དེ་ཡང་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་ལེགས་པར་བཤད་པ་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་དང་རང་སྟོང་གཞན་སྟོང་སྟོན་པའི་གསུང་རབ་ཀྱི་དོན་ཇི་ལྟ་བར་སྟོན་པ་མདོར་བསྡུས་པ་སོགས་སུ་དབུ་མ་གཞན་སྟོང་གི་ཆོས་ཚུལ་ལེགས་པར་གསུངས་པ་ལ་བརྟེན་ནས་ཁོང་གི་བཞེད་པ་མཐར་ཐུག་པ་གཞན་སྟོང་དུ་གནས་སོ་སྙམ་པ་ཞིག་དེང་དུས་ཀྱི་སྒྲུབ་བརྒྱུད་འདི་པའི་དཔེ་ཆ་བ་རྣམས་ལ་ཡོད་པར་འདུག་མོད།  ལེགས་པར་དཔྱད་ན་འཐད་པར་མ་མཐོང་སྟེ།   རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་དོན་མཐར་ཐུག་པ་དེ་གྲུབ་ཆེན་སངས་རྒྱས་མཉན་པ་ལ་གནང་བའི་ཕྱག་རྒྱ་ཆེན་པོའི་གཞུང་དུ།  དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་དགོངས་འགྲེལ་དང་བཅས་པ་ལས་གློ་བུར་བའི་དྲི་མ་ཐམས་ཅད་ཀྱིས་བདེ་བར་གཤེགས་པའི་སྙིང་པོ་སྟོང་ཞིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། དབྱེར་མེད་པའི་ཆོས་དབྱིངས་རྣམས་དེས་མི་སྟོང་པར་ཡོད་པར་གསུངས་པ་ནི་ གྲགས་པའི་དོན་དུ་གསུངས་པ་ཙམ་ལས་ཡོད་པར་མི་འཐད་པ་དང་། དེ་ཉིད་་འོད་གསལ་བར་གསུངས་པ་ཡང་རྟོགས་བྱའི་དྲི་མས་དག་པར་བྱར་ཡོད་པ་ཙམ་ལ་གོ་དགོས་པའི་ཚུལ་ཤིན་ཏུ་གསལ་བར་གསུངས་པས་གནས་ལུགས་བདེན་གྲུབ་ཏུ་གྱུར་པའི་ཤེས་པ་རྟག་པ་ཞིག་མི་བཞེད་དོ།   །དེ་ལྟའི་ལྟ་གྲུབ་ཟབ་མོ་དེ་ཉིད་གྲུབ་ཆེན་སངས་རྒྱས་མཉན་པས་ཀུན་མཁྱེན་བླ་མ་རྒྱལ་དབང་མི་བསྐྱོད་པ་ལ་ལེགས་པར་གདམས་པ་ན།  ཀུན་མཁྱེན་ཉིད་དགུང་ལོ་སོ་དྲུག་ལ་ཕེབས་སུ་རྗེས་སུ་ཟབ་མོ་དོན་དེ་ཉིད་རྩལ་དུ་བཏོན་ནས་རྒྱས་པར་མཛད་པས་རང་ཅག་རྗེས་སུ་འཇུག་པ་དག་གིས་ཀྱང་དེ་ལྟར་གཙོ་ཕལ་གོ་ཟློག་ཏུ་མ་སོང་བ་དགོས་གལ་ཆེ་བར་སྣང་ངོ་།  །
གཞན་ཡང་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་རྒྱན་འགྲེལ་འཇིག་རྟེན་གསུམ་སྒྲོན་དུ་དབྱིག་གཉེན་གྱིས་ཡུམ་གྱི་དགོངས་པ་རྣམ་རིག་ཏུ་བཀྲལ་བ་དེ་ཡུལ་གྱི་དགོངས་པ་ཇི་ལྟ་བ་བཞིན་བྱས་པ་མིན་པར་ཡང་གསུངས་སོ།  །
འོ་ན་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་གཞན་སྟོང་གི་གྲུབ་པ་ཅིའི་ཕྱིར་སྟོན་པར་མཛད་པ་ཡིན་སྙམ་ན།  རྣམ་ཐོས་རི་བོར་མཛད་པའི་ཀུན་མཁྱེན་བླ་མའི་རང་རྣམ་ལས།
བདག་གིས་ཤེར་ཕྱིན་དགོངས་དོན་རྣམ་རིག་ཏུ། །
ལེགས་པར་བཀྲལ་བའི་བསམ་དོན་ཅི་ཞེ་ན། །
གངས་ཅན་འདི་ན་དབུ་མའི་ལུགས་ཡིན་ཞེས། །
ཆད་སྟོང་ཉིད་ལ་མཆོག་ཏུ་བསྔགས་པ་ལ། །
བདུན་པ་ཀརྨ་པ་དེས་དེ་འགོག་ཆེད། །
