སྤྱི་དོན་གྱི་སྒོ་ནས་ངོ་བོ་མདོར་བསྟན་པ།
འདིར་ཐོག་མར་ངེས་དགོས་པ་ནི། སྐབས་འདིར་རྣམ་རྫོགས་སྦྱོར་བ་ཅིའི་ཕྱིར་འཆད་དགོས་པ་ཡིན་ཞེ་ན། སྐབས་དང་པོ་གསུམ་དུ་སོ་སོར་བཤད་པའི་མཁྱེན་གསུམ་གྱི་རྣམ་པ་དེ་དག སྦྱོར་བའི་ཉམས་ལེན་ཁྱད་པར་ཅན་དུ་བསྡུ་བའི་སྒོ་ནས་སྒོམ་བྱུང་གིས་རང་དབང་དུ་བྱ་བའི་ཕྱིར་དུ་ཡིན་ཏེ། རྒྱན་སྣང་ལས། “ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་སྐད་བཤད་པའི་རྣམ་པའི་ཡུལ་སོ་སོར་ངེས་པ་ཡིན་ལ། རྣམ་ཀུན་མངོན་པར་རྫོགས་པའི་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་ནོ། ། ”ཞེས་གསུང་པའི་ཕྱིར་རོ། ། འོན་ཀྱང་། རྣམ་རྫོགས་སྦྱོར་བ་ཡིན་ན་མཁྱེན་གསུམ་གྱི་རྣམ་པ་ལ་སྒོམ་བྱུང་གིས་དབང་བསྒྱུར་མ་ཐོབ་པའི་ངེས་པ་མེད་ལ། དབང་ཐོབ་ཕྱིར་དུ་སྒོམ་པའི་རྒྱུ་མཚན་དེ་བས་ཀྱང་མེད་མོད། སྦྱོར་བཞིའི་སྒོམ་རིམ་གྱི་ཆ་ནས་ཐོག་མར་མཁྱེན་གསུམ་ལ་སྒོམ་བྱུང་གིས་རང་དབང་ཐོབ་ཕྱིར་དུ་རྣམ་རྫོགས་སྦྱོར་བ་བསྒོམ་པར་ངེས་པ་ཡིན་ནོ། །
འོ་ན་བསྒོམ་བྱའི་རྣམ་པའི་དོན་གང་འདྲ་ཡིན་ཞེ་ན། འདི་ལ་སྤྱིའི་ཆ་ནས་བཤད་ན། ཡུལ་རང་ཉིད་ཀྱི་རྣམ་ལྡན་དུ་སྐྱེས་པའི་བློ་གང་ཡིན་ཡང་རང་གི་རྣམ་པ་ཡིན་དགོས་པ་དང་། སྐབས་འདིའི་སྦྱོར་བའི་རྣམ་པ་ཞེས་པ་ནི་གཞུང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་ཡིན་པས། སྦྱོར་བའི་རིགས་དང་སྡེ་ཚན་ལྟ་བུའི་ཆ་ནས་གོ་བ་ལེན་མི་རིགས་ལ། དེ་ལ་ཡང་ཤེས་རྣམ་དང་དོན་རྣམ་གཉིས་ཀྱི་རྣམ་བཞག་བྱུང་ཕྱིར། གཙོ་བོར་ཡུལ་དང་ཡུལ་ཅན་གྱི་ངོས་ནས་འབྱེད་པ་ཡིན། སྐབས་འདིར་ཕར་ཕྱིན་གྱི་བོད་འགྲེལ་རྙིང་པ་རྣམས་ལ་ཕྱིར་མིག་ཅིག་འཕངས་ན། རྔོག་ལོ་ཆེན་པོས་མཛད་པའི་དཀའ་འགྲེལ་རིན་ཆེན་སྒྲོན་མེ་རུ་དོན་རྣམ་གྱི་ཐ་སྙད་བྱུང་མི་འདུག་ཀྱང་། ཡུལ་ནི་མཁྱེན་པ་གསུམ་གྱི་རྣམ་པ་ཞེས་དང་། དེ་རྟོགས་པར་བྱེད་པའི་ཤེས་པའི་རྣམ་པ་ཞེས་འབྱུང་བས། སྔ་མ་ལ་ཕྱིས་སུ་རིམ་གྱིས་མི་ལོ་དུ་མར་འཆད་ཉན་གྱི་རྒྱུན་བསྐྱངས་ཏེ། བརྡ་ཆད་དང་རིགས་ལམ་གསར་བསྐྲུན། བཤད་རྒྱུན་སྔ་མར་ཁ་གསབ་དང་འཕྲི་སྣོན་གང་ལེགས་བྱས་ཏེ་འཕེལ་རྒྱས་ཀྱི་ལམ་བུར་ཕྱིན་པ་ནི། གཞུང་ལུགས་སྤྱི་འགྲོས་ལྟར་དོན་རྣམ་གྱི་བརྡ་ཁྱད་འདི་སྦྱར་བ་ཡིན་པར་སྙམ། གོ་རམ་པའི་གཞུང་དུ་རེད་མདའ་བའི་གསུང་སྒྲོས་ཞལ་འཕངས་མཛད་པ་འདི་ལྟར་མཐོང་སྟེ། “ཡང་དོན་རྣམ་བསྒོམ་བྱ་རྣམ་པ་མིན་པར་ཐལ། དེའི་ཐ་སྙད་མདོ་བསྟན་བཅོས་གང་ལས་ཀྱང་མ་བཤད་པའི་ཕྱིར་ཞེས་གསུང་། ” འདི་ལ་བལྟས་ན་རྗེ་རེད་མདའ་བས་དོན་རྣམ་ཞེས་པའི་ཐ་སྙད་འདི་དགོས་མཁོ་ཆེར་མེད་པའི་དགོངས་པ་བཞེས་ཡོད་པ་གསལ་པོ་ཡིན་ཡང་། ཇོ་བོ་ཆེན་པོ་ནས་བརྒྱུད་པའི་ཕར་ཕྱིན་གྱི་བཤད་རྒྱུན་ཁྲོད་ཤིན་ཏུ་གྲགས་ཆེ་བའི་བུ་ཊཱིཀ་ལས།“རྣམ་པ་གཞིར་བྱས་ལ་ཡུལ་ཡུལ་ཅན་གཉིས་སུ་ངེས་པས་དོན་རྣམ་ཤེས་རྣམ་གཉིས་སུ་ངེས་སོ། ། ”ཞེས་གསུང་སྟེ་དོན་རྣམ་གྱི་བརྡ་ཆ་འདི་སྤྱད་འདུག
