《གེ་སར།》

གཞས་ཚིག    བཀྲ་ཤིས་སེང་གེ
དབྱངས་རྟ།    བེ་རི་རང་གྲོལ།
ལེན་མཁན།    བེ་རི་རང་གྲོལ།
གེ་སར་ལགས་མི་ཡི་ཉི་མ།
ཡབ་མེས་ཀྱི་ཆོས་སྐྱོང་།
སྟག་ཤར་གྱི་དགྲ་ལྷ།
མི་རིགས་ཀྱི་དཔའ་རྒོད་ཁྱེད་ཡིན།
གེ་སར་རྒྱལ་པོ།  མགོ་ནག་མི་ཡི་མཛེས་རྒྱན།
བཙན་པོ་གཉའ་ནས་གནོན་པའི་གནོན་རོགས།
དཔའ་མཛངས་རྟུལ་ཕོད།
བདེན་པའི་རྒྱབ་ལངས་སེང་ཆེན་ཁྱེད་ཡིན།
ཀི་བསྭོ་བསྭོ།  ཕོ་ལྷ་བསྭོ།  དགྲ་ལྷ་བསྭོ།
ལམ་འགྲོ་ཡི་ལམ་ལྷ།
གཞིས་འདུག་གི་རྒྱབ་རྟེན་མཛད་རོགས།
“ཀི་བསྭོ་བསྭོ་བསྭོ།
ཤར་གྱི་རྨ་རྒྱལ་སྤོམ་ར་བསྭོ།
ལྷོ་ཡི་ཁ་བ་དཀར་པོ་བསྭོ།
ནུབ་ཀྱི་གངས་དཀར་ཏི་སེ་བསྭོ།
བྱང་གི་གཉན་ཆེན་ཐང་ལྷ་བསྭོ།
འཛམ་གླིང་གེ་སར་རྒྱལ་པོ་བསྭོ།
གླིང་གི་དཔའ་བརྟུལ་སུམ་ཅུ་བསྭོ།
ཡང་ཐུལ་དམ་པ་མི་བདུན་བསྭོ།
ཞེ་ཐུལ་ཁྲ་གླག་སྤྱང་གསུམ་བསྭོ།
བསྭོ་བསྭོ་བསྭོ།  ཕོ་ལྷ་བསྭོ།  དགྲ་ལྷ་བསྭོ།
ལས་ལྷ་བསྭོ།  ལུས་ལྷ་བསྭོ།
བུ་ལ་དཔའ་རྩལ་བྱིན།  རྟ་ལ་བང་ཁ་སྩོལ།
ས་གར་སོང་ལ་བཀྲ་ཤིས།
ཡུལ་གར་བསྡད་ལ་དོན་འགྲུབ།
ཅི་བསམ་གྱི་བསམ་དོན་འགྲུབ་པར་ཤོག”
སེང་ཆེན་ལགས་ལྷ་ཡི་སྲས་པོ།
འགྲོ་དྲུག་གི་དེད་དཔོན།
སྟག་ཤར་གྱི་ཕོ་ལྷ།
གདོང་དམར་བའི་གཙུག་ནོར་ཁྱེད་ཡིན།
གེ་སར་རྒྱལ་པོ།  འགྲོ་བ་མི་ཡི་མི་གཡང་།
ཉམ་ཆུང་མཐའ་ནས་སྐྱོར་བའི་སྐྱོར་རོགས།
སེམས་ཀྱི་ལྷ་མཆོག
ཡིད་ཀྱི་སྐྱབས་གནས་སེང་ཆེན་ཁྱེད་ཡིན།
ཀི་བསྭོ་བསྭོ།  ཕོ་ལྷ་བསྭོ།  དགྲ་ལྷ་བསྭོ།
ལམ་འགྲོ་ཡི་ལམ་ལྷ།
གཞིས་འདུག་གི་རྒྱབ་རྟེན་མཛད་རོགས།