རྒྱལ་བའི་ཡུམ་ལས་ཆོས་ཀུན་སྟོང་ཉིད་དུ། །
གསུངས་པའི་དགོངས་དོན་ངོ་བོ་ཉིད་གསུམ་ལ། །
དགོངས་ཏེ་གསུངས་ཚུལ་ཐོགས་མེད་མཆེད་གཉིས་ཀྱིས། །
ལེགས་པར་བཀྲལ་བའི་རྗེས་སུ་འགྲེལ་པ་བཞིན། །
ཞེས་གསུངས་པ་ལྟར་ཆད་སྟོང་ལ་ཞེན་པ་འགོག་པའི་ཆེད་དུ་ཡིན་པར་སྣང་བས་རང་ཅག་ཀྱང་མེད་དགག་ཆད་སྟོང་ལ་གནས་པར་མི་བྱའོ།  །
གཤམ་དུ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲུབ་ཆེན་སངས་རྒྱས་མཉན་པ་གདམས་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་ལེགས་པར་བཤད་པ་དེ་བཞག་ཡོད་པས་བླ་མའི་རྣལ་འབྱོར་སྔོན་དུ་སོང་བ་དང་བཅས་པའི་སྒོ་ནས་མཇལ་བར་ཞུ་ཞེས་ཤཱཀྱའི་དགེ་ཚུལ་ཀརྨ་མཁྱེན་རབ་གསལ་བྱེད་དམ་བན་དེ་འགྲོ་ཕན་གྱིས་ངོ་སྤྲོད་ཀྱི་ཚུལ་སྨྲས་སོ།  །

རྒྱལ་དབང་ཆོས་གྲགས་རྒྱ་མཚོས་གྲུབ་ཆེན་སངས་རྒྱས་མཉན་པའམ་བཀྲ་ཤིས་དཔལ་འབྱོར་ལ་གདམས་པའི་ཕྱག་རྒྱ་ཆེན་པོའི་གཞུང་བཞུགས་སོ།  །

རྫོགས་སངས་རྒྱས་རྣམས་ཀུན་གྱིས་དངོས་བསྟན་ལམ། །
མཐར་ཐུག་སྙིང་པོའི་སྙིང་པོ་བླ་ན་མེད། །
ཕྱག་རྒྱ་ཆེ་གང་དེ་ནི་རླུང་ལྟར་དུ། །
གྲགས་ཀྱང་སྐལ་མེད་རྣམས་ཀྱི་རྩྭ་ལྟར་སྤོང་། །
ཁ་ཅིག་མདོ་སྡེའི་དོན་ལ་འཆད་ཅིང་ཞུགས། །
ཁ་ཅིག་ལྷ་ཡི་རྣལ་འབྱོར་ལ་སྦྲེལ་ནས། །
སྟོང་ཉིད་སྒོམ་པ་ཕྱག་རྒྱ་ཆེན་པོ་ཞེས། །
དེ་སོགས་རྣམ་པ་དུ་མས་སྨྲ་བར་རྣམས། །
དེ་དག་རྣམས་ལ་ཕྱག་ཆེན་ཞེས་མི་བརྗོད། །
ཤིན་ཏུ་གནས་པའི་དོན་མཆོག་ཟབ་མོ་ནི། །
བརྗོད་པར་དཀའ་ཡང་ཕྱོགས་ཙམ་མཚོན་བྱའི་ཕྱིར། །
བརྗོད་པར་འདོད་པས་བཀའ་བརྒྱུད་ལ་ཕྱག་འཚལ། །
དེ་ལ་གསུམ། གཞི་དང་། ལམ་དང་། འབྲས་བུའོ། །དང་པོ་ནི། གཞི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་མཐར་ཐུག་པའི་བར་གྱི་གནས་ཚུལ་ཅི་ལྟ་བ་ཕྱིན་ཅི་མ་ལོག་པ་སྟེ། དེ་ཡང་། ཤེར་ཕྱིན་གྱི་མདོ་ཡི་དགོངས་དོན། ཀླུ་སྒྲུབ་ཡབ་སྲས་ཀྱི་བཀྲལ་བའི་དབུ་མ་རིགས་པའི་ཚོགས་ལ་སོགས་པར་ནི། གནས་ཚུལ་དེ་ཉིད་སྒྲིབ་པར་བྱེད་པ་ལྷན་སྐྱེས་དང་། ཀུན་བཏགས་པའི་སྤྲོས་པའི་ཚོགས་ཐམས་ཅད་བསལ་ནས། རང་བཞིན་མེད་པར་གཏན་ལ་ཕབ་པས། གནས་ལུགས་མཐོང་བ་གེགས་སུ་གྱུར་པ་སྤྲོས་མཐའ་བཅད་པའི་སྒོ་ནས། ཚོགས་ལམ་གྱི་དེ་བཞིན་ཉིད་གནས་ལུགས་དོན་དམ་པར་རང་བཞིན་གྱིས་མ་གྲུབ་ལ། ཀུན་རྫོབ་ཐ་སྙད་དུ་རྟེན་འབྲེལ་གྱི་དབང་གིས་རྒྱུ་འབྲས་སོགས་མེད་པ་ཡང་མ་ཡིན་པས། རྟག་ཆད་དང་བྲལ་བ་ཉིད་ཆོས་ཐམས་ཅད་ཀྱིས་གནས་ཚུལ་ཡིན་པར་བཞེད་ལ།
དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་དགོངས་འགྲེལ་དང་བཅས་པ་ལས། གློ་བུར་བའི་དྲི་མ་ཐམས་ཅད་ཀྱིས་བདེ་བར་གཤེགས་པའི་སྙིང་པོ་སྟོང་ཞིང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། དབྱེར་མེད་པའི་ཆོས་དབྱིངས་རྣམས་དེས་མི་སྟོང་པར་ཡོད་ཅིང་། དེ་ལ་སེམས་རང་བཞིན་གྱི་འོད་གསལ་བ་ཉིད་ཀྱང་དེ་ཡིན་ལ། དེ་ལ་མེད་པར་མ་གསུང་པའི་བསྒྲུབ་བྱའི་སྟོང་ཉིད་ཀྱང་གནས་ཚུལ་ཀྱང་གསུངས་སོ། །།
དེ་ལྟར་གསུང་རབ་ལས་མང་དུ་བྱུང་མོད་ཀྱང་། འདིར་ནི་སྐྱེ་སོགས་སྤྲོས་པ་ཐམས་ཅད་གདོད་མ་ནས་ངོ་བོ་ཉིད་ཀྱིས་མེད་པ་ཡང་ཡིན་ལ། དེ་ཡང་། སྐྱེ་དུས་ཉིད་དུ་རང་གི་ངོ་བོས་སྐྱེ་བ་སྟོང་པ་ཡང་ཡིན་ལ།  རང་བཞིན་གྱིས་མ་འགག་པས། སྐྱེ་བ་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་། བྲལ་མ་བྲལ་ཐམས་ཅད་ཀྱང་།  ཡུལ་ཅན་གྱི་བློས་བཏགས་ནས་བཞག་པ་ཙམ་ཡིན་གྱི།  སྔར་སྤྲོས་པ་ཐམས་ཅད་དང་མ་བྲལ་བའི་ཕྱིས་བྲལ་བར་བྱ་བ་མེད་ལ།  གདོད་མ་ནས་བྲལ་བ་ཕྱིས་མ་བྲལ་བ་ཡང་ཆོས་ཀྱི་གནས་ཚུལ་དུ་མི་རུང་ངོ་། །ཆོས་གང་དང་ཆོས་དེ་ཞེས་དགག་བྱ་བཀག་པ་ཙམ་ཡང་གནས་ལུགས་མ་ཡིན་ཏེ། དེ་ནི་སོ་སོར་བརྟགས་ནས་བཀག་པ་བློ་ཡི་ངོར། དེའི་ཚེ་མཐོང་བ་ལས་རག་ལས་པ་ཡིན་པས།  གང་རག་ལས་པས་བཞག་པ་གང་ཡིན་པ་དེ་ཉིད་ཀྱང་གནས་ཚུལ་དང་མཐུན་པ་མ་ཡིན་ཏེ།  ཐག་ཁྲ་སྦྲུལ་དུ་སྣང་བ་ནི་ཡུལ་ཅན་སྦྲུལ་འཛིན་གྱི་བློ་ལ་རག་པ་དང་།  ཡུལ་ཅན་ཤེས་པས་རྟོགས་པ་ཁོ་ནས་ཡུལ་གྱི་གནས་ཚུལ་དུ་མ་ངེས་སོ། །ཆོས་གང་དག་གློ་བུར་གྱི་དྲི་མས་སྟོང་ཞིང་། བསྒྲུབ་བྱའི་ཆོས་གཞན་ཡོད་པར་བཤད་པ་ཡང་གྲགས་པའི་དོན་དུ་གསུངས་པ་ཡིན་ཏེ། གནས་ལུགས་མཐར་ཐུག་པ་ནི་མ་ཡིན་ནོ། །གལ་ཏེ་ཡིན་ན། གང་གིས་སྟོང་པར་མཐོང་ཞིང་། གང་མི་སྟོང་པར་རྣམ་པ་ཐམས་ཅད་དུ་བདེན་པའི་རང་གི་ངོ་བོ་ཉིད་རང་བཞིན་ཡོད་པར་རྟོགས་པའི་བློ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་ནམ་༑ སོ་སོ་སྐྱེ་བོའི་བློ་ཡིན། དང་པོ་ལྟར་ན། འཇིག་རྟེན་དུ་གྲགས་པའི་ཡོད་མེད་གཉིས་ཀྱི་ཡོད་པའི་རྣམ་པར་བཟུང་བ་ལྟར། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཡོད་པར་བཟུང་བར་འདོད་མི་རུང་སྟེ། སངས་རྒྱས་ཀྱི་བདག་ཉིད་དམ་པའི་ཕ་རོལ་དུ་ཕྱིན་པ་ཡང་བདག་མེད་པ་ལ་བདག་ཏུ་གསུང་པ་སོགས་ཀྱང་མི་འཐད་པར་འགྱུར་ཞིང་། ཆོས་ཉིད་དང་། དེ་བཞིན་ཉིད་དང་། སེམས་རང་བཞིན་གྱི་འོད་གསལ་བ་རྣམས་ཞེས་པ་རྣམས་ཡོད་པར་གསུང་པ་ཡང་། རྟོགས་བྱའི་དྲི་མས་དག་པར་བྱར་ཡོད་པ་ཙམ་མ་གཏོགས། གླང་གི་མགོ་ལ་རྭ་ཡོད་པར་བྱིས་པ་རྣམས་ཀྱིས་བཟུང་བ་ལྟར་དུ་ཡོད་པར་གཟིགས་པ་མ་ཡིན་ནོ། །ཕྱི་མ་ལྟར་ན། དེའི་ཡུལ་དུ་མ་གྱུར་པས་མི་འཐད་དོ། །
