མར་གྱུར་འགྲོ་ལ་མ་ལྟར་བྱམས་གྱུར་ཅིང་། །
འགྲོ་དྲུག་སེམས་ཅན་ཀུན་ལ་སྙིང་བརྩེ་བའི། །
ལུས་ཅན་སྐྱེ་འགྲོ་ཀུན་གྱི་གཉེན་གཅིག་པུ། །
མཉམ་མེད་ཟས་གཙང་སྲས་པོས་དགེ་ལེགས་སྩོལ། །
ཐུབ་པའི་དགོངས་དོན་ཟབ་ཅིང་བདུད་རྩིའི་བཅུད། །
གདུལ་བྱའི་འགྲོ་ལ་ཕངས་མེད་སྦྱིན་མཛད་པ། །
བཀའ་དྲིན་མཚུངས་མེད་དྲིན་ཆེན་བླ་མ་རྗེ། །
མི་ཕྱེད་དད་པས་ཡིད་ཀྱི་པད་མཚོར་བསུ། །
བདག་བློ་དམན་པས་གཞུང་ལུགས་རྒྱ་མཚོ་ཡི། །
ཆུ་ཡི་ཆ་ཤས་ཙམ་ཡང་མི་དཔོག་མོད། །
རྒུད་པའི་རྩ་བ་མ་རིག་བཟློག་པའི་ཕྱིར། །
ཤེས་བྱའི་གནས་ལ་དཔྱད་པ་འདི་ཙམ་སྤྲོ། །
དེ་ལ་འདིར་གང་ཞིག་གླེང་བར་བྱ་བ་ནི། དཔལ་ཆོས་ཀྱི་གྲགས་པའི་ཞལ་ནས། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བའང་གཞན་ཡོད་མིན། ། གཟུང་པ་དང་འཛིན་གཉིས་མེད་ཕྱིར། ། དེ་ནི་དེ་ལྟར་རང་ཉིད་གསལ། ། ཞེས་དང་། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། ། བཟློག་པ་རབ་ཏུ་སྐྱེ་བ་སྟེ། ། བེམ་མིན་རང་བཞིན་གང་ཡིན་པ། ། དེ་འདིར་བདག་ཉིད་ཤེས་པ་ཡིན། ། གཅིག་པ་ཆ་མེད་རང་བཞིན་ལ། ། གསུམ་གྱི་རང་བཞིན་མི་འཐད་ཕྱིར། ། དེ་ཡིས་རང་གིས་རིག་པ་ནི། ། བྱ་དང་བྱེད་པའི་དངོས་པོ་མིན། ། ཞེས་སོགས་ཀྱིས་སྐབས་ནས་བསྟན་པའི་རང་རིག་གི་རྣམ་བཞག་སྐོར་ལ་འཕགས་བོད་ཀྱི་མཁས་གྲུབ་དུ་མའི་གཞུང་ལུགས་ཁག་ནས་ལུང་རིགས་ཀྱི་གྲི་སོ་གང་རྣོ་དང་བདེན་དོན་གྱི་དཔང་ཁ་སུ་མཐོ་བྱས་ནས། རང་རིག་སྐོར་གྱི་གཞུང་ལུགས་རྒྱ་ཆེར་ཞིག་བྲིས་ཡོད་མོད། རང་རིག་འདོད་མཁན་དེ་དག་གིས་རང་རིག་གི་ངོ་བོ་སོགས་འཇོག་ཚུལ་མི་འདྲ་བ་མང་དུ་བྱུང་བས། ད་ལྟའི་བར་མཁས་པ་ཕལ་མོ་ཆེ་ཞིག་གཅིག་གྱུར་གྱི་བཞེད་མཚམས་ཤིག་བྱུང་མེད་ལ། མ་ཟད་རང་རིག་འཇོག་ཚུལ་མི་འདྲ་བའི་དབང་གིས་མཁས་པ་ཁ་ཤས་ཀྱིས་ཕན་ཚུན་བར་ལུང་རིགས་ཀྱི་གནོད་བྱེད་མང་དུ་བརྗོད་ཡོད། དེས་ན་རིགས་པའི་རྒྱབ་རྟེན་ཚད་མ་གང་ལ་མངའ་ན་དེ་ཉིད་གནས་ལུགས་ཀྱི་རྗེས་འབྲང་མཁན་ཡིན་པ་ལས་འོས་མེད་པས། རང་རིག་འདོད་ཚུལ་གྱི་ཕྱོགས་གཉིས་ཀ་བཀོད་ནས་གང་ཞིག་ལུང་རིགས་དང་མཐུན་མིན་ཅུང་ཙམ་དཔྱད་ན། དེ་ཡང་འདོད་ཚུལ་གཅིག་ནི། ཚད་མ་སྔ་ཕྱིའི་མཁས་པ་མང་པོ་ཞིག་གིས་རང་རིག་འཇོག་ཚུལ་ནི། འཛིན་རྣམ་རང་རིག་གྱི་མཚན་ཉིད་དུ་བཞག་ནས། དེ་ནི་རང་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གཅིག་ཀྱང་མེད་པར་འཛིན་རྣམ་ཡན་གར་བ་ཞིག་ཡིན་པར་འདོད་ལ། གཞུང་ལ་ལས་སྐབས་སུ་འདི་ལ་ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་ཟེར་བའི་སྐབས་ཀྱང་ཡོད། གསུངས་ཚུལ་དེའི་དབང་དུ་བྱས་ན་རང་རིག་ཅེས་པའི་རང་རིག་ཚུལ་ནི་རང་དང་བདག་ཉིད་གཅིག་པའི་ཤེས་པ་ཞིག་རིག་པའི་ཆ་ནས་རང་རིག་ཅེས་འགྲེལ་དགོས་པ་ལས་གཞན་དུ་འགྲེལ་ཚུལ་མི་རྙེད་པ་ཡིན་ཏེ། དེ་དག་གི་ལུགས་ལ། དཔེར་ན། སྔོན་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་གིས་ཉམས་སུ་མྱོང་བྱ་ནི་སྔོ་འཛིན་མིག་ཤེས་ལས་གཞན་མེད་ལ། དེ་མྱོང་བའི་ཆ་ནས་རང་མྱོང་ཞེས་བཤད་དགོས་སོ། ། འོ་ན་དེ་དག་ལུགས་ལ་གང་ཉམས་སུ་མྱོང་རྒྱུ་དེ་རང་ཉིད་མ་ཡིན་ན་དེ་ལ་རང་མྱོང་ཟེར་བའི་ཐ་སྙད་ཇི་ལྟར་འཇུག་སྙམ་ན། བདག་གི་རྣམ་པར་རྟོག་པ་ལ་སྐབས་འགར་དེ་ལྟར་འཇུག་པ་ཡང་ཡོད་པར་སེམས་ཏེ། དཔེར་ན། སྐྱེས་བུ་ཞིག་གི་ལུས་ཀྱི་ཆ་ཤས་ལ་རང་གི་ལག་པས་རེག་ན་རང་གིས་རང་ལ་རེག་ཅེས་ཐ་སྙད་སྦྱར་ལ། ཕར་དེད་ན་རེག་མཁན་ནི་ལག་པ་ལས་རང་ཉིད་མ་ཡིན་མོད། དེས་རེག་པས་རང་ཉིད་ཀྱིས་རེག་ཞེས་བཤད་པ་བཞིན་ཡིན་སྙམ་མོ། ། དེ་ལྟར་འཇུག་པའི་རྒྱུ་མཚན་ཡང་། ཆ་དང་ཆ་ཅན་གྱི་འབྲེལ་བ་གྲུབ་པའི་དབང་གིས་ཡིན་ཏེ། སྐབས་མང་པོ་ཞིག་ལ་ཆ་དང་ཆ་ཅན་གྱི་འབྲེལ་བ་གྲུབ་མཁན་དག་ལ་ཆ་ཤས་མྱོང་བའི་ཆ་ཅན་མྱོང་བ་དང་ཆ་ཤས་མཐོང་བས་ཆ་ཅན་མཐོང་བར་འཇོག་པའི་སྐབས་མང་དུ་མཆིས་པས་སོ། ། དེས་ན་རང་རིག་དེ་འཛིན་རྣམ་ཡན་གར་ཞིག་ལ་བྱེད་མཁན་དག་གིས་རང་རིག་ཞེས་པའི་གོ་དོན་དེ་ལྟར་འགྲེལ་དགོས་པ་ལས་འགྲེལ་ཚུལ་གཞན་དུ་མེད་པར་སེམས་སོ།།
