སྟོང་ནག་བསྟན་འཛིན་རབ་རྒྱས་སམ་ཀརྨ་རིན་ཆེན་དབང་རྒྱལ་གྱི་རྣམ་ཐར་མེས་པོའི་བཞུད་ཤུལ་འཚོལ་བའི་གཏམ་རིང་མོ། །

 

དུས་ཀྱི་རླུང་གི་སོ་ཁར་ཟད་ཉེ་བའི། །

ལོ་རྒྱུས་བདེན་པའི་རུ་དར་ཁྲ་བོ་འདི། །

ཧར་བ་བང་ཟད་དག་ལ་མི་མཁོ་ཡང་། །

དྲན་ཤེས་སྲུང་བའི་རྟེན་དུ་འཛུགས་པར་བྱ། །

དེ་ཡང་འབྲོང་སྨན་ལུགས་སམ་སྟོང་ནག་ལུགས་ཀྱི་སྲོལ་འབྱེད་པ། ཐམས་ཅད་མཁྱེན་པ་སི་ཏུ་དྷརྨ་ཀཱ་རའི་དངོས་སློབ་གསོ་རིག་ཉིད་དང་མཉམ་པ་སྨན་རྒྱལ་བསྟན་འཛིན་རབ་རྒྱས་སམ་སྟོང་ནག་བསྟན་འཛིན་རབ་རྒྱས། མཚན་གཞན་དུ་ཀརྨ་རིན་ཆེན་དབང་རྒྱལཞེས་སུ་ཞུ་བ་ཁོང་ནི། ལྡོང་འབྲོང་པའི་རིགས་ལས་འཕན་རྒྱུན་ཤོག་བཞི་བྱུང་བའི་ནང་ཚན་ལས་ཨ་འབུམ་རྒྱུད། དེ་ལས་རིམ་གྱིས་འབྲོང་པ་སྦྲ་ཆེ་ཆུང་དང་། རྫོང་ཐང་འབྲོང་པ་སོགས་སུ་གྱེས་པ་ལས་འབྲོང་པ་སྦྲ་ཆེན་པའི་རིགས་སུ་འཁྲུངས་ཤིང་། དེ་ལའང་དཔོན་རབ་དུ་མར་བྱུང་བ་ལས་ཤེས་རབ་དཔལ་ལྡན་དང་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུལ་ཞིག་ཤྭ་བ་རང་གྲོལསྟོང་ནག་བསྟན་འཛིན་རབ་རྒྱསསྔོག་ཤྭོ་གཤིན་རྗེ་དཔུང་དམར་བཅས་འཁྲུངས་ཞེས་ལྷོ་བསྟན་འཛིན་ཉི་མས་མཛད་པའི་བོད་མདོ་ཁམས་ནང་ཆེན་དགེ་འབྲོང་ཡུལ་གྱི་སྣོད་བཅུད་ལུགས་གཉིས་ཀྱི་བྱུང་བ་བརྗོད་པའི་དེབ་ཐེར་གངས་ཆབ་ལྕི་ཟླའི་ཟེགས་མརུ་འབྱུང་། འདི་ཡི་གཞི་འཛིན་ས་ནི་འབྲོང་པ་སྦྲ་ཆེན་དཔོན་ཚང་གི་རང་གི་ངག་རྒྱུན་ལོ་རྒྱུས་དང་། ནང་ཆེན་དགོན་ཁག་ལོ་རྒྱུས་ཕྱོགས་བསྒྲིགས་བཅས་ལ་གཞི་བཅོལ་མཛད་པ་ཡིན། འདི་ལས་གཞན་པའི་ཡིག་ཆ་གང་དུའང་ཁོང་གི་ཡབ་ཡུམ་སྐོར་ཁ་གསལ་འཁོད་མེད་ལ་ངེས་གསལ་ཡིག་ཆ་མ་བྱུང་བར་གནས་སྐབས་འདི་དག་ལ་གཞི་བཅོལ་བ་འཐད།

འོན་ཀྱང་དོགས་གཞི་ཞིག་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་རང་རྣམ་༼ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་༽ཞེས་བྱ་བར་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་༡༧༢༡་ལོར“དེ་ནས་སྤ་གཞུང་གྱེན་དེད་ཀྱིས་དཀར་སྒྲོན་ལ་ནས་ཐོན་གོ་བེའི་སྐྱ་རེངས་ལ་རྩར་ཞག་ཤས་བསྡད། ངེད་རང་གི་ཞོན་རྟ་གཉིས་རྐུན་མས་ཁྱེར་ཡང་མ་འགྱངས་པར་རྩད་ཆོད་དེ་སྐབས་འབྲོང་པ་ཨ་འབུམ་རྒྱུད་ཀྱི་དཔོན་པདྨ་དབང་གིས་ནན་གྱིས་བོས་ནས་སྒར་མང་དེར་བཞག་རྐྱ་རག་གིས་བྲེང་ཐག་ཐོན་ནས་བསམ་ཆུང་མདར་པདྨ་དབང་གི་རུ་བར་ཕྱིན་ཞག་ཤས་བསྡད། གྲྭ་ཚང་གིས་ཀུན་རིག་གི་ཆོ་ག་བཏང་ནས་མ་རྒན་གྱི་བྱང་བུ་བཞུས། མགོན་པོ་བླ་མ་སྟོང་ནག་བླ་མ་དཔོན་ཚང་སོགས་ཐུན་མོང་གི་འདོད་པ་ལྟར་ཁྲོམ་ལ་ཞྭ་དམར་བགོས་ནས་སྨོན་ལམ་བགྱིས། མ་ཎི་དུང་ཕྱུ་གྱི་དགེ་བསྐུལ་ལྟོས་ཆེ་ཙམ་གྲུབ། ཁྲོམ་དབང་སྒེར་དབང་སོགས་འདོད་སྐོང་ཅི་ནུས་བགྱིས། རྟ་ནོར་བཞི་བཅུ་སྐོར་སོགས་སྤྱི་སྒེར་གྱི་འབུལ་ནོད་བསྟབས་པ་བླངས་ནས་ཚུར་འོངས་གོ་བེ་ཆང་ཟོམ་དུ་སྟོང་ནག་ཚང་གི་སྒར་དུ་བོས་དབང་རྗེས་གནང་འགའ་རེ་བགྱིས་ནས་རང་སྒར་དུ་ཆོས་སྐྱོང་ལ་རྟ་རྣམས་ཁུག་པའི་གཏང་རང་བཏང་། སྟོང་ནག་བླ་མ་དཔོན་སློབ་ཚོར་འདོན་ཆའི་ལུང་ཐོར་བུ་དེར་འདུས་ཀྱི་ཁྲོམ་ལ་རྗེས་གནང་ཞིག་ཀྱང་བགྱིས། སྐྱ་རེངས་ལ་བརྒལ་ལྕི་ཆུ་གྱེན་དེད་དུ་ཕྱིན། ཆུ་བཟང་རི་བོ་ཆེའི་རྩ་བར་སྒིས་སྣ་བླ་མ་ཚང་གིས་བོས་ཤིང་རྗེས་གནང་ཞིག་དང་ཁྲོམ་དབང་བཅས་བགྱིས།ཞེས་འབྱུང་བས་སྐབས་དེར་འབྲོང་པ་ཨ་འབུམ་རྒྱུད་ཀྱི་དཔོན་པདྨ་དབང་ནི་སྦྲ་ཆེན་པདྨ་དབང་དྲག་ཡིན་པ་དང་། དཔོན་ཚང་བསམ་ཆུང་མདའ་རུ་བཞུགས་པ་དང་། སྟོང་ནག་དགོན་ནི་གོ་བེ་ཆང་ཟོམ་ཐང་དུ་བཞུགས་པ་ལ་སྟོང་ནག་བླ་མ་ནི་སྟོང་ནག་སྐུ་སྐྱེ་བསྟན་འཛིན་རབ་རྒྱས་ཀྱི་སྐུ་གོང་མ་ཡིན་པའོ། །ཡང་དེར་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་༡༧༣༤་ལོར“རོག་རྒྱབ་དུ་སྟོང་ནག་བླ་རྒན་གྱིས་སྐྱ་ཐབ་ཀྱིས་བསུ་ནས་གཞི་ལེན་བྱས། ཕྱི་ཉིན་དབུ་ཞྭ་བསྒྲོན། དགེ་རྒྱས་དཔོན་དང་ཇོ་མོ་བཅས་མཇལ་འདོད་དབང་དང་གསོན་སྦྱང་བྱས་དབུ་ཞྭ་བསྒྲོན། འབུལ་བ་བསྟབས། དཔོན་དང་ཇོ་མོས་ཆིབས་སྐྱེལ་བཅས་རོག་ལྗང་ན་མདོར་དཔོན་ཨེར་ཁའི་ཨེ་མན་སོགས་ལ་ཁྲོམ་དབང་བྱས། དཔོན་རྣམ་སྲས་ཚང་དུ་གདན། ཐའི་ཇིའི་དཔོན་མོ་དང་མོན་ཨོ་ཐོག་སོགས་ཀྱིས་མཇལ། བྲག་ལ་མདའ་ཟུག་ནས། གསང་བརྒྱུད། ཧོར་འཕན་དར་རྒྱལ་གྱི་བུ་དང་འཕྲད།”ཅེས་འབྱུང་བས་སྐབས་དེ་དུས་ཀྱང་སྟོང་ནག་བླ་རྒན་བཞུགས་ཡོད། ཤིང་གླང་ལོསྤྱི་ལོ་༡༧༤༥ལོར་ཆོས་ཁྲི་མགུལ་དུ་ཨ་འབུམ་བརྒྱུད་རུའི་དཔོན་དང་སྟོང་ནག་བླ་མས་བསུ་བར་ཐོནདཔོན་དབང་དྲག་ཚེ་རིང་ན་དུ་བོས་ངང་འཛོང་རྟོགས་ལྡན་དང་ཚང་ས་བ་དང་ཨ་འབུམ་རྒྱུད་རུས་མཇལངང་འཛོང་རྟོགས་ལྡན་གྱི་སྒར་དུ་གདན་དྲངསདཔོན་ཚང་གི་ཁང་པ་དང་ཆོས་ལ་རབ་གནས་བྱསལྕི་ཆུའི་བྱིས་ཐག་ཐོནསྟོང་ནག་སྒར་དུ་ཕྱིནབླ་མ་རྣམས་དང་མགོན་པོ་བླ་མར་རྗེས་གནང་བྱསརྟ་སུམ་ཅུ་སྐོར་སོགས་དང་ནོར་བཞི་བཅུ་སྐོར་ཕུལསྒིས་སྣ་བླ་མ་དང་སུ་རུག་དཔོན་སོགས་འབྱོར་དབང་བགྱིསཞེས་འབྱུང་བ་དང་། རབ་བྱུང་བཅུ་གསུམ་པའིས་སྦྲུལ་ལོསྤྱི་ལོ་༡༧༤༩ལོར་སྨིན་དྲུག་ཅན་གྱི་ཚེས་གཅིག་ཉིན་སྟོང་ནག་བླ་མས་མཇལ་རྟ་བདུན། སུ་རུག་དཔོན་གྱི་རྟ་ཁ་ཤས་དང་དགེ་རྒྱས་པས་རྟ་འགའ་རེ་ཕུལ། ཨ་འབུམ་རྒྱུད་ཀྱི་དཔོན་དབང་དྲག་ཚེ་རིང་ཚང་གིས་རྟ་གཉིས་ཕུལ། ཁྲོམ་མང་ལ་སྨན་བླའི་རྗེས་གནང་དང་། བླ་དཔོན་རྣམས་ལ་སྒེར་དབང་བྱས། དཔའ་རྒྱའི་རྒྱལ་བཟང་དུ། འབྲོང་སར་གུ་རུ་དབང་དང་། འབྲོང་དཔོན་ཆོས་སྐྱོང་དར་རྒྱས་སོགས་ཀྱིས་མཇལ། བདེ་ཆེན་སྐུ་སྐྱེའི་སྐྲ་ཕུད་བླང་། མིང་ཀརྨ་སྒྲུབ་བརྒྱུད་བསྟན་འཕེལ་བཏགས་འཁྱོས་མ་ཇ་སྦག་བྱིན། སྟོང་ནག་ཚང་ལ་སྐྱོས་མ་རྟ་གཉིས་ཕྲུག་དམར་ནམ་ཐང་སོགས་དང་སྐུ་རིམ་ཡོན་རྟ་ནོར་སོགས་བྱིན།ཞེས་འབྱུང་བའི་ཚན་པ་གཉིས་ཀྱི་ནང་གི་སྟོང་ནག་བླ་མ་ནི་དེ་དང་ལྷན་གཅིག་པར་འབྱུང་བའི་མི་སྣ་ས་མིང་སོགས་ལ་དཔྱད་ན་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་སྐུ་གོང་མ་དེ་རང་སྟེ་གོང་གི་སྟོང་ནག་བླ་རྒན་དེ་པར་ངོས་འཛིན་པ་ལས་འོས་མེད་དོ། །སྔ་རྗེས་སུ་འབྱུང་བའི་དཔོན་པདྨ་དབང་གྲགས་དང་། དབང་དྲག་ཚེ་རིང་གཉིས་ལས་གཞན་མ་བྱུང་བས་དཔལ་ལྡན་ཤེས་རབ་ཅེས་པ་འདི་དོན་དངོས་སུ་བྱུང་ངམ་མ་བྱུང་དོགས་དགོས་ཡོད། ཤེས་ཐུབ་པ་ནི་སྐབས་འདིར་འབྲོང་པ་འཕན་རྒྱུད་ཤོག་བཞི་ལས་ཨ་འབུམ་རྒྱུད་འདི་འབྲོང་པ་སྦྲ་ཆེ་ཆུང་དང་རྫོང་ཐང་སོགས་ཀྱི་དབྱེ་བ་བྱུང་མེད་དམ། ཡང་ན་སྦྲ་སྒོ་ཐ་དད་དམ་དཔོན་མགོ་སོ་སོ་ཡིན་པ་སྟེ་དཔོན་པདྨ་དབང་དྲག་ནི་འབྲོང་པ་སྦྲ་ཆེན་དང་། དབང་དྲག་ཚེ་རིང་ནི་གཞན་གཉིས་གང་རུང་ཡིན་ཡང་འབྲོང་པ་སྦྲ་ཆེ་ཆུང་དང་རྫོང་ཐང་སོགས་ཀྱི་ཐ་སྙད་བྱུང་མེད་དམ་སྙམས་ཏེ་ད་དུང་དཔྱད་པར་བྱ། གོང་ཞུས་འཁྲུལ་ཞིག་ཤྭ་བ་རང་གྲོལ་ནི་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་སྤུན་བྱེད་པ་འདི་ཡང་མི་འཐད་དེ། སྟོང་ནག་བསྟན་འཛིན་རབ་རྒྱས་ནིསི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དངོས་སློབ་ཡིན་སྐོར་འོག་ཏུ་འབྱུང་ཞིང་འདི་ལ་རྩོད་པ་མེད་པར་ཁས་ལེན་ནུས་པ་ཡིན། འཁྲུལ་ཞིག་ཤྭ་བ་རང་གྲོལ་ལམ་འཁྲུལ་ཞིག་འཕྲིན་ལས་རྒྱ་མཚོ་ནི་མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱི་སློབ་མ་ཡིན་པས་འདི་གཉིས་དུས་མཉམ་ཡིན་པའི་དུས་མེད་དོ། །ཡང་གོང་ཞུས་ལྟར་ན་སྟོང་ནག་བླ་རྒན་ནི་ས་སྦྲུལ་ལོསྤྱི་ལོ་༡༧༤༩ལོར་འདས་མེད་པས་ན་འདི་ཡི་ཕྱིས་སུ་འདས་དགོས་ལ། དེས་ན་སྟོང་ནག་བསྟན་འཛིན་རབ་རྒྱས་མཆོག་རབ་བྱུང་བཅུ་གསུམ་པའི་ས་འབྲུག་སྤྱི་ལོ་༡༧༤༨ལོར་སྐུ་འཁྲུངས་པར་བྱེད་པའང་དཔྱད་དགོས་པར་འདུག །ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་རང་རྣམ་༼ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་༽དུ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་༡༧༥༠་ལོར“དྲུག་པའི་ཚེས་གཅིག་ཉིན་ཚེས་བཅུའི་ཚོགས་དབུར་ཕྱིན། ཚེས་གསུམ་ཉི་ཤར་ལ་སྟོང་ནག་བླ་མ་འདས་པར་འཕོ་འདེབས་ལ་ཕྱིན།ཞེས་ཕལ་ཆེར་གདན་ས་དཔལ་སྤུངས་རང་དུ་སྟོང་ནག་བླ་མ་ཞིག་ཞིང་ལ་ཕེབས་འདུག་པ་ནི་དུས་ཚོད་གོང་བསྒྲིགས་ན་ཁོང་ཡིན་ཤས་ཆེ་སྙམས་པར་བྱེད་པ་ལས་མཐའ་གཅིག་ཏུ་ཡིན་ངེས་ཀྱི་རྒྱུ་མཚན་ནི་མ་རྙེད། འདི་དག་ལ་དཔྱད་པས་སྟོང་ནག་བསྟན་འཛིན་རབ་རྒྱས་ཁོང་ཉིད་རབ་བྱུང་བཅུ་གསུམ་པའི་ཚེས་མགོ་ལ་འཁྲུངས་པ་དང་། ས་འབྲུག་སྤྱི་ལོ་༡༧༤༨ལོར་སྐུ་འཁྲུངས་པར་བྱེད་ན་མ་འདས་སྤྲུལ་སྐུ་ཡིན་པར་ཁས་ལེན་དགོས་པ་དང་། གལ་ཏེ་འཁྲུངས་ལོ་དེ་མིན་ཡང་ལོ་དེ་ནས་ལོ་ལྔ་ནང་ཚུན་འཁྲུངས་པར་ཁས་ལེན་ཐུབ་པའོ། །