དེ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྤྲོས་པ་ཐམས་ཅད་བྲལ་བ་ཡང་ཡིན། སྣ་ཚོགས་སུ་སྣང་བ་ཡང་ཡིན། ཅི་ལྟར་སྣང་ཡང་། ངོ་བོ་འགྱུར་བ་མེད་པ་ཡིན། ཡུལ་ཅན་གྱི་བློའི་བྱེ་བྲག་ལས་རྣམ་པ་དུ་མར་འགྱུར་བ་ཡང་ཆོས་ཐམས་ཅད་རེག་པ་མེད་ལ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱི་ངོ་བོའི་ཚུལ་དུ་ལྷན་ཅིག་སྐྱེས་པ་ཡང་ཡིན་ནོ། །དེ་ལ་དངོས་པོ་དང་། དངོས་པོ་མེད་པ་དང་། ཡོད་པ་དང་། མེད་པ་དང་། ཡོད་མེད་གཉིས་ཀར་བློས་བཏགས་པར་ནུས་པ་ཡང་མ་ཡིན་ནོ། །འདི་ནི་གྲུབ་པ་དང་། སྙིང་པོའི་སྐོར་རྒྱ་ཆེར་བྱུང་བ་ཡང་། འདིར་མཆོག་ཙམ་དུ་བྲིས་པའོ། །
གཉིས་པ་ལམ་ནི། རིམ་པ་དང་། གཅིག་འཆར་བ་ཚུལ་གཉིས་ཀྱི་དང་པོ་ནི། གདུལ་བྱ་དབང་བརྟུལ་སྐལ་པ་དམན་པ་རྣམས་ཀྱིས་ཐོག་མར་ཕྱི་ཐེག་པ་ནས་ཞུགས་ཏེ། བསྐྱེད་རིམ་ནས་རྫོགས་རིམ་གྱི་ཐབས་ཀྱི་ལམ་རྣམས་ཀྱང་རིམ་པར་བསླབ་པའི་མཐར་སྐྱེས་པའི་ཡེ་ཤེས་ཉིད་ཡིན་ལ། གཅིག་ཆར་བ་ནི། ཤིན་ཏུ་སྐལ་བ་བཟང་བ་དག། ཐོག་མ་ཉིད་ནས། རྣལ་འབྱོར་བླ་མེད་ཀྱིས་དབང་བསྐུར་བ་ནས་ཞུགས་ཏེ། བསྐྱེད་རིམ་དང་རྫོགས་རིམ་གྱི་ཐབས་ཀྱི་ལམ་རྣམས་ལའང་། མི་སློབ་པ་མ་ཡིན་ནའང་། དཀའ་བ་མེད་པར་གནས་ལུགས་དེ་མཐོང་བའི་ཡེ་ཤེས་སྐྱེ་ཞིང་༑ ཁྱད་པར་དུ་འཕགས་པའི་ལུགས་འདི་ལ་མཉམ་བཞག་ཡེ་ཤེས་ཀྱི་སྙོམས་པར་བཞུགས་པའི་མཐུས། རླུང་དྷུ་ཏིར་ཞུགས་པའི་ཞུ་བདེ་ཞིང་། ལུས་བེམ་པོའི་ཁམས་ཀྱང་། ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་ངོ་བོའི་ལྷར་ཤར་བར་རྣམ་པར་དག་པར་འགྱུར་བ་དག་གི་གནད་ཟབ་མོ་གཅིག་ཀྱང་ཡོད་པ་ནི་གཅིག་ཆར་བའི་ཚུལ་ལོ། །འདི་གཉིས་ཀས་ཀྱང་། སེམས་ཚོལ་སོགས་དཔྱད་སྒོམ་དང་འཇོག་སྒོམ་གཉིས་བྱ་དགོས་ཀྱང་༑ རིམ་གྱིས་པ་ལ་དཔྱད་སྒོམ་གཙོ་ཆེར་དགོས་ལ། གཅིག་ཆར་བ་ལ་འཇོག་སྒོམ་གཙོ་ཆེར་ཡང་གསུངས་སོ། །འཇོག་སྒོམ་ཡང་ཕར་ཕྱིན་ཐེག་པ་དང་སྔགས་ཐུན་མོང་པའི་དམིགས་པ་གང་རུང་གཅིག་ལ་འཇོག་པ་ལྟ་བུ་དེ་མ་ཡིན་ཏེ། འདིར་རྣམ་རྟོག་གང་ཤར་དེ་ཉིད་ལ་གཏད་ནས་ཆེད་དུ་བཅས་བཅོས་གང་ཡང་མི་བྱེད་པར་བཞག་པས། དགོངས་པ་ལུང་སྟོན་ལས། རང་བཞིན་བརྒྱད་ཅུའི་རྟོགས་པ་ཐམས་ཅད་དཔེར་ན། ནམ་མཁར་སྤྲིན་ཐམས་ཅད་བྱུང་ཞིང་དེ་ཉིད་ལ་ཐིམ་པ་ལྟར། འོད་གསལ་ལས་ལྡང་ཞིང་འོད་གསལ་ཉིད་ལ་ཐིམ་པར་གསུང་ཞིང་། དོ་ཧ་ལས་ཀྱང་། ལན་ཚྭ་ཆུ་ལ་ཐིམ་པའི་དཔེ་གསུངས་སོ། །ཇི་ལྟར་འཇོག་ཚུལ་ཡང་། དོ་ཧར། ཆུ་དང་མར་མེ་རང་གསལ་གཅིག་པུར་ཞོག། །ཅེས་པ་དང་། མཁའ་ལྟར་བྱས་ན་རླུང་ནི་རབ་ཏུ་ཐིམ། །ཞེས་སོགས་གསུངས་སོ། །འདི་ལ་ཁ་ཅིག་གི་སེམས་ཀྱི་རྒྱུ་བ་མི་གསལ་བར་བསྒོམ་པ་དུད་འགྲོར་སྐྱེ་བའི་རྒྱུ་དང་། གཟུགས་སྣ་ཚོགས་སོགས་འགོག་པས་གཟུགས་མེད་དུ་སྐྱེ་བ་དང་། སྣ་ཚོགས་ཐམས་ཅད་བཀག་ན་འགོག་སྙོམས་སུ་འགྱུར་བ་དང་། བསྒོམས་ལེགས་ན་དབུ་མའི་སྒོམ་དུ་འགྱུར་བ་དང་།  