འཇམ་དབྱངས་བླ་མའི་བྱིན་རླབས་ཁོ་ན་ཡིས། །
སྤོབས་པའི་གཏེར་བརྒྱད་ནང་ནས་ཡོངས་གྲོལ་བའི། །
སྔོན་ཚེ་རིག་འཛིན་གོང་མའི་རྣམ་ཐར་བཞིན། །
རྟོག་པའི་ཉི་མ་ནང་ནས་འཆར་བར་ཤོག །
ནང་དོན་གནད་བསྡུས།
མཚན་ཉིད་གསུམ་གྱི་སྐོར། ཀུན་བརྟགས་ནི། རྣམ་རྟོག་གིས་སྒྲོ་བཏགས་པ་ཙམ་ལས་དོན་ལ་གང་ཡང་མེད་པ། ཡོངས་གྲུབ་ནི་གཞན་དབང་གི་ངོ་བོའམ་དེའི་ཆོས་ཉིད། གཞན་དབང་ནི་གཉིས་སྟོང་གི་ཤེས་པ་རང་ལ་གོ་དགོས་པ་ཡིན་མིན་གྱི་སྐོར་ལ་དཔྱད་པ།
བརྡ་ཆད་ནི།
མཚན་ཉིད་གསུམ། ( སེམས་ཙམ་པ་རྣམས་ཀྱི་གྲུབ་མཐའི་ཆིངས་ཆེན་པོ། ) མདོ་སྡེ་དགོངས་འགྲེལ་ལས་གསུངས།
ད་ལན་བཤད་བྱ་དངོས་ནི། ནང་བསྟན་མཚན་ཉིད་རིགས་པ་རྣམས་ཀྱི་ཡང་རྩེ་རུ་སོན་པ། སེམས་ཙམ་པ་རྣམས་ཀྱི་གྲུབ་མཐའི་སྙིང་དང་མིག་ལྟ་བུའི་ཆིངས་ཆེན་པོ་ཞིག་སྟེ། མཚན་ཉིད་གསུམ་གྱི་རྣམ་བཞག་ཅུང་ཙམ་གླེང་ན།
༡ ཀུན་བརྟགས་པའི་དོན་ནི། སྣང་གཞི་རྣམ་ཤེས་ལ་མེད་བཞིན་དུ་གསལ་བར་སྣང་བའི་གཟུང་བ་དང་འཛིན་པས་བསྡུས་པ་རྣམས་དང་། ( 1 ) མེད་བཞིན་དུ་སྣང་བ་མེད་པ་ཆོས་དང་གང་ཟག་གི་བདག་རྣམས་ཡིན་ཏེ། རྒྱན་འགྲེལ་ལས། གཟུང་འཛིན་གཉིས་སུ་སྣང་བ་འདི་མེད་བཞིན་ཀུན་ཏུ་བཏགས་པ་ཙམ་ཡིན་པས་ཀུན་རྫོབ། ཅེས་དང་། དབྱིག་གི་གཉེན་གྱིས། ཀུན་ཏུ་བརྟགས་པའི་མཚན་ཉིད་གང་ཞེ་ན། གང་དོན་མེད་ཀྱང་འདི་ལྟར་བདེན་པ་ཉིད་དུ་སྣང་བའོ། །ཞེས་དང་། འདི་ལྟར་བདག་ཉིད་ཀྱི་དོན་སྣང་བ་ཙམ་དེའི་སྣང་བའོ། །དོན་ཉིད་དུ་སྣང་བ་ཞེས་བྱ་བ་ནི་གཟུང་བ་ཉིད་དུ་སྣང་བ་སྟེ། འདི་ལྟར་བདག་མེད་པ་བདག་ཏུ་སྣང་བའོ། །སློབ་དཔོན་གྱིས་ཀྱང་ཐེག་བསྡུས་ལས། དེ་ལ་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན། གང་དོན་མེད་ཀྱང་རྣམ་པར་རིག་པ་ཙམ་དེའི་དོན་ཉིད་དུ་སྣང་བའོ། །དགོངས་འགྲེལ་ལས་ཀྱང་དེ་བཞིན་གསུངས་སོ། །
