བྲེལ་འཚུབ་དང་རྙོག་འཛིང་ཆེ་བའི་དེང་རབས་ཀྱི་སྤྱི་ཚོགས་སུ་ང་ཚོར་རྒྱུན་དུ་མི་ཚེའི་དམིགས་མདུན་མི་གསལ་བའི་རབ་རིབ་དང་། རྟེན་ས་མེད་པའི་ཁེར་རྐྱང་གི་ཚོར་བ་སྐྱེ་ཡི་ཡོད་ལ། འདི་ལྟའི་དུས་རབས་སུ་ཇི་ལྟར་བྱས་ན་ད་གཟོད་ཚེ་སྲོག་གི་དོན་སྙིང་ལོན་ཞིང་མི་ཚེའི་བདེ་སྐྱིད་རྙེད་ཐུབ་བམ། ང་ཚོས་མཉམ་དུ་མཚན་ཉིད་རིག་པའི་འཚོ་བའི་གལ་ཆེའི་རང་བཞིན་དང་། དེ་ཉིད་ཇི་ལྟར་བྱས་ནས་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་བེད་སྤྱོད་བྱེད་པའི་ཐབས་ལམ་རོབ་ཙམ་ཞུ།
གཅིག མཚན་ཉིད་རིག་པའི་འཚོ་བའི་གལ་ཆེའི་རང་བཞིན།
༡ ཚེ་སྲོག་གི་དོན་སྙིང་འཚོལ་ཐུབ་པ།
མཚན་ཉིད་རིག་པའི་འཚོལ་སྙེག་བྱ་ཡུལ་ནི་ཚེ་སྲོག་གི་དོན་སྙིང་དང་འཚོ་གནས་ཀྱི་ཉིང་དགོས་ཡིན་ལ། མཚན་ཉིད་རིག་པའི་བརྟག་ཐབས་དང་རིགས་ལམ་གྱི་སྒང་ནས་འཚོ་གནས་ཀྱི་དོན་སྙིང་དང་། མི་ཚེའི་རིན་ཐང་། གསོན་པོར་བསྡད་པའི་དམིགས་ཡུལ་སོགས་ལ་བསམ་གཞིག་དང་འཚོལ་རྟོག་བྱས་ན་ང་ཚོས་རང་ཉིད་གསོན་པོར་གནས་པའི་ཉིང་དགོས་གང་ཡིན་ལེགས་པར་རྟོགས་ནས་དོན་སྙིང་སྔར་ལས་ཆེ་བའི་འཚོ་བ་ཞིག་སྐྱེལ་ཐུབ་པ་ཡིན།
༢ འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་ཐུབ་པ།
མཚན་ཉིད་རིག་པས་དོན་གཉེར་བྱེད་པ་ནི་ཤེས་རབ་དང་བདེན་དོན་ཡིན་ཞིང་། གལ་ཏེ་མཚན་ཉིད་རིག་པའི་དཔྱོད་ཤེས་ཀྱི་མིག་གིས་མི་ཚེའི་བྱ་བཞག་དང་། འཚོ་གནས་ཀྱི་གནད་དོན་ལ་བལྟས་པ་ཡིན་ན་ང་ཚོས་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་འགྲན་སློང་ཁག་ལ་ལྟ་སྟངས་ཡང་དག་འཛིན་ཐུབ་པར་མ་ཟད། མི་ཚེའི་བསམ་བྱེད་དང་འཚོ་བའི་ལས་རིམ་ཚང་མ་ཤེས་རབ་ཀྱིས་རྩིས་ཟིན་ཞིང་བདེན་ལུགས་དང་འགར་ཟླར་མ་སོང་བའི་སྒོ་ནས་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཐུབ་པ་ཡིན།
༤ མཐའ་དཔྱོད་ཀྱི་རིག་ནུས་གསོ་སྐྱོང་བྱེད་ཐུབ་པ།
མཚན་ཉིད་རིག་པའི་རང་བཞིན་གྱི་མཐའ་དཔྱོད་དང་བསམ་གཞིག་བྱེད་ཐབས་ལ་གོམས་པར་གྱུར་ན་ང་ཚོས་བྱ་དངོས་ཀྱི་བདེན་རྫུན་དང་། བཟང་ངན། མཛེས་བཙོག་སོགས་ཀྱི་དབྱེ་བ་ཡང་དག་པར་འབྱེད་ནུས་པ་དང་། དེ་ལ་བརྟེན་ནས་སྐྱེས་བུ་རང་གི་ཤེས་རྒྱུད་ཀྱི་བླང་དོར་རྟོགས་པའི་ཤེས་རབ་དང་མི་ཚེའི་མངོན་རྟོགས་ཇེ་མཐོ་ཇེ་ཟབ་ཏུ་འགྲོ་བ་ཡིན།