《དྲིན་ཆེན་མ།》

གཞས་ཚིག བཀྲ་ཤིས་སེང་གེ
གཞས་གདངས། གཉོས་སྐར་བསྟན།
ལེན་མཁན།  ཧོར་གཙང་ལྷ་ལུང་མཚོ།
རོལ་མོ།  གྲི་བ་ཚེ་རིང་།  ལོ་ཙྭ།  རྡོ་གྲགས།
རྩི་མེ་ཏོག་བཀྲམ་པའི་སྤང་ཁུགས་ནས།།
ནང་བུ་རྒྱུད་ནུ་ཞོའི་བཅུད་ཀྱིས་གསོས།།
སྐུ་བཀའ་དྲིན་རྒྱ་མཚོའི་ཟབ་ཚད་ཅན།།
དྲིན་ཨ་མ་ཁ་གཙང་ཁོག་གཙང་མ།།
ང་ཆུང་དུས་རེ་ས་སྐྱབས་ས་ཡིན།།
འབྲོག་སྦྲ་ནག་ཚང་གི་གཞིས་ཀ་ནས།།
ཁྱིམ་མི་ནོར་བྱམས་བརྩེའི་དྲོད་ཀྱིས་བསྐྱངས།།
རྒྱུད་ལྷག་བསམ་ནམ་མཁའི་ཁ་ཞེང་ཅན།།
དྲིན་ཨ་མ་ཁ་འཇམ་གཤིས་འཇམ་མ།།
ང་གཞོན་དུས་འཁྲི་ས་རྟེན་ས་ཡིན།།
རོང་ཞིང་ཚིགས་གྲུ་བཞིའི་གཡས་ཟུར་ནས།།
གཞིས་ཕ་ཁྱིམ་འབྲུ་རིགས་ནོར་གྱིས་བཀང་།།
ངག་ཚིག་གསུམ་ཚངས་པའི་གསུང་སྙན་ཅན།།
དྲིན་ཨ་མ་ཁ་བཟང་ཚིག་བཟང་མ།།
ང་ཆེ་དུས་གཅེས་ས་བྱམས་ས་ཡིན།།
བཟའ་གོ་འདུས་བྱུང་བའི་གྲལ་དཀྱིལ་ན།།
གདོང་མ་བཅོས་འཛུམ་དཀར་ལྷོད་ཀྱིས་གྲོལ།།
སེམས་བསམ་པ་འོ་མའི་ཁ་མདོག་ཅན།།
དྲིན་ཨ་མ་ཁ་དཀར་སེམས་དཀར་མ།།
ང་ནམ་ཡང་བརྩེ་ས་དུངས་ས་ཡིན།།

《ཨ་རུང་ཇོ་རུའི་རིག་གནས་གླིང་།》

གཞས་ཚིག   བཀྲ་ཤིས་སེང་གེ
དབྱངས་རྟ།  རྫོགས་ཆེན་བསྟན་འཛིན།
ལེན་མཁན།  རྫོགས་ཆེན་བསྟན་འཛིན།
གྲགས་སྙན་གྱིས་ས་ཆེན་སྒུལ་བའི་ཕོ་རྒོད།
གླིང་དཀར་གྱི་ལྷ་སྲས་ཇོ་རུ།
གང་གི་ཟླ་མེད་དཔའ་བོའི་མཛད་རྗེས།
རང་རིགས་ཀྱི་རྒྱན་དུ་བཞུགས་ཚུལ་བསམ་ནས།
ཡི་རང་སེམས་ལ་འཁྲུངས་ན།
ཨ་རུང་ཇོ་རུའི་རིག་གནས་གླིང་འདིར་ཕེབས་རོགས།
གནའ་རབས་ཀྱི་ལོ་རྒྱུས་ཡོད། ཡབ་མེས་ཀྱི་རྗེས་ཤུལ་ཡོད།
འདི་ནི་མི་རིགས་ཀྱི་གཟི་བརྗིད་ལོས་ཡིན།
གཅེས་ཤིང་སྐྱོང་དགོས། དར་ཞིང་རྒྱས་དགོས།
སེང་ཆེན་གྱི་བདེན་སྐྱོང་དམག་གི་དཔུང་ཚོགས།
གླིང་དཀར་གྱི་དཔའ་རྟུལ་སུམ་ཅུ།
གང་གི་རླབས་ཆེན་ཕན་བདེའི་མཛད་བཟང་།
སྐྱེ་དགུ་ཡི་གསོས་སུ་སྨིན་ཚུལ་བསམ་ནས།
དད་འདུན་ཡིད་ལ་འཁོར་ན།
ཨ་རུང་ཇོ་རུའི་རིག་གནས་གླིང་འདིར་ཕེབས་རོགས།
གནའ་རབས་ཀྱི་ལོ་རྒྱུས་ཡོད། ཡབ་མེས་ཀྱི་རྗེས་ཤུལ་ཡོད།
འདི་ནི་མི་རིགས་ཀྱི་གཟི་བརྗིད་ལོས་ཡིན།
གཅེས་ཤིང་སྐྱོང་དགོས། དར་ཞིང་རྒྱས་དགོས།

《མི་ལ་རས་པ།》

གཞས་ཚིག  བཀྲ་ཤིས་སེང་གེ
དབྱངས་རྟ།   གེ་རྒྱལ་པདྨ།
ལེན་མཁན།  གངས་ཆེན་མཚོ།
གསུང་རྡོ་རྗེའི་མགུར་མ་གླུ་རུ་ལེན་པའི།
གུང་ཐང་གི་མགུར་པ།  མི་ལ་རས་པ།
འགྲོ་དྲུག་ཐུགས་ལ་བཅངས་བའི་སེམས་དཔའ།
འདི་ཕྱི་བདེ་ལ་འདྲེན་པའི་དེད་དཔོན།
ཞལ་ཙམ་མཐོང་བའི་མི་ལ།
ཐར་ལམ་གྱི་བར་ཆད་སེལ་ཡོད།
གསུང་ཙམ་ཐོས་པའི་མི་ལ།
འཁོར་བ་ཡི་ཞེན་ཐག་བཅད་ཡོད།
མཁྱེན་ནོ།།   མཁྱེན་ནོ།།
མཐོང་གྲོལ་དང་ཐོས་གྲོལ།
རྗེ་མི་ལ་བཞད་པ་རྡོ་རྗེ་མཁྱེན་ནོ།།
ཐུགས་ཞི་བའི་ཏིང་འཛིན་ཟས་སུ་རོལ་བའི།
རྣལ་འབྱོར་གྱི་དབང་ཕྱུག  མི་ལ་རས་པ།
ཆོས་དྲུག་བདུད་རྩིས་གསོས་པའི་བླ་མ།
རིམ་གཉིས་རྟོགས་པ་རྫོགས་པའི་སྒོམ་ཆེན།
ཡུད་ཙམ་དྲན་པའི་མི་ལ།
བྱིན་རླབས་ཀྱི་ཚན་ཁ་བབས་ཡོད།
སྐད་ཅིག་འཕྲད་པའི་མི་ལ།
དངོས་གྲུབ་ཀྱི་གྲུ་ཆར་བསྙིལ་ཡོད།
མཁྱེན་ནོ།།   མཁྱེན་ནོ།།
དྲན་གྲོལ་དང་རིག་གྲོལ།
རྗེ་མི་ལ་བཞད་པ་རྡོ་རྗེ་མཁྱེན་ནོ།།