༢ གཞན་དབང་ནི། ཤེས་པ་རང་རིག་རང་གསལ་ཙམ་མམ། ( 2 ) མཐར་ཐུག་པའི་ཤེས་པ་ཀུན་ལ་གོ་དགོས་པ་ཡིན་ལ། མཐར་ཐུག་ཅེས་པ་ནི་སྟོང་པའི་ལྡོག་ཆ་ནས་བཞག་པའི་ཡོངས་གྲུབ་ལ་གོ་རྒྱུ་མ་ཡིན་པར། ཐ་སྙད་གནས་ཚུལ་དུ་དངོས་པོ་རང་གི་གྲུབ་ཚུལ་ལྟར་ཤེས་པ་ཀུན་ལ་གོ་དགོས་པ་ཡིན་ལ། འདིའི་སྐབས་ཡོངས་གྲུབ་མ་ཡིན་པའི་ཆོས་ཀུན་ལ་གཉིས་སྟོང་གི་ཤེས་པའམ་གཞན་དབང་ཞེས་མིང་དེ་སྐད་བཏགས་པ་ཡིན་ཏེ། རྒྱན་འགྲེལ་ལས། དེ་དག་གི་སྣང་གཞི་གཞན་དབང་གི་རྣམ་ཤེས་མཐར་ཐུག་པ་ཤེས་པ་རང་རིག་རང་གསལ་ཙམ། ཞེས་དང་། དཔལ་ལྡན་ཟླ་བས་འཇུག་འགྲེལ་ལས་ཀྱང་། གལ་ཏེ་གཟུང་བ་དང་འཛིན་པ་ཞེས་བྱ་བ་གཉིས་ཀྱིས་སྟོང་པ་གཞན་གྱི་དབང་ཡོད་ན་དེའི་ཡོད་པ་དེ་ཁྱོད་ཀྱིས་ཤེས་པ་གང་གིས་དམིགས། ཞེས་དང་། སློབ་དཔོན་གྱི་ཐེག་བསྡུས་ལས། དེ་ལ་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཀུན་གཞི་རྣམ་པར་ཤེས་པའི་ས་བོན་ཅན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་བསྡུས་པའི་རྣམ་པར་རིག་པའོ། ། འདི་ལས་ཡང་དག་པ་མ་ཡིན་ཞེས་པ་ནི། ཆོས་ཉིད་དོན་དམ་མ་ཡིན་པའི་ལྡོག་ཆ་ནས་དེ་སྐད་གསུང་པ་ཡིན་ལ། སྤྱིར་དོན་དམ་ཡིན་ཚུལ་གཞུང་གཞན་ལས་གསུངས་པ་ལྟར་ལེགས་སོ། །
༣ ཡོངས་གྲུབ་ནི། གཞན་དབང་ཀུན་བརྟགས་ཀྱིས་སྟོང་པའི་སྟོང་པའམ། ( 3 ) གཞན་དབང་རང་གི་བདག་ཉིད་ལ་གོ་དགོས་པ་ཡིན་ཏེ། རྒྱན་འགྲེལ་ལས། ཕྱི་རོལ་གཟུང་བ་དང་དེར་འཛིན་པས་སྟོང་པ་ནི་ཡོངས་གྲུབ་སྟེ་དོན་དམ་པ་ཡིན་ལ། ཞེས་དང་། དུལ་ལྷའི་སུམ་ཅུ་པའི་འགྲེལ་བཤད་ལས། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་བདག་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་དོན་དམ་པ་ཡིན་ཏེ། ཞེས་དང་། སློབ་དཔོན་གྱི་ཐེག་བསྡུས་ལས། དེ་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། གང་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་ལ་དོན་གྱི་མཚན་ཉིད་དེ་གཏན་མེད་པ་ཉིད་དོ། །