གང་ལྟར་ཡང་། ཤེས་པ་གང་དེའི་རྟོགས་བྱའི་ཡུལ་ལ་དོན་རྣམ་དང་། ཤེས་རྣམ་ནི་བློ་སོ་སོའི་ངོ་བོ་ཉིད་ལས་མ་འདས་པའི་ཚུལ་ཤེས་པར་བྱས་ཏེ། སྐབས་འདིར་དོན་རྣམ་བརྒྱ་དང་བདུན་བཅུ་རྩ་གསུམ་ཡང་། ཤེས་རྣམ་བརྒྱ་དང་བདུན་བཅུ་རྩ་གསུམ་ལ་ལྟོས་ནས་བཞག་པ་ལས། དོན་རྣམ་གྲངས་ངེས་ཀྱིས་གཏན་ལ་ཕབ་པ་མེད་དེ། གཞི་གྲུབ་ན་དོན་རྣམ་ཡིན་པས་ཁྱབ་པའི་ཕྱིར་རོ། །གཞི་ཤེས་ཀྱི་ཤེས་རྣམ་ཉེར་བདུན་དང་། ལམ་ཤེས་ཀྱི་ཤེས་རྣམ་སོ་དྲུག རྣམ་མཁྱེན་གྱི་ཤེས་རྣམ་བརྒྱ་རྩ་བཅུ་བསྟན་པ་ལས། གཞི་ཤེས་ཀྱི་ཤེས་རྣམ་ཡིན་ན་གཞི་ཤེས་ཡིན་དགོས་པ་ནས་ཕྱི་མ་གཉིས་ལ་ཡང་རིགས་འགྲེའོ། ། ཤེས་རྣམ་གྱིས་དོན་རྣམ་ལ་སྒྲོ་འདོགས་དཔྱད་ནས་བསྒོམ་པར་བྱ་བ་ཡིན་ཕྱིར། དེ་གཉིས་ཀ་སྐབས་འདིར་བསྒོམ་བྱ་ཡིན་པར་ཁས་བླངས་ན་ཆོག་རུང་། རྗེ་རེད་མདའ་བའི་ཞལ་ནས། “བསྒོམ་བྱ་རྣམ་པ་ཡིན་ན་ཤེས་རྣམ་ཡིན་པས་ཁྱབ་ཅིང་། དོན་རྣམ་བསྒོམ་བྱའི་རྣམ་པ་མ་ཡིན་ཏེ། རྣམ་པ་སྒོམ་པའི་དགོས་པ་ནི་བསྒོམ་བྱའི་རྣམ་པ་ཕུལ་དུ་ཕྱིན་པར་བྱ་བའི་ཆེད་ཡིན་ལ། དོན་རྣམ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར། ”ཞེས་གོ་རམ་པའི་གཞུང་དུ་ཞལ་འཕངས་མཛད་འདུག་པས། དོན་ཤེས་གཉིས་ལས་གང་ཞིག་བསྒོམ་བྱ་ཡིན་མིན་ལ་བཤད་རྒྱུན་སྣ་ཚོགས་བྱུང་ཡོད་པར་གསལ་ལོ། །
འདིར། རིགས་ངེས་བྱང་སེམས་ཚོགས་སྦྱོར་པས་མཁྱེན་གསུམ་གྱི་རྣམ་པ་ཇི་ལྟར་སྒོམ་པའི་ཚུལ་ཅུང་ཟད་བཤད་ན། དོན་རྣམ་གྱི་དབང་དུ་བྱས་ན། དོན་རྣམ་དེ་དང་དེ་བསྒོམ་བྱར་དམིགས་ནས་དེ་འཛིན་སྟངས་སུ་བྱེད་པའི་བློ་རང་རྒྱུད་ལ་བསྐྱེད་པ་དེ་ཉིད་ཡིན་ལ། དཔེར་ན། མི་རྟག་པ་བསྒོམ་བྱར་དམིགས་ནས། དེ་འཛིན་པའི་བློ་རང་རྒྱུད་བསྐྱེད་པ་ལ་དེ་སྒོམ་པར་འཇོག་པ་བཞིན་ནོ། །ཤེས་རྣམ་གྱི་དབང་དུ་བྱས་ན། ཤེས་རྣམ་རང་རྒྱུད་ལ་བསྐྱེད་པ་ལ་དེ་སྒོམ་པར་འགྲོ་རུང་། རིགས་ངེས་ཚོགས་སྦྱོར་བས་མཁྱེན་གསུམ་གང་གི་ཡང་ཤེས་རྣམ་རང་རྒྱུད་དུ་བསྐྱེད་པ་མེད་པས།མཁྱེན་གསུམ་ཐོབ་བྱར་དམིགས་ནས་དེའི་རྟོགས་རིགས་རང་རྒྱུད་ལ་བསྐྱེད་པ་ཙམ་ཡིན་ཏེ། དཔེར་ན། ཚོགས་སྦྱོར་བས་ལམ་ཤེས་ཉམས་སུ་ལེན་བྱར་དམིགས་ནས། དེ་ཉམས་སུ་ལེན་པ་སྟེ་ཐོབ་པར་བྱེད་པའི་ཐབས་སུ། དེ་དང་དམིགས་རྣམ་མཚུངས་པར་བྱས་ནས་རྗེས་མཐུན་ཙམ་དུ་སྒོམ་པ་བཞིན་ནོ། ། འོན་ཀྱང་། འགོག་པའི་སྙོམས་འཇུག་དང་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་འགའ་ཞིག་ལ། མོས་སྤྱོད་ཀྱི་གནས་སྐབས་སུ་དམིགས་རྣམ་མཚུངས་པར་བྱས་ནས་སྒོམ་མི་ནུས་པས། མཚན་ཉིད་རྗེས་དཔྱོད་དང་སྨོན་ལམ་གྱི་རྣམ་པས་ ( སྒོམ་དྲུག་གི་ནང་ཚན།) སྒོམ་པ་སོགས་ཞིབ་ཆ་མ་ནོར་བ་ཧ་ཅང་གལ་ཆེའོ། །
གཞན་ཡང་། མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ལ། མཁས་པ་སོ་སོར་བཞེད་ཚུལ་མི་མཐུན་པ་མང་དུ་བྱུང་ཞིང་། འདིར་རེ་རེ་བཞིན་བརྗོད་ཀྱིས་མི་ལང་པས་རེ་ཞིག་བཞག་ལ། སྤྱིའི་ཆ་ནས་སྦྱོར་བཞིའི་སྒོམ་རིམ་ལ་གོ་བ་རགས་ཙམ་ཆགས་ན། བྱེ་བྲག་ཏུ་སྦྱོར་བ་རེ་རེའི་ངོ་བོ་ངེས་སླ་བར་སྙམ་སྟེ། དེ་ཡང་། གདུལ་བྱ་རིགས་ཅན་གསུམ་གྱི་དོན་སྒྲུབ་པ་ལ་དེའི་ལམ་གྱི་རྟོགས་རིགས་ཐམས་ཅད་བརྒྱུད་ལ་བསྐྱེད་དགོས་པ་དང་། ཉོན་སྒྲིབ་དང་ཤེས་སྒྲིབ་ཕྲ་རགས་གསུམ་ཆར་སྤོང་བ་ལ། མཁྱེན་པ་གསུམ་གྱི་ཤེས་རྣམ་མ་ལུས་པ་སྒོམ་དགོས་པ་ནི། ཐེག་པ་ཆེན་པོའི་ལམ་གྱི་བརྒྱུད་རིམ་དུ་ངེས་གཤིས། མཉམ་བཞག་ཐུན་གཅིག་གི་ཡུན་དུ་མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་ཅི་དགར་སྒོམ་པ་ལ་རང་དབང་ཐོབ་ཕྱིར་དུ། མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་ལ་དམིགས་ནས། དེ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བ་ཁྱད་པར་ཅན་དུ་བསྡུས་ནས་བསྒོམས་པ་ནི། རྣམ་རྫོགས་སྦྱོར་བ་ཐོག་མར་སྒོམ་ཚུལ་ཡིན་ལ། དེ་ལྟར་བསྒོམས་ནས་མཁྱེན་གསུམ་གྱི་རྣམ་པ་རྣམས་ཅི་དགར་སྒོམ་ནུས་པའི་དབང་བསྒྱུར་ཐོབ་པའི་དུས་དེར་རྩེ་སྦྱོར་མངོན་དུ་གྱུར་པ་ཡིན་ནོ། །