《འཁྲུངས་སྐར་བསུ་གླུ།》

གཞས་ཚིག   བཀྲ་ཤིས་སེང་གེ
དཀྲོལ་ལེན་པ། དཔལ་ལྡན་ཚུལ་ཁྲིམས།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས།།
མཚན་ལྡན་དགེ་བའི་བཤེས་ཀྱི་ཚུལ་འཆང་བ།།
བཀའ་བརྒྱུད་བསྟན་པའི་མངའ་བདག་ཀརྨ་པ།།
ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་འཁྲུངས་སྐར་བསུ།།
གངས་ཅན་ལྗོངས་སུ་སྐུ་ཡི་མཚན་དཔེ་བཞད།།
འཕགས་པའི་ཡུལ་དུ་ཐུགས་ཀྱི་མཁྱེན་རབ་རྒྱས།།
མཛད་འཕྲིན་ས་སྟེང་མ་ལུས་ཁྱབ་པའི་མགོན།།
དུས་ཀྱི་སྟོན་པ་གཉིས་པའི་འཁྲུངས་སྐར་བསུ།།
མཁས་པའི་བྱ་བ་བསྟན་འགྲོའི་གསོས་སུ་སྨིན།།
བཙུན་པའི་སྡོམ་གསུམ་ཁྲིམས་ཀྱི་རྩ་བ་བརྟན།།
བཟང་པོའི་ཡོན་ཏན་མཛོད་འཛིན་ཀརྨ་པའི།།
སྐུ་ཡི་འཁྲུངས་སྐར་སྙན་མོ་གླུ་ཡིས་བསུ།།
ལྷག་བསམ་གཙང་མས་ཁོར་ཡུག་སྲུང་སྐྱོབ་དང་།།
བརྩེ་ཆེན་དཀར་སྐྱོང་གོ་ལའི་ཁྱོན་སྤེལ་བའི།།
བྱམས་དང་བརྩེ་བའི་བདག་ཉིད་ཀརྨ་པ།།
ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞབས་བརྟན་གསོལ།།

《མི་རྗེ་སྲོང་བཙན།》

གཞས་ཚིག  བཀྲ་ཤིས་སེང་གེ
དབྱངས་རྟ།  བེ་རི་རང་གྲོལ།
ལེན་མཁན།   ཐར་པ་རྒྱལ།
མི་རྗེ་ཡ། མི་རྗེ། སྲོང་བཙན་སྒམ་པོ།
སུམ་གཉིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ།
མཐའ་བཞིའི་སྡང་དགྲ་འདུལ་བའི་དཔའ་རྒོད།
སྐུ་ཉིད་ཀྱི་དཔའ་རྩལ་བོད་ལ་དབང་དུས།
བུ་དཔའ་བོའི་ཀི་སྒྲ་བྲག་ལས་མཆེད་མྱོང་།
སྐུ་ཉིད་ཀྱི་ཚེ་བསོད་ལྗོངས་འདིར་གནས་དུས།
རྟ་འདོ་བའི་བང་རྩལ་རླུང་ལ་འདྲེས་མྱོང་།
ཨོ་་་་ཧོ་ཧོ་ཧོ།   ཡབ་མེས་སྲོང་བཙན།
ཁྱེད་ནི་བཙན་པོ་མི་རྒོད་ཀྱི་གཉའ་གནོན།
ཉམ་ཆུང་ནུས་མེད་ཀྱི་མགོན་སྐྱབས།
དཔའ་མཛངས་བཟང་གསུམ་གྱི་བདག་པོ་དེ་ཡིན།
བོད་རྒྱལ་ཡ། བོད་རྒྱལ། སྲོང་བཙན་སྒམ་པོ།
གངས་རིའི་བླ་སྲོག་སྐྱོང་བའི་དེད་དཔོན།
ལུགས་གཉིས་དགའ་སྟོན་བསུ་བའི་ཕོ་ཉ།
སྐུ་ཉིད་ཀྱི་ཐུགས་སྟོབས་བོད་ལ་དབང་དུས།
བོད་ཁ་བའི་དབུ་འཕང་དགུང་དང་མཉམ་མྱོང་།
སྐུ་ཉིད་ཀྱི་འཕྲིན་ལས་ལྗོངས་འདིར་གནས་དུས།
ཡུལ་གངས་ལྗོངས་སྡེ་བཞི་གཡང་གིས་ཕྱུག་མྱོང་།
ཨོ་་་་ཧོ་ཧོ་ཧོ།   ཡབ་མེས་སྲོང་བཙན།
ཁྱེད་ནི་སྤུ་རྒྱལ་གདུང་རབས་ཀྱི་ཡང་རྩེ།
ཆེན་པོ་གདོང་དམར་བའི་གཙུག་རྒྱན།
སྲིད་འབྱོར་རིག་གསུམ་གྱི་བདག་པོ་དེ་ཡིན།

