ད་ལྟ་སློབ་གྲྭ་ཆུང་འབྲིང་དང་སློབ་གྲྭ་ཆེན་མོ་སོགས་སུ་ཚན་རིག་ནི་ལོ་རྒྱུས་ཅན་ཞིག་མིན་པའི་ཚུལ་དུ་སློབ་ཁྲིད་བྱེད་བཞིན་ཡོད། སློབ་དེབ་སྣ་ཚོགས་སུ་ཐབས་བརྒྱ་ཇུས་སྟོང་གིས་ཚན་རིག་གི་བསམ་བློ་གསལ་འགྲེལ་དེ་ཚན་རིག་གི་ལྡེ་མིག་ལྟ་བུར་བཟུང་ནས་མཚོན་གང་ཐབས་བྱས་ཡོད་ན་ཡང་། དུས་ཡུན་རིང་ཞིང་ཀྱག་ཀྱོག་ཆེ་བའི་ཚན་རིག་ངོས་འཛིན་དང་ཤེས་རྟོག་གི་ལོ་རྒྱུས་རྒྱུད་རིམ་གླེང་ཡོད་པ་ཧ་ཅང་ཉུང་། སློབ་ཁྲིད་ཀྱི་ཐབས་ཇུས་ཞིག་གི་ཆ་ནས་བཤད་ན། ཐབས་ལམ་དེ་ནི་དོན་སྙིང་ལྡན་པ་ཞིག་ཡིན་མོད།  འོན་ཀྱང་ཚན་རིག་གི་བསམ་བློའི་ལོ་རྒྱུས་འཕེལ་རིམ་ལ་རྒྱུས་ལོན་གསལ་བོ་ཞིག་ཡོད་ན། ད་གཟོད་ཚན་རིག་མཚན་ཉིད་རིག་པ་སྨྲ་བའི་དགའ་ཕྱོགས་ཤེས་རྟོག་བྱེད་པར་ཕན་ནུས་ཆེན་པོ་ལྡན། བརྗོད་དོན་དེ་སུ་ས་བཅད་ལྔ་བར་གསལ་ཞིང་ཤེས་ཐུབ། ཚན་རིག་མཚན་ཉིད་རིག་པའི་མཁན་པོ་དག་གིས་ར་སྤྲོད་བྱས་པ་ལྟར་ན། ཚན་རིག་ལོ་རྒྱུས་ལ་དོ་སྣང་བྱེད་པ་དེ། ཚན་རིག་མཚན་ཉིད་རིག་པ་གསལ་བོར་ཤེས་རྟོག་བྱེད་པར་མེད་དུ་མི་རུང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། །

དེང་རབས་ཚན་རིག་ནི་སྤྱི་ལོ1500ལོ་ནས་སྤྱི་ལོ1700ལོའི་བར་སྐབས་སུ། ཚན་རིག་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་གླིང་ཆེན་ཡོ་རོབ་ཏུ་བྱུང་ཞིང་། ང་ཚོས་དེར་ཚན་རིག་གསར་བརྗེ་ཞེས་འབོད་ཅིང་དེ་ལྟར་ཐོགས་ཡོད། ཡིན་ན་ཡང་། གནའ་རབས་དང་དུས་རབས་དཀྱིལ་མའི་སྐབས་སུ་ཡང་། ཚན་རིག་ལ་ཞིབ་འཇུག་གང་མང་བྱས་ཡོད་པས། ཚན་རིག་ཀྱང་རྨང་གཞི་གཏན་ནས་མེད་པ་ཞིག་ལས་བྱུང་བ་མིན། གནའ་རབས་ཀྱི་འཇིག་རྟེན་ལྟ་བ་གཙོ་བོ་ནི་ཨ་རི་སི་ཐོ་ཐེལ་རིང་ལུགས་ཡིན། དེ་ནི་གནའ་རབས་ཀི་རེ་སིའི་མཚན་ཉིད་རིག་པའི་མཁན་པོ་ཨ་རི་སི་ཐོ་ཐེལ[1]གྱི་མཚན་ཉིད་ལྟ་བ་གཞིར་བཟུང་ནས་མིང་བཏགས་པ་ཡིན། ཁོང་གིས་དངོས་ལུགས་རིག་པ་དང་སྐྱེ་དངོས་རིག་པ། གནམ་དཔྱོད་རིག་པ་དང་སྟོང་ཁམས་ཆེན་པོ་རིག་པ་བཅས་ཕྱོགས་ནས། ཞིབ་ཆ་ལྡན་པའི་རིགས་པའི་གཞུང་ལུགས་མཛད་ཡོད་མོད། འོན་ཀྱང་ཁོང་གི་བསམ་བློ་དེ་དག་དེང་རབས་ཚན་རིག་པ་ཞིག་ལ་མཚོན་ན། ཡ་མཚར་བ་ཞིག་ཡིན་ཞིང་། ཁོང་གི་ཞིབ་འཇུག་ཐབས་ལམ་ཡང་དེ་བཞིན་ཡིན། དཔེར་ན། ཁོང་གི་ཡིད་ཆེས་ལྟར་ན། འཇིག་རྟེན་ཐོག་གི་ཕུང་བོར་གྲུབ་ཡོད་པ་ཐམས་ཅད་ནི་ས་ཆུ་མེ་རླུང་བཅས་འབྱུང་བ་བཞིས་གྲུབ་པ་ཡིན། ལྟ་བ་དེ་དེང་རབས་རྫས་འགྱུར་རིག་པའི་བཤད་སྲོལ་དང་འགལ་བ་བྱུང་ཡོད། །