སྟོང་ནག་བསྟན་འཛིན་རབ་རྒྱས་ཁོང་ཉིད་ཀྱིས་བླ་མ་གང་ལ་བསྟེན་པ། མཛད་པ་གང་འདྲ་བཅངས་པ་སོགས་ནི་ཁོང་གིས་བསྟེན་མྱོང་བའི་བླ་མ་དཔལ་རྒྱལ་དབང་ཀརྨ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་དང་།   སི་ཏུ་ཆོས་ཀྱི་འབྱུང་གནས། བེ་ལོ་ཚེ་དབང་ཀུན་ཁྱབ་སོགས་དང་།  ཁོང་ལ་རྩོམ་བསྐུལ་ཞུ་མཁན་འཛི་སྒར་རྡོ་རྗེ་དྲག་པོ་སོགས་ཀྱི་ཕེབས་བྱོན་དུས་ཚིགས་དང་། དེ་རྣམས་ཀྱི་མཛད་པ་འཕྲིན་ལས་ལས་ཕྱོགས་ཙམ་རྟོགས་པར་འགྱུར་བ་ཡིན་ནོ། །

ཁོང་གིས་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་བླ་མར་བསྟེན་པ་ཡིན་ཏེ་དཔལ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་མཛད་པའི་༼རིས་མེད་བསྟན་འཛིན་སྐྱེས་བུ་རྣམས་གར་འཁྲུངས་བརྟགས་པ་དང་ངོས་འཛིན་སྐོར་གྱི་ཡི་གེ་ལྷག་བསམ་གཙང་མའི་མེ་ལོང་༽ཞེས་བྱ་བ་རུ་“རྗེ་བཅུ་གསུམ་པའི་ཞལ་སློབ་སྟོང་ནག་བླ་མ་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་སྐུ་བླ་རྒན་ཀརྨ་ཕྲིན་ལས་རྣམ་རོལ་ཤིང་ཡོས་ལོར་གཤེགས་པའི་སྐྱེ་སྲིད།”ཅེས་གསུང་པ་བཞིན་ཁོང་ཉིད་ཀརྨ་པ་སྐུ་ཕྲེང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་སློབ་མ་ཡིན་པར་གསལ་ཞིང་། རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེས་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱིས་བསྐུལ་ངོར་མཛད་པ་གསོལ་འདེབས་ཞིག་ཏེ“༈ །སྣང་སྲིད་དབང་བསྒྱུར་གུ་རུ་པདྨ་འབྱུང༌། །དེ་དང་དབྱེར་མེད་གྲུབ་ཆེན་པཀྴིའི་ཞབས། །བརྩེ་བ་ཆེན་པོས་དེང་འདིར་རབ་དགོངས་ཏེ། །ཆོས་དབྱིངས་བདེན་པའི་རང་རྩལ་ཆེར་སྟོན་པས། །ཆོས་ཅན་ཀུན་རྫོབ་རྣམ་རྟོག་དྲི་མའི་འཕྲུལ། །མི་བཟོད་འཇིགས་པའི་གནོད་བྱེད་དམ་སྲི་ཡིས། །ཆོ་འཕྲུལ་འཇིགས་ཚོགས་སྟོང་ཆེན་ཀློང་དུ་བསྟིམ། །གནོད་བྱེད་བར་ཆད་མིང་ཡང་མི་གྲགས་ཞིང༌། །དེང་འདིར་དཔོན་སློབ་ཚོགས་དང་ཡོན་བདག་བཅས། །ཚེ་རིང་ནད་མེད་བསམ་དོན་ཆོས་བཞིན་འགྲུབ། །བཀྲ་ཤིས་ཡར་ཟླའི་དཔལ་གྱིས་གྲིབ་བསིལ་ལས། །ཉེས་པའི་ཚ་གདུང་མ་ལུས་ཀུན་ཞི་ཞིང༌། །བླ་མེད་མཆོག་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་སྟོང་ནག་སྐུ་སྐྱེ་ཚང་ལ་འཚུབ་ཆ་ཆེ་སྐབས་འདོད་དོན་བཞིན་དུ་སྤེལ་བ་དགེ།”ཞེས་འབྱུང་བ་དང་། འདིའི་གསོལ་འདེབས་ཀྱི་མཛད་བྱང་དུ་གསལ་བའི་སྟོང་ནག་སྐུ་སྐྱེ་འདི་སྟོང་ནག་བསྟན་འཛིན་རབ་རྒྱས་ཁོང་ཡིན་པ་ནི་ཁོང་གང་དུ་སྐུ་འཁྲུངས་པའི་ས་གནས་སུ་སྔ་མོར་ངག་རྒྱུན་དུ་འདིས་རྒྱ་འདྲེ་ཁོག་ཅེས་རྒྱུན་འདོན་བྱེད་པར་གྲགས་པ་དང་།  དུས་ཕྱིས་ཀྱང་སྟོང་ནག་དགོན་པའི་གྲྭ་རྒན་འགའི་ཞལ་རྒྱུན་དུ་བཞུགས་པ་ཅུང་མ་དག་པ་ཞིག་སྟོང་ནག་སྤྲུལ་སྐུ་འཕྲིན་ལས་ཀུན་ཁྱབ་དང་། འབྲོང་སྨན་པ་ལྷ་མོ་སྐྱབས་གཉིས་ཀྱིས་འཚོལ་བསྡུ་དང་བསྡུ་བསྒྲིགས་མཛད་པའི་༼ཀུན་མཁྱེན་མ་ཧཱ་པཎྟི་ཏ་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་གསུང་འབུམ་ཐོར་བུ༽འི་ཁྲོད་དུ་ངག་རྒྱུན་ལྟར་ཁོང་གིས་མཛད་པར་བརྩིས་ནས་བཞུགས་སུ་གསོལ་ཡོད། དེས་ན་གོང་གི་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་གསུང་དུ་འཁོད་པའི་སྟོང་ནག་སྐུ་སྐྱེ་ནི་ཁོང་ཡིན་པ་དང་། རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་མཆོག་ནི་རབ་བྱུང་བཅུ་གཉིས་པའི་ཆུ་གླང(༡༧༣༣)ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ(༡༧༩༧)ལོར་སྐུ་འདས་པ་དང་།