《དགེ་སློབ་ཀྱི་སྙིང་གཏམ།》

གཞས་ཚིག  བཀྲ་ཤིས་སེང་གེ
དབྱངས་རྟ། རོང་མོ་ཕུར་བུ་ཚེ་རིང་།
གཞས་པ། གཅོད་པ། རོང་མོ་ཕུར་བུ་ཚེ་རིང་།
འཇིག་རྟེན་མི་ཡུལ་རིག་པའི་ཞིང་རེད།།
རིག་གནས་ཡོན་ཏན་མི་ཚེའི་རྒྱན་ཡིན།།
མི་ལུས་རིན་ཆེན་ལན་གཅིག་ལོན་པ།།
དོན་གོ་ཡོད་དགོས། རིན་ཐང་ལྡན་དགོས།
མི་ཚེ་དོན་མེད་འཕྲོ་བརླག་མ་གནང་།།
བུ་ལ་སྙིང་སྟོབས་ཡོད་ན།།
མི་འགྲུབ་བྱ་བ་མི་འདུག།
རིག་པའི་གཤོག་རྩལ་ངོམ་བཞིན།།
ཤེས་བྱའི་ནམ་འཕང་གཅོད་དགོས།།
དྲིན་ཆེན་དགེ་རྒན་མི་ཡི་མགོན་རེད།།
སློབ་གསོའི་གདམས་ངག་སྙིང་གི་གཏམ་ཡིན།།
བརྩེ་བའི་བསླབ་བྱ་གླུ་རུ་བླངས་པ།།
སེམས་ལ་བཟུང་ཡོད།   ཡིད་ལ་འཆང་ཡོད།
ནམ་ཡང་སེམས་ནས་བརྗེད་པ་མི་སྲིད།།
གསོན་པའི་རེ་བ་བཅང་ནས།།
ལང་བའི་སྙིང་སྟོབས་བསྐྱེད་ཡོད།།
མ་འོངས་མི་ཚེའི་ཁ་ཕྱོགས།།
ལམ་སྟོན་ཁྱེད་ཀྱིས་གནང་རོགས།།
སྐད་དང་ཡི་གེ་རིགས་ཀྱི་སྲོག་རེད།།
ཡ་རབས་གོམས་གཤིས་རུས་ཀྱི་རྐང་ཡིན།།
རང་ཅག་གདོང་དམར་བོད་ཀྱི་རྒྱུད་པ།།
ངང་རྒྱུད་བཟང་དགོས།  ཕྱི་ཐག་རིང་དགོས།
མེས་པོ་གོང་མའི་ཤུལ་ལམ་མ་སྣོགས།།
གནའ་དེང་རིག་པའི་སྙིང་བཅུད།།
སྦྱང་དང་བརྩོན་པས་ལོངས་དང་།།
ཉེར་གཅིག་དུས་རབས་གསར་པའི།།
མདུན་ལམ་འཚོལ་སྟངས་དེ་ཡིན།།