དེ་ལྟར་འགྱུར་བ་ཏིང་ངེ་འཛིན་དེ།  རྒྱ་ནག་ཧ་ཤང་གི་ལུགས་དང་གཅིག་པར་འདོད་པ་ནི།  རང་གི་མཚན་ཉིད་གསལ་བར་གཞན་ལ་སྟོན་པར་འདུག་པས།  ས་པཎ་སོགས་ཀྱི་མཁས་པ་རྣམས་ཀྱིས་འདི་ལྟར་བཞེད་པ་མི་རིགས་སོ། །དེ་ཡང་འདི་ལྟར། སེམས་དྲན་པ་མི་གསལ་བ་དུད་འགྲོའི་རྒྱུ་ཚད་ལྡན་གང་ནས་ཀྱང་མ་བཤད་ཅིང་། དགེ་མི་དགེའི་ལས་གཉིས་ཀྱི་འགྲོ་བ་གཉིས་སུ་སྐྱེ་ཞིང་།  ལུང་མ་བསྟན་ལས་དེ་གཉིས་སུ་འགྲོ་བར་གསུང་པ་མེད་པ་ལས། སེམས་རྒྱུ་བ་མི་གསལ་བ་དགེ་མི་དགེ་གང་དུ་བཤད་ཅིང་འདོད་པར་བྱེད། གཟུགས་མེད་དུ་སྐྱེ་བ་ནི། ནམ་མཁའ་མཐའ་ཡས་ལ་སོགས་པ་བཞི་པོ་སོ་སོར་དེ་བཞིར་སྐྱེ་བ་ཡིན་གྱིས།  གཟུགས་སྣང་བཀག་པ་ཙམ་གྱིས་དེར་སྐྱེ་བར་བཤད་པ་མེད་དེ།  དེ་བཞིན་དུ་ཧ་ཤང་གི་སྒོམ་དེ་ཉན་ཐོས་འགོག་པར་ལྟུང་བ་དང་།  དབུ་མའི་སྒོམ་གཉིས་གང་རུང་དུ་འགྱུར་བར་ཡང་འདོད་དུ་མི་རུང་ལ།  དེ་བཞིན་དུ་ཡིད་ལ་མི་བྱེད་པ་དང་།  རྣམ་པར་མི་རྟོག་པ་སོགས་ཀྱི་སྒྲ་ཙམ་གྱིས་ཧ་ཤང་གི་འདོད་པར་འགྱུར་བ་ནི་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་མཐའ་ཡས་པ་གཅིག་འབྱུང་བས། འཐད་པ་མ་ཡིན་ནོ། །ཧ་ཤང་དང་། ཕྱག་རྒྱ་པའི་འདོད་པ་གཅིག་པར་འདོད་པ་ནི། ཧ་ཤང་གི་དགེ་མི་དགེའི་རྣམ་རྟོག་གཉིས་ཀ་གནས་ལུགས་ལ་བསྒྲིབ་པར་བྱེད་པས།  རྣམ་རྟོག་བཀག་པའི་རྣམ་པར་མི་རྟོག་པ་དང་།  ཡིད་ལ་མི་བྱེད་པར་འདོད་ཅིང་།  ཕྱག་རྒྱ་པས་རྣམ་རྟོག་གང་ཤར་དེ་ལ།  རྣམ་རྟོག་གཞན་གྱིས་བཅོས་སླད་མེད་པ་དེ་ཀའི་སྟེང་དུ་མཉམ་པར་བཞག་པས༑ རྣམ་རྟོག་གང་ཤར་ཐམས་ཅད་སྐྱེ་འགག་མེད་པར་མཐོང་བའི་ངེས་ཤེས་ཁྱད་པར་ཅན་བཅོས་མ་མིན་པར་སྐྱེ་བར་འགྱུར་བའི་ཚེ། བུད་ཤིང་ཅི་ལྟར་མང་བས་མེ་ཡི་སྟོབས་རྒྱས་པ་རང་འགྱུར་བ་བཞིན་དུ་རྣམ་རྟོག་ཐམས་ཅད་ཀྱང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དེ་ཉིད་ཀྱི་སྟོབས་རྒྱས་པའི་གྲོགས་སུ་འགྱུར་བ། དེ་ཡང་མཉམ་པར་འཇོག་པའི་ཚེ། རྣམ་རྟོག་བྱུང་རྒྱལ་ཁོ་ནར་གཏང་བ་ཡང་མ་ཡིན་ལ།རྣམ་རྟོག་རག་པའི་དབལ་ཞི་བའི་འཕྲོ་འཐུད་མི་ཐུབ་པར་འགག་ནས་ཡུན་རིང་གནས་པ་དང་། བདེ་གསལ་མི་རྟོག་པའི་ཉམས་བྱུང་བ་ཙམ། ཕྱག་རྒྱ་བ་རྣམས་ཀྱིས་ཏིང་ངེ་འཛིན་དུ་མི་བྱེད་དོ། །དེ་ན་ཧ་ཤང་གིས་འདོད་པ་དང་མཚུངས་མི་མཚུངས།  