༡
Rfvo“བཀྲ་ཁོ། ཁྱོད་ཨེ་ཡིན། ”འབོར་ཁྲིར་ཙོག་ཡོད་པའི་སྐྱེས་གཟིགས་རིང་ལ། འཇོ་སྒེག་གི་མཚམས་སྤྲིན་ད་དུང་ཕབ་མེད་པའི་བུད་མེད་དེས་ང་ལ་དེ་ལྟར་དྲིས་བྱུང་། “ཡིན། ”ངའི་མགོ་བོ་ཡར་བཏེགས་ཙམ་བྱས་ལ་ཁོ་མོའི་ངོ་གདོང་ལ་ལྟ་ཙམ་ལས་མ་ཕོད། མར་མགོ་བོ་དུད་ཞོར་ངས་གཞུང་སྒྲུབ་ཁང་འདིར་མིག་ཉུལ་ཞིག་བྱས། ཅི་འདྲའི་རྩ་ཆེ་བའི་ཡོ་བྱད་དག་དག སྤྱིར་སློབ་གླིང་འདིའི་འཛུགས་བསྐྲུན་ལྟར་ན་སློབ་ཁང་དང་སྡོད་ཁང་། གཞུང་སྒྲིབ་ཁང་བར་ཧེ་བག་ཆེན་པོ་མེད་མོད། ཡིན་ན་ཡང་། ཁང་ནང་གི་ཡོ་བྱད་དག་གིས་ཁྱོད་ཀྱིས་མིག་དབང་ཡོངས་སུ་འཕྲོག་ཐུབ། ཁང་མིག་འདི་ཉིད་དང་ངའི་སྡོད་ཁང་བར་ཆེ་ཆུང་གི་ཁྱད་པར་ཅུང་མེད། ངེད་ཀྱི་སྡོད་ཁང་ནང་བུ་བརྒྱད་ཉལ་ས་སྟེང་འོག་བྱས་ཏེ་ཉལ་ཁྲི་བཞི་རུ་བཙང་ཡོད་ཅིང་། ཡིག་སྒྲོམ་ཞིག་དང་གོས་སྒྲོམ་ཞིག་ཡོད་པ་དེས་སྡོད་ཁང་གི་རྒྱ་ཁྱོན་ཡོངས་བཀང་ཡོད། མི་གཉིས་ཙམ་གཤིབ་ཆོག་པའི་རྨིད་གཉིས་ཅན་གྱི་བར་སྟོང་དེ་ནི་སྡོད་ཁང་གི་འགུལ་སྐྱོད་བྱེད་པའི་ས་གནས་ཁོ་ན་ཡིན། གཞུང་སྒྲུབ་ཁང་འདི་དང་བསྡུར་ན་ང་ཚོའི་སྡོད་ཁང་ནི་ས་ཁང་ཆུང་ཆུང་ཞིག་དང་ཁྱད་མེད་པར་མཆིས།
སློབ་གཙོ་སྡོད་སའི་འབོར་ཁྲིའི་རྒྱབ་ཀྱི་གྱང་ངོས་སུ་ཡིག་སྒྲོམ་ཆེན་པོ་ཞིག་ཡོད་ལ། ཕལ་ཆེར་ངེད་སྡོད་ཁང་གི་ཡིག་སྒྲོམ་དང་གོས་སྒྲོམ་གཉིས་ཀ་གཤིབ་པ་ལས་ཀྱང་ཆེ། ནང་དུ་རྒྱ་བོད་དབྱིན་གསུམ་ཀྱིས་ཡིག་རིགས་སྣ་ཚོགས་དང་ད་དུང་སློབ་གྲྭའི་ཡིག་ཚགས་གང་མང་ཡོད། སྤུས་དག་ལ་གྲ་འགྲིག་པོ་བརྩིགས་ཡོད་པའི་ཡི་གེ་དེ་དག་ནི་ཡིད་སེམས་འགུག་པའི་ནུས་པ་དང་ལྡན་པ་ཞིག་རེད། ངས་དཔེ་ཆ་དེ་དག་ཏུ་ཅི་ཞིག་འཁོད་ཡོད་པར་ལྟ་འདོད་པས་མཚར་སྣང་གིས་ཁོག་པ་དང་ལག་ངོས་སུའང་ཟ་འཕྲུག་ཅིག་ལངས། མདུན་ཅོག་ཆེན་པོ་དེ་རུ་ཡིག་ཚགས་འགའ་བརྩེགས་ནས་བཞག་ཡོད་ལ། ད་དུང་སློབ་གཙོ་མོ་རང་གི་ལྟ་བཞིན་པའི་དཔེ་དེབ་རྒྱབ་ཤོག་དཀར་པོ་ཅན་ཞིག་ཀྱང་འདུག