ཐོབ་བྱའི་འབྲས་བུ་རྣམ་མཁྱེན་དེ་ཉིད་ཀྱིས། མཁྱེན་པ་གསུམ་གྱི་དོན་རྣམ་ཐམས་ཅད་ཅིག་ཅར་དུ་གཟིགས་པ་དང་། ཤེས་རྣམ་གྱི་རྟོགས་རིགས་མ་ལུས་པ་ཅིག་ཅར་དུ་མངོན་དུ་བྱེད་པའི་ནུས་པ་དམིགས་གསལ་བ་དང་ལྡན་ཞིང་། འབྲས་བུ་དེ་ལྟར་ཐོབ་པ་ལ་རྒྱུ་ཡི་སྐབས་ནས་ཀྱང་མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་ཅིག་ཅར་སྒོམ་ནུས་པའི་བརྟན་པ་ཐོབ་དགོས་ཤིང་། དེ་ཡང་དང་པོ་ཉིད་ནས་མི་འབྱུང་བས། རྣམ་པ་མ་ལུས་པ་ཅིག་ཅར་སྒོམ་ནུས་པའི་བརྟན་པ་འཐོབ་ཕྱིར་དུ། མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་ཐབས་ཁྱད་པར་ཅན་གྱིས་ཟིན་པར་བྱས་ཏེ། རིམ་གྱིས་རྟ་རྒྱུག་པ་ལྟར་དཀྱུས་ཐོགས་གཅིག་ལ་གོ་རིམ་ངེས་ཅན་དུ་གཅིག་གི་རྗེས་སུ་གཅིག་མཐར་ཆགས་སུ་སྒོམ་པ་ནི་མཐར་གྱིས་པའི་སྦྱོར་བ་ཐོག་མར་སྒོམ་ཚུལ་ཡིན་ལ། དེ་ཉིད་ཡང་ནས་ཡང་དུ་གོམས་པར་བྱས་པས་མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་ཅིག་ཅར་སྒོམ་ནུས་པའི་བརྟན་པ་ཐོབ་པ་ནི། སྐད་ཅིག་མ་གཅིག་ལ་རྣམ་པ་མ་ལུས་པ་ཡོངས་སུ་རྫོགས་པའི་སྦྱོར་བ་ཐོབ་པ་ཡིན་ནོ། །
མཐའ་དཔྱད་ཀྱི་སྒོ་ནས་རྒྱས་པར་བཤད་པ།
-
རྣམ་རྫོགས་སྦྱོར་བའི་མཚན་ཉིད་ལ་དཔྱད་པ།
-
རྣམ་རྫོགས་སྦྱོར་བའི་དབྱེ་བ་ལ་དཔྱད་པ།
-
བསྒོམ་བྱ་རྣམ་པ་ལ་བྱེ་བྲག་ཏུ་དཔྱད་པ།
གཅིག རྣམ་རྫོགས་སྦྱོར་བའི་མཚན་ཉིད།
ཆོས་རྗེ་གོ་རམ་གྱིས། “མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར། ”རྣམ་རྫོགས་སྦྱོར་བའི་མཚན་ཉིད་གསུངས་འདུག་ཀྱང་། ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ལ། མཁྱེན་གསུམ་བསྡུས་སྒོམ་གྱི་དོན་མི་ཚང་བས། རྣམ་རྫོགས་སྦྱོར་བ་ཡིན་མིན་དགོངས་པ་གང་འདྲ་ཞིག་བཞེས་ཡོད་སྙམ་པའི་དོགས་པ་མི་ཟ་བའི་རང་དབང་མི་འདུག་ལ། ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་དེ་ཉིད་རྣམ་རྫོགས་སྦྱོར་བ་མིན་ན་སྦྱོར་བཞི་གང་རུང་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་མི་རིགས་ཏེ། ཐེག་པ་ཆེན་པོའི་ལམ་ཉམས་ལེན་སྐབས་ཉམས་ལེན་སྦྱོར་བཞི་ལས་ལོགས་ཀྱི་མངོན་རྟོགས་ཅིག ། རྒྱན་རྩ་འགྲེལ་གང་གི་སྐབས་སུའང་མི་འབྱུང་བའི་ཕྱིར་རོ། །
པན་ཆེན་ཤཱཀ་མཆོག་ཞབས་ཀྱིས། “མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་དབང་ཐོབ་ཕྱིར་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། ”རྣམ་རྫོགས་སྦྱོར་བའི་མཚན་ཉིད་ཅེས་གསུངས་འདུག་ཀྱང་། འདིས་ཀྱང་ངོས་ལེགས་པར་འཛིན་མི་ཐུབ་སྟེ། མཐོང་ལམ་གྱི་ངོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བས་མ་ངེས་པའི་ཕྱིར། རྒྱུ་མཚན་ནི། འདིས་མཁྱེན་གསུམ་ལ་དབང་ཐོབ་ཟིན་པས་སླར་ཡང་དེ་ཐོབ་ཕྱིར་སྒོམ་པ་ལ་དོན་མེད་པའི་ཕྱིར་རོ། །