《འབོད་གླུ།》

གཞས་ཚིག    བཀྲ་ཤིས་སེང་གེ
དབྱངས་རྟ། གླིང་རྒྱལ་འཚི་མེད་ཚེ་རིང་།
ལེན་མཁན།  ངག་དབང་བསྟན་འཛིན།
རི་བོ་མཐོན་པོ་ཞིག་ལ་གཡས་སྐོར་རྒྱག་ཞོར།
གནམ་སའི་འདྲེས་མཚམས་བར་གྱི་རི་སྒང་ཞིག་ནས།
བཀྲ་ཤིས་དང་ཁ་གཡང་འབོད་བཞིན།
ཤིང་ལྷ་ཤིང་ཤུག་པའི་བསང་དཀར་དགུང་ལ་གཏོང་ཡོད།
ཀི་རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།
སེང་ཆེན་ནོར་བུ་དགྲ་འདུལ་རྒྱལ།
ཀི་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།
ཕོ་ལྷ་བསྭོ།   དགྲ་ལྷ་བསྭོ།
ལྷ་ཆོས་སྐྱོང་སྲུང་མས་དཔུང་གྲོགས་བྱོས།
ཚེ་བསོད་ནམས་རྒྱས་པའི་འཕྲིན་ལས་མཛོད།
དར་དཀར་རླུང་གིས་སྐྱོད་འདྲའི་གངས་རིའི་རྒྱུད་ཀྱི།
ས་ཆེན་མཁའ་རུ་འཕགས་པའི་རི་སྒང་ཞིག་ནས།
ཀི་ཀི་དང་བསྭོ་བསྭོ་སྒྲོག་བཞིན།
ལས་དབང་ཐང་དར་བའི་རླུང་རྟ་ཡར་ལ་མཆོད་ཡོད།
ཀི་རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།
དགྲ་ལྷ་ཝེར་མ་བཅུ་གསུམ་རྒྱལ།
ཀི་གསོལ་ལོ་གསོལ་ལོ་ལྷ་གསོལ་ལོ།
ཕོ་ལྷ་བསྭོ།    དགྲ་ལྷ་བསྭོ།
བུ་དཔའ་བོའི་དཔུང་གི་སྐྱོར་ཡ་བྱོས།
ལས་རླུང་རྟ་དར་བའི་སྡོང་གྲོགས་མཛོད།

《ཕོ་རང་ཚོད་ཟིན་དགོས།》

གཞས་ཚིག  བཀྲ་ཤིས་སེང་གེ
དབྱངས་རྟ།  བེ་རི་རང་གྲོལ།
གཞས་པ།   ཤེས་རབ་ཉི་མ།
སྐྱིད་སླེབ་ན་མགོ་འཕང་མ་མཐོ།།
སྡུག་ཐོན་ན་མིག་ཆུ་མ་གཏོང་།།
ལས་སྐྱིད་སྡུག་ཅི་ཞིག་བྱུང་རུང་།།
སྐྱེས་ཕོ་རབ་ཁོག་རྒྱ་ཡངས་དགོས།།
སྐྱིད་ན་མགོ་འཕང་མཐོ་བ།
སྡུག་ན་མིག་ཆུ་མང་བ།
མི་ཅོལ་ཆུང་ཞིག་གི་གཤིས་ཀ་རེད།
ཕོ་རང་ཚོད་ཟིན་དགོས་ཤ་ཉེ་ཚོ།
ཡར་དར་དུས་རང་སྣང་མ་མཐོ།།
མར་རྒུད་དུས་བློ་སྟོབས་མ་ཞུམ།།
ལས་རླུང་རྟ་དར་རུང་རྒུད་རུང་།།
སྟག་ཤ་རའི་ཚུགས་ཀ་ཡོད་དགོས།།
དར་དུས་རང་སྣང་མཐོ་བ།
རྒུད་དུས་བློ་སྟོབས་ཞན་པ།
མི་ཐ་ཤལ་ཞིག་གི་རང་སྲོལ་རེད།
ཕོ་རང་ཚོད་ཟིན་དགོས་ཤ་ཉེ་ཚོ།
སྐྱེས་ཕོ་རབ་སྐྱིད་ཤོང་སྡུག་ཤོང་།།
བློ་ཁོག་རྒྱ་མཁའ་ལས་ཡངས་བ།།
རྒྱུ་དབང་ཆ་ཐོབ་རུང་ཤོར་རུང་།།
སེམས་དགའ་སྡུག་རི་ལས་བརྟན་དགོས།།
འཕྲད་ན་ངོ་ཤེས་མྱུར་བ།
འགྲོགས་ན་ཨ་གསར་ཆེ་བ།
མི་མ་རབས་ཤིག་གི་གཤིས་ལུགས་རེད།
ཕོ་རང་ཚོད་ཟིན་དགོས་ཤ་ཉེ་ཚོ།