འཇམ་མགོན་སི་ཏུ་བསྟན་པའི་ཉིན་བྱེན་ནམ་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་ཁོང་གི་བླ་མ་ཡིན་པ་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་༼ འཚོ་བྱེད་ལས་དང་པོ་ལ་ཉེ་བར་འཁོ་བའི་ཟིན་ཏིག་གཅེས་པར་བཏུས་པ་བདུད་རྩིའི་ཐིགས་པ༽་ལས་“ཡང་ཀུན་མཁྱེན་དྷརྨ་ཀ་རས་སྟོང་ནག་བསྟན་འཛིན་རབ་རྒྱས་ལ་ཞལ་རྒྱུན་རྩལ་བ་ནི། དང་པོ་རྣམ་རྒྱལ་དམར་པོ་གསུམ། །ཚ་ལ་ཕག་བྲུན་སྟག་ཤ་བ། །སླེ་ཏྲེས་གླ་བ་གུ་གུལ་ནག །སྤང་རྩི་ཀཎྜ་ཀ་རི་རྣམས། །བསྡེབས་པ་རྣམ་རྒྱལ་ཐང་ནག་ཟེར། །”ཞེས་འབྱུང་བ་དང་། རྒྱལ་ཚབ་ཨོ་རྒྱན་བསྟན་འཛིན་གྱིས་མཛད་པའི་ལྷོ་རྗེ་དྲུང་ནུས་ལྡན་རྡོ་རྗེའི་རྣམ་ཐར་བདག་ཅག་གི་འདྲེན་པ་ཆེན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྐལ་བཟང་དད་གསུམ་ཤིང་རྟ་ཞེས་བྱ་བ་རུཐམས་ཅད་མཁྱེན་པ་དྷརྨ་ཀཱ་རའི་དངོས་སློབ་གསོ་རིག་ཉིད་དང་མཉམ་པ་སྨན་རྒྱལ་བསྟན་འཛིན་རབ་རྒྱས་ཀྱི་ཁྱད་ཆོས་འབྲོང་སྨན་སྙིང་ཐིག་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་གྱི་སྐོར་ཕལ་ཆེར།”ཞེས་དང་། ནང་ཆེན་དཔོན་མི་དབང་དཀོན་མཆོག་ལྷ་རྒྱལ་གྱིས་མཛད་པའི་༼གསོ་རིག་མན་ངག་གཅེས་བསྡུས་ཉམས་མྱོང་ངེས་རྙེད་བདུད་རྩིའི་གཏེར་བུམ་ཞེས་བྱ་བ་བཞུགས་སོ།  །༽ཞེས་པ་ལས་“འབྲི་གུང་ཆོས་ཀྱི་གྲགས་པ་དཀོན་མཆོག་འགྲོ་ཕན་དབང་པོ་ཚེ་དབང་བརྟན་པ།  དཔོན་ཚང་ཡེ་ཤེས་དང་།  ཞྭ་དམར་པའི་སྒར་མགོ་བ་ཀརྨ་བསྟན་འཕེལ་དང་།  དུང་མཚོ་ཚེ་རིང་དབང་།  དེ་གསུམ་ལས་སྐུ་ཞབས་སི་ཏུ་ཆོས་འབྱུང་སྐུ་མཆེད་ཀྱིས་གསན།  དེའི་སློབ་རྒྱུན་མང་ནའང་། སྟོང་ནག་ཀརྨ་ཆེན་དབང་རྒྱལ་ལམ།  བསྟན་འཛིན་རབ་རྒྱས།  སློབ་མ་གུང་པ་ཨེ་མཆི་ལྷ་མོ་སྐྱབས།  འབྲོང་པ་ཕུན་ཚོགས་རྣམ་རྒྱལ།  མགོན་སྤྲུལ་བསྟན་རྒྱས་ཆོས་འཕེལ་རྣམས་ལས།  བདག་ནང་ཆེན་འབྲུ་རིགས་ཀྱི་སྨན་པ་དཀོན་མཆོག་ལྷ་རྒྱལ་ལམ།  རིག་སྔགས་འཆང་བའི་མིང་མི་དབང་བསོད་ནམས་ཚེ་རིང་དོན་གྲུབ་ལ་བརྒྱུད་པའོ། །”ཞེས་འབྱུང་བས་ཁོང་གིས་སི་ཏུ་ཆོས་ཀྱི་འབྱུང་གནས་མཇལ་ཡོད་པ་ཤེས་ཐུབ་པ་དང་། བྱམས་མེ་ལྷ་མཆོག་ཆོས་དཔལ་རྒྱ་མཚོས་མཛད་པའི་གཉེན་ནད་བཅོས་པའི་ཐབས་ཀྱི་མན་ངག་ཡིད་བཞིན་རིན་ཆེན་སྙིང་གི་ནོར་བུ་མན་ངག་གསང་རྒྱ་མ༽ཞེས་པ་ལས་“འཇམ་མགོན་ཏཱའི་སི་ཏུ་ཀུན་མཁྱེན་ཆོས་འབྱུང་གི་ཞལ་སློབ། སྟོང་ནག་ཀརྨ་རིན་ཆེན་དབང་དབང་རྒྱལ་ལམ། བསྟན་འཛིན་རབ་རྒྱས་ཞེས་པའི་མཁས་གྲུབ་དམ་པ་དེ་ཉིད་ལ་གཡུ་ཐོག་པ་དང་བདུད་རྩི་སྨན་གྱི་ལྷ་མོ་སྤུན་ལྔ་ཞལ་བསྟན་ནས་བཙལ་བའི་ཆིག་རྒྱུད་མང་དུ་བཞུགས་ཀྱང་ཕལ་ཆེར་ནུབ། ཆུ་བདག་བལ་བློན་ཆེན་པོས་ཕུར་བའི་ཐང་སྦྱོར་ཁྱད་ཟབ་ནི།”ཞེས་འབྱུང་བ་དང་། ཡང་སྟོང་ནག་བསྟན་འཛིན་རབ་རྒྱས་མཆོག་ཁོང་རང་ཉིད་ཀྱིས་མཛད་པའི་༼འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེངས་སོས་ཀྱི་སྦྱོར་སྡེའི་མན་ངག་མ་ཡིག་ཤོག་དྲིལ་ཏེ་སྤྱི་དོན་ཤོག་དྲིལ་བཅུ་གསུམ་ལེགས་པར་གྲུབ་པའོ་༽ཞེས་པར་“གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེངས་སོས་ཀྱི་སྦྱོར་སྡེའི་མན་ངག་ཤོག་དྲིལ་འདི་ནི། ངེས་དོན་བསྟན་པའི་ཤིང་རྟ་དཔལ་ལྡན་འབྲུག་པའི་རིང་ལུགས་པ་ཆེན་པོ་སྤྲུལ་པའི་སྐུ་མཆོག་མི་ཕམ་ཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་བཀའ་ཡིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། རྗེ་བཙུན་ཐམས་ཅད་མཁྱེན་པ་འཇམ་མགོན༧བསྟན་པའི་ཉིན་བྱེད་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་པའི་བསྐལ་བཟང་ཐོབ་པ་རིག་པའི་ཕྱོགས་གཞན་དང་འཚོ་བྱེད་ཀྱི་གཟུགས་བརྙན་དགེ་སློང་ཀརྨ་རིན་ཆེན་དབང་རྒྱལ་གྱིས་སྦྱར་བས་འདིས་ཀྱང་འཁོར་བ་ཇི་སྲིད་དུ་ལུས་ཅན་ཡོང་ལ་ཕན་བདེའི་དཔལ་དུ་འབར་བར་གྱུར་ཅིག”ཅེས་འབྱུང་བའི་རྗེ་བཙུན་ཐམས་ཅད་མཁྱེན་པ་འཇམ་མགོན༧བསྟན་པའི་ཉིན་བྱེད་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་ཡིན་ནོ། ། གཞན་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་རང་རྣམ་༼ཏཱའི་སི་ཏུར་འབོད་པ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་རང་ཚུལ་དྲངས་པོར་བརྗོད་པ་དྲི་བྲལ་ཤེལ་གྱི་མེ་ལོང་༽ཞེས་བྱ་བར་རབ་བྱུང་བཅུ་གསུམ་པའི་ཆུ་ལུག་ལོར་༡༧༦༣་ལོར“ལྕི་སྟོད་སྟོང་ནག་སྐུ་སྐྱེ་ཕེབས་པས་མཇལ། དེ་དང་བེ་རི་བསོད་ནམས་བསྟན་པར་བཞུགས་གྲལ་བཏང་།”ཞེས་དང་ཡང་དེར“སྟོང་ནག་སྤྲུལ་སྐུས་འབུལ་ཆེན་བརྒྱབ།”ཅེས་དང་ཡང་དེར་རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཁྱི་ཡི་ལོ་༡༧༦༦ལོར་“ལྕི་སྟོད་སྟོང་ནག་སྐུ་སྐྱེ་དང་ཟུར་མང་ཀུན་ཁྱབ་ཀྱིས་མཇལ།”ཞེས་སོགས་འབྱུང་ལ་སི་ཏུ་ཆོས་ཀྱི་འབྱུང་གནས་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་གམ་སྤྱི་ལོ་༡༧༠༠ལོར་སྐུ་འཁྲུངས། དགུང་གྲངས་བདུན་ཅུ་དོན་བཞི་བཞུགས་ཏེ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ལོ་སྤྱི་ལོ་༡༧༧༤ལོར་སྐུ་གཤེགས་པ་དང་། 

ཡང་སྟོང་ནག་བསྟན་འཛིན་རབ་རྒྱས་མཆོག་གིས་འབེ་ལོ་ཚེ་དབང་ཀུན་ཁྱབ་བླ་མར་བསྟེན་པའི་སྐོར་ནི་འབེ་ལོའི་རང་རྣམ་༼མ་ཧཱ་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ཀྱི་རྣམ་ཐར་རྟོགས་བརྗོད་རིན་ཆེན་ནོར་བུའི་ཕྲེང་བ་༽ལས་“འདི་སྐབས་ལྕི་སྟོད་ནས་སྟོང་ནག་སྤྲུལ་སྐུ་ཕེབས་བྱུང་བར་ངེད་དང་གནས་མདོ་ལེགས་བཤད་གཉིས་སུ་ཁོམས་བྱས་ཏེ་ཁོང་ལ་སྒྲ་ཀ་ལཱ་པའི་ས་རིས་དང་། སྡེབ་སྦྱོར་རིན་འབྱུང་། བདག་གིས་བྱས་པའི་གྲུབ་མཐའ་བཞིའི་རྣམ་བཤད། ཀུན་རིགས་ཀྱི་ལྷ་ཁྲིད། རྒྱ་རྩིས་གསར་འགྱུར་གྱི་སྐོར་རྣམས་བསླབས། འདི་བ་ཐུགས་རིག་བཟང་རབ་ཏུ་འདུགཅེས་དང། ཡང་ཁོང་གིས་མཛད་པའི་༼ལེགས་པར་སྦྱར་བ་སྒྲའི་བསྟན་བཅོས་ཀ་ལཱ་པའི་མདོའི་རྣམ་པར་བཤད་པ་ཟླ་བའི་འོད་ཟེར་༽ཞེས་བྱ་བའི་མཛད་བྱང་དུ་“ཞེས་ལེགས་པར་སྦྱར་བ་སྒྲའི་བསྟན་བཅོས་ཀ་ལཱ་པའི་མདོའི་རྣམ་པར་བཤད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ་འདི་ཡང་ཟུར་མང་དགའ་ལྡན་ངེས་ལེགས་གླིང་གི་ཁྲི་སྤྲུལ་པའི་སྐུ་དང་། ལྕི་སྟོད་ཀྱི་སྟོང་ནག་སྤྲུལ་པའི་སྐུ་ལ་སོགས་པ་དོན་གཉེར་ཅན་འགའ་ཡིས་རིང་མོ་ནས་བཀའ་ཡིས་བསྐུལ་བ་དང་།”ཞེས་སོགས་འབྱུང་བ་འདི་ཕལ་ཆེར་དུས་ཚོད་རབ་བྱུང་བཅུ་གསུམ་པའི་ཆུ་ལུག་ལོར་༡༧༦༣་ལོའི་གཡས་གཡོན་རང་ལ་ཡིན་ཞིང་། སྐབས་དེའི་དུས་ཀྱི་ལྕི་སྟོད་ཀྱི་སྟོང་ནག་དགོན་པའི་སྤྲུལ་སྐུ་དེ་ཉིད་ནི་ཁོང་ལས་གཞན་ཞིག་ཡིན་པར་མི་སེམས་སོ། །སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱིས་མཛད་པའི་འབྲོང་སྨན་མཁས་པའི་ཉམས་ཡིག་འཆི་མེད་བདུད་རྩིའི་བཅུད་ལེནཞེས་བྱ་བར་ཞེས་པ་འདི་ཡང་འབྲོང་རིགས་ཀྱི་སྨན་པ་མདོ་སྔགས་ཕྱི་ནང་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་སྤྱི་དང་བྱེ་བྲག་ཆེ་ཕྲ་ཐམས་ཅད་ལ་སྦྱངས་ཤིང་། ལྷག་པར་གཞན་ཕན་སྙིང་རྗེའི་དབང་གིས་གསོ་བ་རིག་པའི་ལམ་ལ་ཐོས་བསམ་མཆོག་ཏུ་བྱས་པའི་ཤཱཀྱའི་དགེ་སློང་ཀརྨ་རིན་ཆེན་དབང་གི་རྒྱལ་པོཞེས་སྨྲས་པ་འདིས་ཀྱང་གསལ་བཤད་བྱས་ཡོད་པའོ།