ཀར་ཊཱིཀ་ལས། “རྣམ་རྫོགས་སྦྱོར་བའི་མཚན་ཉིད་ནི། གཞན་དོན་དུ་མཁྱེན་པ་གསུམ་ལ་དབང་བསྒྱུར་ཐོབ་པར་བྱ་བའི་ཕྱིར་གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་བསྒོམ་པ་དེའོ། །”ཞེས་པའི་གསུང་འདི་ལ་ཅུང་ཟད་དཔྱད་པར་བྱ་དགོས་པ་ཡིན་ཏེ། འདི་ཉིད་ལ་གོ་བ་དཔྱིས་ཕྱིན་པར་མ་ལོན་ན། གཞུང་སྤྱིའི་རྣམ་བཞག་མང་པོ་ཞིག་འཆོལ་བར་འགྱུར་རོ། ། དེས་ན། གཞན་གྱི་འདོད་ཚུལ་དགག་པ་དང་། རང་གི་བསམ་ཚུལ་བརྗོད་པ་གཉིས་ལས། དང་པོ་ནི། ཁ་ཅིག་གིས་སྤྱི་ལྡོག་ནས་རྣམ་རྫོགས་སྦྱོར་བའི་མཚན་ཉིད་དུ་གསུང་པ་ཡིན་ཟེར་ན། དེ་ལ་སྐྱོན་གཉིས་འཇུག་པ་རིམ་པ་བཞིན་བཤད་ན། རྣམ་རྫོགས་སྦྱོར་བ་ཡིན་ན་མཁྱེན་གསུམ་ལ་དབང་བསྒྱུར་མ་ཐོབ་པས་ཁྱབ་པར་ཐལ། དེ་ཡིན་ན་གཞན་དོན་དུ་མཁྱེན་པ་གསུམ་ལ་དབང་བསྒྱུར་ཐོབ་པར་བྱ་བའི་ཕྱིར་དུ་བསྒོམ་པས་ཁྱབ་པའི་ཕྱིར། འདོད་ན་སླ། གཞན་ཡང་། རྣམ་རྫོགས་སྦྱོར་བ་ཡིན་ན་གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་བསྒོམ་པས་ཁྱབ་པ་ཐལ། མཚན་ཉིད་དེའི་ཟུར་ཕྱི་མ་ཚང་དགོས་པའི་ཕྱིར། འདོད་ན། སྟོང་ཉིད་མ་རྟོགས་པའི་བྱང་སེམས་ཚོགས་ལམ་པ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་རྣམ་རྫོགས་སྦྱོར་བ་མེད་པར་ཐལ། ཁྱོད་ཀྱིས་གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་བསྒོམ་པ་མེད་པའི་ཕྱིར་རོ། །
སྟོང་ཉིད་མ་རྟོགས་ཀྱང་ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་གང་ཟག་ཅིག་མེད་ཟེར་ན། རིགས་པ་དང་མི་མཐུན་པ་མ་ཟད། དབུ་མ་རྒྱན་གྱི་ལུང་དང་འགལ་བ་ཡིན་ཏེ། “ཡང་དག་དད་པའི་རྗེས་འབྲངས་བ། ། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། ། ཐུབ་པའི་བརྟུལ་ཞུགས་བླངས་བྱས་ཏེ། ། དེ་ནི་ཡང་དག་ཤེས་འཚོལ་བརྩོན། ། ” ཞེས་གསུངས་པའི་ཕྱིར་རོ། ། དེ་བཞིན།སེམས་ཙམ་པ་ཡིན་པར་གྱུར་པའི་བྱང་ཆུབ་སེམས་པ་མེད་པ་སོགས་ཧ་ཅང་ཐལ་ལོ། །
གཉིས་པ་རང་གི་བསམ་ཚུལ་བརྗོད་པ་ནི། མི་བསྐྱོད་ཞབས་ཀྱིས། “འདིར་རྣམ་རྫོགས་སྦྱོར་བ་ཞེས་པ་སྒྲ་ཡང་པར་བྱས་ན་སྦྱོར་བ་བཞི་ཀ་ལ་འཇུག་པ་ཡིན་ཏེ། ”ཞེས་གསུངས་པས། སྦྱོར་བཞི་གང་རུང་ཡིན་ན་རྣམ་རྫོགས་ཡིན་པས་ཁྱབ་པ་གསལ་བོར་བསྟན་པས། གོང་གི་རྣམ་རྫོགས་སྦྱོར་བའི་མཚན་ཉིད་ཅེས་པའི་ལུང་དོན་ནི། རྣམ་རྫོགས་སྦྱོར་བ་སྤྱིའི་དབང་དུ་བཏང་ནས་མཚན་ཉིད་དུ་འཇོག་ཐབས་མེད་པར་ངེས་ནུས་ལ། འོ་ན། ཡང་སྙིང་གང་གི་མཚན་ཉིད་ཡིན་ཞེ་ན། སྐབས་བཞི་པའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་ལ་དགོངས་པར་ངེས་ཏེ། དེའི་གོང་དུ་སྐབས་དང་པོའི་རྣམ་མཁྱེན་གྱི་མཚན་ཉིད་ཅེས་པ་དང་། སྐབས་གཉིས་པའི་ལམ་ཤེས་ཀྱི་མཚན་ཉིད་ཅེས་པ་སོགས་སྐབས་དང་སྦྱར་ནས་གསུང་ལ། དེ་དག་ཀྱང་སྐབས་སོ་སོའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་དེ་དང་དེའི་མཚན་ཉིད་དུ་གོ་བ་མ་བླངས་ན་མི་འགྲིག་པ་བཞིན། སྦྱོར་བ་བཞི་ལ་ཡང་རིགས་འགྲོས་ཀྱིས་ཤེས་དགོས་པ་ཡིན་ལ། སྐབས་བཞི་པ་ནས་དངོས་བསྟན་བསྟན་བྱའི་གཙོ་བོར་ནི་དབང་དུ་བྱེད་པའི་རྒྱུ་ཉིད་ཡིན་ལ། དེས་ཀྱང་མཁྱེན་པ་གསུམ་གྱི་དོན་རྣམ་སྟེ་སྐྱེ་མེད་གསུམ་ལ་སྒོམ་བྱུང་གིས་དབང་ཐོབ་པའི་ཕྱིར་དུ་བསྒོམས་པ་ཡིན་པའི་ཕྱིར་རོ། ། དེ་ཡང་འགྲེལ་ཆུང་དོན་གསལ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ། ཞེས་གསུངས་པའི་ཕྱིར་རོ། ། དེས་ན། སྦྱོར་བ་ཉི་ཤུ་པོ་ཕལ་ཆེ་བ་སྐབས་བཞི་པའི་དངོས་བསྟན་གྱི་རྣམ་རྫོགས་སྦྱོར་བ་ཡིན་ཡང་། དངོས་བསྟན་བསྟན་བྱའི་གཙོར་བོར་གྱུར་པའི་སྦྱོར་བ་མ་ཡིན་པའི་ཞིབ་ཆ་འདི་འོང་བ་ཡིན་ནོ། །