གཉིས་པ་རང་རིག་འདོད་ཚུལ་གཞན་དུ་སྨྲ་བ་ནི། ཀུན་མཁྱེན་མི་ཕམ་རྒྱ་མཚོ་སོགས་མཁས་པ་མང་པོ་ཞིག་གིས་རང་རིག་འདོད་ཚུལ་ནི་ཚད་མ་སྔ་ཕྱིའི་མཁས་པ་མང་པོ་ཞིག་དང་འགྲེལ་ཚུལ་མི་འདྲ་བར། ཤེས་པ་ཡིན་ན་རང་རིག་ཡིན་པའི་ཁྱབ་བར་འདོད་པ་ཡིན་ཏེ། བརྒལ་ལན་ཉིན་བྱེད་སྣང་བ་ལས། རང་བློ་ཉིད་སྐྱེས་ཙམ་ནས་ལྐོག་ཏུ་མ་གྱུར་པར་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་ལ་རང་རིག་ཅེས་བརྗོད་ལ། ཞེས་གསུངས་པའི་སྐབས་སུ་བློ་དང་རང་རིག་ཁྱད་མེད་དུ་འདོད་པར་གསལ་ལ། དེ་དག་གི་ལུགས་ལ་འཛིན་རྣམ་རང་རིག་གི་མཚན་ཉིད་དུ་བཞག་ཆོད་མོད། འཛིན་རྣམ་ཞེས་པ་ཁ་ནང་ཁོར་ནར་ཕྱོགས་པའི་ཤེས་པ་ལ་མི་བྱེད་པར། ཤེས་པ་རང་ཉིད་གསལ་བའི་ངོ་བོར་སྐྱེས་པ་ཙམ་ལ་རང་རིག་གམ་འཛིན་རྣམ་ཞེས་བཤད་པ་ཡིན་ལ། དེ་ལྟར་ན་དེ་དག་གི་ལུགས་ལ་མྱོང་བྱ་དང་མྱོང་བྱེད་ཐ་དད་ནས་མེད་ཀྱང་རང་མྱོང་ཞེས་པའི་དོན་འཇུག་སྟེ། དཔེར་ན། ཚོར་བས་སྡུག་བསྔལ་མྱོང་ཞེས་པའི་སྐབས་སུ་ཚོར་བ་ལས་ཟུང་དུ་མྱོང་བྱ་སྡུག་བསྔལ་གཞན་ཞིག་མེད་ཀྱང་། ཚོར་བ་རང་ཉིད་སྡུག་བསྔལ་ཀྱི་ངོ་བོར་སྐྱེས་པ་ན་ཚོར་བས་སྡུག་བསྔལ་མྱོང་ཞེས་ཐ་སྙད་སྦྱར་བ་བཞིན། ཤེས་པ་རྣམས་རང་ཉིད་གསལ་བའི་བདག་ཉིད་ཙམ་དུ་གྲུབ་པ་ནས་རང་གིས་རང་མྱོང་ཞེས་པའི་རྣམ་བཞག་མཛད་པ་ཡིན་ནོ། དེ་ཡང་གནད་ཤིན་ཏུ་ཆེ་སྟེ། ཤེས་པ་དེ་དང་དེའི་ཡུལ་ཉམས་སུ་མྱོང་ཚུལ་ལ་མཁས་པ་རྣམས་དཔྱད་པ་ཆེ་མོད། གཞུང་ཆེན་དང་སྦྱར་ནས་བཤད་ན་ཤེས་པའི་མྱོང་བ་མཚན་ཉིད་པ་ལ་རང་མྱོང་ཁོ་ན་ལས་མེད་དེ། གཞན་མྱོང་རྣམས་མྱོང་བ་དངོས་མ་ཡིན་ཏེ། དེ་ནི་མྱོང་བ་བཏགས་པ་བ་ཡིན་པར་བཤད་པའི་ཕྱིར་ཏེ། འཇམ་པའི་དབྱངས་ཐུབ་བསྟན་དགེ་ལེགས་མཚོའི་བསྡུས་གྲྭའི་སྤྱི་དོན་ལས། གྲུབ་མཐའ་བཞི་གས་བློ་དེས་ཆོས་དེ་མྱོང་བ་ནི་བློ་དེ་ཆོས་དེའི་ངོ་བོར་སྐྱེས་པ་ལ་བྱེད་པ་ཡིན་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ལས། རྟག་པ་དང་གཟུགས་སོགས་ཡུལ་ཐམས་ཅད་བློས་མྱོང་ཚུལ་མེད་དེ། བུམ་འཛིན་ཤེས་པ་བུམ་པའི་ངོ་བོར་སྐྱེས་པ་མེད་པའི་ཕྱིར་རོ། །ཞེས་དང་། གུང་ཐང་བསྟན་པའི་སྒྲོན་མེའི་ཀུན་གཞིའི་དཀའ་གནས་ལས། སྔ་མ་ནི་རང་མྱོང་གཞན་མྱོང་དཔྱད་པའི་ཟླས་དྲངས་ཏེ་ཤར་བ་ཙམ་ལ་མྱོང་བ་བཏགས་པ་ཡིན་ཞིང་། ཞེས་སོགས་སྐབས་སུ་སྔོ་འཛིན་མིག་ཤེས་ཀྱིས་ཡུལ་སྔོན་པོ་མྱོང་ཚུལ་མཚན་ཉིད་པ་མེད་པར་གསུངས་པས། རང་ལུགས་ལ་ཡུལ་ཅན་ཤེས་པ་དེས་ཡུལ་མྱོང་ཚུལ་ནི་དེའི་ངོ་བོར་སྐྱེས་པ་བྱེད་དགོས་པའི་ཕྱིར་རོ། །
ད་ནི་དཀྱུས་ལ་འཇུག་ནས་འདོད་ཚུལ་དེ་གཉིས་ཀྱི་མཐའ་ཅུང་ཙམ་དཔྱད་ན། འདོད་ཚུལ་སྔ་མའི་དབང་དུ་བྱས་ན་རང་རིག་ཅེས་པའི་གོ་དོན་འོང་དཀའ་སྟེ། རང་རིག་གི་མྱོང་བྱའི་ཤེས་པ་ནི་རང་དང་འགལ་ཟླའི་ཤེས་པ་གཞན་ཞིག་ཡིན་ལ། དེ་མྱོང་བ་ལ་རང་མྱོང་ཞེས་པའི་ཐ་སྙད་སྦྱར་མོད། རྒྱུ་མཚན་གྱིས་སྒོ་ནས་འཆད་ན་རང་དང་རྫས་གཅིག་པ་ཙམ་ཞིག་མཐོང་བས་ཆ་ནས་རང་མྱོང་ཞེས་བཤད་པའམ་ཡང་ཆ་དང་ཆ་ཅན་གྱི་འབྲེལ་བ་གྲུབ་མཁན་ཞིག་མཐོང་བའི་ཆ་ནས་འཆད་ན་མ་གཏོགས་དེ་ལས་ལྷག་པའི་བཤད་ཚུལ་ལེགས་པ་མ་མཐོང་ལ། དེ་ལྟ་ན་སྤྱིར་བློ་ཡིས་ཉམས་སུ་མྱོང་ཚུལ་གྱི་སྟེང་ནས་དཔྱད་ན་ཅུང་ཙམ་དཀའ་བའི་གནས་སུ་སྣང་སྟེ། རྟོགས་པ་དང་སྣང་བ་ཙམ་ལ་མྱོང་བའི་ཐ་སྙད་སྦྱར་ན། རྣམ་འགྲེལ་ལས། དམིགས་མྱོང་ཐ་དད་དུ་འབྱེད་པའི་རིགས་པ་དང་འགལ་ཞིང་། བློ་ཡིས་མྱོང་ཚད་འདི་ཡིན་ཞེས་ཚད་བཞག་ནས། རང་རིག་གིས་མྱོང་ཚུལ་འཆད་ན་ཤིན་ཏུ་དཀའ་ལ། དེར་མ་ཟད་འཛིན་རྣམ་ཡན་