དེང་རབས་ཚན་རིག་གི་འཇིག་རྟེན་ལྟ་བ་བྱུང་བའི་གོམས་པ་དང་པོ་ནི་ཁོ་ཕི་ནེའི[2]་གསར་བརྗེ་ཡིན། སྤྱི་ལོ1542ལོར། ཕོ་ལན་གྱི་གཟའ་སྐར་རྟོག་དཔྱོད་རིག་པའི་མཁན་པོ་ཁོ་ཕི་ནེ་ཡིས་བསྟན་བཅོས་ཞིག་བརྩམས་ཏེ། སའི་གོ་ལ་ནི་སྟོང་ཁམས་ཆེན་པོའི་དཀྱིལ་དབུས་ཡིན་པར་སྨྲ་བར་དགག་པ་མཛད། སའི་གོ་ལ་དཀྱིལ་དབུས་སྨྲ་བ་ལྟར་ན། སའི་གོ་ལ་འགུལ་སྐྱོད་མེད་པར་སྟོང་ཁམས་ཆེན་པོའི་དཀྱིལ་དབུས་སུ་གནས་ཡོད་ལ། རྒྱུ་སྐར་དང་ཉི་མ་སོགས་ཀྱིས་རང་རང་གི་འཁོར་ལམ་ལ་བརྟེན་ནས་སའི་གོ་ལར་སྐོར་བ་རྒྱག་བཞིན་ཡོད། སའི་གོ་ལ་དཀྱིལ་དབུས་སྨྲ་བའི་གཟའ་སྐར་རྟོག་དཔྱོད་རིག་པར་ཐོ་ལེ་མེའི་གཟའ་སྐར་རྟོག་དཔྱོད་རིག་པ་ཟེར་ཞིང་། གནའ་རབས་ཀི་རེ་སིའི་གཟའ་སྐར་རྟོག་དཔྱོད་སྨྲ་བ་ཐོ་ལེ་མེའི་བསམ་བློར་བརྟེན་ནས་བྱུང་ཞིང་། ཨ་རི་སི་ཐོ་ཐེལ་གྱི་འཇིག་རྟེན་ལྟ་བའི་སྲོག་ཤིང་ལྟ་བུའང་ཡིན། ལྟ་བ་དེར་ལོ་ངོ1800ལྷག་གི་རིང་ལ་མཐའ་དཔྱོད་བྱེད་སློང་མཁན་མེད་པར་ལུས། འོན་ཀྱང་། ཁོ་ཕི་ནེ་ཡིས་ལྟ་བ་དེའི་ཚབ་བྱེད་པའི་རིགས་པའི་གཞུང་ལུགས་གཞན་ཞིག་འདེམས། དེ་ལྟར་ན། ཉི་མ་ནི་སྟོང་ཁམས་ཆེན་པོའི་འགྱུར་་མེད་པའི་དཀྱིལ་དབུས་ཡིན་ཞིང་། སའི་གོ་ལ་དང་བཅས་པའི་རྒྱུ་སྐར་ཡོད་ཚད་སོ་སོའི་འཁོར་ལམ་ལ་བརྟེན་ནས་ཉི་མར་སྐོར་བ་རྒྱག་བཞིན་ཡོད། (དཔེ་རིས1)ཉི་མ་དཀྱིལ་དབུས་སྨྲ་བའི་ལྟ་བ་ལྟར་ན། སའི་གོ་ལ་ནི་རྒྱུ་སྐར་གཞན་དང་གཅིག་མཚུངས་ཡིན་པས། སྲོལ་རྒྱུན་གྱི་བླ་ན་མེད་པའི་གོ་གནས་མེད་པར་གྱུར། ཁོ་ཕི་ནེ་ཡི་རིགས་པའི་གཞུང་ལུགས་དེར་ངོ་རྒོལ་དྲག་པོ་དང་གདོང་ཐུག་བྱུང་། སྒོས་སུ་གནམ་བདག་ཆོས་ཚོགས་ཀྱི་དགག་པ་དང་གདོང་གཏུག་བྱུང་། ཁོ་ཚོ་ལྟར་ན། རིགས་པའི་གཞུང་ལུགས་དེ《དམ་པའི་གསུང་རབ》དང་རྩ་འགལ་བྱུང་ཡོད་པས། སྤྱི་ལོ1616ལོར་སའི་གོ་ལའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་བརྩམས་ཆོས་གཏན་འགོག་བྱེད་པའི་ཆོས་ཁྲིམས་གཏན་ཕབ་བྱས་མོད། ལོ་ངོ100ལྷག་གི་རྗེས་སུ། ཁོ་ཕི་ནེའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཚན་རིག་གི་ཡང་དག་པའི་ལྟ་བ་བཙུགས། །

ཁོ་ཕི་ནེའི་གསར་བརྗེ་ལ་བརྟེན་ནསགཟའ་སྐར་རྟོག་དཔྱོད་རིག་པ་གསར་བ་ཞིག་བཙུགས་པ་མ་ཟད། ཁེ་ཕི་ལེ(Johannes Kepler 1571-1630)དང་ཀ་ལེ་ལེར (Galileo Galilei1564-1642) སོགས་ཀྱི་བརྩམས་ཆོས་ལ་བརྟེན་ནས། བརྒྱུད་པའི་སྒོ་ནས་དེང་རབས་དངོས་ལུགས་རིག་པར་འཕེལ་རྒྱས་བྱུང་དུ་བཅུག  ཁེ་ཕི་ལེ་ཡིས་ཁོ་ཕི་ནེའི་ངོས་འཛིན་ལྟར། རྒྱུ་སྐར་རྣམས་ཉི་མའི་མཐའ་འཁོར་གྱི་དབྱིབས་གཟུགས་སྒོར་མོ་ཅན་གྱི་འཁོར་ལམ་བརྒྱུད་ནས་ཉི་མར་སྐོར་བ་རྒྱབ་པ་མིན་པར། དབྱིབས་གཟུགས་འཇོང་སྒོར་ཅན་གྱི་འཁོར་ལམ་བརྒྱུད་ནས་ཉི་མར་སྐོར་བ་རྒྱག་བཞིན་ཡོད་པ་ཡིན། དེ་ནི་ཁོང་གི་རྒྱུ་སྐར་འཁོར་སྐྱོད་དང་འབྲེལ་བའི་ཆོས་ཉིད་དང་པོ་ཡིན་ཞིང་། ཁོང་གི་ཆོས་ཉིད་གཉིས་པ་དང་གསུམ་པར་བརྟེན་ནས། རྒྱུ་སྐར་གྱིས་ཉི་མར་སྐོར་བ་རྒྱག་པའི་མགྱོགས་ཚད་གསལ་འགྲེལ་བྱས། །