ཡང་ཁོང་ལ་འཛི་སྒར་རྡོ་རྗེ་དྲག་པོས་རྩོམ་སྐུལ་ཞུས་པ་ནི་ཁོང་རང་ཉིད་ཀྱིས་མཛད་པའི་༼འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེངས་སོས་ཀྱི་སྦྱོར་སྡེའི་མན་ངག་མ་ཡིག་ཤོག་དྲིལ་ཏེ་སྤྱི་དོན་ཤོག་དྲིལ་བཅུ་གསུམ་ལེགས་པར་གྲུབ་པའོ་ ༽ཞེས་པར་“གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེངས་སོས་ཀྱི་སྦྱོར་སྡེའི་མན་ངག་ཤོག་དྲིལ་འདི་ནི། ངེས་དོན་བསྟན་པའི་ཤིང་རྟ་དཔལ་ལྡན་འབྲུག་པའི་རིང་ལུགས་པ་ཆེན་པོ་སྤྲུལ་པའི་སྐུ་མཆོག་མི་ཕམ་ཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་བཀའ་ཡིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། རྗེ་བཙུན་ཐམས་ཅད་མཁྱེན་པ་འཇམ་མགོན༧བསྟན་པའི་ཉིན་བྱེད་ཀྱི་ཞབས་རྡུལ་སྤྱི་བོར་བསྟེན་པའི་བསྐལ་བཟང་ཐོབ་པ་རིག་པའི་ཕྱོགས་གཞན་དང་འཚོ་བྱེད་ཀྱི་གཟུགས་བརྙན་དགེ་སློང་ཀརྨ་རིན་ཆེན་དབང་རྒྱལ་གྱིས་སྦྱར་བས་འདིས་ཀྱང་འཁོར་བ་ཇི་སྲིད་དུ་ལུས་ཅན་ཡོང་ལ་ཕན་བདེའི་དཔལ་དུ་འབར་བར་གྱུར་ཅིག”ཅེས་འབྱུང་བའི་འབྲུག་པའི་རིང་ལུགས་པ་ཆེན་པོ་སྤྲུལ་པའི་སྐུ་མཆོག་མི་ཕམ་ཕྲིན་ལས་རྒྱ་མཚོ་ཞེས་སུ་ཞུ་བ་ནི་ཡོང་གྲགས་སུ་རྗེ་འཛི་སྒར་རྡོ་རྗེ་དྲག་པོའམ་མཚན་གཞན་དུ་ན་མི་ཕམ་ཕྲིན་ལས་རྒྱ་མཚོ་ཞེས་ཞུ་བ་དེ་ཉིད་ཡིན་ཞིང་།  རྗེ་འཛི་སྒར་རྡོ་རྗེ་དྲག་པོའི་མཚན་ལ་དེ་སྐད་དུ་ཞུ་བ་ནི་ཟུར་མང་བསྟན་སྤྲུལ་བདུན་པ་བསྟན་འཛིན་ངེས་དོན་རྒྱལ་མཚོའམ་ཀརྨ་གྲུབ་མཆོག་དགེ་ལེགས་རབ་རྒྱས་ཀྱིས་མཛད་པའི་༼རྗེ་འཛི་སྒར་བཞི་པ་རིག་འཛིན་རྡོ་རྗེ་དྲག་པོའི་རྣམ་ཐར་དད་གསུམ་འདབ་སྟོང་བཞད་པའི་ཉིན་བྱེད་༽་ཅེས་བྱ་བར་“རྗེ་རྒྱལ་དབང་བདུན་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟའི་སྐུ་ཞབས་སུ་བང་ཆེན་བརྫངས་པས། གཟིམས་སྤྱིལ་སྐར་མེར་བཞུགས་གདན་འཇག་པ་དང་མཇལ། དེ་འཕྲལ་མདུན་དུ་བཀུག་ནས། སྤྲུལ་སྐུ་འཁྲུལ་མེད་བེ་རི་རྒྱལ་པོའི་སྲས་པོ་དེ་ལྷ་དང་བླ་མས་ལུང་བསྟན་པ་ཡིན་ཚུལ་སློབ་སྟོན་རྒྱ་ཆེར་ཕེབས། དེ་མཚུངས་ཀྱི་ཕྱག་ཐམ་དང༌། མི་ཕམ་ཕྲིན་ལས་རྒྱ་མཚོ་ཞེས་པའི་མཚན་སྲུང་འཁོར་སྔགས་མདུད་རིལ་བུ་བཅས་བསྩལ་བ། ལམ་ཞོར་ནས་ཡབ་ཚང་དུ་ཕུལ།”ཞེས་མི་ཕམ་ཕྲིན་ལས་རྒྱ་མཚོ་ཞེས་པའི་མཚན་འདི་འབྲུག་རྒྱལ་དབང་བདུན་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ཞེས་ཞུ་བ་ཁོང་གིས་གནང་བ་གསལ་བ་དང་། ཡང་སྟོང་ནག་བསྟན་འཛིན་རབ་རྒྱས་ཁོང་རང་ཉིད་ཀྱིས་མཛད་པའི་༼འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོའི་རྒྱལ་པོ་བདུད་རྩི་ཐེངས་སོས་ཀྱི་སྦྱོར་སྡེའི་མན་ངག་ལས་གུད་དུ་སྦས་པའི་བུ་ཡིག་གཅུང་པོ་བཞུགས་སོ་༽ཞེས་པར་“ཅེས་གབ་པ་མངོན་དུ་ཕྱུང་བའི་མན་ངག་འདི་ཡང་སྤྲུལ་པའི་སྐུ་མཆོག་དམ་པ་པད་དཀར་འཕྲིན་ལས་རྣམ་པར་རྒྱལ་བའི་ལྷ་ཡིས་བཀའ་གནང་ལྟར་འབྲོང་རིགས་ལས་བྱུང་བའི་སྨན་པའི་གཟུགས་བརྙན་ཀརྨ་རིན་ཆེན་དབང་གི་རྒྱལ་པོས་བྲིས་པའི་དགེ་བས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རྒྱུ་དང་འབྲས་བུའི་ནད་དང་སྡུག་བསྔལ་ཀུན་ལས་གྲོལ་ཏེ་བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་གོ་འཕང་མངོན་དུ་བྱེད་པར་གྱུར་ཅིག །”་འབྱུང་བའི་པད་དཀར་འཕྲིན་ལས་རྣམ་པར་རྒྱལ་བའི་ལྷ་ཡང་འཛི་སྒར་རྡོ་རྗེ་དྲག་པོའི་མཚན་གཞན་ཕྲིན་ལས་རྣམ་རྒྱལ་ཞེས་སུ་ཞུ་ལ། ཟུར་མང་བསྟན་སྤྲུལ་བདུན་པ་བསྟན་འཛིན་ངེས་དོན་རྒྱལ་མཚོའམ་ཀརྨ་གྲུབ་མཆོག་དགེ་ལེགས་རབ་རྒྱས་ཀྱིས་མཛད་པའི་༼རྗེ་འཛི་སྒར་བཞི་པ་རིག་འཛིན་རྡོ་རྗེ་དྲག་པོའི་རྣམ་ཐར་དད་གསུམ་འདབ་སྟོང་བཞད་པའི་ཉིན་བྱེད་༽་ཅེས་བྱ་བར་“ཐམས་ཅད་མཁྱེན་པ་སི་ཏུ་རིན་པོ་ཆེའི་ཞབས་པད་ནས། བདེ་མཆོག་སྟོད་འགྲེལ་གྱི་དབང་དང༌། ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་དབང༌། གཞན་ཡང་དབང་ལུང་འགའ་ཞིག་ཙམ་གསན་ཅིང༌། དགེ་ཚུལ་དང་དགེ་སློང་དུ་སྒྲུབ་པར་མཛད། མཚན་ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་རྒྱས་པའི་སྡེ་ཞེས་གསོལ་ཏོ། །”ཞེས་དང་ཡང་དེར་“དཔལ་ལྡན་དཔའ་བོ་རིན་པོ་ཆེ་རྡོ་རྗེ་གཙུག་ལག་དགའ་བའི་དབང་པོ་དང༌། འཛི་སྒར་མཆོག་གི་སྤྲུལ་སྐུ་ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་རྒྱས་པའི་སྡེ་ཞལ་གྱི་དཀྱིལ་འཁོར་ཡོངས་སུ་འཛོམ་པའི་ཚུལ་བསྟན།”ཞེས་སོགས་འབྱུང་ངོ་། །རྗེ་འཛི་སྒར་བཞི་པ་རིག་འཛིན་རྡོ་རྗེ་དྲག་པོ་ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༧༤༠ ལོར་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ཕྱི་ལོ་ ༡༧༩༧ ལོར་གཤེགས་པས་གོང་གི་ལོ་ཚིགས་དག་དང་འགྲིག་པ་ཡིན་ནོ། །

སྟོང་ནག་བསྟན་འཛིན་རབ་རྒྱལ་ཁོང་གིས་སློབ་མ་བསྐྱངས་པའི་སྐོར་ལ་ཁོང་གིས་མཛད་པའི་འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེངས་སོས་ཀྱི་ངོས་འཛིན་གནད་ཀྱི་ལྡེ་མིག་བུ་ཡིག་ཤོག་དྲིལ་གཅེན་པོ་བཞུགས་སོཞེས་པར་ཞེས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེང་སོས་ཀྱི་ངོས་འཛིན་གནད་ཀྱི་ལྡེ་མིག་སྟེ་བུ་ཡིག་ཤོག་དྲིལ་དང་པོ་འདི་ཡང་སློབ་མ་འགའ་ཞིག་གི་དོན་དུ་འབྲོང་རིགས་ཀྱི་སྨན་པ་ཀརྨ་རིན་ཆེན་དབང་གི་རྒྱལ་པོས་བྲིས་པའི་དགེ་བས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོ་མངོན་དུ་བྱེད་པར་གྱུར་ཅིགཅེས་འབྱུང་བས་ཁོང་ལ་སློབ་མ་འགའ་ཡོད་པར་གསལ་ལ། ཁོང་གིས་མཛད་པའི་ག་པུར་ཟིལ་གནོན་གྱི་སྦྱོར་བ་ཟླ་བ་གཞོན་ནུའི་ཟེར་ཕྲེང་ ཞེས་བྱ་བའི་མཛད་བྱང་དུ་ཅེས་ཚད་རིམ་སེལ་བ་སྔོ་སྨན་གྱི་སྦྱར་ཐབས་འདི་ཡང་སྨན་ཆུང་ཀརྨ་ལྷག་བསམ་གྱི་རེ་བ་བཀོང་བའི་སླད་དུ་ཤཱཀྱའི་དགེ་སློང་ཀརྨ་རིན་ཆེན་དབང་རྒྱལ་གྱིས་སྨྲས་སོཞེས་འབྱུང་བས་སྨན་ཆུང་ཀརྨ་ལྷག་བསམའདི་ཁོང་གི་སློབ་མ་ཡིན་པ་དང་། ནང་ཆེན་དཔོན་མི་དབང་དཀོན་མཆོག་ལྷ་རྒྱལ་གྱིས་ཞལ་གསུང་མགསོ་རིག་མན་ངག་གཅེས་བསྡུས་ཉམས་མྱོང་ངེས་རྙེད་བདུད་རྩིའི་གཏེར་བུམ་ཞེས་བྱ་བ་བཞུགས་སོ། ཞེས་བྱ་བར་“འབྲི་གུང་ཆོས་ཀྱི་གྲགས་པ་དཀོན་མཆོག་འགྲོ་ཕན་དབང་པོ་ཚེ་དབང་བརྟན་པ། དཔོན་ཚང་ཡེ་ཤེས་དང་། ཞྭ་དམར་པའི་སྒར་མགོ་བ་ཀརྨ་བསྟན་འཕེལ་དང་། དུང་མཚོ་ཚེ་རིང་དབང་། དེ་གསུམ་ལས་སྐུ་ཞབས་སི་ཏུ་ཆོས་འབྱུང་སྐུ་མཆེད་ཀྱིས་གསན། དེའི་སློབ་རྒྱུན་མང་ནའང་། སྟོང་ནག་ཀརྨརིན་ཆེན་དབང་རྒྱལ་ལམ། བསྟན་འཛིན་རབ་རྒྱས། སློབ་མ་གུང་པ་ཨེ་མཆི་ལྷ་མོ་སྐྱབས། འབྲོང་པ་ཕུན་ཚོགས་རྣམ་རྒྱལ། མགོན་སྤྲུལ་བསྟན་རྒྱས་ཆོས་འཕེལ་རྣམས་ལས།བདག་ནང་ཆེན་འབྲུ་རིགས་ཀྱི་སྨན་པ་དཀོན་མཆོག་ལྷ་རྒྱལ་ལམ། རིག་སྔགས་འཆང་བའི་མིང་མི་དབང་བསོད་ནམས་ཚེ་རིང་དོན་གྲུབ་ལ་བརྒྱུད་པའོ། །”ཞེས་འབྱུང་བ་འདིས་གུང་པ་ཨེ་མཆི་ལྷ་མོ་སྐྱབས། འབྲོང་པ་ཕུན་ཚོགས་རྣམ་རྒྱལ། མགོན་སྤྲུལ་བསྟན་རྒྱས་ཆོས་འཕེལ་གསུམ་ནི་ཁོང་གི་དངོས་སློབ་ཡིན་པར་དེང་དུས་སུ་ཡོངས་ཀྱི་ཁས་ལེན་པར་བྱེད་པ་ཡིན་ནོ།