གར་བ་རང་རིག་གི་མཚན་ཉིད་དུ་བཞག་མཁན་རྣམས་ལ་སྐབས་འགའ་ཞིག་ཏུ་འཆད་མི་བདེ་བའི་སྐབས་འོང་སྟེ། དེ་དག་གི་ལུགས་ལ། དཔེར་ན། རང་རིག་དེ་ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ་ཡིན་པ་ལས་འོས་མེད་ལ། འདུ་བྱེད་ཀྱི་ཕུང་པོ་ལ་མཚུངས་ལྡན་ཀྱི་འདུ་བྱེད་དང་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་གཉིས་སུ་ངེས་ལ། དེ་གཉིས་གང་ཡིན་ཞེས་འདྲི་ཚེ། མཚུངས་ལྡན་གྱི་འདུ་བྱེད་ཡིན་ཞེས་བཤད་ན། འཛིན་རྣམ་ཡན་གར་བ་ཞེས་པའི་དོན་འགྲེལ་ཚུལ་མེད་པར་འགྱུར་དེ། རང་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གཅིག་ཀྱང་མེད་པས་ན་འཛིན་རྣམ་ཡན་གར་བ་ཞེས་བཤད་དགོས་པའི་ཕྱིར་རོ། །ཡང་མཁས་པ་ལ་ལས་རང་དང་མཚུངས་ལྡན་གྱི་ཤེས་པ་མེད་ཀྱང་མཚུངས་ལྡན་འདུ་བྱེད་ཡིན་ཞེས་གསུང་མཁན་ཡོད་ཀྱང་། དེ་ནི་མགོ་དང་མི་ལྡན་ཀྱང་མགོ་ལྡན་ཡིན་ཞེས་བཤད་ན་མི་མཛེས་པ་ལྟར་རང་དང་མཚུངས་པར་ལྡན་པའི་ཤེས་པ་མེད་ན་མཚུངས་ལྡན་ཡིན་ཞེས་བཤད་ཀྱང་གོ་རྒྱུ་ཆེར་མེད་པ་འདྲའོ། །རང་རིག་དེ་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཡིན་པར་ཁས་བླངས་ན། ལྡན་མིན་འདུ་བྱེད་ཡིན་པར་འདོད་དགོས་ཏེ། གཞུང་ཚད་ལྡན་གང་གི་སྐབས་སུ་ཡང་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་དང་ལྡན་མིན་འདུ་བྱེད་གཉིས་ལ་ཁྱད་ཕྱེ་ནས་གསུངས་པ་མེད་པའི་ཕྱིར་རོ། །གལ་ཏེ་ལྡན་མིན་འདུ་བྱེད་ཡིན་པར་འདོད་ན། གཟུགས་ཤེས་གང་ཡང་མ་ཡིན་པའི་འདུས་བྱས་ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་དུ་འཇོག་མཁན་རྣམས་ལ་རང་རིག་ཤེས་པ་ཡིན་པའི་གནས་མེད་པར་འགྱུར་ལ། ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་ལ་གཟུགས་ཤེས་གང་ཡང་མ་ཡིན་པའི་འདུས་བྱས་མི་འཇོག་པར། གཟུགས་དང་དང་སེམས་དང་སེམས་བྱུང་གང་རུང་གི་གནས་སྐབས་ལ་བཏགས་པའི་དེ་ཉིད་གཞན་བརྗོད་མེད་པའི་དངོས་པོ་འཇོག་ཟེར་ན། དེ་ལྟ་ན་ལྡན་མིན་འདུ་བྱེད་ལ་རྫས་སུ་མ་གྲུབ་པའི་བཏགས་ཡོད་ཀྱིས་ཁྱབ་ལ། ཤེས་པ་དང་བཏགས་ཡོད་ཀྱི་གཞི་མཐུན་འཇོག་མི་རིགས་སྟེ། གཟུགས་ཤེས་གཉིས་ལ་སྐབས་གོང་འོག་ཀུན་ཏུ་རྫས་སུ་ཡོད་པ་ཁོ་ནར་གསུངས་པའི་ཕྱིར་ཏེ། སྔོན་མེད་ལེགས་བཤད་ལས། དང་པོ་གཉིས་ནི་དངོས་པོ་དངོས་ཡིན་ལ། ཕྱི་མ་ནི་བཏགས་པ་བའོ། །ཞེས་གསུངས་སོ། །དེས་ན་རང་ལུགས་ལ་ཤེས་པ་ཡིན་ན་རང་རིག་ཡིན་པའི་ཁྱབ་བར་འདོད་པ་ལྟར་ཁས་བླངས་དགོས་པར་སེམས་སྟེ། རྣམ་འགྲེལ་ལས། གཟུང་དང་འཛིན་པ་གཉིས་མེད་ཕྱིར། དེ་ནི་དེ་ལྟར་རང་ཉིད་གསལ། ཞེས་སོགས་ཀྱི་སྐབས་སུ་འཛིན་བྱ་དང་འཛིན་བྱེད་ཐ་དད་ནས་མེད་པར་རང་ཉིད་གསལ་བ་ཡིན་པ་ཙམ་ལ་མྱོང་བ་ཞེས་གསུངས་ལ། ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་ཀྱང་། བཀའ་བསྡུ་བཞི་བའི་འགྲེལ་བ་ལས། རང་མི་རིག་ན་རིག་པར་འགལ་བས། ཞེས་དང། ཆོས་ཐམས་ཅད་རང་རིག་པ་དང་མི་རིག་པ་གཉིས་སུ་ཁ་ཚོན་ཆོད་པས། ཐམས་ཅད་བེམ་རིག་གཉིས་སུ་བསྡུས་ནས་གསུངས་སྐབས། རིག་པ་དང་རང་རིག་པ་གཉིས་དོན་གཅིག་ཏུ་བྱས་ནས་གསུངས་པ་དང་། ཐེག་མཆོག་དབུ་མ་ལས། རྒྱལ་བའི་མཁྱེན་ཕྱིར་རང་དང་རིག་པར་གྲུབ། ། རིག་ཀྱང་རིག་བྱ་རིག་བྱེད་མི་དགོས་ཏེ། ། གཤེར་བ་ལ་ཡང་གཤེར་བྱ་གཤེར་བྱེད་མེད། ། གཤེར་བའི་ངོ་བོ་ཙམ་ཞིག་འཇོག་པ་ལྟར། ། ཞེས་དང་། དེའི་ཐད་ཀྱི་ཟིན་བྲིས་ལས། རང་རིག་འཐད་པ་ནི་དོན་དམ་དབྱིངས་དེ་རང་རིག་ཏུ་འགྲུབ་ཏེ་ཤེས་པ་ཡུལ་ཅན་དང་ཤེས་བྱ་ཡུལ་གྱི་དབྱེ་བ་མེད་པའི་ཕྱིར་དེ། རྣམ་ཤེས་ཀྱི་རྒྱལ་ཁམས་ཡང་ཡུལ་ཡུལ་ཅན་གྱི་དབྱེ་བ་ཡོད་ཕྱིན་ཆད་རང་རིག་ཏུ་མི་འགྲུབ་སྟེ། ཞེས་སོགས་གསུངས་པས་རང་རིག་དང་ཤེས་པ་དོན་གཅིག་པར་འདོད་དགོས་པར་སྙམ་མོ།། དེའི་ཕྱིར་འདོད་ཚུལ་སྔ་མ་རང་ལུགས་སུ་བྱས་