ཁེ་ཕི་ལེ་ཡི་ཆོས་ཉིད་ལ་བརྟེན་ནས་སྔར་ལས་ཡང་དག་པའི་གཟའ་སྐར་འཁོར་སྐྱོད་དང་འབྲེལ་བའི་རིགས་པའི་གཞུང་ལུགས་ཤིག་བཙུགས་པ་མ་ཟད། དུས་རབས་དུ་མར་གཟའ་སྐར་རྟོག་དཔྱོད་རིག་པ་སྨྲ་བ་དག་མགོ་འཐོམས་པའི་དཀའ་གནད་ཀྱང་བསེལ། ཁེ་ཕི་ལེ་ཡིས་མི་ཚེ་ཧྲིལ་བོར་ཁོ་ཕི་ནེ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ཁོང་ནི་རྒྱང་མཐོང་གསར་བཏོན་བྱེད་མཁན་ནང་གི་གཅིག་ཀྱང་ཡིན། ཁོང་གིས་རྒྱང་མཐོང་ནམ་མཁར་གཏད་ན་ལྟ་ཞིབ་བྱེད་དུས། ཡ་མཚར་པའི་དོན་དག་མང་པོ་མཐོང་། དེ་དག་གི་ནང་དུ་ཟླ་བའི་ཐོག་གི་རི་རྒྱུད་དང་བརྟན་སྐར་མང་པོ། ཉི་མའི་ནག་གཟུགས་དང་སྐར་མ་ཕུར་བུའི་འཁོར་སྐར་བཅས་འདུས། དེ་དག་ཚང་མ་ཨ་རི་སི་ཐོ་ཐེལ་གྱི་གཟའ་སྐར་རྟོག་དཔྱོད་རིག་པ་དང་འགལ་ཟླ་བྱུང་ཡོད་པ་མ་ཟད། ཚན་རིག་གི་སྡེ་ཁོ་ཕི་ནེ་རིང་ལུགས་ཀྱི་ཕྱོགས་སུ་འཁོར་བར་གནད་འགག་རང་བཞིན་གྱི་ནུས་པ་ཐོན།  གང་ལྟར་ཀ་ལེ་ལེའི་ཆེས་རླབས་ཆེ་བའི་མཛད་རྗེས་ནི་ཁོང་གི་གཟའ་སྐར་རྟོག་དཔྱོད་རིག་པ་མིན་པར། ཁོང་གིས་འཐབ་ཤུགས་རིག་པར་བརྟེན་ནས་ཨ་རི་སི་ཐོ་ཐེལ་གྱི་དངོས་པོ་ལྗིད་མོ་ནི་དངོས་པོ་ཡང་མོ་ལས་མར་ལྷུང་ཚད་མགྱོགས་ཞེས་པའི་རིག་པར་དགག་པ་དེ་ཡིན། ཨ་རི་སི་ཐོ་ཐེལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཚབ་ལ། ཁོང་གིས་མངོན་སུམ་ཉམས་མྱོང་དང་འགལ་བའི་བསམ་འཆར་ཞིག་བཏོན། ཁོང་ལྟར་ན། དངོས་པོའི་ལྗིད་ཚད་ལ་འབྲེལ་བ་མེད་པར། རང་བཞིན་གྱིས་མང་ལྷུང་བའི་དངོས་པོ་དག་དུས་མཉམ་དུ་ས་ཐོག་ལ་ལྷུང་སྲིད་པ་རེད། (དཔེ་རིས2)(མངོན་སུམ་ཉམས་མྱོང་ལྟར་ན། བྱ་སྒྲོ་ཞིག་དང་སྒྱོགས་མདེལ་གཉིས་དུས་མཉམ་དུ་མཐོ་ས་ནས་དམའ་སར་འཕང་ཚེ། སྒྱོགས་མདེལ་ཐོག་མར་སར་ལྷུང་སྲིད་མོད། ཀ་ལེ་ལེ་ལྟར་ན། མཁའ་དབུགས་ཀྱི་བཀག་འགོག་མེད་པའི་སྟོང་ཁམས་སུ་གཉིས་ཀ་དུས་མཉམ་དུ་སར་ལྷུང་སྲིད་པ་ཡིན།)ཁོང་ལྟར་ན། རང་བཞིན་གྱིས་མར་ལྷུང་བའི་དངོས་པོའི་མགྱོགས་ཚད་འཕར་བ་གཅིག་མཚུངས་ཡིན། དུས་མཚམས་གཅིག་མཚུངས་ནང་དངོས་པོར་ཐོབ་པའི་མགྱོགས་ཚད་འཕར་བའི་ཚད་རིམ་ཡང་གཅིག་མཚུངས་ཡིན། དེར་ཀ་ལེ་ལེའི་རང་བཞིན་གྱིས་མར་ལྷུང་བའི་དངོས་པོའི་གཏན་སྲོལ་ལམ་ཆོས་ཉིད་ཟེར་བ་ཡིན། ཀ་ལེ་ལེ་ཡིས་ཆོས་ཉིད་དེར་གོ་སྐོན་བློ་འགུག་གི་ནུས་པ་ལྡན་ཞིང་།    ལྟ་བ་དེར་གཞི་ནས་ཡང་དག་པར་བདེན་དཔང་བྱེད་པའི་དཔང་སྒྲུབ་མཛད་མེད་མོད། འོན་ཀྱང་དེར་བརྟེན་ནས་ཁོང་གི་རིགས་པའི་གཞུང་ལུགས་ཀྱི་སྲོག་ཤིང་བཙུགས་ཡོད་པ་ཡིན། །

ཡོངས་ཁྱབ་ལྟར་ན། ཀ་ལེ་ལེ་ནི་དེང་རབས་དངོས་ལུགས་སྨྲ་མ་ངོ་མ་ཞིག་ལ་བརྩིས་ཡོད། ཁོང་ནི་འཇིག་རྟེན་ཐོག་ཐེངས་དང་པོར་རྩིས་རིག་སྐད་ཆར་བརྟེན་ནས་སྟོང་ཁམས་ཀྱི་གཟའ་སྐར་གྱི་འགུལ་སྐྱོད་ལ་འགྲེལ་བཤད་རྒྱག་མཁན་ཡིན་ཏེ། དཔེར་ན། ཁོང་གི་མར་ལྷུང་བའི་དངོས་པོ་དང་སྒྱོགས་འཕེན་ཕྱོགས་ཀྱི་འགྲེལ་བཤད་ལྟ་བུ། འགྲེལ་བཤད་དེ་བདག་ཅག་ལ་མཚོན་ན་ཤེས་སླ་བ་ཞིག་ཡིན། རྒྱུ་མཚན་ནི་དེང་རབས་ཚན་རིག་གི་གཞུང་ལུགས་ཡོད་ཚད་རྩིས་སྒྲུབ་ལ་བརྟེན་ནས་འགྲེལ་བཤད་དང་སྒྲུབ་བཞེངས་མཛད་ཡོད་པས་ཡིན། གནས་ཚུལ་དེ་དངོས་ལུགས་རིག་པའི་ཞིབ་འཇུག་གི་ཁྲོད་དར་ཁྱབ་ཏུ་གྱུར་ཡོད་ལ། དཔལ་འབྱོར་རིག་པའི་ཞིབ་འཇུག་གི་ཁྲོད་དུ་ཡང་དར་ཁྱབ་ཏུ་གྱུར་ཡོད། འོན་ཀྱང་། ཀ་ལེ་ལེ་འཚོ་བཞེས་བྱེད་པའི་དུས་སྐབས་སུ་དེ་ལྟར་མིན་ཏེ། སྐབས་དེར་རྩིས་རིག་ནི་རྟོག་གེ་གནས་སུ་ཡོད་པའི་དངོས་ཡོད་ཁོ་ནའི་སྒྲུབ་བྱེད་གལ་ཆ་ཞིག་ཡིན་པ་ལས། གཟའ་སྐར་སོགས་ཀྱི་ཞིབ་འཇུག་ཕྱོགས་སུ་བེད་སྤྱོད་པའི་སྒྲུབ་བཞེངས་ལག་ཆ་ཞིག་མིན། ཀ་ལེ་ལེའི་ཞིབ་འཇུག་དང་འབྲེལ་བའི་གསར་བཏོད་གཞན་ཞིག་ནི། ཁོང་གིས་ཚོད་དཔག་གཞིར་བཞག་གི་ཚོད་ལྟའི་ཞིབ་འཇུག་བྱེད་ཐབས་ཡིན། དེང་རབས་ཚན་རིག་པ་ཞིག་ལ་མཚོན་ན། དེ་ནི་འགྲེལ་བཤད་བྱེད་མི་དགོས་པའི་གནས་ཤིག་ཡིན་མོད། འོན་ཀྱང་། ཀ་ལེ་ལེའི་དུས་སྐབས་སུ་ཚོད་ལྟ་ནི་ཡིད་ཆེས་བྱས་ཆོག་པའི་ཤེས་བྱ་སྣ་ཚོགས་ཤེས་རྟོག་བྱེད་པའི་ལག་ཆ་ཞིག་ཏུ་བརྩིས་མེད། ཀ་ལེ་ལེའི་ཚོད་ལྟ་གཙོ་བོར་བཟུང་ཞིབ་འཇུག་ཐབས་ལམ་ལ་བརྟེན་ནས། ཉམས་མྱོང་གཙིགས་སུ་འཛིན་པའི་ཚན་རིག་ཞིབ་འཇུག་གི་དུས་སྐབས་ལ་སླེབས་པ་མཚོན་ཞིང་། ཞིབ་འཇུག་ཐབས་ལམ་དེ་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་ཡོད། །

