ཁྱོད་ཀྱི་འཛུམ་མདངས་ལས་རྙེད་པའི་ནང་མ་ཁང་།

                     

རླུང་བུས་གཏམ་རྒྱུད་དག་འཇགས་སུ་མ་བཅུག

མེ་ལྕེས་དྲན་པ་འདི་སྡོད་དུ་མ་དབང

མཐོང་བའི་མཚོན་མདངས་དེ་རུ

འོད་ཀྱི་སྣང་བ་མི་འདུག

ཟེགས་མའི་རླབས་རིས་ཀྱང་མ་འཁོར

འོན་ཏང མིག་ཡུལ་དུ་མངོན་འོང་བ་ནི

ཤོད་ཐབས་མེད་པའི་མཚར་སྡུག་གི་མཛེས་བ་ཞིག

ཚོར་བས་བྲིས་པའི་གཞིས་ཀ་དེ་ན

དགུན་གཞུང་གི་གྲང་བ་མཐུག་ཀྱང

ཆར་སིལ་གྱི་ཟིལ་བ་འཐོར་འོང

ཚ་གདུག་གིས་རྔུལ་ནག་བཞུར་རུང

བསིལ་འཇམ་གྱི་རེག་བྱ་མྱངས

ངས་རང་ཉིད་ལ་ཡིད་ཆས་ཀྱི་མཚོན་མདངས

སྔར་ནས་འཆུགས་ཚར་བ་ཤེས་རུང

ང་ལ་ཐབས་བཀོད་གཞན་ཞིག་མ་རེད

གྲགས་འོང་བའི་རོལ་མོ་དེའི་མཐའ་རུ

ངག་སྒྲོས་ཀྱིས་མ་ཤོད་པའི་ལྗིད་ཚད

སེམས་ཀྱི་བར་སྟོང་དེ་རུ་ཡང་ཡང་གྲག་བཞིན་འདུག

༢༠༢༣ ༡༡ ༡༤

   སྟོན་མཇུག

གྲང་རླུང་གི་ཁ་བའི་མེ་ཏོག

ཚོར་བའི་ཉིན་སྲིབ་ཀུན་ཏུ་བཞད

འཛུམ་མདངས་ཀྱིས་བཀྲུས་པའི་ཞེ་ཡི་གཙང་བོ

དུས་རབས་ཀྱི་མཛེས་པ་ལས་རིང་དུ་བརྒལ

བརྗེད་མི་འཚལ་བའི་གཏམ་རྒྱུད་ཁྲི་འབུམ་བརྩེགས་པའི

ལོ་ཟླའི་འགྲུལ་བཞུད

དུས་ཚིགས་ཀྱི་མཛེས་པ་བསྣམས་ནས་སླེབས་འོང

ཀྱག་ཀྱོག་གི་ཁུག་པ་དེ་དག

མི་ཚེའི་བགྲོད་ལམ་་དངོས་ཀྱི་གསོན་དཔེ་ཡིན་ནམ

བསྡུས་གཟུགས་ཀྱི་འཁྲབ་པའི་གར

ད་དུང་ཡིད་ཡུལ་དུ་མུ་ནས་མུ་རུ་བསྐྱོད

   ལྷད་མའི་འཇིག་རྟེན།

མི་ཡུལ་འདིར

ཁངས་ཆག་ལྷུང་བཞིན་འདུག

འུ་ཚོ་རེ་རེ་བཞིན

ཁངས་ཆག་འདིས་བསྣན་ནས་ཡུན་རིང་འགོར

ཡིན་ཡང   འུ་ཚོ་ཁངས་ཆག་ལ་བཀའ་དྲིན་ཞུ་བ་ལས

ཁངས་ཆག་དེས་བསྣན་ཡོད་པ་ཙམ་ཡང་ཚོར་གྱིན་མི་འདུག

ངག་ལྐུགས་པའི་སྐན་སྒྲ་དེས

ཁངས་ཆག་ལ་བསྟོད་གླུ་ཕུལ

ལག་འདར་བའི་སོར་མོས

སྒྱུ་རྩལ་གྱི་ཆིངས་ཡིག་ཕབ

སྡེབ་སྦྱོར་འཁྲུག་པའི་ཚིག་འགྲོས་དེ་དག་སྤྱད་ནས

སྙན་ངག་ཅེས་པའི་ཚོར་བའི་ཆོ་ལོ་གཞན་ཞིག་བཙལ

མི་ཡུལ་ཞེས་གྲུབ་མ་མྱོང་བ་ཞིག་ལ

ཡིན་མདོག་གིས་འཛུམ་ཆུང་བཙན་གྱིས་བསྟན