གྲུབ་དོན་བསྡུས་པ། གཞན་དབང་རང་ལ་གཟུང་འཛིན་གཉིས་སུ་སྣང་བ་ནི་ཀུན་བཏགས། དེ་ཉིད་ལ་གཟུང་འཛིན་སོགས་ཡེ་ནས་གྲུབ་པ་མེད་པ་ལ་ཡོངས་གྲུབ་བམ་ཆོས་ཉིད། གཉིས་སྟོང་གི་ཤེས་པ་རང་ལ་གཟུང་འཛིན་བྲལ་བ་དང་བཏགས་པ་སོགས་གང་གིས་ཁྱད་པར་མ་བྱས་པ་ལ་གཞན་དབང་གོ་དགོས་ཏེ། ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཟབ་མོ་ནང་གི་རྟེན་འབྲེལ་གཞན་དབང་གི་ཆོས་འདི་ལས་གཞན་དུ་མེད་ལ། དེ་ལ་གཟུང་འཛིན་གཉིས་སུ་སྣང་བ་ལྟར་གྲུབ་པར་ཞེན་པ་ནི་ཀུན་བཏགས་སོ། །དེ་ལྟར་སྣང་ཞིང་སྣང་བ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དེ་ལྟར་གྲུབ་པར་ཞེན་ན་ཡང་། གཟུང་བ་དང་འཛིན་པའི་གཉིས་ཆོས་སུ་ཡེ་ནས་གྲུབ་པ་མེད་པར་ཡོངས་སུ་གྲུབ་པ་ནི་གནས་ལུགས་སམ་དོན་དམ་པ་ཡིན་པས་ཐ་སྙད་དུ་གང་ལ་གང་མེད་པ་དེས་སྟོང་ལ་སྟོང་པ་ཉིད་ནི་ཡོངས་གཅོད་དུ་གྲུབ་པ་ཡིན་པས་ཡོད་པའོ། །ཞེས་གསུངས་སོ། །ངོ་བོ་ཉིད་མེད་པ་གསུམ་གྱི་སྐོར། བཅོམ་ལྡན་འདས་ཀྱིས། ཀུན་བཏགས་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་དང་། གཞན་དབང་སྐྱེ་བའི་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་དོན་དམ་པའི་ངོ་བོ་ཉིད་མེད་པ་གསུང་པའི་སྐོར་ལ་མཁས་པ་རྣམས་ཀྱིས་བཞེད་ཚུལ་ཤིན་ཏུ་མང་མོད་ཀྱི།
༡ རང་གིས་ནི་འདི་ལྟར་སེམས་ཏེ། ཀུན་བཏགས་པའི་མཚན་ཉིད་ཀྱི་ངོ་བོ་མེད་པའི་དོན་ནི། རང་གི་མཚན་ཉིད་དམ་རང་ཉིད་མེད་པ་ལ་གོ་དགོས་པ་ཡིན་ཏེ། དུལ་བ་ལྷའི་འགྲེལ་བཤད་ལས། ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པ་དེ་ནི་མཚན་ཉིད་ཁོ་ནས་ངོ་བོ་ཉིད་མེད་པ་སྟེ། དེའི་མཚན་ཉིད་ཅི་འདྲ་བར་བྱས་པ་དེ་ཉིད་ཀྱིས་དེ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་ཏེ།
༢ གཞན་དབང་སྐྱེ་བའི་ངོ་བོ་ཉིད་མེད་པའི་དོན་ནི། ཆོས་རྣམས་ནི་གཞན་གྱི་སྟོབས་ཀྱིས་འབྱུང་བ་ཡིན་གྱི། རང་གིས་རང་ཉིད་སྐྱེ་བ་མེད་པ་ལ་གོ་དགོས་ཡིན་ཏེ། འགྲེལ་བཤད་ལས། འདི་ལྟར་གཞན་གྱི་སྟོབས་ཀྱིས་འབྱུང་གི་དེ་རང་གི་དངོས་པོ་ཡོད་པ་ནི་མ་ཡིན་ཏེ། དེ་བས་ན་ངོ་བོ་ཉིད་མེད་པའོ། །དེའི་ཕྱིར་འདི་ལས་རང་གི་དངོས་པོ་དང་བྲལ་བས་ངོ་བོ་ཉིད་མེད་ཅེས་བསྟན་པ་ཡིན་ནོ། །དངོས་པོའི་སྒྲ་ནི་འདིར་སྐྱེ་བ་ལ་བྱའོ། །