ཀ་ལེ་ལེ་ཚེ་ལས་འདས་རྗེས། ཚན་རིག་གསར་བརྗེ་ཕྱོགས་ནས་མགྱོགས་མྱུང་སྒོས་སྒུལ་ཤུགས་ཆེན་པོ་ཡོད་པར་གྱུར། ཧྥ་རན་སེའི་མཚན་ཉིད་རིག་པ་དང་རྩིས་རིག་དང་ཚན་རིག་གི་མཁན་པོ་ཏེ་ཁར(René Descartes 1596-1650) གྱིས“འཕྲུལ་འཁོར་མཚན་ཉིད་རིག་པའི”(སྟོང་ཁམས་ཀྱི་གཟའ་སྐར་དང་བཅས་པའི་ཡོད་པ་ཐམས་ཅད་ལ་འཕྲུལ་འཁོར་གྱི་ལྷུ་ལག་འཁོར་སྐྱོད་བྱེད་པ་ལྟ་བུའི་ཆོས་ཉིད་ཅིག་ཡོད་འདོད་པའི་ལྟ་བ།)བསམ་བློ་གསར་བ་ཞིག་འཕེལ་རྒྱས་སུ་བཏང་། ལྟ་བ་དེ་ལྟར་ན། དངོས་པོའི་འཇིག་རྟེན་ནི་དངོས་པོའི་གྲུབ་ཆ་དེ། རྡུལ་ཕྲན་སྒྱིད་ལུག་བར་ཕན་ཚུན་ནུས་པ་བཏོན་པ་དང་གཏོང་གཏུག་བྱུང་བར་བརྟེན་ནས་གྲུབ་པ་ཡིན། རྡུལ་ཕྲན་དེ་དག་ཚོད་འཛིན་བྱེད་སྲིད་པའི་ཆོས་ཉིད་དེ་ནི། ཁོ་ཕི་ནེ་ཡི་འཇིག་རྟེན་གྲུབ་ལུགས་ལྟ་བར་གོ་བ་ལེན་པའི་ལྡེ་མིག་ལྟ་བུ་ཡིན། ཏེ་ཁར་ལྟར་ན། འཕྲུལ་འཁོར་མཚན་ཉིད་རིག་པར་བརྟེན་ནས་རྡུལ་ཕྲན་སྒྱིད་ལུག་དག་གི་འབྲེལ་བར་བརྟེན་ནས་གྲུབ་པའི་མིག་དབང་གི་བཟུང་བྱར་གྱུར་བའི་སྣང་ཚུལ་སྣ་ཚོགས་ལ་འགྲེལ་བཤད་རྒྱག་ཐུབ་པ་ཡིན། ལྟ་བ་དེ་དུས་རབས17པའི་དུས་མཇུག་ནས་བཟུང་ཚན་རིག་གི་ལྟ་བ་གཙོ་བོར་གྱུར། གནས་ཚུལ་དེར་ད་ལྟའི་བར་འགྱུར་ལྡོག་ཆེན་པོ་བྱུང་མེད།

འཕྲུལ་འཁོར་མཚན་ཉིད་རིག་པའི་ལྟ་བར་ཧེ་ཀེན་སི(Christian Huygens 1629-1695)དང་པོ་ཨེར(Robert Boyle 1627—1691)སོགས་ཀྱིས་རྒྱབ་སྐྱོར་མཛད་པ་དང་། སྒོས་སུ་ཚན་རིག་པ་མང་ཤས་ཀྱིས་བླངས་པར་བརྟེན་ནས། ཨ་རི་སི་ཐོ་ཐེལ་གྱི་འཇིག་རྟེན་ལྟ་བ་ཉམས་རྒུད་དུ་གྱུར། །

ནེའུ་ཏོན(Isaac Newton1643–1727)ལ་བརྟེན་ནས་ཚན་རིག་གསར་བརྗེའི་མཇུག་སྒྲིལ། ཁོང་གིས་ཚན་རིག་ལོ་རྒྱུས་ཐོག་གཞན་དྲང་མི་འཇོག་པའི་གྲུབ་འབྲས་ཆེན་པོ་བླངས། ཁོང་གི་ཁྱད་དུ་འཕགས་པའི་བརྩམས་ཆོས་ནི། 1687ལོར་པར་སྐྲུན་མཛད་པའི《རང་བྱུང་མཚན་ཉིད་རིག་པའི་རྩིས་རིག་གི་རྩ་གནད》ཅེས་པའི་བསྟན་བཅོས་ཡིན། ནེའུ་ཏོན་ལ་འཕྲུལ་འཁོར་མཚན་ཉིད་རིག་པའི་ལྟ་བ་སྟེ། སྟོང་ཁམས་ཆེན་པོ་ནི་འགུལ་སྐྱོད་བྱེད་བཞིན་པའི་རྡུལ་ཕྲན་གྱིས་གྲུབ་ཡོད་པར་འདོད་པའི་ཕྱོགས་ནས་གཅིག་མཐུན་གྱི་ལྟ་བ་ཡོད་མོད། ཁོང་གིས་ཏེ་ཁར་གྱི་འགུལ་སྐྱོད་ཆོས་ཉིད་དང་གདོང་གཏུག་ལམ་སྲོལ་ཇེ་ལེགས་སུ་བཏང་ན་འདོད་ཡོད། དེའི་འབྲས་སུ་ནི་ནེའུ་ཏོན་གྱི་འགུལ་སྐྱོད་ཆོས་ཉིད་གསུམ་དང་སྙན་གྲགས་ཆེ་པའི་སྟོང་ཁམས་སྤྱི་ཁྱབ་འགུགས་ཤུགས་རིག་པར་བརྟེན་ནས། ནུས་ཤུགས་ཆེན་པོ་ལྡན་པའི་འགུགས་སྐྱོད་རིག་པ་དང་འཕྲུལ་འཁོར་འགུལ་སྐྱོད་རིག་པའི་རིགས་པའི་གཞུང་ལུགས་བཙུགས། ཆོས་ཉིད་དེ་ལྟར་ན། སྟོང་ཁམས་ཆེན་པོའི་གཟུགས་ཕུང་ཡོད་ཚད་ཀྱིས་གཟུགས་ཕུང་གཞན་པར་འགུགས་ཤུགས་ཤིག་འདོན་སྲིད་པར་མ་ཟད། གཟུགས་ཕུང་གཉིས་བར་གྱི་འགུགས་ཤུགས་ཀྱི་གྲངས་ཚད་ནི་གཟུགས་ཕུང་དེ་གཉིས་ཀྱི་གདོས་ཚད་ཕན་ཚུན་བསྒྱུར་བའི་སྒྱུར་ཐོབ་ཡིན་པ་དང་། གཟུགས་ཕུང་དེ་གཉིས་བར་གྱི་རྒྱང་ཐག་རིང་ཚད་ནི་ཕུང་གཟུགས་གཉི་ཀའི་སྒྱུར་འབོལ་གྱི་གྲངས་ཀ་ཡིན། གཟུགས་ཕུང་འགུལ་སྐྱོད་ཆོས་ཉིད་ལ་བརྟེན་ནས་འགུགས་ཤུགས་ཀྱིས་གཟུགས་ཕུང་འགུལ་སྐྱོད་ལ་ཇི་ལྟར་ཤུགས་རྐྱེན་བྱིན་པ་འགྲེལ་བཤད་བྱས། ནེའུ་ཏོན་གྱིས་རྩིས་རིག་གི་ཞིབ་ཚགས་ལ་བརྟེན་ནས། ཁོང་གི་རིགས་པའི་གཞུང་ལུགས་བཙུགས་པ་མ་ཟད། ང་ཚོས“ཕྲ་རྩིས”ཞེས་མིང་བཏགས་པའི་རྩིས་རིག་ཐབས་ལམ་གསར་བཏོད་བྱས། སྒོས་སུ་དོ་སྣང་བྱེད་དགོས་པ་ནི། ནེའུ་ཏོན་གྱིས་ཁེ་ཕི་ལེ་ཡི་གཟའ་སྐར་འཁོར་སྐྱོད་ཆོས་ཉིད་དང་ཀ་ལེ་ལེའི་རང་བཞིན་གྱིས་མར་ལྷུང་བའི་ཆོས་ཉིད་འགྲེལ་བཤད(ཆོས་ཉིད་གཉི་ཀར་དག་བཅོས་ཅུང་ཟད་མཛད་ཡོད)བྱེད་ཐུབ་པ་དེ། ཁོང་གི་འགུལ་སྐྱོད་ཆོས་ཉིད་དང་སྟོང་ཁམས་སྤྱི་ཁྱབ་འགུགས་ཤུགས་ཆོས་ཉིད་དང་རྟེན་ཅིང་འབྲེལ་ཡོད། ཡང་ཅིག་བཤད་ན། གོང་དང་གཅིག་མཐུན་གྱི་གཟུགས་ཕུང་འགུགས་ཤུགས་ཆོས་ཉིད་ལ་བརྟེན་ནས། སའི་གོ་ལའི་སྟེང་གི་གཟུགས་ཕུང་དང་སྟོང་ཁམས་ཀྱི་གཟུགས་ཕུང་གི་འགུལ་སྐྱོད་འགྲེལ་བཤད་བྱེད་ཐུབ་པ་མ་ཟད། ནེའུ་ཏོན་གྱི་ཆོས་ཉིད་ལ་བརྟེན་ནས་གཟུགས་ཕུང་འགུགས་ཤུགས་དེ་ཕྲ་ཞིང་ཞིབ་པའི་གྲངས་ཚད་ཅན་གྱི་སྒོ་ནས་གཏན་ལ་ཕབ་ཐུབ། །