མ་བརྟགས་པར་མཚུངས་པར་བསམ་ནས་མང་དུ་བརྗོད་པ་ལ་ཡང་རང་གི་ཚུལ་གསལ་བར་བྱེད་དོ། །འགའ་ཞིག་ཕྱག་རྒྱ་པ་རྣམས་ཀྱི་བསྒོམ་འདི་ནི། ཞི་གནས་ཁོ་ནར་ཟད་དོ། །ཞེས་སྨྲ་ཡང་། རྣམ་གཡེང་ཞི་བ་ཙམ་གྱི་སྒོ་ནས་ཟེར་ན། ལྷག་མཐོང་ཡང་། དམིགས་ཡུལ་གང་ཡིན་དེ་ལ་གནས་ཞིང་གཞན་ལ་མི་ཡེངས་པ་དགོས་པས། ལྷག་མཐོང་ཡང་ཞི་གནས་སུ་འགྱུར་ལ༑ འདིའི་ཚེ། སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་ནས་སྒོམ་པ་མེད་པ་ཙམ་གྱིས་དེར་གྱུར་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྒོམ་པ་ཐམས་ཅད་ལྷག་མཐོང་དུ་འདོད་དགོས་ཞིང་། དེ་ལྟར་ན་ཞི་གནས་ལའང་།  དཔྱད་ནས་སྒོམ་པ་མང་དུ་གསུང་པ།  ཞི་གནས་མ་ཡིན་པར་འགྱུར་བ་དང་།  བདེན་མེད་མཐོང་ནས་བརྟན་ཐོག་ཏུ་མཉམ་པར་འཇོག་པའི་ཚེ་ཡང་་ཞི་གནས་སུ་འགྱུར་བས།  ཞི་གནས་དཔྱད་སྒོམ་གཏན་མེད་པ་དང་ལྷག་མཐོང་མཉམ་པར་འཇོག་པའི་འཇོག་སྒོམ་གཏན་མེད་པར་འདོད་དགོས་པ་སྣང་ལ། དེ་ལྟར་ན། གསུང་རབ་བྱིང་ལ་འགལ་བ་ཆེན་པོར་འགྱུར་རོ། །
གསུམ་པ་ནི་༑ འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཉིད་ཡེ་ཤེས་སུ་རྣམ་པར་དག་པ་ལས། མ་རིག་པའི་རྒྱུ་ཅན་གྱི་འབྲས་བུ་འཁོར་བའི་ཆོས་ཐམས་ཅད་རྣམ་པར་དག་པར་འགྱུར་ཞིང་། ཡེ་ཤེས་དེ་ཉིད་ལས་བྱུང་བའི་སྙིང་རྗེ་ཆེན་པོའི་མཐུ་ལས། གདུལ་བྱའི་སྣོད་ཀྱི་བྱེ་བྲག་སྣ་ཚོགས་པ་དང་། ཆོས་ཀྱི་བྱེ་བྲག་སྣ་ཚོགས་པས་འཁོར་བ་མཐའ་དག་མ་སྟོང་གི་བར་དུ་རྒྱུན་མི་འཆད་ཅིང་། ལྷུན་གྱིས་གྲུབ་པས། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་དོན་མཛད་པའི་འབྲས་བུ་སྟེ། དེ་ཡང་སྡོམ་པ་དང་། དམ་ཚིག་ཉམས་པ་མེད་ཅིང་། དབང་པོ་རྣོ་བའི་གང་ཟག་སྐལ་བ་དང་ལྡན་པས། ཚེ་འདི་ཉིད་ལ་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །
དེ་ལ་ཁ་ཅིག སངས་རྒྱས་ལ་གཟུགས་སྐུ་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་རྣམས་མེད་དོ་ཞེས་པ་དང་། ཁ་ཅིག་སངས་རྒྱས་ལ་གཟུགས་སྐུ་དང་ཡེ་ཤེས་ལ་སོགས་པ་ཡོད་ཀྱང་། ཁམས་གསུམ་གྱི་འགྲོ་བ་སོ་སོའི་མ་རིག་པས་ལྷད་ཅིང་། ལས་སོ་སོའི་དབང་གི་མི་འདྲ་བར་དུ་མའི་སྣང་བའི་འཁྲུལ་སྣང་། སངས་རྒྱས་ལ་མེད་དོ། །མ་རིག་པ་མཐའ་དག་རྒྱུན་ཆད་ཅིང་། ལས་དབང་གི་སྣ་ཚོགས་སུ་སྣང་བ་མེད་པའི་ཕྱིར། མ་དག་པའི་སྣང་བ་མེད་ཅིང་། ཞིང་ཁམས་རྣམ་པར་དག་པའི་སྣང་བ་ཁོ་ནར་འཆར་རོ། །འོ་ན་ལྕགས་སྲེག་གི་ས་གཞི་སོགས་འགྲོ་བ་སོ་སོའི་ལས་སྣང་རྣམས། རྒྱལ་བས་མ་གཟིགས་ན་གཞན་ལ་སྟོན་མི་ནུས་སམ་ཞེ་ན། ཆོས་སྟོན་པ་རྣམས་གདུལ་བྱ་གཞན་སྣང་ལ་ཡིན་གྱི། རང་ངོ་ནས་ཆོས་སྟོན་པ་མེད་དོ། །ཞེས་ཟེར་རོ། །དེ་ལ་དང་པོ་ནི། སྐུ་དང་ཡེ་ཤེས་སོགས་མེད་ན་སངས་རྒྱས་ཀྱང་ཡོད་པར་མི་འགྱུར་ལ།  