༣ ཡོངས་གྲུབ་དོན་དམ་པའི་ངོ་བོ་ཉིད་མེད་པའི་དོན་ནི། ཆོས་ཉིད་དོན་དམ་ནི་གཟུང་བ་དང་འཛིན་པའི་ངོ་བོ་མེད་པའམ་གཟུང་འཛིན་གྱི་སྟོང་པའི་ལྡོག་ཆ་ནས་བཞག་ཕྱིར་དེ་ལྟར་གོ་དགོས་པ་ཡིན་ཏེ། འགྲེལ་བཤད་ལས། འདི་ལྟར་གཞན་གྱི་དབང་གི་ཆོས་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་བས་ན་གཟུང་བ་དང་འཛིན་པ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པའོ། །
༡ ཀུན་བཏགས་སྐོར་གྱི་དཔྱད་པ་འགའ། གྲུབ་བསྡུས་ལས། རྣམ་གྲངས་པའི་ཀུན་བཏགས་མེད་བཞིན་བློ་ལ་སྣང་བ་ཟླ་གཉིས་ཀྱི་རྣམ་པ་ལ་སོགས་པ་སྟེ། མེད་བཞིན་སྣང་བ་གཟུགས་དང་དོན་སྤྱི་དང་མིང་གིས་གདགས་པ་ཐམས་ཅད་དེའི་རང་བཞིན་ནོ། །ཞེས་གཟུགས་ཀུན་བཏགས་གསུངས་པ་དང་། གྲུབ་མཛོད་ལས། མ་དག་པའི་གཞན་གྱི་དབང་ནི། བག་ཆགས་སྣ་ཚོགས་པའི་དབང་གིས་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བ་ཡུལ་དང་ལུས་དང་བཅས་པའོ། །ཡུལ་ནི་གཟུགས་ལ་སོགས་པ་ལྔའོ། །ཞེས་གཟུགས་གཞན་དབང་གསུངས་པ་དང་མི་འགལ་བའི་ཚུལ་ནི། སྔ་མས་ནི་བེམ་པའི་གཟུགས་དང་། ཕྱི་མས་ནི་གཟུགས་སྣང་ལ་དགོངས་ཏེ་གསུངས་པས་འགལ་བ་མེད་ལ། འགྲེལ་བ་ཤིང་རྟ་ཆེན་མོ་ལས་ཀྱང་། དེ་ལ་མ་དག་པ་གཞན་གྱི་དབང་ནི། བག་ཆགས་བརྟས་པ་ལས་སྐྱེས་པའི་ས་རྡོ་རི་བྲག་ལ་སོགས་པ་སྣོད་བཅུད་ཀྱི་རྣམ་པ་ཞེས་གསུངས་པའི་དོན་དང་འདྲའོ། །ད་དུང་འདི་བཞིན་མང་བས། བེམ་གཟུགས་དང་གཟུགས་སྣང་གཉིས་སོ་སོར་ཕྱེ་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །
༢ གཞན་དབང་དོན་དམ་དང་ཀུན་རྫོབ་གང་ཡིན་གྱི་སྐོར། འདི་པའི་ལུགས་ལ། རིགས་པས་ཇི་ལྟར་དཔྱད་ཀྱང་། གནས་ཚུལ་ལ་གཉིས་སྟོང་གི་ཤེས་པ་ལས་འདའ་བར་མེད་པས་དོན་དམ་དང་། སྣང་ཚུལ་ལ་མཐར་ཐུག་པའི་རང་རིག་རང་གསལ་ཉིད་དངོས་སྣང་ཚོགས་པ་སྣང་བ་ཡིན་པས་ཀུན་རྫོབ་