རྣམ་རྫོགས་སྦྱོར་བའི་མཚན་ཉིད་ནི། མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། རྣམ་རྫོགས་སྦྱོར་བ་དང་། ལམ་ཤེར་ཕྱིན་དང་།བྱང་སེམས་ཀྱི་ལམ་དང་། ཐེག་ཆེན་གྱི་སྒྲུབ་པ་རྣམས་དོན་གཅིག ས་མཚམས་ནི། ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་དོ། ། བསྡུས་སྒོམ་གྱི་དོན་ནི་མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བའི་ཉམས་ལེན་དུ་བསྡུས་ནས་སྒོམ་པའི་དོན་ཡིན།
གཉིས། རྣམ་རྫོགས་སྦྱོར་བའི་དབྱེ་བ།
རྣམ་རྫོགས་སྦྱོར་བ་ལ་དབྱེ་ན། ངོ་བོའི་སྒོ་ནས་ལྔ། རྟེན་གྱི་སྒོ་ནས་བརྒྱད། སྦྱོར་བ་རྫོགས་པའི་སྒོ་ནས་བཞི། འབྲས་བུ་སྒོ་ནས་གཉིས། དུས་ཀྱི་སྒོ་ནས་གཅིག་སྟེ་སྦྱོར་བ་ཉི་ཤུ་དང་། བསྒོམ་བྱ་རྣམ་པའི་སྒོ་ནས་དབྱེ་ན། བརྒྱ་དང་བདུན་བཅུ་རྩ་གསུམ་ཡོད་དོ། །
ངོ་བོའི་སྒོས་ལྔ་ནི། ༡གཟུགས་ལ་སོགས་ལ་མི་གནས་པའི་སྦྱོར་བ། ༢གནས་པ་དཀག་པའི་སྦྱོར་བ། ༣ཟབ་པའི་སྦྱོར་བ། ༤གཏིང་དཔག་དཀའ་བའི་སྦྱོར་བ། ༥ཚད་མེད་པའི་སྦྱོར་བ་དང་ལྔའོ།།
འདིའི་ས་མཚམས་ལ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས། རང་བཞིན་གྱི་སྦྱོར་བ་ལྔ་ནི་ཚོགས་ལམ་ནས་ཡོད་ཅིང་། ཞེས་གསུངས་སོ། །
རྟེན་གྱིས་སྒོས་བརྒྱད་ནི། ༡ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ། ༢ལུང་བསྟན་ཐོབ་པའི་སྦྱོར་བ། ༣ཕྱིར་མི་ལྡོག་པའི་སྦྱོར་བ། ༤ངེས་པར་འབྱུང་བའི་སྦྱོར་བ། ༥བར་ཆད་མེད་པའི་སྦྱོར་བ། ༦བྱང་ཆུབ་ལ་ཉེ་བའི་སྦྱོར་བ། ༧མྱུར་བའི་སྦྱོར་བ། ༨གཞན་དོན་གྱི་སྦྱོར་བའོ། ། བརྒྱད་ནི་དབང་རྟུལ་སྐྲག་ལྡན་གྱི་གང་ཟག་དང་། སྦྱོར་ལམ་པའི་གང་ཟག་སོགས་ཀྱི་སྒོ་ནས་དབྱེ་བའི་ཕྱིར། རྟེན་གྱི་སྒོ་ནས་དབྱེ་བའོ། །
འདི་དག་གི་ས་མཚམས་ནི། དང་པོ་ནི་ཚོགས་ལམ་འཇོག་པ་དང་། གཉིས་པ་ནི། སྦྱོར་ལམ་དྲོད་ནས་དང་། གསུམ་པ་ནི་རྩེ་མོ་དང་། བཞི་པ་ནི་བཟོད་པ་དང་། ལྔ་པ་ནི་ཆོས་མཆོག་དང་། དྲུག་པ་ནི་མཐོང་ལམ་དང་། བདུན་པ་ནི་བུ་ཊཱིཀ་ལས་ས་བདུན་པ་ནས་ཡོད་པར་གསུང་ལ། གསེར་ཕྲེང་དུ་ས་གཉིས་པ་ནས་བདུན་པའི་བར་བཞག་མཛད་ཡོད། བརྒྱད་པ་ནི་ས་བརྒྱད་པ་ནས་བཟུང་ངོ་། །
སྦྱོར་བ་རྫོགས་པའི་སྒོས་བཞིར་དབྱེ་བ་ནི། ༡འཕེལ་འགྲིབ་མེད་པའི་སྦྱོར་བ། ༢ ཆོས་དང་ཆོས་མིན་སོགས་མི་མཐོང་བའི་སྦྱོར་བ། ༣གཟུགས་སོགས་བསམ་གྱིས་མི་ཁྱབ་པ་མི་མཐོང་བའི་སྦྱོར་བ། ༤རྣམ་པར་མི་རྟོག་པའི་སྦྱོར་བའོ། ། འདི་དག་ནི་ཚོགས་གཉིས་ཀ་ཆེས་ཆེར་འཕེལ་བྱེད་ཀྱི་ཆ་ནས་བསྒོམས་པས་སྦྱོར་བའི་ཆ་ཤས་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ཀྱི་སྒོ་ནས་ཕྱེས་པའོ། །
ས་མཚམས་ནི། ས་བརྒྱད་པ་ལ་འཇོག་དགོས་པ་ཡིན་ཏེ། འཕེལ་འགྲིབ་མེད་པའི་དོན་དང་རྣམ་པར་མི་རྟོག་པ་ལ་དབང་བའི་རྟེན་དུ་གསུང་པའི་ཕྱིར་རོ། ། གོང་གི་གཞན་དོན་བྱེད་པའི་སྦྱོར་བ་དང་འདི་ལྔ་ནི། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ས་བརྒྱད་པ་ནས་ཡོད་པར་བུ་ཊཱིཀ་ལས་གསུངས་སོ། །