ནེའུ་ཏོན་གྱི་དངོས་ལུགས་རིག་པར་བརྟེན་ནས་རྗེས་ཕྱོགས་ཀྱི་ལོ་ངོ200བརྒྱ་ལྷག་གི་ནང་། ཚན་རིག་ཞིབ་འཇུག་ཕྱོགས་ནས་མ་ལག་འདོན་སྤྲོད་བྱས་པ་མ་ཟད། མགྱོགས་མྱུར་སྒོས་ཏེ་ཁར་གྱི་དངོས་ལུགས་རིག་པའི་ཚབ་བྱས། དུས་སྐབས་དེར་ནེའུ་ཏོན་གྱི་ཚན་རིག་གཞུང་ལུགས་ལ་བརྟེན་ནས་ཚན་རིག་གི་ཡིད་ཆེས་གང་མགྱོགས་སྒོས་འཕེལ་རྒྱས་བྱུང་ཞིང་། ཡོངས་ཁྱབ་ཀྱི་ཡིད་ཆེས་ལྟར་ན། ནེའུ་ཏོན་གྱི་གཞུང་ལུགས་ལ་བརྟེན་ནས་རང་བྱུང་འཁོར་སྐྱོད་ཀྱི་གསང་བ་བརྟོལ་ཐུབ་པ་མ་ཟད། དངོས་པོའི་གནས་ལུགས་ཡོད་ཚད་གསལ་བཤད་བྱེད་ཐུབ། མ་མཐའ་ཡང་རྩ་དོན་ཕྱོགས་ནས་དེ་ལྟར་ཡིན། རིམ་བཞིན་ནེའུ་ཏོན་གྱི་གཞུང་ལུགས་དེ་འཇིག་རྟེན་དང་བཅས་པའི་སྣང་ཚུལ་སྣ་ཚོགས་འགྲེལ་བཤད་བྱེད་པའི་ཕྱོགས་སུ་རྒྱ་བསྐྱེད། དུས་རབས18ནས19བའི་ནང་ཚན་རིག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དེ་མངོན་སུམ་མཐོང་ཡུལ་དུ་གྱུར་ཡོད། སྒོས་སུ་རྫས་འགྱུར་རིག་པ་དང་འོད་རིག་པ། ནུས་ཤུགས་རིག་པ། ཚ་ནུས་རིག་པ་དང་གློག་ཤུགས་ཁབ་ལེན་རིག་པའི་ཞིབ་འཇུག་ཕྱོགས་གྲུབ་འབྲས་ཆེན་པོ་བླངས། ཁྱབ་རྒྱ་ཆེ་བར་བཤད་ན། རིག་གཞུང་དེ་ནེའུ་ཏོན་གྱི་སྟོང་ཁམས་སྤྱི་དང་མཐུན་པའི་འཇིག་རྟེན་ལྟ་བའི་གྲས་སུ་བསྡུས་ཡོད། ཚན་རིག་པ་ལྟར་ན། ནེའུ་ཏོན་གྱི་རིགས་པའི་གཞུང་ལུགས་དེ་ངོ་བོའི་ཕྱོགས་ནས་ཡང་དག་པ་ཞིག་ཡིན་ཞིང་། ངེས་པར་ཁ་སྣོན་བྱེད་དགོས་པ་ཞིག་ནི་གྲངས་སྒྲུབ་ཕྱོགས་ནས་ཞིབ་ཚགས་ཅན་དུ་གཏོང་དགོས་པ་དེ་ཡིན། །

དུས་རབས20བའི་སྟོད་དུ་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་སུ་གསར་བརྗེ་རང་བཞིན་གྱི་རིགས་པའི་གཞུས་ལུགས་གཉིས་བྱུང་བར་བརྟེན་ནས། ནེའུ་ཏོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཡིད་ཆེས་དེ་ཉམས་རྒུད་དུ་གྱུར་མགོ་བརྩམས། དེ་གཉིས་ནི་སོ་སོར་རྟེན་འབྲེལ་རིག་པ་དང་རྡུལ་ཕྲན་འགུལ་སྐྱོད་རིག་པ་ཡིན། རྟེན་འབྲེལ་རིག་པ་ནི་ཐོག་མར་ཨེ་དབྱིན་སི་ཐེན་གྱིས་(Einstein)ཤེས་རྟོག་བྱུང་ཞིང་། ཁོང་གི་ལྟ་བ་ལྟར་ན། ནེའུ་ཏོན་གྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སྟོང་ཁམས་ཀྱི་གཟུགས་རགས་ཆེས་ཆེ་བ་དང་། མགྱོགས་ཚད་ཆེས་མཐོ་བའི་གཟའ་སྐར་བཅས་ཀྱི་འགུལ་སྐྱོད་སོགས་འགྲེལ་བཤད་བྱེད་དཀའ་བ་ཡིན། དེ་ལས་ལྡོག་སྟེ། རྡུལ་ཕྲན་འགུལ་སྐྱོད་རིག་པ་སྨྲ་བ་ལྟར་ན། ནེའུ་ཏོན་གྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གཟུགས་རྡུལ་ཕྲ་མོ་དང་། སྒོས་སུ་རྡུལ་ཕྲན་འདུས་ཁམས་ནང་ཁུལ་གྱི་འཁོར་སྐྱོད་འགྲེལ་བཤད་བྱེད་དཀའ་བ་ཡིན། རྟེན་འབྲེལ་རིག་པ་དང་རྡུལ་ཕྲན་འགུལ་སྐྱོད་རིག་པ་གཉི་ག་སྟེ། སྒོས་སུ་རིག་པ་གཉིས་པ་སྟེ་རྡུལ་ཕྲན་འགུལ་སྐྱོད་རིག་པ་ནི་ཆེས་ཡ་མཚར་ཞིང་ཐལ་དྲག་པའི་རིགས་པའི་གཞུང་ལུགས་ཤིག་ཡིན། གཞུང་ལུགས་དེས་དངོས་པོའི་ངོ་བོ་ཕྱོགས་ནས། མི་རྣམས་ཀྱིས་ཡིད་ཆེས་བྱེད་དཀའ་ཞིང་གོ་བ་ལེན་དཀའ་བའི་བསམ་བློའི་མ་ལག་ཅིག་སྒྲུབ་འཛུགས་བྱས། གཞུང་ལུགས་དེ་གཉི་གར་བརྟེན་ནས། དངོས་ལུགས་རིག་པའི་ཞིབ་འཇུག་གི་ཕྱོགས་ངོ་བོ་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། ཐ་ན་ད་ལྟའི་དུས་སྐབས་སུའང་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།  །