ནས་མཁས་པ་དེ་དག་གིས་གསུངས་ཚུལ་ལྟར་འཆད་ཀྱང་འཆད་ཚུལ་མེད་པ་དང་གཞི་འཛིན་ས་གཏན་ནས་མེད་པ་མ་ཡིན་མོད། འདོད་ཚུལ་ཕྱི་མ་ལྟར་ཁས་བླངས་ནས་འཆད་ན་རང་རིག་ཀྱི་གོ་བ་གནད་དུ་ཁེལ་བ་ཞིག་འཆད་ཚུལ་ཡོད་པ་དང་། རྣམ་འགྲེལ་སོགས་རྒྱ་གཞུང་མང་པོ་ཞིག་གི་ཚིག་ཟིན་ལྟར་འཆད་རྒྱུ་ཡོད་པ་སོགས་ཁྱད་ཆོས་མང་དུ་མཆིས་ལ། མ་ཟད་རང་ལུགས་ལ་ཆོས་ཉིད་རང་རིག་ཏུ་ཁས་བླངས་ན་ཕྱི་མའི་གསུངས་ཚུལ་ལྟར་འཆད་ཚེ་གོ་རྒྱུ་དེ་ལས་ཀྱང་ཆེ་བ་ཞིག་ཡོད་པ་དང་། ལྷག་པར་གཞན་གྱིས་ཐོགས་མེད་སྐུ་མཆེད་སེམས་ཙམ་པའི་སློབ་དཔོན་ཡིན་པར་ཞལ་གྱིས་བཞེས་པས། དེ་དག་གི་ལུགས་ལ་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་རང་རིག་ངེས་པར་དུ་ཁས་བླངས་དགོས་མོད། དེ་གཉིས་ཀྱི་གཞུང་ལུགས་ཁག་གི་སྐབས་སུ་ཡང་སེམས་སེམས་བྱུང་རྒྱས་པར་བཤད་པ་ལས་རང་རིག་ལོགས་སུ་བསྟན་པའི་ཚིག་གཅིག་ཀྱང་མེད་པས། སེམས་སེམས་བྱུང་ལས་ལོགས་སུ་རང་རིག་མེད་པས་མ་ཡིན་ན་དེ་དག་གི་ལུགས་ལ་དེའི་རྒྱུ་མཚན་ཤིན་ཏུ་འཆད་དཀའ་བར་སྣང་ངོ་། །རང་ལུགས་ལའང་དེ་བཞིན་ཐོགས་མེད་སྐུ་མཆེད་གཉིས་རང་རིག་བཞེད་མི་བཞེད་གསལ་ཁ་མེད་ཀྱང་བཞེད་པར་ཁས་བླངས་ན། རང་རིག་ལོགས་སུ་མ་གསུངས་པ་ལ་རྒྱུ་མཚན་གང་ཞིག་ཡོད་འཚོལ་དགོས་སོ། །དེས་ན་རྣམ་རྟོག་ངན་པས་གཟེར་མ་བཏབ་པའི་གཟུར་གནས་བློ་ལྡན་རྣམས་ཀྱིས་གང་ཟག་བཟང་ངན་ཙམ་གྱིས་གནས་ཚུལ་ཐག་བཅད་པའི་སྲོལ་ངན་གྱི་རྗེས་སུ་མི་འབྲང་བར་གང་ཞིག་གནས་ཚུལ་ལྟར་གྲུབ་མིན་སོགས་ལུང་རིགས་འདི་དག་ལ་བརྟེན་ནས་དཔྱད་པར་འཚལ་ལོ།། །།
ཁོ་བོས་འདིར་བྲིས་རྣམ་དཀར་ཅི་མཆིས་པ།།
དུས་གསུམ་རྒྱལ་བའི་བསོད་ནམས་དང་འདྲེས་ནས།།
མར་གྱུར་འགྲོ་བ་ཡོངས་ཀྱི་མིག་ཕྱེ་སྟེ།།
ཆོས་ཚུལ་མ་ལུས་འཛིན་པའི་སྣོད་གྱུར་ཅིག།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4399
དཔྱད་མཆན་སྤེལ།