《ལོ་སར་སྨོན་གླུ།》

གཞས་ཚིག   བཀྲ་ཤིས་སེང་གེ
དབྱངས་རྟ།     གཅོད་པ།
ལེན་མཁན།    འབྲུག་མོ་མཚོ།
བཀྲ་ཤིས་གནམ་ལོ་གསར་ཚེས་ལ།
དོན་འགྲུབ་གཡང་གི་འབོད་པ་སྒྲོག
ཆོལ་གསུམ་བོད་ལ་ཕུལ་བའི་ཁ་གཡང་འདིས།
གཞིས་བྱེས་མཉམ་འཛོམ་ཡོང་བའི་སྨོན་ལམ་འདེབས།
དྲུག་འགྱུར་སྙན་མོའི་གླུ་ཆུང་ང་ཡིས་ལེན།
སྟངས་སྟབས་བདེ་མོའི་བྲོ་གར་ཁྱོད་ཀྱིས་འཁྲབ།
འུ་ཚོ་ཁ་བ་ཅན་ལ་འཛོམ་པའི་དུས།
གླུ་དང་གར་གྱི་མཆོད་པ་ང་ཡིས་འབུལ།
གླུ་དང་གར་གྱི་མཆོད་པ་ང་ཡིས་འབུལ།
ཉིན་བཟང་སྐར་བཟང་དུས་བཟང་ལ།
རྟེན་འབྲེལ་གླུ་ཡི་མཆོད་པ་འབུལ།
རིགས་མཐུན་གྲོགས་ལ་ཕུལ་བའི་གླུ་ཆུང་འདིས།
གྲོགས་ཀྱི་ཕྱི་ཐག་བརྟན་པའི་སྨོན་ལམ་འདེབས།
དྲུག་འགྱུར་སྙན་མོའི་གླུ་ཆུང་ང་ཡིས་ལེན།
སྟངས་སྟབས་བདེ་མོའི་བྲོ་གར་ཁྱོད་ཀྱིས་འཁྲབ།
འུ་ཚོ་ཕ་ཡུལ་གཅིག་ལ་འཛོམ་པའི་དུས།
གླུ་དང་གར་གྱི་མཆོད་པ་ང་ཡིས་འབུལ།
གླུ་དང་གར་གྱི་མཆོད་པ་ང་ཡིས་འབུལ།
དགའ་བའི་དགོད་སྒྲ་ལྷངས་སེ་ལྷང་།
དུང་བའི་འཛུམ་མདངས་ཤིགས་སེ་ཤིག
དགའ་འཛུམ་དགོད་སྒྲས་ཁེངས་པའི་ལོ་གསར་ལ།
ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་ལམ་འདེབས།
དྲུག་འགྱུར་སྙན་མོའི་གླུ་ཆུང་ང་ཡིས་ལེན།
སྟངས་སྟབས་བདེ་མོའི་བྲོ་གར་ཁྱོད་ཀྱིས་འཁྲབ།
འུ་ཚོ་ཁྱིམ་ཚང་གཅིག་ལ་འཛོམ་པའི་དུས།
གླུ་དང་གར་གྱི་མཆོད་པ་ང་ཡིས་འབུལ།
གླུ་དང་གར་གྱི་མཆོད་པ་ང་ཡིས་འབུལ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4342