མིག་སྔའི་བར། དངོས་ལུགས་རིག་པ་ནི་ཚན་རིག་འཕེལ་འགྱུར་ལོ་རྒྱུས་ཀྱི་ཐིག་རྩར་བཟུང་ནས་བརྗོད་ཡོད། གནས་ཚུལ་དེ་བློ་ཡུལ་ལ་ཤོང་དཀའ་བ་ཞིག་མིན་ཏེ། རྒྱུ་མཚན་ནི་དངོས་ལུགས་རིག་པས་ཚན་རིག་འཕེལ་འགྱུར་ལོ་རྒྱུས་སུ་གོ་གནས་གལ་ཆེན་ཟིན་ཡོད་པ་མ་ཟད། ཚན་རིག་ཡོད་ཚད་ཀྱི་སྲོག་ཤིང་ལྟ་བུའང་ཡིན། མདོར་ན་ཚན་རིག་ཞིབ་འཇུག་ཡོད་ཚད་དེ་དངོས་པོའི་གཟུགས་ཁམས་དང་འབྲལ་མེད་ཡིན་ཏེ། དཔེར་ན། སྐྱེ་དངོས་རིག་པ་ལྟ་བུ། སྐྱེ་དངོས་རིག་པར་བརྟེན་ནས་སྐྱེ་དངོས་སྣ་ཚོགས་ལ་ཞིབ་མོར་འཇུག་ན་ཡང་། སྐྱེ་དངོས་ཐམས་ཅག་ཀྱང་ཕྲ་ཕུང་ངམ་རྡུལ་ཕྲན་གྱིས་གྲུབ་ཡོད་པས། མཐར་གཏུག་ན་དེ་དག་ཐམས་ཅད་ཀྱང་དངོས་ལུགས་རྡུལ་ཕྲན་གྱིས་གྲུབ་ཡོད་པས། སྐྱེ་དངོས་རིག་པས་མངོན་གསལ་སྒོས་དངོས་ལུགས་རིག་པའི་རྨང་གཞིའི་གོ་གནས་ཟིན་མེད་ན་ཡང་། གོ་ནུས་གཏན་ནས་མེད་པ་ཞིག་མིན། འདིའི་སྐོར་ནས་ས་བཅད་གསུམ་པའི་སྐབས་སུ་ཞིབ་མོར་བརྗོད་སྲིད། གལ་ཏེ་དངོས་ལུགས་མ་ཡིན་པའི་ཚན་རིག་ནང་ཚན་ལ་དོ་སྣང་མ་བྱས་ན། དེང་རབས་ཚན་རིག་འབྱུང་ཁུངས་ཀྱི་སྤྱི་བཤད་ཙམ་ཡང་ལེགས་འགྲུབ་བྱུང་དཀའ། །

སྐྱེ་དངོས་རིག་པའི་ཁྱབ་ཁུངས་སུ་ཆེས་འབུར་ཏུ་ཐོན་པ་ནི་ཏར་ཝིན(Charles Darwin)གྱིས་ཤེས་རྟོག་བྱུང་བའི་རང་བྱུང་འདེམ་སྒྲུག་གི་རིགས་པའི་གཞུང་ལུགས་ཡིན། ཁོང་གི་ལྟ་བ་དེ་སྤྱི་ལོ1859ལོར་པར་དུ་བསྐྲུན་པའི《དངོས་རིགས་ཀྱི་འབྱུང་ཁུངས》སྟེ་སྤེལ། དུས་སྐབས་དེའི་བར་དུ་ཡེ་ཤུ་མ་ཤི་ཀའི《བྱུང་རབས》སུ་གསུངས་པ་ལྟར། མི་རྣམས་ཀྱིས་སྐྱེ་དངོས་ཡོད་ཚད་ནི་འཇིག་རྟེན་བྱེད་པོས་སོ་སོར་ཕྱེ་ནས་བསྐྲུན་པར་ཡིད་ཆེསབྱེད་སྲིད། འོན་ཀྱང་ཏར་ཝིན་ལྟར་ན། ད་ལྟའི་སྐྱེ་དངོས་ཡོད་ཚད་ནི་སོ་སོའི་མེས་པོར་འཕེལ་འགྱུར་བྱུང་བར་བརྟེན་ནས་བྱུང་ཞིང་། འཕེལ་འགྱུར་གྱི་གོ་རིམ་དེར་རང་བྱུང་འདེམ་སྒྲུག་ཟེར་བ་ཡིན།  རང་བྱུང་འདེམ་སྒྲུག་ནི་སྐྱེ་ཕུང་འགའ་ཤས་ལ་རིགས་རྒྱུད་གཞན་དང་བསྡུར་ན་རིགས་རྒྱུད་མང་པོ་སྤེལ་སྐབས་བྱུང་ཞིང་། དེ་ནི་སྐྱེ་ཕུང་དེ་དག་གི་ཐུན་མོང་མ་ཡིན་པའི་དངོས་པོའི་ཁྱད་ཆོས་ལ་རག་ལས་པ་ཡིན། གལ་ཏེ་ཁྱད་ཆོས་དེ་དག་སོ་སོའི་རིགས་རྒྱུད་ཀྱིས་རྒྱུན་འཛིན་བྱས་ཚེ། རིགས་རྒྱུད་དེ་དག་ལ་རིམ་བཞིན་རིགས་རྒྱུད་གཞན་ལས་རང་བྱུང་ཁམས་དང་རན་ཚད་ཇེ་མཐོར་འགྲོ་སྲིད། ཏར་ཝིན་ལྟར་ན། གོ་རིམ་དེ་ལས་སླ་མོ་ཞིག་ཏུ་མཐོང་སྲིད་མོད། འོན་ཀྱང་སྐྱེ་རབས་གང་མང་ཞིག་འདས་པའི་རྗེས་སུ། ཐོག་མའི་རིགས་རྒྱུད་དེ་དག་ཀྱང་གཞི་ནས་རིགས་རྒྱུད་གཞན་དག་ཏུ་འཕེལ་འགྱུར་འབྱུང་སྲིད། ཏར་ཝིན་གྱི་རིགས་པའི་གཞུང་ལུགས་ལ་དཔང་སྒྲུབ་ཀྱི་ནུས་པ་ཆེན་པོ་ལྡན་པས། ལྷ་ཡོད་སྨྲ་བའི་དགག་མཁན་ཡོད་ན་ཡང་།(དཔེ་རིས3)དུས་རབས20བའི་དུས་སྟོད་ནས་བཟུང་། རིགས་པའི་གཞུང་ལུགས་དེ་དངོས་གཞི་ཚན་རིག་ཅིག་ཏུ་གྱུར། གང་དེའི་རྗེས་ཕྱོགས་ཀྱི་ཞིབ་འཇུག་ལ་བརྟེན་ནས། ཏར་ཝིན་གྱི་རིགས་པའི་གཞུང་ལུགས་ལ་བློ་ཡིད་ལས་འདས་པའི་བདེན་དཔང་བརྙེད་པས། རིགས་པའི་གཞུང་ལུགས་དེ་དེང་རབས་སྐྱེ་དངོས་རིག་པའི་འཇིག་རྟེན་ལྟ་བའི་སྲོག་ཤིང་ལྟ་བུར་གྱུར། །