འབྲས་བུ་སྒོ་ནས་དབྱེ་བ་གཉིས་ནི། ༡ འབྲས་བུ་རིན་ཆེན་འབྱིན་བྱེད་ཀྱི་སྦྱོར་བ། ༢རྣམ་པར་དག་པའི་སྦྱོར་བའོ། ། དང་པོ་རང་གཞན་གྱི་འབྲས་བུ་དང་གཉིས་པ་ནི་ཉེས་པ་དག་པའི་འབྲས་བུ་ཡིན་པས་འབྲས་བུའི་སྒོ་ནས་དབྱེ་བ་ཡིན་ལ། འདིའི་ས་མཚམས་ནི། དང་པོ་ནི་བུ་ཊཱིཀ་ལས། འདི་ས་དགུ་པ་ནས་ཡོད་གསུང་ཡང་། དེའི་གོང་དུའང་ཡོད་པར་མངོན་ནོ། ། ཞེས་གསུངས།གཉིས་པ་ས་བཅུ་པར་འཇོག་གོ །
དུས་ཀྱི་སྒོས་དབྱེ་བ་གཅིག་ནི། ༡ ས་མཚམས་ཀྱི་སྦྱོར་བའོ། ། ས་མཚམས་ནི། ཚོགས་ལམ་ནས་ས་བདུན་པའི་བར་དུ་ཡོད། དེའི་ཕན་ཆད་དུ་མེད་དེ། ལོ་ཟླ་ཞག་དུས་སོགས་དུས་ཚིགས་ཀྱི་ས་མཚམས་བཅད་ནས་ཉམས་ལེན་ལ་བརྩོན་པ་མེད་པའི་ཕྱིར་རོ། །
ས་མཚམས་འདི་དག་བུ་ཊཱིཀ་ལས་གསུངས་པ་བཞིན་བཀོད་ཡོད་ལ། དེ་ལྟར་འཇོག་དགོས་པའི་རྒྱུ་མཚན་སོགས་ནི་གསེར་ཕྲེང་ལས་ཞིབ་པར་འབྱུང་ཞིང་། ཁ་ཆེ་གཞོན་ནུ་དཔལ་དང་། ཆོས་བཤེས། ཤེར་འབྱུང་བློ་གྲོས། བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་འདོད་ཚུལ་ལ་དགག་སྒྲུབ་རྒྱས་པར་མཛད་པ་ལས། དེ་ལས་གཞན་བོད་འགྲེལ་རྣམས་ལས་ཆེར་མ་མཐོང་ངོ་། །
གསུམ། བསྒོམ་བྱ་རྣམ་པ་ལ་བྱེ་བྲག་ཏུ་དཔྱད་པ།
གོང་དུ་སྤྱི་དོན་སྐབས་རགས་རིམ་བཤད་ཟིན་པ་ལྟར། སྤྱིར་གཞི་གྲུབ་ན་རྣམ་པ་ཡིན་པས་ཁྱབ་ཅིང་། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ལ་དོན་རྣམ་དང་། ཡུལ་ཅན་བློ་རང་ལ་ཤེས་རྣམ་གྱི་ངོས་འཛིན་བྱས་ན་མི་མཐུན་པ་མེད་པར་སེམས། དེ་བཞིན། བུམ་འཛིན་རྟོག་པ་དེ་བུམ་པའི་རྣམ་པ་ཡིན་ཡང་། བུམ་པའི་དོན་རྣམ་དང་ཤེས་རྣམ་གང་ཡང་མ་ཡིན་ལ། ཀུན་རྫོབ་སེམས་བསྐྱེད་འཛིན་པའི་རྟོག་པ་དེ་ཡང་། དེའི་རྣམ་པ་ཡིན་ཡང་དེའི་ཤེས་རྣམ་དང་དོན་རྣམ་གང་ཡང་མ་ཡིན་པ་སོགས་ཞིབ་ཏུ་ངེས་པར་བྱའོ། །
ཤེས་རྣམ་ལ་གཉེན་ཕྱོགས་ཀྱི་ཤེས་རྣམ་དང་། མི་མཐུན་ཕྱོགས་ཀྱི་ཤེས་རྣམ་གཉིས་ལས། སྔ་མ་ནི་སྐབས་འདིའི་བསྒོམ་བྱའི་རྣམ་པ་ཡིན་ལ། རང་གི་མི་མཐུན་ཕྱོགས་འཇོམས་པར་ནུས་པའི་མཁྱེན་པ་དེ་འདིར་བསྟན་གཉེན་ཕྱོགས་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། གཞི་ཤེས་ཀྱི་ཤེས་རྣམ་དང་། ལམ་ཤེས་ཀྱི་ཤེས་རྣམ། རྣམ་མཁྱེན་གྱི་ཤེས་རྣམ་གསུམ། ཤེས་རྣམ་གྱི་དབྱེ་བའི་གཞི་གྲངས་འདི་བསྒོམ་བྱའི་དོན་རྣམ་ལའང་སྦྱར་བར་བྱའོ། །
༡གཞི་ཤེས་ཀྱི་ཤེས་རྣམ།
ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། གཞི་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། རྣམ་པ་ཉེར་བདུན་ཡོད་དེ། སྡུག་བདེན་གྱི་རྣམ་པ་ལ་བརྟེན་པའི་ཤེས་རྣམ་བཞི། ཀུན་བདེན་གྱི་རྣམ་པ་ལ་རྟེན་པ་བཞི། འགོག་བདེན་གྱི་རྣམ་པ་ལ་རྟེན་པ་བཞི། ལམ་བདེན་རྣམ་པ་ལ་རྟེན་པ་བཅོ་ལྔ་ཡོད་པའི་ཕྱིར། ཀར་ཊཱིཀ་ལས། དཔེར་ན་གཞི་ཤེས་ཀྱི་རྣམ་པ་འཆད་པའི་ཚེ། མངོན་པ་ནས་གསུངས་པའི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་དེ་མི་འཆད་པར། ཤེར་ཕྱིན་ནས་གསུངས་པའི་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་དེ་ཉིད་བསྒོམ་བྱར་བཤད་པ་བཞིན་ནོ། ། ཞེས་གསུངས་འདུག་ཀྱང་། ཁོ་བོས་ནི་འདི་དཔྱོད་པའི་གཞི་ཙམ་འཛིན་པ་ལས། ཚིག་ཟིན་གྱི་གོ་བ་ལྟར་ན་ཧ་ཅང་ཐལ་ཆེས་པ་སྙམ་ཏེ། ཤེར་མདོ་ཡིན་ཡང་བླ་སྟེ་འདིར་ཉན་རང་གི་རྟོགས་རིགས་འཆད་པ་སྐབས་སུ་བབས་པས། མི་རྟག་བཅུ་དྲུག་གི་རྣམ་པ་དེ་འཆད་པར་འོས་མེད་ཀྱི་རིགས་པས་འགྲུབ་ངེས་པར་མཐོང་ལ། གལ་ཏེ་གཞི་ཤེས་ཀྱི་རྣམ་འཆད་པའི་ཚེ། ཆོས་ཀྱི་བདག་མེད་ཀྱི་རྣམ་པ་འབའ་ཞིག་གསུང་ན། གཤམ་གྱི་ལམ་ཤེས་ཀྱི་ཤེས་རྣམ་ལས་ཟུར་དུ་འཆད་པར་དོན་མེད་དུ་གྱུར་པ་མིན་ནམ་སྙམ།