གཉིས། མཚན་ཉིད་རིག་པའི་འཚོ་བ་དེ་ཇི་ལྟར་རྒྱུན་ལྡན་གྱི་འཚོ་བའི་ནང་བེད་སྤྱོད་བྱ་དགོས།
༡ མཚར་སྣང་རྒྱུན་འཁྱོངས་བྱེད་པ།
མཚན་ཉིད་རིག་པའི་ངོ་བོ་ནི་བྱ་དངོས་ཡོངས་ཀྱི་ཡིན་བབ་དང་རང་བཞིན་ལ་འཚོལ་ཞིབ་གསར་པ་དང་། རྒྱུས་ལོན་གཟབ་ནན་བྱ་རྒྱུ་དེ་ཡིན་ཞིང་། རྟོགས་འདོད་ཀྱི་མཚར་སྣང་དང་། དེ་ལ་བརྟེན་པའི་འཚོལ་རྟོག་གི་བགྱི་བ་རྒྱུན་འཁྱོངས་བྱས་ན་ང་ཚོས་ཚེ་སྲོག་གི་དོན་སྙིང་དང་། འཇིག་རྟེན་གྱི་གནས་ཚུལ་དངོས་མ་དེ་དཔྱད་དཔོག་ཡང་དག་པ་ཞིག་བྱེད་ཐུབ་པ་དང་། དེ་ལ་བརྟེན་ནས་རང་གི་མི་ཚེ་དང་འཚོ་བ་དེ་མཚན་ཉིད་རིག་པའི་གྲུབ་དོན་དང་གཞི་གཅིག་ཏུ་སྦྲེལ་ཐུབ་པ་ཡིན།
༢ རང་ཚུགས་ཀྱིས་བསམ་གཞིག་བྱ་བ།
མཚན་ཉིད་རིག་པའི་ལྟ་དགོངས་ལྟར་ན། ང་ཚོས་བྱ་དངོས་ལ་ངོས་འཛིན་དབྱེ་འབྱེད་དང་། སྤང་བླང་འཇུག་ལྡོག་བྱེད་སྐབས་རང་ཚུགས་ཀྱིས་བསམ་གཞིག་བྱ་དགོས་པ་ལས་ནམ་ཡང་མི་གཞན་གྱི་བསམ་འཆར་དང་བཤད་ཕྱོགས་ལ་རྨོངས་ཚོད་ཀྱིས་དད་འཁྲི་དང་གུས་བསྟུན་བྱེད་མི་རུང་ལ། རང་སྟོབས་ཀྱི་བསམ་གཞིག་དང་སྒེར་ཚུགས་ཀྱིས་འཚོལ་རྟོག་བྱས་པ་བརྒྱུད་ནས་ང་ཚོས་བྱ་དངོས་ཀྱི་ཡིན་ལུགས་དང་། ཤེས་བྱའི་གྲངས་དབྱེ་ཡང་དག་པར་རྟོགས་ནས་རང་ཉིད་ཀྱི་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བ་ཡང་ཕུན་སུམ་ཚོགས་ལ་ཆ་ཚང་བ་ཞིག་འགྲུབ་ཐུབ་པ་ཡིན།
༣ བློ་ཡོན་ལག་ལེན་བགྱི་བ།
མཚན་ཉིད་རིག་པས་ལག་ལེན་གྱི་བློ་གྲོས་དར་སྤེལ་བཏང་ནས་ང་ཚོས་ཡིག་ཐོག་ནས་བསླབས་པའི་ཤེས་བྱ་ཁག་འཚོ་བ་དངོས་ཀྱི་ནང་བེད་སྤྱོད་བྱ་དགོས་པར་སྐུལ་ཁྲིད་བྱེད་ཀྱིན་ཡོད་པས། གལ་ཏེ་མཚན་ཉིད་རིག་པའི་རང་བཞིན་གྱི་བསམ་རིག་དང་སྤྱོད་ཚུལ་ལ་གོམས་འདྲིས་ཡག་པོ་བྱུང་ཚེ། ལག་ལེན་དངོས་ཀྱི་ཐོག་ནས་གྲ་དག་ཅིང་དོན་སྙིང་ལྡན་པའི་འཚོ་བ་ཕུན་སུམ་ཚོགས་པོ་ཞིག་སྐྱེལ་ཐུབ་པར་མ་ཟད། ཚེ་སྲོག་གི་དོན་སྙིང་དང་མི་ཚེའི་རིན་ཐང་ལ་ཡང་རྒྱུས་ལོན་དང་ངོས་ཟིན་གསལ་བོ་ཞིག་ཡོང་ཐུབ་པ་རེད།
༤ མི་གཞན་ལ་དོ་སྣང་བྱེད་པ།