གུང་པ་ཨེ་མཆི་ལྷ་མོ་སྐྱབས་ནི་ཡོངས་གྲགས་སུ་ནང་ཆེན་རྒྱལ་པོའི་བླ་སྨན་ལྷ་མོ་སྐྱབས་དེ་དང་མི་གཅིག་ཏུ་འདོད་ལ། དེས་ན་ཁོང་ཡར་དེད་ན་ནང་ཆེན་ཆོས་རྒྱལ་རྡོ་རྗེ་ཚེ་དབང་གི་བླ་སྨན་དང་། དེལ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་སློབ་མ། མར་དེད་ན་ནང་ཆེན་དཔོན་མི་དབང་དཀོན་མཆོག་ལྷ་རྒྱལ་གྱི་དགེ་རྒན་དང་། སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་སློབ་མ་བཅས་ཡིན་དགོས། ནང་ཆེན་ཆོས་རྒྱལ་རྡོ་རྗེ་ཚེ་དབང་གི་བླ་སྨན་དང་། དེལ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་སློབ་མ་ཡིན་ཏེ་དེལ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་བི་ཥ་བཅོས་པའི་མན་ངག་ཙིནྟ་མ་ཎི་ཞེས་བྱ་བ་བཞུགས་སོཞེས་པའི་མཛད་བྱང་དུ་ཅེས་པ་འདི་ཡང་ནང་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་ཚེ་དབང་དང་། བླ་སྨན་ལྷ་མོ་སྐྱབས་ཟུང་གིས་བསྐུལ་གནང་ངོར། བི་ཇིའི་སྨན་འབངས་དགེ་བཤེས་བསྟན་འཛིན་ཕུན་ཚོགས་འཁྱིལ་སྐེ་སྒར་ཆེན་དུ་སྦྱར་བའི་དགེ་བས་འགྲོ་ཀུན་དུག་གསུམ་ནད་ལས་གྲོལ་བའི་རྒྱུ་གྱུར་ཅིག །ཅེས་དང་ཡང་ཁོང་གིས་མཛད་པའི་རིན་ཆེན་རིལ་བུ་གཏོང་ཐབས་ལག་ལེན་ངེས་ཟབ་སྙིང་ཐིག་ཅེས་བྱ་བ་བཞུགས་སོཞེས་པའི་མཛད་བྱང་དུའང་ཅེས་རིན་ཆེན་བསྟེན་ཐབས་ཟིན་ཐོ་འདི་ཡང་བི་ཇི་དགེ་སློང་བསྟན་འཛིན་ཕུན་ཚོགས་ཀྱིས་ནང་ཆེན་ཆོས་རྒྱལ་བླ་སྨན་ཟུང་གི་དགོངས་བཞེད་འགེངས་ཕྱིར་བྲིས་ཏེ་ཕུལ་བའི་དགེ་བས་སྐྱེ་དགུ་ནད་ལས་གྲོལ་བའི་རྒྱུར་གྱུར་ཅིག །ཅེས་སོགས་འབྱུང་བས་སོ། །དེ་ལ་དེལ་དམར་བསྟན་འཛིན་ཕུན་ཚོགས་ནི་རབ་བྱུང་བཅུ་གཅིག་པའི་ཆུ་གླང་ཕྱི་ལོ་ ༡༦༧༢ ལོར་འཁྲུངས། ཁོང་གིས་མཛད་པའི་པུ་རི་སྐྲ་བཅིང་གི་སྔགས་ཆོག་དུག་འཇོམ་རྨ་བྱའི་རྒྱལ་པོ་ཞེས་བྱ་བ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །ཞེས་པའི་མཛད་བྱང་དུ་འདི་ལྟའི་སྔགས་དང་ཆོ་ག་ནི། རྩ་བ་སྔགས་བྱང་ལོགས་སུ་བཞུགས་པ་དང་། དྲང་སྲོང་ཞལ་གདམས་ཟིན་བྲིས་ཚིག་བསྡུས་དོན་རྒྱས་ལྷུག་པ་དང་། བོད་ཀྱི་ཨ་ཙ་རའི་ཕྱག་ལེན་བཅས་གཤོམ་ཟིན་ཐོ་ཐོར་ཙམ་འདུག་པ་བཅས་ཡིག་སྣ་གསུམ་དང་། སློབ་དཔོན་གྱི་ཞལ་རྒྱུན་རྣམས་ཁྲིགས་སུ་བསྒྲིགས་འདུན་སྔ་ནས་ཡོད་ཀྱང་གཡེང་དབང་དུ་སོང་བས། ད་ཆ་ནང་ཆེན་ཆོས་ཀྱི་རྒྱལ་པོ་བླ་སྨན་བཅས་པས་འཁྲུལ་པ་བསལ་བའི་ངག་འདོན་ཁྲིགས་སུ་བསྒྲིགས་དགོས་བསྐུལ་མ་གནང་བ་དང་། ཁྱད་པར་ཕྱི་ནང་རིག་པ་ཀུན་དང་མཆོག་ཏུ་གསོ་བ་རིག་པར་མངོན་བྱང་ཆུབ་པའི་དགེ་སློང་དོན་ལྡན་ལགས་ནས་བསྐུལ་བ་དང་། འདི་ལྟར་ཚིགས་སུ་བཅད་པས་ཚམས་སྦྱོར་ཏེ་རབ་བྱུང་བཅུ་གཉིས་པ་ཡི་མེ་ལུག་ཟླ་བ་བཅུ་པའི་ཡར་ཚེས་བཟང་པོ་ལ། བི་ཇིའི་རིགས་འབངས་འཚོ་མཛད་ཐ་ཤལ་བ་བི་ཥྐུ་ཀ་ལྱེ་མི་ཏྲའི་མིང་ཅན་ནམ། མིང་དངོས་ངག་དབང་བསྟན་འཛིན་ཕུན་ཚོགས་ཞེས་འབོད་པས། ནང་ཆེན་སྒར་ཆེན་འཁྱིལ་སྐེ་བཀྲ་ཤིས་འཁྱིལ་བའི་གནས་སུ་སྦྱར་བའི་དགེ་བས་ལུས་ཅན་ཀུན་ཅང་སྦྱོར་ངན་དུག་ནད་ལས་གྲོལ་ཏེ་ཟག་མེད་ཞི་བ་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་པའི་རྒྱུ་གྱུར་ཅིག །ཅེས་འབྱུང་བས་རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ༡༧༢༧ལོ་འདི་སྐབས་ནས་ལྷ་མོ་སྐྱབསབླ་སྨན་ཡིན་པས་མ་མཐའ་ཡང་དགུང་གྲངས་ཉེར་ལྔ་ཙམ་ལ་སོན་པས་ཕལ་ཆེར་རབ་བྱུང་བཅུ་གཉིས་པའི་སྟོད་ནས་སྐུ་འཁྲུངས་པ་ཡིན་དགོས། ནང་ཆེན་དཔོན་མི་དབང་དཀོན་མཆོག་ལྷ་རྒྱལ་གྱི་དགེ་རྒན་དང་།སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་སློབ་མ་བཅས་ཡིན་དགོས་པ་ནི་ལུང་གོང་དུ་དྲངས་པ་སྟོང་ནག་ཀརྨརིན་ཆེན་དབང་རྒྱལ་ལམ། བསྟན་འཛིན་རབ་རྒྱས། སློབ་མ་གུང་པ་ཨེ་མཆི་ལྷ་མོ་སྐྱབས། འབྲོང་པ་ཕུན་ཚོགས་རྣམ་རྒྱལ། མགོན་སྤྲུལ་བསྟན་རྒྱས་ཆོས་འཕེལ་རྣམས་ལས།བདག་ནང་ཆེན་འབྲུ་རིགས་ཀྱི་སྨན་པ་དཀོན་མཆོག་ལྷ་རྒྱལ་ལམ། རིག་སྔགས་འཆང་བའི་མིང་མི་དབང་བསོད་ནམས་ཚེ་རིང་དོན་གྲུབ་ལ་བརྒྱུད་པའོ། །”ཞེས་པ་ལྟར་རོ། །དེས་ན་སྟོང་ནག་བསྟན་འཛིན་རབ་རྒྱས་སྐུ་འཁྲུངས་དུས་ཁོང་ཕལ་ཆེར་དགུང་གྲངས་ལྔ་བཅུ་ཙམ་ལ་སོན་ཞིང་།ནང་ཆེན་དཔོན་མི་དབང་དཀོན་མཆོག་ལྷ་རྒྱལ་ནི་གསོ་རིག་མན་ངག་གཅེས་བསྡུས་ཉམས་མྱོང་ངེས་རྙེད་བདུད་རྩིའི་གཏེར་བུམ་གྱི་མཛད་བྱང་དུ་རབ་བྱུང་བཅོ་ལྔ་པའི་ས་མོ་གླང་ལོ། བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་དགུང་ལོ་བདུན་ཅུ་ཐམ་བཞེས་སྐབསཞེས་འབྱུང་བས་རབ་བྱུང་བཅོ་ལྔ་པའི་ས་མོ་གླང་ལོ་སྤྱི་ལོ་༡༨༨༩ལོ་ནས་ཕྱི་རྩིས་བྱས་པའི་ལོ་བདུན་ཅུ་པ་རབ་བྱུང་བཅུ་བཞི་པའི་ས་ཡོས་ལོ་སྤྱི་ལོ་༡༨༡༩་ལོར་འཁྲུངས་སྐབས་ལྷ་མོ་སྐྱབས་དགུང་གྲངས་བརྒྱ་དང་ཉི་ཤུ་ཙམ་དུ་ཕེབས་པར་ཁས་ལེན་པའམ། ཡང་ན་གུང་པ་ཨེ་མཆི་ལྷ་མོ་སྐྱབས་དང་བླ་སྨན་ལྷ་མོ་སྐྱབས་གཉིས་གང་ཟག་ཐ་དད་པར་ཁས་ལེན་དགོས་དཔྱད། གུང་པ་ལྷ་མོ་སྐྱབས་ནི་འབྲོང་སར་བེ་ཧུ་མངའ་ཁོང་སྤྱང་ཚང་གུང་པ་ཞེས་དུད་ཚང་དེརསྐྱེས འབྲོང་སྨན་གསང་སྨན་ཤོག་དྲིལ་མ་བུ་བཅུ་གསུམ་སོགས་གསང་སྨན་ཆིག་རྒྱུད་སྐོར་མང་ཆེ་བ་ཁོང་ས་བརྒྱུད གུང་པའི་སྤྲ་ཐང་ཞེས་པའི་སྨན་སྡུས་མགོ་གཅིག་དེལ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་མན་ངག་སྙིང་བོ་གཅེས་པར་བསྡུས་པ་རྒྱུན་ཁྱེར་བྱ་བའི་རིམ་པ་ཞེས་པར་བཞུགས་པ་དེ་གུང་པ་ལྷ་མོ་སྐྱབས་ཀྱིས་མཛད་པ་ཡིན་ཟེར་ལ། དེ་ལྟར་ན་གུང་པ་ཨེ་མཆི་ལྷ་མོ་སྐྱབས་དང་བླ་སྨན་ལྷ་མོ་སྐྱབས་གཉིས་གང་ཟག་གཅིག་ཏུ་ངེས་པར་ཁས་ལེན་དགོས། འོན་ཏེ་སློབ་མས་བྱས་པའི་སྨན་སྡུས་མགོ་བླ་མའི་གསུང་དུ་འཁོད་པ་འདི་ལའང་དོགས་པ་བྱེད་རུང་བ་ཡིན། གཞན་ཡང་གུང་པའི་དྲིས་ལན་བརྒྱད་ཅུ་ཞེས་ཡོད་པར་གྲགས་ཀྱང་དེང་དཔེ་རྒྱུན་མི་བཞུགས།