དུས་རབས20བར་བྱུང་ཞིང་ད་ལྟ་ད་དུང་མཇུག་རྫོགས་མེད་པའི་སྐྱེ་དངོས་རིག་པའི་གསར་བརྗེ་གཞན་ཞིག་ནི་འདུས་རྡུལ་སྐྱེ་དངོས་རིག་པ་ཡིན་ཞིང་། ཁྱད་པར་དུ་རིགས་རྒྱུན་དཔྱད་ཞིབ་རིག་པ་ཡིན། 1953ལོར་ཝོ་སོན(Watson)དང་ཁི་རི་ཁི(Crick)གཉིས་ཀྱིས་གཞི་རྒྱུད(DNA)ཀྱི་གྲུབ་ཚུལ་ངོས་བཟུང་། སྐྱེ་དངོས་ཕྲ་ཕུང་གི་གཞི་རྒྱུད་ཀྱི་རྒྱུད་འཛིན་དངོས་པོའི་གྲུབ་ཚུལ།(དཔེ་རིས4)ཝོ་སོན་དང་ཁི་རི་ཁི་གཉིས་ཀྱི་ངོས་འཛིན་ལ་བརྟེན་ནས། གཞི་རྒྱུད་བརྡ་འཕྲིན་དེ་ཕྲ་ཕུང་གཅིག་ནས་ཕྲ་ཕུང་གཞན་པར་ཇི་ལྟར་བསྐྱར་རྒྱུད་བྱས་པ་དང་། མེས་པོ་ནས་རྗེས་རབས་པར་ཇི་ལྟར་བསྐྱར་རྒྱུད་བྱས་པ་བཅས་གསལ་བཤད་བྱས་པས། བུ་རབས་དག་མེས་པོ་དང་སྐྱེ་གཟུགས་སོགས་ཀྱི་ཕྱོགས་ནས་འདྲ་མཚུངས་ཡིན་པ་འགྲེལ་བཤད་བྱས། ཁོ་ཚོའི་ངོས་འཛིན་ལ་བརྟེན་ནས་སྐྱེ་དངོས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ནས་སྤྲོ་སེམས་འཁོལ་བའི་ཞིབ་འཇུག་བྱ་ཡུལ་གསར་བ་ཞིག་གི་འགོ་བརྩམས། ཝོ་སོན་དང་ཁི་རི་ཁི་གཉིས་ཀྱི་ཞིབ་འཇུག་བྱེད་འགོ་བརྩམས་པའི་རྗེས་ཀྱི་ལོ་ངོ50ལྷག་གི་ནང་། འདུས་རྡུལ་སྐྱེ་དངོས་རིག་པར་མགྱོགས་མྱུར་ངང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ང་ཚོའི་རྒྱུ་རྒྱུད་དང་གཞི་རྒྱུད་གྲུབ་ཚུལ་ཕྱོགས་ཀྱི་ལྟ་བ་བསྒྱུར། ཉེ་བར་འདུས་རྡུལ་སྐྱེ་དངོས་རིག་པ་རྨང་གཞི་བྱས་ནས་མིའི་རིགས་ཀྱི་གཞི་རྒྱུད་ཧྲིལ་བོར་འགྲེལ་བཤད་བྱེད་འགོ་བརྩམས་ཤིང་། དེར་མིའི་རིགས་ཀྱི་གཞི་རྒྱུད་འཆར་གཞི་ཡང་ཟེར་ཞིང་། འདུས་རྡུལ་སྐྱེ་དངོས་རིག་པའི་འཕེལ་རྒྱས་ཁ་ཕྱོགས་གསར་བ་ཞིག་ཀྱང་ཡིན། དུས་རབས21པར་ཞིབ་འཇུག་ཁྱབ་ཁོངས་དེར་སྔར་ལས་ལྷག་པའི་གྲུབ་འབྲས་གཡུར་ཏུ་ཟ་བ་ཐོབ་སྲིད། །

འདས་མ་ཐག་གི་ལོ་ངོ་བརྒྱ་ཕྲག་ལྷག་གི་དུས་ཡུན་ནང་། ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་སུ་སྔར་ལས་ལྷག་པའི་གཞལ་བྱ་མང་པོ་ཡོད་པར་གྱུར།  དེའི་འབྲས་བུར་ཚན་རིག་གསར་བ་སྣ་ཚོགས་དབྱར་གྱི་ཤ་མོ་བཞིན་བརྡོལ་བྱུང་། དཔེར་ན། རྩིས་འཁོར་ཚན་རིག་དང་མིས་བཟོས་ཤེས་སྟོབས། སྐད་བརྡ་རིག་པ་དང་དབང་རྩའི་ཚན་རིག་ལ་སོགས་པ་ལྟ་བུའོ། འདས་པའི་ལོ་ངོ30ལྷག་གི་ནང་བྱུང་བའི་ཆེ་གལ་ཆེ་བའི་དོན་ཆེན་ནི་ཤེས་རྟོག་ཚན་རིག་ལ་འཕེལ་རྒྱས་བྱུང་བ་དེ་ཡིན། དེར་བརྟེན་ནས་མིའི་རིགས་ཀྱི་ཤེས་རྟོག་གི་ནང་ཚན་སྟེ། ཚོར་ཤེས་དང་དྲན་ཤེས། སློབ་སྦྱོང་དང་རིགས་སྒྲུབ་སོགས་ཕྱོགས་མང་པོ་ནས་ཞིབ་འཇུག་བྱས་པས། སྲོལ་རྒྱུན་སེམས་ཁམས་རིག་པར་བཅོས་སྒྱུར་ཆེན་པོ་བྱས། ཤེས་རྟོག་ཚན་རིག་གི་ཞིབ་འཇུག་སྒུལ་ཤུགས་དེ་ཚད་ངེས་ཅན་ནས་བཤད་ན། མིའི་རིགས་ཀྱི་ཀླད་ཤེས་དེ་གློག་ཀླད་དང་འདྲ་མཚུམས་ཡིན་པའི་བསམ་བློར་རྟེན་ཅིང་འབྲེལ་ཡོད། དེའི་རྐྱེན་གྱིས་མིའི་ཡིད་ཤེས་ཀྱི་གོ་རིམ་དེ་གློག་ཀླད་འཁོར་སྐྱོད་གོ་རིམ་དང་བསྡུར་ན་གསལ་བོར་རྟོག་ཐུབ། ཤེས་རྟོག་ཚན་རིག་གི་ཞིབ་འཇུག་དེ་ད་ལྟ་ད་དུང་ཐོག་མའི་དུས་སྐབས་སུ་ལུས་ཡོད་མོད། འོན་ཀྱང་དེས་ཀླད་ཤུགས་འཁོར་སྐྱོད་ཕྱོགས་ཀྱི་བརྡ་འཕྲིན་མང་པོ་འདོད་སྤྲོད་བྱེད་པར་ཁས་ལེན་བྱས་ཡོད། དུས་རབས20བའི་ནང་སྤྱི་ཚོགས་ཚན་རིག་དང་སྒོས་སུ་དཔལ་འབྱོར་རིག་པ་དང་སྤྱི་ཚོགས་རིག་པར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་མི་གང་མང་གིས་དེ་དག་གིས་ཞིབ་ཚགས་དང་རྙོག་འཛིང་གི་ཆ་དེ་རང་བྱུང་ཚན་རིག་དང་བསྡུར་ན་རྗེས་ལུས་ཡིན་པར་འདོད་ཡོད། འདིའི་སྐོར་ས་བཅད་བདུན་པར་བཀོད་སྒྲིག་བྱས་ཡོད།།