སློབ་གྲྭའི་ཐམ་ག་དང་མིང་ཐོ་འགོད་བྱེད་ཀྱི་ལྕགས་སྨྱུག་སྤུས་དག་ཅིག་ཀྱང་ཡོད།མདུན་ངོས་ཀྱི་གྱང་ངོས་སུ་བརྙན་འཕྲིན་འཕྲུལ་ཆས་དག་ལས་གློག་མིག་ལས་ཕབ་བཞིན་པའི་བརྙན་རིས་དག་འཆར་བཞིན་པ་ནི་མིག་ལ་གཟན་པ་ཞིག་རེད། དེས་སློབ་གྲྭ་གང་པོ་མོ་རང་གིས་ལག་མཐིལ་ཏུ་བཟུང་འདོད་ཡོད་པའི་སྣང་བ་ཞིག་སྟེར། ཁོ་མོའི་གཡས་ཕྱོགས་ནི་ང་ཡོད་པའི་ཁ་ཕྱོགས་དེ་ཡིན་ལ། ངའི་གཡོན་གྱི་གྱང་ངོས་སུ་སྐར་ལྔའི་དར་དམར་གྱི་པར་རིས་ཡིད་སེམས་རྣམ་པར་འཕྲོག་ཐུབ་པ་ཞིག་འདུག དར་དམར་འདིའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་དང་མ་འོངས་པའི་ཕུགས་འདུན་རླབས་ཆེན་སོགས་ཧད་ཀྱིས་དྲན་དུ་འཇུག་པའི་འཇོན་ནུས་ཡོད་ལ། ཁོ་རང་རྒྱབ་ཏུ་གནས་ན་ང་རང་ལའང་སློབ་གཙོའི་གཞུང་སྒྲུབ་ཁང་འདི་ལས་ཀྱང་སྙིང་སྟོབས་ཤིག་ངང་གིས་བསྐྱེད་ཡོང་།
“མགོ་ཡར་ཁྱོགས། ”གློ་བུར་བའི་སྐད་དེས་ང་རང་བསམ་གཞིག་གི་སྣེ་སྐྱོང་དུ་མ་འཇུག་པར་ཧད་ཀྱིས་དཀྲོགས་བྱུང་། ངའི་མགོ་བོ་ཡར་འདེགས་ཙམ་བྱས་ལ་ཁོ་མོའི་གདོང་ལ་ལྟ་ཐེངས་གཅིག་ཙམ་བྱེད་ཕོད་པ་བྱུང་། ཡིན་ཡང་ཁོ་མོའི་གདོང་པ་ལ་ཡིད་འགུག་གི་ཆ་ཅི་ཡང་མི་ལྡན་ལ་ད་དུང་དངངས་སྐྲག་དོད་པོ་ཞིག་ཡིན་པས་ངས་མིག་གིས་ཁོ་མོའི་གདོང་པ་བརྒྱུད་དེ་ངའི་མདུན་ཕྱོགས་དང་ཁོ་མོའི་གཡོན་ཕྱོགས་ཀྱི་སྒེའུ་ཁུང་ཆེན་པོ་དེ་ལས་ཕྱི་རུ་བལྟས། སྒེའུ་ཁུང་ཆེན་པོ་དེ་གྱང་གི་ཚབ་ཡིན། དེ་ལས་ངས་སློབ་གྲོགས་མང་པོ་རྒྱ་སྒོ་ནས་འགྲོ་འོང་བྱེད་བཞིན་པ་མཐོང་ཐུབ། རྒྱ་སྒོ་ལ་ལྟ་བཞིན་ངའི་སེམས་སུ་ཁོ་མོའི་ང་ཚོ་ལག་མཐིལ་དུ་བཅུན་པ་མ་ཟད་ད་དུང་ཕྱི་གསལ་ནང་གསལ་བྱེད་པའི་ཧམ་སེམས་ཤིག་ཀྱང་ཡོད་པར་འདོད། དེས་རྐྱེན་གྱིས་ང་ཁོ་མོ་ལ་དེ་ལས་སྐྲག་ཅིང་ཞེད་པར་གྱུར།
༢
མཐོ་སྒང་གི་ཉི་མ་ད་དུང་མལ་ལས་ལངས་མེད། སློབ་ར་གྲུ་བཞི་འདི་ཉིད་ཁུ་སུམ་མེར་ངང་གཉིད་ལ་རོལ་འདུག སྐབས་འགར་སྒེའུ་ཁུང་ཕྱི་ནས་གྲགས་འོང་བའི་འུར་སྒྲ་དང་ནང་དུ་འཇབ་འོང་བའི་གྲང་ངར་གྱིས་གཉིད་མེད་པར་ཅི་ཞིག་ལ་བསམ་གཞིག་གཏོང་བཞིན་པའི་ཁོ་མོའི་གདོང་པ་གྲང་སོབ་སོབ་བཟོས། ཁོ་མོ་སློབ་གྲྭ་འདིའི་སློབ་གཙོའི་འགན་བཞེས་ནས་མི་ལོ་ལྔ་ཙམ་འགོར་ལ་ཉེ། ཁོ་མོ་སྔོན་ཆད་སློབ་གྲྭ་འདིའི་སློབ་མ་ཡིན་ལ། དེ་ནས་སློབ་གྲྭ་འདིའི་དགེ་རྒན་དུ་གྱུར། མཐའ་མར་སློབ་གྲྭ་འདིའི་སློབ་གཙོར་གྱུར། བརྒྱུད་རིམ་འདི་འདྲ་མང་པོ་ཞིག་བརྒྱུད་རྗེས། ཁོ་མོ་སློབ་གྲྭ་འདིར་ཧ་ཅང་དུངས་ལ། ཤིན་ཏུ་བརྩེ། ཁོ་མོའི་སེམས་སུ་སློབ་གྲྭ་འདི་དང་ཁོ་གཉིས་ནི་ལྟེ་བ་བཅད་མེད་པའི་མ་བུ་དང་འདྲ་བར་ལས་དབང་གཅིག་ཏུ་གྱུར་ཡོད་ལ། སློབ་གྲྭ་འདིས་ཁོ་མོའི་མི་ཚེའི་དུས་ཚོད་མང་པོ་ཞིག་བཟུང་ཡོད་ལ། ཁོ་མོའི་འཚོ་བའི་སྟོང་ཆ་ཡང་ཡོངས་སུ་བཟུང་ཟིན། མཐའ་ན་བརྩེ་དུང་གི་སྟོང་ཆ་ཡང་བཟུང་ཡོད།
དེ་རིང་ཡང་ཁོ་མོ་གཉིད་མི་ཡོང་བའི་ནམ་གུང་ཞིག་རེད། ཁོ་མོའི་སློབ་གྲྭ་འདིར་སེམས་ཁུར་བྱས་དྲགས་པས་རིམ་གྱིས་སེམས་ནད་ཅན་ཞིག་ཏུ་གྱུར། ཁོ་མོའི་ནད་རྟགས་ཀྱང་ཁྱད་མཚར་བ་ཞིག་ཡིན་ལ། དེ་ནི་ཕྱི་ཚུལ་ཙམ་གྱིས་གོ་མ་ཐུབ་ལ། ནམ་ཀུན་སྔ་མོ་དུས་ཚོད་བཞི་པའི་སྟེང་རང་ཤུགས་ཀྱིས་སད་ཡོང་ལ། དེ་ད་ལྟ་ལོ་ཟླས་བསྙལ་བའི་གོམས་གཤིས་ཤིག་ཏུ་གྱུར་འདུག