མཚན་ཉིད་རིག་པས་མི་གཞན་ལ་དོ་སྣང་དང་མི་གཞན་ལ་བརྩི་བཀུར་བྱེད་པ་དར་སྤེལ་གཏོང་བཞིན་ཡོད་པས། གལ་ཏེ་མཚན་ཉིད་རིག་པའི་བསམ་ཡོན་རྒྱུད་ལ་འབྱོར་ན་མི་གཞན་ལ་དོ་ཁུར་གཟབ་ནན་བྱས་པ་བརྒྱུད་ནས་ང་ཚོས་མི་གཞན་ལ་གཅེས་སྐྱོང་བྱེད་ཤེས་པར་འགྱུར་བས། ཕལ་བ་དག་ལྟར་ནམ་ཞར་རང་དང་འབྲེལ་ཡོད་ཀྱི་མི་ལ་སུན་འབྱིན་དང་ཕོག་ཐུག་ཆེན་པི་མི་ཤོར་བ་དང་། དེ་ལ་བརྟེན་མས་རང་ཉིད་ཀྱི་འཚོ་བ་ཡང་སྔར་ལས་མཐུས་སྒོ་ཚང་ཞིང་མཛེས་སྡུག་ལྡན་པ་ཞིག་ཡོང་ཐུབ་པ་རེད།
༥ བློ་སྟོབས་གསོ་སྐྱོང་བྱེད་པ།
མཚན་ཉིད་རིག་པས་ང་ཚོར་དཔའ་ངར་ཆེན་པོས་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་བཅོག་པའི་བློ་སྟོབས་སྐྱེ་བར་བྱེད་ལ། དེ་ལ་བརྟེན་ནས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ང་ཚོར་དཀའ་ངལ་དང་བར་ཆད་ལ་ཁ་གཏད་འཇལ་བའི་སྤོབས་པ་ཡོད་པར་འགྱུར་ཞིང་། བློ་སྟོབས་དང་ཐབས་བཀོད་ཡོད་པའི་ཐོག་ནས་མི་ཚེའི་དཀའ་ངལ་དང་འགྲན་སློང་ཁག་ལ་ཁ་གཏད་འཇལ་ཐུབ་ན་ད་གཟོད་རྒྱུན་ཆད་མེད་པར་རིག་ཤེས་དང་བྱེད་ཐབས། སྤྱང་གྲུང་དང་ཉམས་མྱོང་བཅས་གོང་འཕེལ་དུ་སོང་ནས། མཐའ་གང་ཐད་ནས་རང་ཉིད་འཚར་ལོངས་དང་། སྒེར་གྱི་མངོན་རྟོགས་ལ་ཡར་ཐོན་ཡོང་ཐུབ་པ་ཡིན།
གསུམ་པ། མཇུག་གཏམ།
མཚན་ཉིད་རིག་པའི་འཚོ་བ་ནི་རིག་གཞུང་འཚོལ་སྙེག་ཅིག་ཡིན་པར་མ་ཟད། འཚོ་བའི་རྣམ་འགྱུར་ཞིག་ཀྱང་ཡིན། མཚན་ཉིད་རིག་པའི་འཚོ་བ་དེ་རྒྱུན་ལྡན་གྱི་འཚོ་བའི་ནང་བེད་སྤྱོད་ཡང་དག་པ་ཞིག་བྱེད་ཐུབ་ན། ང་ཚོས་ཚེ་སྲོག་གི་དོན་སྙིང་དང་མི་ཚེའི་རིན་ཐང་ལ་གོ་བ་སྔར་ལས་ལེགས་པ་ལེན་ཐུབ་པ་དང་། ང་ཚོའི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་གཏོང་ཐུབ། དེ་བས་ན་ང་ཚོའི་མཚན་ཉིད་རིག་པར་བརྟེན་ནས་མཐའ་དཔྱོད་ཀྱི་བསམ་གཞིག་དང་ལག་ལེན་གྱི་བློ་གྲོས་གསོ་སྐྱོང་བྱེད་དགོས་ལ། ལྷག་ཏུ་བདག་གཅེས་རང་རྟོག་གི་འདུ་ཤེས་ཡོད་པའི་མི་བུ་ཚད་ལྡན་ཞིག་ཡིན་ལ། སོ་སོའི་ཡུན་ཐུང་གི་མི་ཚེ་འདི་ཉིད་དོན་མེད་དོན་ལོག་གི་བསམ་བྱེད་འབའ་ཞིག་གི་ཀློང་དུ་ཆུད་གསན་པར་མི་བྱེད་པར། ཤེས་རབ་ཀྱིས་ཟིན་ཞིང་བདེན་ལུགས་དང་རྒྱུ་འབྲས་ལ་མ་འགལ་བའི་མཚན་ཉིད་རིག་པའི་འཚོ་བ་ཞིག་རོལ་བར་འབད་འོས་སོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4324
དཔྱད་མཆན་སྤེལ།