འབྲོང་པ་ཕུན་ཚོགས་རྣམ་རྒྱལ་ནི་རྫོང་ཐང་འབྲོང་པའི་དཔོན་རྒྱུད་དམ་ཡང་ན་འབྲོང་པ་སྦྲ་ཆུང་དཔོན་ཚང་གི་ཡིན་པ་གང་རུང་ཁས་ལེན་དགོས་པ་ཨེ་ཡིན་བསམ་ལ་སྒེ་རུ་ཆོས་རྒྱལ་རྡོ་རྗེའི་རང་རྣམ་རྗེ་ཀརྨ་པ་ཆེན་པོ་ཡབ་སྲས་དང་དཔལ་ལྡན་དོན་བརྒྱུད་འབྲུག་པའི་སློབ་འབང་རིག་འཛིན་ཆོས་རྒྱལ་རྡོ་རྗེའི་རྣམ་ཐར་མོས་གུས་མཐར་ཕྱིན་བཞུགས་སོཞེས་པར་རྫོང་ཐང་དུ་དཔོན་བསོད་ནམས་རབ་བརྟན་ཚང་ལ་སོང་། སྐུ་རིམ་བླ་མ་རྟོགས་ལྡན་འབྱུང་གནས་འདའ་ཁར་པདྨ་བཛྲ་བཅུ་བླུག་ནས་བྱང་ཆོག་དགོས་ཞེས། བྱང་ཆོག་གནས་འདྲེན་ལམ་སྟོན་མཛད་མ་ཐག་ཞི་བར་བཤེགས་པས་དམ་པ་དེ་ཉིད་ཀྱི་ཐུགས་དེ་ཧཱུྃ་ཡིག་སྔོན་པོ་འོད་ཟེར་ཐིག་ལེ་ལྔ་ཚོམས་བཅས་པདྨ་བཛྲ་ཡུམ་གྱི་ཐུགས་ཀར་དངོས་སུ་ཐིམས་པའི་སྣང་བ་ཤར། དཔོན་ཚང་སྐུ་དངོས་ཐམས་ཅད་ཐུགས་གཏད་དད་འདུན་ཆེ་བར་མཛད། དེ་ནས་དཔོན་འབྲོང་པ་སྦྲ་ཁག་ཀྱི་གདན་ཞུས་མཛད། དཔོན་ལྷ་ཀརྨ་ཆོས་གྲགས་དཔོན་གཡོག་གི་བསུ་མ་དང་། རྟ་ཁལ་དབུ་འཕུབ་བཅས་མཐུན་རྐྱེན་མཛད། སྔོན་དུ་དཔོན་ཕུན་རྣམས་སྒར་ལ་སོང་ལྷ་ཁང་ནང་ལ་བསྡད། སྐུ་རིམས་ཚེ་སྒྲུབ་གཡང་སྐྱབས། པདྨ་བཛྲ་དབང་ཕུལ། རི་ཁྲུས་བསང་བརྔན། ཀླུ་མཆོད་སོགས་མཛད། འབུལ་ཞབས་བསྙེན་བཀུར་ཐུགས་དད་ཆེ་བར་མཛད། སྐུ་དངོས་ཐམས་ཅད་ལ་ཆོས་འབྲེལ་སེམས་ཁྲིད་མང་དུ་ཕུལ། བརྟན་པ་ལ་རླུང་དང་འཁྲུལ་འཁོར་བསྙེན་རྒྱུད་སོགས་ཞུས་དག་ཞིབ་ཏིག་མཛད།ཅེས་འབྱུང་བས་འདིས་རྫོང་ཐང་འབྲོང་པའི་དཔོན་རྒྱུད་དམ་ཡང་ན་འབྲོང་པ་སྦྲ་ཆུང་དཔོན་ཚང་གི་རྒྱུད་ཡིན་པར་བསྟན་འདུག་པར་འདོད་དེ་དཔོན་འབྲོང་པ་སྦྲ་ཁག་ཅེས་པ་ནི་ཨ་འབུམ་རྒྱུད་ཀྱི་འབྲོང་པ་ཡིན་པ་ལ་འབྲོང་པ་སྦྲ་ཆེན་དཔོན་ཚང་མ་ཡིན་པ་གོང་དེའི་འཕྲོས་སུ་དེ་ནས་འབྲོང་པ་སྦྲ་ཆེན་ཚང་ལ་སོང་། སྐུ་རིམ་གཤིན་རྗེའི་བཟློག་པ།བསང་གསོལ་ཚེ་སྒྲུབ་བཀའ་དབང་ཕུལ། དགོང་མེ་མཆོད་དབང་ལུས་སྦྱིན་སོགས་སྐུ་རིམ་གང་དགོས་བསྒྲུབས། ལྷག་པར་ལས་སྐལ་ལྡན་པ་དཔོན་ཕུན་ཚེ་ལ། ཕྱག་ཆེན་ནཱ་རོ་ཆོས་དྲུག་རླུང་ཁྲིད་ཞིབ་ཏིག་དང་། རྫོགས་ཆེན་རྟོགས་པ་གོ་བསྡུར་གྱི་གསུང་གླེང་མང་དུ་བྱས། དེ་སྐོར་དཔོན་གཡོག་སྦྱིན་བདག་ཀུན་ལ་ཞལ་གདམས་སེམས་ཁྲིད་མང་དུ་ཕུལ། ཡང་འབྲོང་པ་དོན་རབ་ཚང་ལ་སོང་། འོད་ཆོག་དབང་དང་། བསང་གསོལ་བྱས། ཀར་ལྷུན་ལ་སེམས་ཁྲིད་ཐུགས་དགོངས་རྫོགས་པར་ཕུལ། དེར་སྦྲ་ཁག་རྣམས་ཀྱིས་དད་འདུན་འབུལ་ཞབས་བསྙེན་བསྐུར་ཞབས་ཏོག་བཟོ་བའི་བཀའ་དྲིན་གནང་། དཔོན་ཚེ་དགའ་༼འབྲོང་པ་སྦྲ་ཆེན་དཔོན།༽རབ་བརྟན་ཀྱི་འདི་ཁང་མདུན་སར་རིམ་ཀྱིས་འོང་དགོས། ཆོས་ཀྱང་རེམ་གྱིས་འདུལ་དགོས་ཞེས་གསུང་བཟང་མཛད། དེ་ནས་ཕྱིར་འོང་།སོགས་འབྱུང་བ་འདིས་ཤེས་ཐུབ་བོ།

མགོན་སྤྲུལ་བསྟན་རྒྱས་ཆོས་འཕེལ་ནི་ཐུབ་བསྟན་འོད་ཟེར་གྱིས་མཛད་པའི་༼མགོན་སྤྲུལ་བསྟན་རྒྱས་ཆོས་འཕེལ་གྱི་རྣམ་ཐར་དྲང་པོར་བརྗོད་པ་ཀརྨ་གླིང་གི་མཛེས་རྒྱན༽་ལས་མགོན་སྤྲུལ་བསྟན་རྒྱས་ཆོས་འཕེལ་ན་རབ་བྱུང་བཅུ་བཞིཔའི་ལྕགས་ལུག་ ( སྤྱི་ལོ་༡༨༡༡ ) ལོར་འཁྲུངས་པར་མངོན་ནོ། །ཞེས་འབྱུང་བ་བཞིན་དང་། ཁོང་གིས་ཀརྨ་ཐེགས་མཆོག་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད། དཔའ་བོ་གཙུག་ལག་ཆོས་རྒྱལ་སོགས་བླ་མར་བསྟེན་ཞིང་མཐར་གོང་དུ་དྲངས་པའི་རྣམས་ཐར་དེར་རབ་བྱུང་བཅུ་བཞི་པའི་ས་མོ་ལུག་གི་ ( སྤྱི་ལོ་༡༨༥༩ ) དགོངས་པ་ཆོས་དབྱངས་སུ་ཞི་བར་གཤེགས་པར་མངོན་ནོ། །ཅེས་འབྱུང་བ་བཞིན་ཞིང་དུ་ཕེབས་པའོ། །དེ་ལྟར་ཁོང་ཉིད་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་སློབ་མར་བྱེད་པའང་ཁོང་འཁྲུངས་ནས་དགུང་གྲངས་བརྒྱད་མ་ལོན་ཙམ་ནས་སྟོང་ནག་བསྟན་འཛིན་རབ་རྒྱས་ཞིང་དུ་ཕེབས་ཟིན་པས་ཁོང་གིས་སྟོང་ནག་བསྟན་འཛིན་རབ་རྒྱས་ལས་གསོ་རིག་གི་ལུང་ཙམ་ཐོབ་ན་མ་གཏོགས་སློང་སྦྱོང་བྱས་པའང་དོགས་གཞིར་གྱུར་ཡོད།