ཁོ་མོས་དེ་ཉིད་མནར་གཅོད་ཅིག་ཏུ་མི་སེམས་པར། དེ་ནི་བསམ་གཞིག་གི་གོ་སྐབས་ལེགས་པོ་ཞིག་ལ་སེམས་ཀྱིན་ཡོད། ཁོ་མོའི་གློག་སྒྲོན་མེད་པའི་ཁང་པ་དེ་ལས་མིག་བཙུམ་དེ་ཡོད་ཚད་ལ་འདང་རྒྱག་སྲིད། ཁོ་མོས་སློབ་གྲྭ་འདིའི་སྐྱིད་སྡུག་དང་སློབ་མ་ཚོའི་སེམས་ཁམས། དགེ་རྒན་དག་གི་འཚོ་བ་ལ་སོགས་ལ་བསམ་བློ་གཏོང་གིན་ཡོད། དེ་ནི་མོ་རང་གི་ལས་ཀ་ལ་བསྐྱངས་པའི་ལྷག་བསམ་ཞེས་འབོད་ཆོག་པ་མིན་འགྲོ།
དུས་ཚོད་ནི་ཇི་ལྟར་འགོར་བ་གཏན་ནས་མི་ཚོར། ཁ་པར་ལས་དུས་ཚོད་དྲུག་ལ་ཐོན་པའི་ཅོང་བརྡ་གྲགས་བྱུང་། ཁོ་མོའི་མལ་ཁྲིའི་མགོའི་གློག་སྒྲོན་ལ། སྔས་མགོ་འགྲམ་གྱི་དཔེ་ཆ་བླངས་ཏེ་བལྟས། དཔེ་ཆ་དེའི་ཕྱི་ཤུན་དཀར་པོ་ཞིག་ཡིན་ལ། སྟེང་དུ་《བོད་ཀྱི་གཅེས་ཕྲུག》ཅེས་པའི་མདོག་ལྗང་གུས་གྲུབ་པའི་མིང་ཡིག་ལས་གཞན་ཅི་ཡང་མི་འདུག དེས་བོད་ཀྱི་གཅེས་ཕྲུག་དག་དཀར་པོ་ཡིན་པའི་གསང་བརྡ་ཞིག་སྟོན་བཞིན་པར་སྣང་། ཁོ་མོས་དཔེ་ཆ་དེ་བལྟས་ནས་བར་མཚམས་ཤིག་ལ་ཐོན་འདུག ཁོ་མོའི་སེམས་སུ་ཁོ་མོའང་སྒྲུང་འདིའི་ནང་གི་མི་སྣ་བཞིན་བོད་ཁུལ་གྱི་ཡུལ་སྡེ་ག་གེ་མོ་ཞིག་ནས་ནར་སོན་ཡོང་ལ། ཡུལ་སྡེ་དེའི་སློབ་གྲྭ་ཁེར་མ་དེ་འགྲིམས། ཡུལ་ཀླུང་དེའི་སློབ་འབྲིང་ཁེར་མ་དེ་འགྲིམས། མཐར་མར་ཕ་མ་དང་བྲལ། ཕ་ཡུལ་དང་བྲལ་དེ་ནང་ཁུལ་དུ་སློབ་ཆེན་འགྲིམས་ལ་མཐར་རང་ཡུལ་ལོག་ནས་རང་གི་ཡུལ་སྡེ་དང་རང་གི་མི་རིགས། རང་གི་མེས་རྒྱལ་ལ་ཞབས་འདེགས་ཞུས། ཁོ་མོས་གཞན་ཡུལ་འགྲིམས་མ་དགོས་པར་རང་ཡུལ་དུ་སླེབས་པ་ལ་སེམས་རབ་ཏུ་དགའ་བཞིན་ཡོད། དོན་དངོས་མར་མོ་རང་ཡང་བོད་ཀྱི་གཅེས་ཕྲུག་དག་མ་ཞིག་ཡིན། གངས་ལྗོངས་ཡུལ་གྱི་ཕ་མར་དུངས