འདོད་ན་ལམ་སྒོམ་པ་དོན་མེད་དུ་འགྱུར་རོ།  །གལ་ཏེ་སྐུ་དང་ཡེ་ཤེས་སོགས་མེད་ལ་སངས་རྒྱས་ཡོད་དོ་ཞེ་ན།  དེ་འདྲ་བའི་སངས་རྒྱས་དེ་ཉིད་ངོས་ཟུང་ཤིག  ཕྱི་མའི་འདོད་པ་དེ་ཡང་། སངས་རྒྱས་ལ་མ་རིག་པ་རྒྱུན་ཆད་པ་དང་། ལས་དབང་གི་སྣང་བ་སྣ་ཚོགས་པ་མེད་པ་བདེན་མོད་ཀྱང་། སེམས་ཅན་རྣམས་ཀྱི་མ་རིག་པ་དང་། ལས་དབང་གི་སྣང་བ་མཁྱེན་ཅིང་གཟིགས་པ་ལ།མ་རིག་པས་ལྷད་པ་དང་། ལས་དབང་སྣ་ཚོགས་པ་དག་དགོས་པ་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་མ་རིག་པས་ལྷད་པའི་འཁྲུལ་སྣང་དུ་མ་དག་གི་རྨོངས་ཞིང་། ལས་སོ་སོ་འགྲོ་བ་དྲུག་གིས་སྣང་བ་སྣ་ཚོགས་པས་སྡུག་བསྔལ་བར་གྱུར་པ་རྣམས་ལ། སྡུག་བསྔལ་དང་རྒྱུ་ལས་ཉེན་རྣམས་གསལ་བའི་ཕྱིར། ཐུགས་བསྐྱེད་ཅིང་དེའི་ཕྱིར་བརྩོན་པས་ལམ་ལ་གོམས་པར་མཛད་པ་ཡིན་པས། སངས་རྒྱས་པའི་ཚེ། ཆགས་ཐོགས་མེད་པའི་ཇི་ལྟ་བའི་ཡེ་ཤེས་དང་། ཇི་སྙེད་པའི་ཡེ་ཤེས་སྒྲིབ་པ་གཉིས་དང་བྲལ་བས། ཤེས་བྱ་ཐམས་ཅད་ལ་ཁྱབ་པ་དེས་སེམས་ཅན་རྣམས་དང་། དེའི་འཁྲུལ་སྣང་རྣམས་ཀྱང་མཁྱེན་ཅིང་གཟིགས་ལ། གཞན་སྟོན་པའི་སྒོ་ནས་འཁྲུལ་པའི་སྣང་བ་རྣམས་གསལ་བར་མཛད་པ་ཡིན་ནོ། །འོན་ཀྱང་མི་གཟིགས་ཞེས་པ་སོགས་རྣམས་ནི། སེམས་ཅན་རྣམས་ཀྱི་མ་རིག་པ་དང་ལས་ཀྱི་དབང་གིས་སྣང་བ་རྣམས་དེའི་ངོར་ཙམ་མ་གཏོགས་པར་ཡང་དག་པར་བདེན་པར་མ་གྲུབ་པས། རང་བཞིན་གྱིས་གྲུབ་པར་མ་གཟིགས་པའི་ཕྱིར། འགའ་ཡང་མ་གཟིགས་ཞེས་སོགས་གསུངས་སོ། །སངས་རྒྱས་ལ་སྐུ་དང་ཡེ་ཤེས་སོགས་ཡོད་མེད་དུ་གསུངས་པ་རྣམས་ཀྱང་།  གཟུགས་སོགས་འཁོར་བའི་ཆོས་རྣམས་རང་བཞིན་གྱིས་སྟོང་ཉིད་དུ་བཤད་པའི་ཚེ།  རྣམ་མཁྱེན་སོགས་རྣམ་བྱང་གི་ཆོས་རྣམས་ཀྱང་རང་བཞིན་གྱི་སྟོང་ཉིད་དུ་གསུང་ཤིང་། དེའི་ཚེ་སངས་རྒྱས་ཡོད་ཅིང་། སྐུ་དང་ཡེ་ཤེས་སོགས་མེད་པར་གང་ནས་ཀྱང་མ་བཤད་དོ། །ཡོད་པར་གསུངས་པ་ནི། གལ་ཏེ་འཁོར་བ་ཡོད་ན། མྱང་འདས་ཀྱང་ཡོད་ལ། དེ་ཡོད་པས་སྐུ་དང་ཡེ་ཤེས་སོགས་ཡོད་དོ། །
མཚན་ཙམ་ཐོས་པ་ཤིན་ཏུ་རྙེད་དཀའ་ན། །
དོན་རྟོགས་པ་ནི་ལྟ་ཡང་ཅི་སྨོས་ཏེ། །
དེ་བས་ཕྱོགས་ཙམ་འདིར་ནི་བརྗོད་བྱས་ཀྱི། །
རྡོ་རྗེ་འཆང་གི་རྒྱུད་སྡེ་རྣམས་སུ་ཡང་། །
མཐའ་དྲུག་ཚུལ་བཞིའི་ཕྱག་རྒྱས་ལེགས་བཏབ་པ། །