སྟོང་ནག་བསྟན་འཛིན་རབ་རྒྱས་ཞིང་དུ་ཕེབས་སྐོར་ནི་ཧ་ཅང་ཁ་གསལ་མི་འབྱུང་ནའང་ཉེ་ཆར་དཔལ་སྤུངས་དཔེ་མཛོད་ཁང་ཐོན་པའི་འཕྲིན་ཡིག་ཞིག་ཏུ་བསྟན་འགྲོའི་ཡོངས་ཀྱི་མགོན་སྐྱབས་བཀའ་དྲི་འཚུངས་མེད་འཁོར་ལོའི་དབང་ཕྱུག་ཀུན་གཟིགས་སི་ཏུ་རིན་པོ་ཆེའི་ཞབས་པད་དྲུང་དེར། གུས་པ་ཆེན་པོའི་འབུལ་འབྲས། དེ་ཡང་གདོད་ནས་རྒྱལ་བ་ཀུན་དང་དབྱེར་མེད་ཀྱི་ངོ་བོར་གྲུབ་ཀྱང། གང་འདུལ་འགྲོ་བའི་མོས་ངོར་རྡོ་རྗེ་སློབ་དཔོན་མཆོག་གི་སྐུར་བསྟན་ཏེ། སེམས་ཅན་ཐམས་ཅད་སྨིན་གྲོལ་བྱང་ཆུབ་ཆེན་པོར་འགོད་པའི་མཛད་འཕྲིན་མཐའ་ཀླས་པར་འཚོ་བཞུགས་ནི་བཀའ་དྲིན་ཆེན་པོར་ཁྱབ་པས་གུས་སྤྲོ་ཐོབ། འདིར་ཕྲན་ཆུང་ཀྱང་སྐྱབས་རྣམསཀྱི་ཐུགས་རྗེས་སྔར་བཞིན་བདེ་མུས་ལགས། ཆེད་ཞུར། འབྲུག་པའི་དགོན་ལག་ནང་ཆེན་འཁྲུལ་ཞིག་དགོན་གྱི་བླ་མའི་སྐྱེ་བ་ནང་ཆེན་རྒྱལ་པོའི་སྲས་དེ་ཡིན་པར་སྔོན་བརྟག་པར་བབས་བཞིན། ངོས་འཛིན་དང་དགོན་པར་བསུ་རྒྱུའི་ཐད། ནང་ཆེན་རྒྱལ་པོ་སྲས་རྒྱུད་དཀོན་སྟབས་ཀྱིས། ད་ཕན་ཁྱིམ་དུ་བཞུགས་པ་ལ་དགོན་པར་ཕེབས་མ་ཐུབ་འདུག་པ། ད་ཕྱིན་དེ་ལམ་ལུས་ཚེ་ཕན་ཚུན་གར་ཡང་མི་ཐོགས་པ་ཡོང་ཉེན་བཅས། ༧སྐྱབས་མགོན་ཉིད་ནས་ཀྱང་འཁྲུལ་ཞིག་གི་བླ་མའི་སྐུ་སྐྱེ་ནང་ཆེན་རྒྱལ་པོའི་སྲས་དེ་ཡིན་ཚེ། དེ་ལམ་ཁྱིམ་དུ་བཞུགས་པ་མི་འགབ་པས། འཁྲུལ་ཞིག་དགོན་པའི་བླ་མར་ཕེབས་པ་ལེགས་ཤིང་། རྒྱལ་པོ་ནས་ཀྱང་ཕྲ་བཟུང་མཛད་ཆ་མི་འོས་སོགས་ཀྱི་བཀའ་གསུང་དམ་འབྱར་ཞིག་ནང་ཆེན་རྒྱལ་པོ་ཚང་ལ་སྩལ་ཐུབ་པ་ཞིག་བཀའ་དྲིན་ཆེ་བ་དང་། དེ་བཞིན་སྟོང་ནག་དགོན་གྱི་སྤྲུལ་སྐུ་ཀརྨ་རིན་ཆེན་དབང་རྒྱལ་གྱི་སྐྱེ་བ་ཡོད་མིན་བརྟག་དགོས་ཞེས། ཁོང་རང་དབོན་པོ་ཚང་ནས་ཟེར་འདུག་ཀྱང་། ད་ལྟ་ངེས་གསལ་མི་འདུག་ཀྱང་ལར་ནས་སྐྱེ་བ་རྩད་ཆོད་ཡོང་འགྲོ་ཞེས་སྨྲས་པར། དེ་ཡང་དགོན་པ་དེ་རང་ལ་ཕན་ཆེད། སྐྱེ་བ་ཡོད་མིན་ཐུགས་བརྟག་དང་འབྲེལ་བར། མགོ་འདྲེན་བཀའ་ཁྱབ་ཞིག་མཛད་དགོས་ཐུགས་རྗེ་ཆེ་བ་མཁྱེན་མཁྱེན་ཞུ། ཞུ་འདེགས་མཚོན་ཙམ་དང་མཚམས་དར་ལྷ་རེག་བཅས་གུས་པས་སྟབས་བདེར་ཕུལ་བའི་ཁུངས།ཞེས་འབྱུང་ལ་འཕྲིན་ཡིག་འདི་ནི་འབུལ་ཡུལ་སི་ཏུའི་སྐུ་ཕྲེང་ཞིག་ལས་སུ་ཡིན་མི་གསལ། འབུལ་མཁན་མི་གསལ། འབུལ་དུས་ཀྱང་ཞིབ་ཕྲ་མི་གསལ། འོན་ཏེ་འཕྲིན་ཡིག་རང་གཞུང་དུ་གསལ་བ་ནི་ཨ་ལྡེའུ་སྐུ་ཕྲེང་ལྔ་པ་དཔལ་ལྡན་འགྱུར་མེད་མཆོགནང་ཆེན་རྒྱལ་པོ་སྲས་སུ་འཁྲུངས་ཟིན་ཞིང་དགོན་དུ་མ་ཕེབས་པར་ཁྱིམ་དུ་བཞུགས་སྐབས་ཡིན་པར་གསལ། ཆ་རྐྱེན་དེ་ཚང་བའི་དུས་ཚོད་ལ་ཡུན་རིང་པོ་མེད་དེ་འབྲོ་སྦྱིན་པ་རིན་ཆེན་གྱིས་བརྩམས་པའི་ཡུལ་མདོ་ཁམས་སྟོད་དུ་སྔོན་བྱོན་སྐྱེས་ཆེན་གྱི་མཛད་རབས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་ལས་ཨ་ལྡེའུ་སྐུ་ཕྲེང་ལྔ་པ་དཔལ་ལྡན་འགྱུར་མེད་མཆོག་ནི།ཡབ་མི་དབང་བསོད་ནམས་ཆོས་འཕེལ་དང་། སྐྱེད་ཡུམ་གྲྭའུ་བཟའ་ལྷ་མོ་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ཡི་ལོ་སྟེ་སྤྱི་ལོ༡༨༡༣ལོར་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་མཚན་དཔེའི་པད་མོ་བཞད། བསོད་ནམས་ལྡེའུ་བཙན་ཞེས་པའི་མཚན་གསོལ་བ་ལས་གཅེས་མིང་དུ་ཨ་ཕོ་བསོད་ནམས་ལྡེའུ་བཙན་ཞེས་འབོད་པས།ཕྱིས་སུ་བསྡུས་མིང་ལ་ཨ་ལྡེའུ་ཞེས་ཡོངས་སུ་གྲགས་སོ། འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བ་དང་། མདོ་ཁམས་པ་སྒྲུབ་བརྒྱུད་ཉི་མ་གཉིས་ཀའི་དགོངས་བརྟག་གཅིག་མཐུན་གྱིས་དཔལ་འཁྲུལ་ཞིག་པའི་ཡང་སྤྲུལ་དུ་བསླུ་མེད་རྡོ་རྗེའི་བཀའ་ལུང་གིས་ཟིན་ཅིང་ཁྲི་ཞིག་དགོན་པའི་གསེར་ཁྲིར་མངའ་གསོལ་ཁྲི་སྟོན་རྒྱ་ཆེན་མཛད་དེ། དཔལ་ལྡན་འགྱུར་མེད་ཚེ་དབང་ཕྲིན་ལས་ཞེས་པའི་མཚན་གྱི་ཅོད་པན་བཅིངས། དེ་ནས་རིམ་གྱིས་མ་ཡུམ་སྐུ་དབང་བཙན་པས་ཁྲི་འདོན་མངའ་གསོལ་ཙམ་ལས་ཡུན་དུ་བཞུགས་པར་མ་གནང་བར་འཁྲུལ་ཞིག་དགོན་དུ་སྐྱབས་གནས་བཞི་པ་བསྟན་འཛིན་ཆོས་རྒྱལ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད། དགུང་གྲངས་དྲུག་སྐབས་ཡབ་གཞིས་ཀྱིས་མཐུན་རྐྱེན་གནང་སྟེ་ཚེས་བཅུའི་ལྷ་ཁང་ཕོ་བྲང་སེར་འཇའ་མ་གསར་དུ་བཞེངས། ཚེས་བཅུའི་གྲྭ་ཚང་བསྡུ་རྒྱུག་བྱས། ཨ་ལྡེའུ་རིན་པོ་ཆེ་ནང་ཆེན་རྒྱལ་པོའི་བླ་ཡི་མཆོད་གནས་དམ་པ་ཚེས་བཅུ་དགོན་གྱི་བསྟན་པའི་བདག་པོར་བཞུགས་དགོས་པའི་ཐག་བཅད།ཅེས་འབྱུང་བས་གོང་གསལ་གྱི་ཆ་རྐྱེན་ཚང་བའི་དུས་སྐབས་དེ་ནི་རབ་བྱུང་བཅུ་བཞི་པའི་ཆུ་བྱ་ལོ་སྤྱི་ལོ༡༨༡༣ལོ་ནས་ས་ཡོས་ལོ་སྤྱི་ལོ༡༨༡༩ལོའི་བར་དུ་ཡིན་ཞིང་། དུས་སྐབས་འདི་ཙམ་དུ་འཕྲིན་ཡིག་འདི་བསྐུར་བ་ཡིན་ངེས། དེས་ན་མ་མཐའི་ལོ་རབ་བྱུང་བཅུ་བཞི་པའི་ས་ཡོས་ལོ་སྤྱི་ལོ༡༨༡༩ལོའི་སྐབས་སྟོང་ནག་བསྟན་འཛིན་རབ་རྒྱས་ཞིང་དུ་ཕེབས་ཟིན་པ་ཡིན་ནོ།

གཞན་ཡང་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་རྣམ་ཐར་ཐོར་བུ་འབྱུང་བ་ནི་གོང་ཞུས་བྱམས་མེ་ལྷ་མཆོག་ཆོས་དཔལ་རྒྱ་མཚོས་མཛད་པའི་གཉེན་ནད་བཅོས་པའི་ཐབས་ཀྱི་མན་ངག་ཡིད་བཞིན་རིན་ཆེན་སྙིང་གི་ནོར་བུ་མན་ངག་གསང་རྒྱ་མ༽ཞེས་པ་ལས་“འཇམ་མགོན་ཏཱའི་སི་ཏུ་ཀུན་མཁྱེན་ཆོས་འབྱུང་གི་ཞལ་སློབ། སྟོང་ནག་ཀརྨ་རིན་ཆེན་དབང་དབང་རྒྱལ་ལམ། བསྟན་འཛིན་རབ་རྒྱས་ཞེས་པའི་མཁས་གྲུབ་དམ་པ་དེ་ཉིད་ལ་གཡུ་ཐོག་པ་དང་བདུད་རྩི་སྨན་གྱི་ལྷ་མོ་སྤུན་ལྔ་ཞལ་བསྟན་ནས་བཙལ་བའི་ཆིག་རྒྱུད་མང་དུ་བཞུགས་ཀྱང་ཕལ་ཆེར་ནུབ། ཆུ་བདག་བལ་བློན་ཆེན་པོས་ཕུར་བའི་ཐང་སྦྱོར་ཁྱད་ཟབ་ནི།”ཞེས་འབྱུང་བའི་ཆུ་བདག་བ་བློན་ཆེན་པོས་ཕུར་བའི་ཐང་སྦྱོར་ཁྱད་ཟབ་འདིའི་སྐོར་དམངས་ཁྲོད་ངག་རྒྱུད་ཧ་ཅང་གསལ་བར་བཞུགས་པ་དང་། ཐང་སྨན་གྱི་སྨན་སྦྱོར་ཡང་མ་ཉམས་པར་བཞུགས་ཡོད། ཆུ་བདག་་བློན་ཆེན་པོའི་སྐོར་ལ་ཁོང་གིས་ཀླུ་ཡི་དགེ་བསྙེན་ཆེན་པོ་འབོ་རང་རྡོ་རྗེ་བདུད་འདུལ་འཁོར་དང་བཅས་པའི་གསོལ་མཆོད་ཅེས་པ་དང་།ཡུལ་ལྷ་ལྕིའི་ཀླུ་རྒྱལ་གྱི་མཆོད་གཏོར་ཞེས་དང་།ཆུ་བདག་གི་མཆོག་གཏོར་ཞེས་སོགས་མཛད་པ་དང་། ཀླུ་ཡི་དགེ་བསྙེན་ཆེན་པོ་འབོ་རང་རྡོ་རྗེ་བདུད་འདུལ་འཁོར་དང་བཅས་པའི་གསོལ་མཆོད་ཅེས་པར་ཁོ་བོས་གུ་དྲག་གསང་སྒྲུབ་ལོ་མཚམས་ཀྱིས། །དམ་བཅའ་ཟླ་བ་བཅུ་གཅིག་འགྲོ་བའི་སྐབས། །ནུབ་གཅིག་རྨི་ལམ་ལྕི་ཆུའི་རྒྱུད་དུ་ཕྱིན། །ལྗང་དམར་མཎི་མཐོང་བ་སྙམ་པའི་ཚེ། །ལམ་འཕྲང་དོགས་པོར་ཕ་བོང་ཆེན་པོའི་སྟེང་། །བླ་གཟུགས་ཞྭ་སེར་གོས་དམར་བརྗིད་ཉམས་ཅན། །ཆེ་ཚུལ་ཁང་པའི་རྣམ་འགྱུར་སྟོན་པ་འདུག །བདག་གིས་རྒྱལ་འགོང་ཆོ་འཕྲུལ་ཡིན་ནམ་བསམ། །གུ་དྲག་སྔགས་བཟླས་ཏིང་འཛིན་གྱིས་གཟིར་བས། །སྦལ་པ་ནག་པོ་ཆེ་ཆུང་དེའུ་ཙམ། །གཡུ་ཡི་སྨེ་བ་བཀྲ་བ་ཞིག་དུ་གྱུར། །ཆུ་ཡི་ནང་དུ་འཇའ་འོད་ཞིག་སེ་སོང་། །སླར་ཡང་གླང་དམར་འཇིག་པ་ཅིག་ཏུ་བརྫུས། །ངུར་སྒྲ་སྒྲོག་ཅིང་ཚུར་དུ་རྒྱུ་བ་དང་། གཟིར་བས་མི་ནག་སྤྲུལ་གྱི་རལ་པ་ཅན་། །དཔྲལ་བ་འོད་དཀར་ཟླུམ་པོ་ཡོད་པར་གྱུར། །བདག་གིས་མདུན་དུ་དལ་བུས་མཆོང་ནས་ཀྱང་། ཆུ་རྒྱུད་འདི་རུ་ཁྱེད་ཀྱི་མཚན། །ཐེབ་པའི་གཏད་ཁ་གསུམ་དུ་ཡོད། །དེ་ཕྱིར་མི་གུས་ཚུལ་བསྟན་ལགས། །ཞེས་ཟེར་ཞེས་སོགས་འབྱུང་བ་འདིས་སྟོང་ནག་བསྟན་འཛིན་རབ་རྒྱས་ཁོང་ཉིད་གུ་རུ་དྲག་པོའི་གསང་སྒྲུབ་ལོ་མཚམས་ལ་བཞུགས་པར་གསལ་བ་དང་། ཡང་ཁོང་གིས་མཛད་པའི་ཡུལ་ལྷ་བཙན་རྒོདགོ་ཝེ་རི་དམར་གྱི་གསོལ་མཆོད་ཀྱི་མཛད་བྱང་དུ་ཞེས་པ་འདིའང་འཁྲུལ་རྨིས་དུ་བྱུང་བའི་རྐྱེན་ལ་བརྟེན་ནས། མངའ་རིའི་གུང་ཐང་སྟོད་དུ་སླེབས་སྐབས་སུ་བྲིས་པ་འདི་ཡང་། རྗེ་བཙུན་པདྨ་ཀཱ་ར་སྙིང་གི་ཐིག་ལེར་འཛིན་པ། ཤཱཀྱའི་དགེ་སློང་ཀརྨ་སྟོང་ནག་བསྟན་འཛིན་རིན་ཆེན་དབང་རྒྱལ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཞེས་པས་བགྱིས་པའི་དགེ་བས་ངེས་དོན་སྙིང་པོའི་བསྟན་པ་རིན་་པོ་ཆེ་ཕྱོགས་འདིར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་གསུང་པ་འདིས་ཀྱང་སྟོད་མངའ་རིས་གུང་ཐང་ཕྱོགས་སུ་ཕེབས་མྱོང་ཡོད་པ་ཤེས་ཐུབ་པའོ། །ཡང་ཁོང་གིས་མཛད་པའི་འབྲོང་སྨན་མཁས་པའི་ཉམས་ཡིག་འཆི་མེད་བདུད་རྩིའི་བཅུད་ལེནཞེས་བྱ་བར་ཞེས་པ་འདི་ཡང་འབྲོང་རིགས་ཀྱི་སྨན་པ་མདོ་སྔགས་ཕྱི་ནང་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་སྤྱི་དང་བྱེ་བྲག་ཆེ་ཕྲ་ཐམས་ཅད་ལ་སྦྱངས་ཤིང་། ལྷག་པར་གཞན་ཕན་སྙིང་རྗེའི་དབང་གིས་གསོ་བ་རིག་པའི་ལམ་ལ་ཐོས་བསམ་མཆོག་ཏུ་བྱས་པའི་ཤཱཀྱའི་དགེ་སློང་ཀརྨ་རིན་ཆེན་དབང་གི་རྒྱལ་པོས་ལྷག་བསམ་མཆོག་གིས་སྨྲས་པ་འདིས་ཀྱང་མཐོང་ཐོས་དྲན་རེག་འབྲེལ་ཐོགས་མཁའ་མཉམ་འགྲོ་བ་ཐམས་ཅད་གནས་སྐབས་སུ་དུག་གསུམ་ཟུག་རྔུའི་ཚ་གདུང་བཅོམ་ནས། མཐར་ཐུག་ཏུ་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་ནས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དངོས་སུ་བསྙེན་པའི་སྐལ་བཟང་ཐོབ་པར་གྱུར་ཅིགཅེས་འབྱུང་བ་འདིས་བཅུ་ཕྲག་རིག་གནས་སྤྱི་ལ་མཁྱེན་སྤྱན་ཡངས་པ་དང་། ལྷག་པར་དུ་གསོ་བ་རིག་པར་མཁས་པར་གསལ་བ་བའོ། །དེ་ཡང་ཡིན་ངེས་ཏེ་གོང་དུ་ལུང་དྲངས་པ་དེར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དངོས་སློབ་ལས་ལས་གསོ་རིག་རང་ལས་མཁས་པའི་སློབ་མ་ཡིན་པར་གསུང་པས་སོ།