༢ལམ་ཤེས་ཀྱི་ཤེས་རྣམ།
ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད་། དེ་ལ་དབྱེ་ན་སོ་དྲུག་ཡོད་དེ། ཀུན་འབྱུང་གི་རྣམ་པ་ལ་བརྟེན་པའི་ཤེས་རྣམ་བརྒྱད།ལམ་བདེན་ལ་རྟེན་པ་བདུན། སྡུག་བདེན་ལ་རྟེན་པ་ལྔ། འགོག་བདེན་ལ་རྟེན་པ་བཅུ་དྲུག་རྣམས་སུ་ཡོད་པའི་ཕྱིར་རོ། །
༣རྣམ་མཁྱེན་གྱི་ཤེས་རྣམ།
སངས་རྒྱས་འཕགས་པའི་རྒྱུད་ཀྱི་མཁྱེན་པ། རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན་བརྒྱ་དང་བཅུ་ཡོད་དེ། ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སོ་བདུན། བྱང་སེམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སོ་བཞི། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སོ་དགུ་ཡོད་པའི་ཕྱིར་རོ། །
དེ་ལ་འདིར། གལ་ཏེ་རྣམ་མཁྱེན་གྱི་རྣམ་པ་ནི་གང་ཟག་གསུམ་གྱི་ནང་ནས་སངས་རྒྱས་ཁོ་ན་ལ་ཡོད་པ་དང་། མཁྱེན་གསུམ་གྱི་ནང་ནས་རྣམ་མཁྱེན་ཁོ་ན་མ་ཡིན་ནམ་ཅིའི་ཕྱིར་གང་ཟག་གསུམ་ལ་ཡོད་པ་དང་། མཁྱེན་གསུམ་དུ་དབྱེར་ཡོད་ཅེ་ན། ཤེས་རྣམ་བརྒྱ་དང་བཅུ་པོ་འདི་དག་སངས་རྒྱས་ཁོ་ན་ལ་ཡོད་ཅིང་རྣམ་མཁྱེན་ཁོ་ན་ཡིན་མོད། རྟེན་གསུམ་ལ་ཡོད་པ་དང་མཁྱེན་གསུམ་དུ་ཕྱེ་བ་ནི་རྣམ་མཁྱེན་གྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་ཡར་ལྡན་དུ་བསྡུས་པས། རྗེས་སུ་མཐུན་ཡུལ་ཉན་ཐོས་དང་བྱང་སེམས་ཀྱི་རྒྱུད་ལ་སྐྱེས་པའི་སོ་བདུན་དང་སོ་བཞི་དང་རྗེས་སུ་མཐུན་ཆོས་རྣམ་མཁྱེན་ལ་ཡོད་པ་དེ་དག་ལ་དེ་དག་གི་མིང་གིས་བཏགས་ནས་བསྟན་པ་ཙམ་ཡིན་ཏེ། རྟོགས་དཀའ་དང་ཚིག་གསལ་ལས་ཀྱང་གསལ་པོར་གསུང་ལ། ཀར་ཊཱིཀ་ལས་ཀྱང་། འཕགས་པའི་གང་ཟག་གསུམ་གྱི་ལམ་གྱི་བདེན་པའི་རྗེས་སུ་མཐུན་པར་རྫོགས་པའི་སངས་རྒྱས་ཀྱི་ཀུན་མཁྱེན་པའང་གསུམ་དུ་ཕྱེ་བས་ན། ཞེས་གསུངས་པའི་ཕྱིར་རོ། །
འོན་ཀྱང་། ལེགས་བཤད་གསེར་ཕྲེང་དུ། གོང་གི་དྲི་བ་འདིར་ལན་སྐྱོན་ཚུལ་ནི་འདི་དང་མི་མཐུན་ཏེ། སོ་བདུན་དང་སོ་བཞིའི་རྣམ་པ་འདི་དག་རྣམ་མཁྱེན་གྱི་ཤེས་པའི་རྣམ་པ་མིན་ལ་རྒྱུའི་རྣམ་པ་ཙམ་ཡང་མ་ཡིན་ནོ། ། ཞེས་གསུངས་ཤིང་། རྩ་བ་ལས་འབྱུང་བའི་རྗེས་མཐུན་པའི་དོན་ནི། གཞི་ཤེས་དང་ལམ་ཤེས་ཡིན་པ་ལ་བྱེད་ཀྱི་བཏགས་པ་བ་ལ་འདོད་མ་ཡིན་པར་གསུངས་འདུག
གང་ལྟར་ཡང་། སྐབས་འདིར་གསེང་ཕྲེང་གི་གསུང་ཚུལ་འདི་ཉིད། ཁོ་བོས་རྣམ་རྟོག་ལ་འཆར་ཚོད་ལྟར་ན་ཧ་ཅང་རྒྱུ་མཚན་ལྡན་པ་ཞིག་ཏུ་མི་སེམས་ཏེ། མཁྱེན་གསུམ་གྱི་རྣམ་པ་དཀྱུས་གཅིག་ཏུ་གོ་རིམ་བཞིན་དུ་འཆད་པ་ན། རྣམ་མཁྱེན་གྱི་ཤེས་རྣམ་སྐབས་བསྐྱར་དུ་མཁྱེན་པ་དང་པོ་གཉིས་ཀྱི་རྣམ་པ་བསྟན་པ་དོན་མེད་པའི་ཕྱིར། དེ་བཞིན། སྔར་གྱི་ཉེར་བདུན་དང་སོ་དྲུག་ནི་དོན་རྣམ་དང་། སོ་བདུན་དང་སོ་བཞི་ནི་དེ་རྟོགས་པར་བྱེད་པའི་ཤེས་རྣམ་ཡིན་པའི་ཕྱིར། ཞེས་རྩོད་པ་སྤངས་ཀྱང་། དེས་གནད་ལ་ཕིགས་པའི་སྒོ་ནས་སྐྱོན་སྤོང་ནུས་པར་མིན་ཏེ། སྔར་གྱི་ཉེར་བདུན་དང་སོ་དྲུག་སྐབས་མཁྱེན་པ་དང་པོ་གཉིས་ཀྱི་ཤེས་རྣམ་དང་དོན་རྣམ་དངོས་ཤུགས་ཀྱིས་ཆ་ཚང་མ་བསྟན་ན། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། ། དེ་ནི་རྣམ་པ་གསུམ་དུ་འདོད། །ཞེས་སོགས་ཀྱི་གཞི་ཤེས་དང་ལམ་ཤེས་ཀྱི་རྣམ་པ་མདོར་བསྟན་གྱི་གཞུང་དེ། སྐབས་འདིར་རྒྱས་པར་མ་བཤད་པར་ཐལ་བ་ཟློག་ཏུ་མེད་པའི་ཕྱིར་རོ། །