ཆར་རླུང་དག་མི་སྡུག་པར་སྒོམ་བཞིན

རང་ཉིད་དེ་རུ་གནས་འཆའ

སང་ཉིན་ཟེར་བའི་སྐྱི་གཡའ་བ་ཞིག་ལ

དངངས་འཚེ་ཡིས་ངང་སྒུག་གི་ཁྲོད་དུ་ཡིབས

རྟོག་བཏགས་ཀྱིས་བཟོས་པའི་ལོ་ཟླས་བཅུམ་དྲག་པས

དབུགས་བཏང་ལེན་གྱི་བར་སྟོང་ཡོངས་རྫོགས

དུད་ནག་གི་ཚེར་མས་ཡོངས་སུ་ཚེམས

སྨྲ་བ་འགགས་རྗེས་ཀྱི་མིང་ཟུང

རྒྱང་རིང་གི་གནམ་མཐའི་མཛེས་པ་འཁོར་རུང

རྣམ་ཤེས་ཀྱི་བྲག་ཅལ་ཞེ་རུ་ཐོགས་པའི་སྙིང་སྟོབས་མི་འདུག

༢༠༢༣ ༡༡ ༡༥

ནར་སོན་གྱི་ལོ་ཟླ།

 

གདུག་རྩུབ་ཀྱི་མེ་ཏོག

ཚོར་བའི་བྲང་ཁར་སྐྱེས

ཉི་འོད་ཀྱི་སྣེ་མོར

ཆར་བའི་ཟིལ་བ་ཐོགས

སྡོང་ལོ་ཁེར་སྐྱེས་རེ་ལ

ལྗང་མདོག་གི་ཚེར་མ་བཞད་པར་རེ་ཞིང་སྒུག

རླུང་བུ་དེའི་མཐའ་རུ

མི་མངོན་པའི་འཇའ་ཚོན་ནང་གི་ཁྲག

དུས་ཚིགས་ཀྱི་མཛེས་པ་ཨེ་སིམ

སྤྲིན་གྱི་ལག་པས

ལང་ཚོའི་རི་མོར

སྨྲེང་བའི་སྤར་འདྲད་ཡང་ཡང་བྱས

སྐོམ་གདུང་གི་མིག་ཆུ

བཅུས་ནས་ཚར་བ་ཞིག་མ་རེད

ལོ་ཟླའི་ཆར་བ

མཐུད་ནས་ཞོགས་དུས

ཁེར་རྐྱང་གི་ནང་མ་ཁང

ལྷིང་འཇགས་ཀྱི་མུན་པས་གཙེས

ཁ་གཏད་ཀྱི་གློག་འོད་དག

འཁྱག་ཤུར་ཤུར་གྱི་དགུན་ཟླ་ལས་མ་རྙེད

༢༣ ༡༠ ༣༠

 

    ང་ཡི་གཙང་བོ།

ཕན་ཚུན་ཅེར་བའི་བསྡུས་གཟུགས

མངར་བཅུད་ཀྱི་འཚོ་བ་ལ

སྙན་ངག་གི་བསུང་ངད་འཐུལ

ངག་གི་དྲན་པའི་སྒྲོམ་དུ

བརྗེད་མི་བཟོད་པའི་དམ་ཚིག་ཆགས་རྗེས

རྒྱང་བཞུད་ཀྱི་རྟ་ཕོ་འཚེར་བའི་ཉེར་བསྡོགས་བརྩམས

ཚོར་རླབས་རྒྱུན་དེའི་སྣེ་མོ

ནང་སེམས་ཀྱི་སྟོན་ཀར་ཁྲིད

གསེར་ཞུན་གྱིས་བྲན་པའི

འཇིག་རྟེན་གྱི་ངོ་གདོང་ནོགས་མྱོང་མེད

འཆར་ཡན་སྦངས་པའི་སྟོན་ཀ

ང་ལ་བརྩེ་དུང་གི་ཆུ་བོ་ཞིག་མཁོ

སྙན་ལྷང་ལྷང་གིས་བཞུར་བའི་ཁྱོད

ང་ལ་མཁོ་བའི་གཙང་བོ་དེ་ཡིན་ནམ

འཁེང་བར་མ་གྱུར་པའི་ཚོར་བའི་འདབ་མ

བརླན་ཤིགཤིག་གི་ཆུ་རིས་ངོས་སུ

མཛེས་སྡུག་གི་ཟིལ་བ་དཀྲོལ་དུས

རང་བྱུང་གི་སྙན་འཇེབས་ལ་འཛད་མཐའ་མེད

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4376