[1] ཨ་རི་སི་ཏོ་ཐེལ(Aristotle སྤྱི་ལོ་སྔོན་གྱི384ལོ་ནས་སྤྱི་ལོ་སྔོན་གྱི322ལོའི་བར)ནི་གནའ་རབས་ཀི་རེ་སིའི་མཚན་ཉིད་རིག་པ་སྨྲ་བ་ཡིན་ཞིང་། ནུབ་ཕྱོགས་ཀྱི་ཆེས་རླབས་ཆེ་བའི་མཚན་ཉིད་རིག་པ་སྨྲ་དང་ཚན་རིག་སྨྲ་བ། སློབ་གསོ་སྨྲ་བ་ཆེན་པོ་ནང་གི་གཅིག་ཀྱང་ཡིན་པར་མ་ཟད། ཁོང་ནི་ཕོ་ལ་ཐོལ(Plato སྤྱི་ལོ་སྔོན་གྱི427ལོ་ནས་སྤྱི་ལོ་སྔོན་གྱི347ལོའི་བར) གྱི་སློབ་མ་ཡིན་ཞིང་། རྒྱལ་པོ་ཆེན་པོ་ཨ་ལེ་རྒེ་སན་ཏེར(Alexander the Great སྤྱི་ལོ་སྔོན་གྱི356ལོ་ནས་སྤྱི་ལོ་སྔོན་གྱི323ལོའི་བར)གྱི་དགེ་རྒན་ཡང་ཡིན།

ཁོང་ལ་གཏན་ཚིགས་རིག་པའི་ཕྱོགས་ནས།《རིགས་ཀྱི་བསྟན་བཅོས།》(categories)

《འགྲེལ་བའི་རྣམ་བཤད།》(on interpretation)

《ཐོག་མའི་མཐའ་དཔྱོད །》(Prior Analytics)

《རྗེས་མའི་མཐའ་དཔྱོད །》(Posterior Analytics)

《བརྗོད་གཞིའི་བསྟན་བཅོས།》(Topics)

《ལོག་བཤད་ཚར་གཅོད།》(On Sophistical Refutations)སོགས་ཡོད་ལ། གོང་གི་བསྟན་བཅོས་དྲུག་པོ་ཁོང་གི《ཐབས་ཀྱི་བསྟན་བཅོས》(Organon)ཀྱི་གྲས་སུ་བཞག་ཡོད།

མཚན་ཉིད་རིག་པར《དེ་ཁོ་ན་ཉིད་ཀྱི་བསྟན་བཅོས》(Metaphysics)དང་།

རང་བྱུང་མཚན་ཉིད་རིག་པའི་ཕྱོགས་ནས། 《དངོས་ལུགས》(physics)

《གནམ་གཤིས་རིག་པ》(Meteorology)

《གནམ་དཔྱད》(On the Heavens)དང་《ཆགས་འཇིག་རྣམ་བཤད》(On Coming to Be and Passing Away)སོགས་འདུས།

སྲོག་ཆགས་བསྐོར་ནས《སྲོག་ཆགས་རྣམ་བཤད》(zoologys)

《སྲོག་ཆགས་ཕྱི་དབྱིབས》(animal structure)

《སྲོག་ཆགས་འགུལ་སྐྱོད》animal movement《སྲོག་ཆགས་སྐྱེ་འཕེལ》(animal reproduction)སོགས་ཡོད།

མིའི་རྣམ་བཤད་ཕྱོགས་ནས།《རྣམ་པར་ཤེས་པ》(on soul)

《ཚོར་བ་དང་ཚོར་བར་གྱུར་བའི་རྣམ་བཤད》(theory of feeling and being felt)

《དྲན་ཤེས་རྣམ་བཤད》(on memory)

《གཉིད་ཀྱི་རྣམ་བཤད》(on sleep)

《རྨི་ལམ་རྣམ་བཤད》(on dreams)

《གཉིད་ཀྱི་རྟགས་མཚན》(on the omen in sleep)

《ཚེ་སྲོག་རིང་ཚད》(on the length of life)

《གཞོན་རྒས་འཆི་གསུམ》(on youth, old age and death)

《དབུགས་འབྱིན་རྣམ་བཤད》(on breath)སོགས་ཡོད།

མི་ཆོས་ཀུན་སྤྱོད་དང་ཆབ་སྲིད་རིག་པའི་ཕྱོགས་ནས། 《ནི་ཁོ་མ་ཁེན་མི་ཆོས་ཀུན་སྤྱོད་རིག་པ》(Nicomachean Ethics)

《ཆབ་སྲིད་རིག་པ》(politics)

《ཨ་སེ་ནིའི་སྲིད་དོན་མ་ལག》(Athenian system of government)

《མི་ཆོས་ཀུན་སྤྱོད་རྣམ་བཤད་ཆེན་མོ》(Great Ethics)

《དགེ་སྡིག་གི་རྣམ་བཤད》(on virtue and evil)

《དཔལ་འབྱོར་རིག་པ》(Economics)སོགས་དང་།

མྱོང་ཚོར་རྣམ་བཤད་ཕྱོགས་ནས《གཏམ་བཤད་རིག་པ》(Rhetoric)

《སྙན་ངག་རིག་པ》(Poetics)

《ཨ་ལེ་ཁི་སན་ཏེའི་གཏམ་བཤད་རིག་པ》(Alexander rhetoric)སོགས་བསྟན་བཅོས་སམ་བརྩམས་ཆོས་ཕུན་སུམ་ཚོགས་པ་ཞིག་ཡོད་པས། འཛམ་གླིང་རིག་གནས་ལོ་རྒྱུས་ཐོག་གི་ཆེས་རླབས་ཆེ་བའི་ཤེས་བྱ་ཀུན་ཁྱབ་རིང་བཞིན་ཅན་གྱི་མཁས་པའི་དབང་བོ་ཞིག་ཡིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4356