མཇུག་གི་གཏམ་ཉུང་ངུ་།
ཐོག་མར་རྩོམ་འདི་སློབ་སྦྱོང་གི་ཞར་ཞོར་དུ་ཟིན་བྲིས་ཙམ་ཞིག་འབྲི་བའི་ཀུན་སློང་གིས་བྲིས་ལ། རྗེས་སུ་དེ་ལས་ཅུང་ཟད་རྒྱས་ཙམ་བྱུང་མོད། གནད་དོན་འདི་དག་གི་སྐོར་ལ་མཁས་པ་སྔ་མ་རྣམས་ཀྱིས་བཀླགས་མི་ཚར་བ་ཞིག་བྲིས་ཟིན་པས། བླུན་པོ་བདག་ལྟ་བུ་ཞིག་གིས་སླར་ཡང་དཔྱད་པས་རྔོ་མི་ཐོགས་ལ། དགོས་པ་ཏིལ་འབྲུ་ཙམ་ཡང་མ་མཐོང་བས། ཡོངས་སུ་ནག་བསུབ་གཏོང་བའི་བློ་ཞིག་ངང་གིས་བྱུང་མོད། ཡང་ཕྱོགས་གཞན་ཞིག་ནས་རང་གིས་ཅིས་ཀྱང་འདི་དག་བསླབ་དགོས་པའི་ལས་སུ་བསྐོས་པས། སློབ་པའི་སྐབས་འཆད་རྩོད་རྩོམ་གསུམ་གལ་ཆེ་ལ།འདིས་རང་གཞན་སུ་ལ་ཡང་མ་ཕན་རུང་མི་གནོད་པའི་ངེས་ཤེས་ཤིག་གློར་བུར་དུ་བྱུང་བས་རེ་ཞིག་འབྲི་བའི་ལས་ལ་ཞུགས་པ་ཡིན་ནོ། །
རང་རེ་མཚན་ཉིད་པ་རྣམས་ཀྱི་སྐྱོན་ཆེ་ཤོས་ནི། བླ་མ་གང་ཞིག་གི་གསུང་ཚད་མར་བྱས་ཏེ། དེའི་གསུང་སྒྲོས་ཇི་སྙེད་ལ་རྒྱབ་རྟེན་རྒྱ་གཞུང་རྡོ་ཆག་ལྷུ་སྒྲིག་བྱེད་པའི་ངང་ཚུལ་འདི་རེད་འདོད་དེ།རྒྱུ་མཚན་གང་ཞེ་ན། བོད་ཀྱི་མཁས་པ་ཕྱི་མ་མང་པོ་ཞིག་གིས་བཤད་རྒྱུན་སྔ་མ་ཞིག་རྩ་བར་མ་གཟུང་བ་ཕལ་ཆེར་མེད་ལ། མཚན་ཉིད་ཀྱི་ཆོས་གྲྭ་ཆེ་ཁག་ཏུ་ནི་མི་ལོ་བརྒྱ་ཕྲག་དུ་མར་འཆད་རྩོད་རྩོམ་པའི་རླབས་ཕྲེང་བདལ་ཏེ། བཤད་རྒྱུན་སྔ་མ་ཇི་སྙེད་ལ་ལེགས་བཅོས་དང་ཁ་གསབ། འདོར་ལེན་གང་མང་བྱས་ཏེ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། བསམ་བློ་དང་ལྟ་གྲུབ་ཡང་རྣམ་པ་དུ་མ་རུ་གྱེས་ཡོད་པ་ནི། རིག་གཞུང་སྤྱི་ཡི་འགྱུར་ལྡོག་དང་འཕེལ་རྒྱས་ཁྲོད་ཀྱི་ལོ་རྒྱུས་ཤིག་ཡིན། དེས་ན། ང་ཚོའི་བླ་མས་གསུང་པའི་བཤད་རྒྱུན་དེ་བོད་ཀྱི་མཚན་ཉིད་རིག་གཞུང་ནང་དུ་སྔར་བཞིན་སོར་ན་གནས་ཏེ། ཅུང་ཟད་རྗེས་སུ་ལུས་པའམ་ཆ་ལག་ཡོངས་སུ་མ་རྫོགས་པའི་སྒྲོས་རྙིང་པ་ཞིག་ཡིན་མིན་བརྟག་ན། ཕྱོགས་ལྷུང་གི་དད་ཞེན་དང་ཨུ་ཚུགས་འབའ་ཞིག་གིས། ལུང་གི་རྒྱབ་རྩ་ལ་ལུང་འཚོལ་དགོས་པའི་ངལ་བ་འདི་དགོས་མེད་ཅིག་ཏུ་མཐོང་སྲིད་སྙམ།
བདག་ནི་བཀའ་བརྒྱུད་པའི་བསྟན་ཞབས་སུ་སྐྱེས་ཤིང་། དེའི་ལྟ་གྲུབ་ལ་སྙིང་ནས་གུས་ཤིང་ཡང་དག་པའི་ལུང་རིགས་ལ་བརྟེན་ནས་འཛིན་ཐུབ་པའི་སྤོབས་པ་ཡོད་མོད། དེ་ཙམ་གྱིས་གཞན་གྱི་ཡིག་ཆ་ལས་ཆ་ཤས་ལེན་པ་དང་། རང་ལུགས་ཀྱི་ལུང་ཚིག་ཁ་ཤས་དཔྱད་གཞི་རུ་འཛིན་མི་རུང་བའི་རྒྱུ་མཚན་ཡང་མ་མཐོང་། དེ་ལྟ་བས་ན། ཁོ་བོའི་རྩོམ་ཐུང་འདིར་ཇི་ལྟར་དཔྱད་ཀྱང་གོ་ནུས་པའི་རང་རེའི་མཚན་ཉིད་ཀྱི་ཡིག་ཆ་ཁ་ཤས་དཔྱད་གཞིར་བཞག་ཅིང་། རྣམ་དབྱེ་དང་རིགས་ལམ་གྱི་ཞིབ་ཆ་འགའ་ཞིག་སྟོང་ཆར་ལུས་པ་དག་ལ། གསེར་ཕྲེང་དང་ཡུམ་དོན་རབ་གསལ་སོགས་ལས་བཏུས་ཏེ་ཁ་གསབ་བྱས་ཡོད་པར་ལགས་སོ། །
༢༠༢༤ལོའི་ཟླ་བ༡ཚེས་༢༤ལ་མཇུག་གྲུབ་པར་སྦྱར།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4431
དཔྱད་མཆན་སྤེལ།