ཤིན་ཏུ་སྦས་པའི་མཐར་ཐུག་དོན་མཆོག་རྣམས། །
ཡི་གེར་བྲི་བ་བདག་གི་ག་ལ་ནུས། །
དེ་བས་འདིར་ནི་ཕྱོགས་ཙམ་བརྗོད་པ་ཡང་། །
འདི་ལ་མོས་ལྡན་སློབ་མས་བསྐུལ་ཕྱིར་བརྗོད།
ཅེས་སྒྲུབ་པ་ལ་མོས་པ་བཀྲ་ཤིས་དཔལ་འབྱོར་གྱིས་དགོས་ཞེས།  སྒོམ་པར་མོས་པ་གྲགས་རྒྱ་མཚོ་ཞེས་བྱ་བས། ཁྲེ་བ་ཁའི་རི་ཁྲོད་དང་ཉེ་བར་བྲིས་པའོ།།  །།

རྒྱལ་དབང་ཆོས་གྲགས་རྒྱ་མཚོས་མཛད་པའི་འཇིག་རྟེན་གསུམ་སྒྲོན་ལས།
གཉིས་པ་དབྱིག་གཉེན་གྱིས་བཀྲོལ་བའི་ཚུལ་ནི། བཀྲོལ་ཞེས་དྲངས། གང་གིས་ན་དབྱིག་གཉེན་གྱིས་སོ། །དེའི་ཡོན་ཏན་དང་མཚན་དོན་ཅི་ལྟ་བུ་ཞེ་ན། འགྲོ་བའི་མངོན་མཐོ་དང་ངེས་ལེགས་ཀྱི་དོན་རྫོགས་པར་བྱེད་པས་དབྱིག དེའི་རྩ་ལག་ཏུ་གྱུར་པས་ན་དབྱིག་གཉེན་ཏེ། མཚན་དོན་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའོ། །ཚུལ་ཇི་ལྟར་ན། ཤེས་བྱ་ཡུལ་དོན་དུ་སྣང་བ་ནང་སེམས་ཀྱི་བདག་ཉིད་ཡིན་ཞིང་། སེམས་དེ་ཉིད་གཤིས་ལ་གྲུབ་པར་འདོད་པའི་རྣམ་རིག་པའི་གྲུབ་མཐའ་ལ་ཡང་དག་པར་བརྟེན་ནས་སོ། །ཤེར་ཕྱིན་གྱི་དགོངས་པ་རྣམ་རིག་གི་ཚུལ་དུ་འཐད་དམ་ཞེ་ན། མ་ཡིན་མོད་ཀྱང་། རང་སེམས་ཙམ་གྱི་ལྟ་བ་ལ་མོས་པ་གཙོ་བོར་བྱས་ནས་སོ། །དེ་ལྟར་ན་ཇི་ལྟར་བཤད་ཅེ་ན། སྔར་བཤད་པ་ལྟར་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་གསུངས་པའི་ཚུལ་གྱིས་སོ། །ཁ་ཅིག ཐོགས་མེད་ཀྱིས་མཁྱེན་གསུམ་ཡན་ལས་ལྷག་མ་མ་བཤད་ལ། དབྱིག་གཉེན་གྱིས་རྫོགས་པར་བཤད་ཟེར་རོ། །དེའི་མཚན་ནི་ཉི་ཁྲི་གཞུང་འགྲེལ་ལོ། །གསུམ་པ་གྲོལ་སྡེས་དབྱེ་ཚུལ་ནི། རབ་ཏུ་ཕྱེ་ཞེས་དྲངས། གང་གིས་ན་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བས་སོ། །ཀྱང་ཞེས་པ་ནི་སྔ་མ་གཉིས་སུ་མ་ཟད་ཅེས་པའོ། །དེའི་ཡོན་ཏན་དང་མཚན་དོན་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པས་ན། འཕགས་པའི་ཁོངས་སུ་གཏོགས་པ་ཡིན་ཏེ། མཐོང་སྤང་ལས་རྣམ་པར་གྲོལ་བས་ན་རྣམ་པར་གྲོལ་བའོ། །ཚུལ་ཇི་ལྟར་ན། དབྱིག་གཉེན་དེས་བྱས་པ་ཡུམ་གྱི་དགོངས་པ་ཇི་ལྟ་བ་བཞིན་བྱས་པ་མིན་པར་མཐོང་ནས་ཡུམ་དོན་མཐའ་བྲལ་དབུ་མར་གནས་པར་རྟོགས་པའི་བློ་ལ་བརྟེན་ནས་སོ། །ཁ་ཅིག་སྔ་མ་གཉིས་ཀྱིས་ཞེས་པ་ནི། དེས་ཞེས་པའི་དོན་མ་རྟོགས་སོ། །གཟུ་བོར་གནས་པའི་བློས་རབ་ཕྱེ། །ཞེས་སྒྱུར་བ་ལྟར་ན། རང་གི་མོས་པ་གཙོར་བྱས་ནས། །ཞེས་པ་ལ། དེའི་ཕྱིར ་གཟུ་བོར་གནས་པ་མ་ཡིན་པར་བསྟན་པའོ། །དེའི་མཚན་ནི་ཉི་ཁྲི་སྣང་བའོ། །ཞེས་གསུངས་སོ།  །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4349