།
གཉེན་གྱི་གསེབ་ནས་བྲོས་ནས་ཀྱང་།།
མཆེད་གྲོགས་ཀྱི་ཞེན་པ་བྱེད་དོ་ཞེས།།
དོན་མེད་ཆགས་སྡང་དུང་དུ་ལེན།།
འདི་ཡང་འཁྲུལ་བའི་སྤྱོད་པ་ལགས།།
རྒྱལ་བའི་བསྟན་ལ་འཇུག་གོ་ཞེས།།
ཚུལ་ཁྲིམས་ཀྱི་བསླབ་པ་བླངས་ནས་ཀྱང་།།
འདི་ནི་གོང་མའི་བཀའ་ཡིན་ཞེས།།
ལོག་པར་སྤྱོད་པ་ཤིན་ཏུ་རྨོངས།།
དབེན་པར་བསམ་གཏན་སྒྲུབ་བོ་ཞེས།།
དགེ་འདུན་གྱི་གནས་མལ་དོན་ནས་ཀྱང་།།
ལུང་སྟོང་དུ་ཙབ་ཙུབ་མང་བ་དེ།།
རྣམ་རྟོག་དགྲ་ཡིས་གཡེང་བ་ལགས།།
རང་སེམས་ཀྱི་རྩ་བདར་མི་གཅོད་པར།།
མཁས་པའི་བག་ཚགས་འཇོག་གོ་ཞེས།།
ཡིག་ནག་གི་རྗེས་སུ་འབྲངས་པ་དེ།།
ལོག་པའི་ལམ་དུ་ཁྲིད་པ་ལགས།།
མཉམ་ཉིད་ཀྱི་སྙིང་རྗེ་མ་སྐྱེས་བར།།
སེམས་བསྐྱེད་ཀྱི་བསླབ་བྱ་ཡིན་ནོ་ཞེས།།
ཞེན་པས་སྙིང་རྗེ་སྒོམ་པ་དེ།།
འདོད་སྲེད་ཀྱི་འདམ་དུ་བྱིང་བ་ལགས།།
རྒྱལ་བའི་བཀའ་ལ་མི་སྦྱོར་བར།།
ང་མཁས་ང་ཆེ་འདོད་པའི་ཕྱིར།།
ལོག་ལྟ་དང་ཟུར་ཟ་སྨྲ་བ་དེ།།
ངན་འགྲོར་ཁྲིད་པའི་སྣ་ཐག་ལགས།།
མཉམ་ཉིད་སྙིང་རྗེ་མ་ཐོབ་པར།།
བླ་མེད་བྱང་ཆུབ་སྒྲུབ་བོ་ཞེས།།
བརྩོན་འགྲུས་འབད་པ་བརྒྱ་བྱས་ནས།།
རྒྱལ་བའི་སྲས་ལས་བྱུང་བ་ལགས།།
རང་སེམས་ཀྱི་རྩ་བདར་མ་ཆོད་པར།།
ཡིད་དཔྱོད་ཀྱི་སྟོང་ཉིད་བསྒོམས་ལགས་ཀྱང་།།
གནས་ལུགས་ཀྱི་དོན་ལ་རེག་པར་དཀའ།།
དེ་ཕྱིར་ཐར་པ་ཐོབ་པ་ཉུང་།།
སྙིགས་དུས་ཀྱི་རྣལ་འབྱོར་རི་ཁྲོད་པ།།
རྡོ་རྗེའི་མིང་ཅན་དེ་སྐད་ལོ།།
གཞན་ལ་ངན་བརྗོད་མ་ཡིན་ཏེ།།
རྒྱལ་བའི་བསྟན་པ་ནུབ་ཁ་འདིར།།
ཚུལ་བཞིན་སྒྲུབ་པ་རྒྱལ་ལོ་སྙམ།།
དེ་ཕྱིར་ཚིག་ཏུ་འདི་སྐད་བརྗོད།།
དོན་སེམས་ལ་ཞོག་ཅིག་སྐལ་ལྡན་ཀུན།།
འགལ་བར་གདའ་ན་བཟོད་པར་གསོལ།།
འདི་ནི་སངས་རྒྱས་ཀྱི་སྐྱེ་རབས་བརྒྱ་རྩ་གཅིག་བརྩམས་པ་ཚར་བའི་དུས། སྟག་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ་བཀྲ་ཤིས་གསར་མར་གསུངས་པའོ།། །།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4467
དཔྱད་མཆན་སྤེལ།