ཏུ་བསྡུར་རུང་བ་ཡིན་ཏེ། འཇམ་མགོན་བླ་མས། དེས་ན་གཞན་དབང་དོན་དམ་དང་ཀུན་རྫོབ་ཏུ་བཤད་ཚུལ་གཞུང་སོ་སོར་བྱུང་བ་གནད་མ་ཤེས་ན་བློ་བལ་བ་ཛ་བཞིན་འཁྲུགས་པར་འགྱུར་བས་ན། གཞན་དབང་ཉིད་ལ་གནས་ཚུལ་མཐར་ཐུག་པའི་དོན་དབང་བཙན་དུ་བྱས་ན་དོན་དམ་དང་། སྣང་ཚུལ་དབང་བཙན་དུ་བྱས་ཏེ་གཞལ་ན་ཀུན་རྫོབ་ཏུ་བསྡུར་རུང་བ་གནད་ཀྱི་དོན་ཏོ། །ཞེས་དང་། མཛོད་འགྲེལ་པདྨ་དཀར་པོ་ལས་ཀྱང་། གཞན་དབང་ནི་རེ་ཞིག་དོན་བྱེད་ནུས་པ་ཉིད་དང་། མྱོང་བ་གསལ་བ་ཙམ་དུ་ཡོད་པའི་ཆ་ལ་དེ་སྐད་བརྗོད་པས་ཕྱོགས་དེར་བསླན་པའོ། །ཞེས་གསུངས་སོ།
།༼1༽མེད་བཞིན་དུ་གསལ་བར་སྣང་བ་ལ་རྣམ་གྲངས་ཀྱི་ཀུན་བཏགས། མེད་བཞིན་དུ་གསལ་བར་སྣང་བ་མེད་པ་ལ་མཚན་ཉིད་ཆད་པའི་ཀུན་བཏགས།
༼2༽གཉིས་སྟོང་གི་ཤེས་པ་རང་ལས་སྒྲིབ་པ་དག་སྟོབས་ཀྱི་རྐྱེན་གྱིས་སྣང་བ་རྣམས་ལ་དག་པ་གཞན་དབང་། མ་དག་པའི་རྐྱེན་གྱིས་སྣང་བ་རྣམས་ལ་མ་དག་གཞན་དབང་། ཀུན་ཀྱང་གཉིས་སྟོང་གི་ཤེས་པ་ཡིན་པར་འདྲའོ། །
༼3༽སྔ་ཕྱིར་འགྱུར་བ་མེད་པ་གནས་ལུགས་དོན་གྱི་ཀུན་གཞི་ནི་འགྱུར་མེད་ཡོངས་གྲུབ། དེ་ཉིད་ཕྱིན་མ་ལོག་པར་རྟོགས་ནས་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་ནན་དུ་འཇུག་པའི་ལམ་གྱི་བདེན་པ་ལ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཅེས་བྱའོ། །
སྔོན་ནས་སྐྱེས་པའི་ཤེས་རབ་བདག་ལ་མེད། །
ད་ལྟར་བརྩོན་པའི་སྦྱང་བའང་མཐར་མ་སོན། །
འོན་ཀྱང་འཕགས་བོད་གཙུག་ལགས་རིག་པའི་གཞུང་། །
ལེགས་པར་གོམས་ཕྱིར་རང་གིས་འདི་ལྟར་བགྱིས། །
ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཆེན་པོ་མི་ཕམ་སྨྲ་བའི་ཉི་མའི་སྐུ་ཡི་འཁྲུངས་སྐར་གྱི་ཉིན་མོར་ཁམས་ཡུལ་གྱི་གཙུག་ལག་སྨྲ་བ་རིག་བྱེད་ཀྱི་བཏགས་མིང་ལ་དྷཱི་སྲས་ཞེས་འབོད་པ་དེས་ལུང་རིགས་ཉི་ཟླའི་གཞིས་ཁྱིམ་ནས་མཇུག་ལེགས་པར་གྲུབ་པར་བགྱིས་སོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4316
དཔྱད་མཆན་སྤེལ།