དེ་ལྟར་སྟོང་ནག་བསྟན་འཛིན་རབ་རྒྱས་སམ་ཀརྨ་རིན་ཆེན་དབང་རྒྱལ་ཁོང་སྐུ་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་འདུལ། མཁྱེན་བརྩེ་ནུས་གསུམ་ཀྱིས་གཞན་རྒྱུད་སྨིན།འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བར་མཛད་དེ་སྐུ་གཤེགས་ཁར་ཁོ་བོ་ད་ནས་སྐྱེ་བ་ཆོད་པ་ཡིནམགོན་ཁང་འདི་ས་ཕུང་དུ་གྱུརལྕི་ར་མ་སྣ་ལ་ས་བོན་འཛུགས་དུས་ང་ཡི་སྤྲུལ་པ་ཞིག་འབྱོན་ཡོང་དགོན་པའི་རྩེ་འདིར་འོད་དཔག་ལྷ་ཁང་ཞིག་བཞེངས་གྲུབ་ན་དགོན་འདིའི་གྲྭ་པ་རྣམས་བདེ་བ་ཅན་དུ་འགྲོཞེས་སོགས་གྲྭ་སློབ་ལ་ཞལ་ཆེམས་གནང་སྟེ་སྐུ་གཤེགས་སོ།

ཁོང་གིས་གསོ་བ་རིག་པ་གཙོ་བོར་གྱུར་པའི་ཆོས་དང་རིག་གནས་ཀྱི་གསུང་རྩོམ་མང་དུ་མཛད་པར་གྲགས་ཀྱང་ད་བཞུགས་གསང་སྨན་ཤོག་དྲིལ་མ་བུ་བཅུ་གསུམ་ཡོངས་རྫོགས་ཆ་མ་ཚང་བ་སོགས་གང་ཡོད་ཐོར་བསྡུས་དཔེ་ཚན་བཅུ་ཕྲག་ལྷག་གི་མ་ཕྱི་ལྷོ་འབྲོང་སྤྲུལ་བསྟན་འཛིན་ཉི་མ་མཆོག་ནས་འདོན་སྤྲོད་བྱས་ཏེ་བོད་ཀྱི་གསོ་རིག་གནའ་དཔེ་ཕྱོགས་བསྒྲིགས་སུ་འཁོད་པ་དང་། དེ་ཉིད་གཞིར་བཞག་ཁར་ད་ཡོད་ཁོང་གི་གསུང་ཐོར་བུ་གཞན་དང་ཆབས་གཅིག་བསྒྲིགས་པ༼ཀུན་མཁྱེན་མ་ཧཱ་པཎྟི་ཏ་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་གསུང་འབུམ་ཐོར་བུ༽སྟོང་ནག་སྤྲུལ་སྐུ་འཕྲིན་ལས་ཀུན་ཁྱབ་དང་། འབྲོང་སྨན་པ་ལྷ་མོ་སྐྱབས་གཉིས་ཀྱིས་འཚོལ་བསྡུ་དང་བསྡུ་བསྒྲིགས་དཔར་བསྐྲུན་མཛད་ཟིན་ཡོད་པ་དང་། དེ་དག་ལས་གསོ་རིག་སྐོར་གྱི་བརྩམ་ཆོས་གང་ཡོད་འབྲོ་སྤྱིན་པ་རིན་ཆེན་གྱིས་འཚོལ་བསྡུ་དག་སྒྲིག་བྱས་པའི་མདོ་ཁམས་སྟོད་ཀྱི་མཁས་གྲུབ་རྣམ་པའི་གསུང་བཅུད་བདུད་རྩི་ཐིག་ཕྲེང་དང་། དགེ་ལེགས་རྒྱ་མཚོས་མདོ་ཁམས་སྒོམ་སྡེའི་སྨན་ཡིག་ཕྱོགས་བསྒྲིགས་འཆི་མེད་ནོར་བུའི་དོ་ཤལ་ཕྱོགས་སུ་བསྒྲིགས་ཡོད་པའོ།

ཞེས་ལྷོ་བསྟན་འཛིན་ཉི་མས་མཛད་པའི་བོད་མདོ་ཁམས་ནང་ཆེན་དགེ་འབྲོང་ཡུལ་གྱི་སྣོད་བཅུད་ལུགས་གཉིས་ཀྱི་བྱུང་བ་བརྗོད་པའི་དེབ་ཐེར་གངས་ཆབ་ལྕི་ཟླའི་ཟེགས་མ་རུ་འཁོད་པའི་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་རྣམ་ཐར་དང་། མཁན་ཆེན་དོན་གྲུབ་བཀྲ་ཤིས་ཀྱིས་མཛད་པའི་སྟོང་ནག་དགོན་མ་ལག་གི་བྱུང་བ་མདོ་ཙམ་བརྗོད་པ་དཔག་བསམ་སྙེ་མ་སོགས་ལས་ཚིག་བཤུ་བ་དང་དོན་རྐུ་བ་ཅི་རིགས་ཀྱིས་སྤེལ་བ་པོ་ཡང་མྱང་བློ་གྲོས་རབ་གསལ་པའོ།


 

སྟོང་ནགས་བསྟན་འཛིན་རབ་རྒྱས་༼༡༧༤༨/༡..༽ཀྱི་བཀའ་འབུམ་དཀར་ཆག

འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་ལསམ་ཡིག་ཤོག་དྲིལ་ཏེ་ཤོག་དྲིལ་བཅུ་གསུམ་ལེགས་པར་གྲུབ་པའོ།

ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེང་སོས་ཀྱི་ངོས་འཛིན་གནད་ཀྱི་ལྡེ་མིག་བུཡིག་ཤོག་དྲིལ་གཅེན་པོ་བཞུགས་སོ།

ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེང་སོས་ཀྱི་སྦྱོར་སྡེའི་མན་ངག་གུད་དུ་སྦས་པའི་བུ་ཡིག་གཅུང་པོ

འབྲོང་སྨན་མཁས་པའི་ཉམས་ཡིག་འཆི་མེད་བདུད་རྩི་བཅུད་ལེན།

འབྲོང་སྨན་མཁས་པའི་ཉམས་ཡིག་འཆི་མེད་བདུད་རྩིའི་ཞལ་རྒྱུན་ལས་བུ་ཡིག་གཅུང་པོ།

ག་པུར་ཟིལ་གནོན་གྱི་སྦྱོར་བ་ཟླ་བ་གཞོན་ནུའི་ཟེར་ཕྲེང་ཞེས་བྱ་བ་བཞུགས་སོ། །

འབྲོང་སྨན་སྙིང་ཐིག་ནོར་ཕྲེང་ལས་བྱུང་བ་ལྟར་གཞན་ལ་མ་ཚང་བ་ཅུང་ཟད་བཀོད་པ་མན་ངག་ཟབགནད་སྙིང་གི་ནོར་བུ་ཞེས་བྱ་བ་བཞུགས་སོ། །

འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ལས་ཟབ་པའི་གསང་སྨན་རྗེན་པར་བཀོད་པ་བཞུགས་སོ། །

མང་ཚོགས་ནོར་བུའི་བང་མཛོད་འཆི་ཞགས་གཅོད་པའི་རལ་གྲིའི་ཤོག་དྲིལ་བཞུགས་སོ། །

མན་ངག་གསང་བའི་ཞལ་ཁྲིད་ཟབ་པར་གདམས་པ་ཞེས་བྱ་བ་བཞུགས་སོ། །

སྲིན་གླང་གཉན་གླང་བཅོས་པའི་མན་ངག་བཞུགས་སོ། །

སྐྲན་བཅོས་ཉམས་མྱོང་ལག་ལེན་མདོར་བསྡུས་སུ་བཀོད་པ་བཞུགས་སོ། །

འབྲོང་སྨན་མཁས་པའི་ཟབ་ཏིག་ནོར་བུའི་དོ་ཤལ།

འབྲོང་སྨན་ལག་ལེན་དགོས་འབྱུང་ནོར་བུའི་ཕྲེང་བ།

འབྲོང་སྨན་དགོས་འབྱུང་ནོར་བུའི་ཕྲེང་བའི་ཞལ་ཤེས་གསལ་བར་བཀོད་པ་བུ་ཡིག་བདུད་རྩིའི་བུམ་པ།

འབྲོང་སྨན་ལག་ལེན་དགོས་འབྱུང་ནོར་བུའི་ཕྲེང་བ་ལས་བྱུང་བ་ཅུང་མ་ཚང་བ།

སྤྱི་དྲིལ་མ་བུ་བཅུ་གསུམ་ལས་བུ་ཡིག་གསང་བའི་ནད་བཤལ་ཀུན་འདུས་ནོར་བུ།

འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ལས་གསང་བའི་ཞལ་ཁྲིད་ཟབ་པ་གདམས་པ།

འབྲོང་སྨན་ལས་མན་ངག་ཐོར་བུའི་སྐོར།

འབྲོང་སྨན་ལས་མན་ངག་མ་བུ་སྦྲགས་མ་ལ།

འབྲོང་སྨན་སྙིང་ཐིག་གབ་ཀྱི་མན་ངག

གཉེན་གླང་བཅོས་སྐོར་གྱི་གསང་སྨན།

ཀུན་འདུས་ནོར་བུའི་ལུགས་སུ་བསྔགས་པ་རིན་ཆེན་བཻཌཱུརྱ་དབང་

གི་རྒྱལ་པོ་ཞེས་བྱ་བ།

ཀླུ་ཡི་དགེ་བསྙེན་ཆེན་པོ་འབོ་རང་རྡོ་རྗེའི་གསོལ་མཆོད་ཁག་གསུམ།

ཡུལ་ལྷ་བཙན་རྒོད་ཆེན་པོ་གོ་ཝེ་རི་དམར་མཆོད་གསོལ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4329