་པ་མ་ཟད་ཕ་མའི་འགྲམ་དུ་སྡོད་རྒྱུ་ནི་མོ་རང་གི་ཚེ་གཅིག་གི་རེ་བ་ཆེ་ཤོས་སུ་གཏོགས། ཡང་ན་ཕ་ས་ཕ་ཡུལ་སྐྱོང་འདོད་པའི་བོད་ཀྱི་གཅེས་ཕྲུག་ཅིག་ཡིན། ཁོ་མོའི་སེམས་སུ་སློབ་གྲྭ་འདིའི་སློབ་མ་དག་ཀྱང་བོད་ཀྱི་གཅེས་ཕྲུག་དག་དག་ཡིན། མོ་རང་ཉིད་ཀྱང་ཡུལ་སྡེ་འདིའི་སློབ་གསོ་སྤེལ་མཁན་ཞིག་ལ་མཚོན་ན་མི་རབས་རྗེས་མ་སྐྱོང་བའི་འོས་འགན་ཡོད་ལ་སྐྱོང་འདོད་ཀྱི་བསམ་པ་ཡང་ཡོད། དེའི་ཕྱིར་ཁོ་མོ་སློབ་གྲྭ་འདིར་དུངས་ལ་སློབ་མ་ཚོར་དེ་ལས་ཀྱང་དུངས། ཁོ་མོ་སློབ་གཙོར་བསྡད་ནས་ལོ་ལྔ་ཙམ་འགོར་བ་འདིའི་རིང་ལ་མཐར་ཕྱིན་འཛིན་གྲྭ་ཉི་ཤུ་ལྷག་བསྐྱལ་ཟིན། རྒྱུགས་འབྲས་དང་ཀུན་སྤྱོད་སོགས་ཁུལ་དེའི་སློབ་གྲྭ་གཞན་དག་གིས་མིག་དཔེ་བལྟ་ས་དང་ཁ་ནས་བསྟོད་ས་ཡིན། དེ་ཕྱིར་ཁོ་མོ་ནམ་རྒྱུན་མི་གཞན་པ་དང་སློབ་གྲྭ་གཞན་པ། ཁྱིམ་བདག མགོ་ཁྲིད་སོགས་ཀྱི་མདུན་ནས་སློང་ངེར་ཡོད། སྤོབས་པ་དང་ང་རྒྱལ་གྱིས་ཁེངས་ཡོད།
དུས་ཚོད་དྲུག་པ་ལ་སླེབས་སོང་། ཁོ་མོས་ངོ་ལག་སོགས་བཀྲུས་ནས་སྒོར་ཐོན། ཉི་མ་ད་དུང་ཡང་མལ་ལས་སད་མི་འདུག ལུས་རྩལ་ར་བའི་དཀྱིལ་ཀྱི་གློག་སྡོང་དེ་ཉི་མ་དང་འདྲ་བར་ལུས་རྩལ་ར་བ་ཡོངས་མངོན་གསལ་དོད་པོ་བྱས་ཡོད། སློབ་མ་རྣམས་གྲལ་བསྒྲིགས་ནས་ཞོགས་རྒྱུགས་ལ་སྟ་གོན་བྱེད་བཞིན་མཆིས། ཁོ་མོ་རིམ་གྱིས་མུན་ནག་ནས་ཕྱིར་ཐོན་ལ། མུན་ནག་ནས་ཁོ་མོས་ངལ་དུབ་སོགས་བསྐྱུར་ཡོད་པ་འདྲ། ད་ལྟ་ཁོ་མོའི་གདོང་དུ་འཛུམ་མདངས་ཤིག་མངོན་ཡོད། དེ་ནས་སློབ་མ་དག་གཅིག་རྗེས་གཉིས་མཐུད་དུ་རྒྱུགས། སྐབས་འགར་“གཅིག་གཉིས་གསུམ་བཞི”དང་“གཅིག་གཉིས་གཅིག་”སོགས་ཀྱི་འབོད་སྒྲས་སློབ་གྲྭ་འདིའི་ལྷིང་འཇགས་ཡོངས་སུ་དཀྲོགས་བྱུང་། སློབ་མ་ཚོ་མུན་ནག་ལ་ཞེད་སྣང་ཆེ་བ་འདྲ། གློག་སྡོང་གི་འོད་ཐེབས་ཡོད་སའི་མཐའ་ནས་རྒྱུགས་པ་ལས་ཕྱིར་འབུད་ཙམ་ཡང་མི་བྱེད། ཁོ་མོའང་སློབ་མ་ཚོ་དང་འདྲ་བར་མུན་ནག་མཐའ་ནས་རྒྱུགས་བྱུང་། སློབ་མ་ཚོ་དང་མཉམ་དུ་ཞོགས་རྒྱུགས་ལ་ཞུགས་པ་ནི་སློབ་མ་ཚོ་ལ་ལྟ་རྟོགས་བྱེད་ཆེད་གཏན་ནས་མིན། དེ་ནི་ལོ་ཟླའི་བསྙལ་བའི་གོམས་གཤིས་ཤིག་ཡིན་ལ། ཐོག་མའི་ཀུན་སློང་ནི་སློབ་གྲོགས་ཚོ་དང་འདྲིས་ཆེ་རུ་འགྲོ་ཆེད་ཡིན། ཉི་གཞོན་གྱི་འོད་མདངས་རིམ་གྱིས་ཇེ་གསལ་རེད། དེ་དང་བསྟུན་གློག་སྡོང་གི་འོད་ནི་རིམ་གྱིས་ཇེ་ཉམ་རེད།
ནངས་ཇ་འཐུང་ཁར། གནམ་ཡོངས་སུ་གསལ་ཟིན། སློབ་མ་དག་ཟས་ཁང་དུ་ཟ་མ་ཟ་རུ་ཕྱིན་ཟིན། ཁོ་མོས་གཞུང་ལས་ཁང་གི་ཇ་ཕོར་བླངས་ནས་ཟ་མ་ཟ་རུ་ཕྱིན་དགོས་བསམ་ནས་སྐས་ཐོག་ལས་བབས་ཏེ། ཁ་གཞུང་སྒྲུབ་ཁང་ལ་གཏད་དེ་སོང་། སྒོར་འབྱོར་བ་ན་ཁོ་མོས་སྒོ་ལམ་དུ་ཤོག་ལྟེབ་ཅིག་ལྷུང་ཡོད་པ་མཐོང་། ཁོ་མོས་དེ་ཡར་བཏུས་ཏེ་གད་སྙིགས་སྒམ་ལ་མིག་འཚོལ་ཞིག་བྱས་པ་ན། གད་སྙིགས་སྒམ་དག་ནི་མོ་ལ་གབ་པ་བཞིན་གཅིག་ཀྱང་མཐོང་རྒྱུ་མི་འདུག ཁོ་མོས་ཤོག་ལྟེབ་དེ་ཁུག་མར་བཅུག་ནས་གད་སྙིགས་སྒམ་རྙེད་ཚེ་འཕེན་བསམ་ནས་ཇ་ཕོར་བླངས་ནས་ཇ་འཐུང་རུ་སོང་། དྲན་པ་ནི་ཧ་ཅང་ཡ་མཚན་ཞིག་སྟེ། རང་གི་ཆེད་དུ་དྲན་གསོ་བྱས་ན་ལམ་སང་སེམས་སུ་དྲན་ངེས་ལ། རང་གི་དོ་སྣང་དེ་ཙམ་མ་བྱས་ན། དེ་ནི་ལྐོག་ཏུ་སྦས་པ་བཞིན་ལྷང་ངེར་འབུད་པ་ཧ་ཅང་དཀའ། ཁོ་མོ་སྔ་མོ་སློབ་ཁྲིད་སོགས་ལ་བྲེལ་བའི་ཤོག་ལྟེབ་དེ་ཡིད་ལ་རྩ་ནས་མ་དྲན། གུང་ཟས་འཐུང་རྗེས་ཁོ་མོ་སྡོད་ཤག་ཏུ་ངལ་གསོ་བར་སོང་། ཁོ་མོས་ཁུག་མ་ལས་ལྡེ་མིག་འཚོལ་སྐབས་ཤོག་ལྟེབ་དེ་སླར་ཡང་ཁོ་མོའི་ལག་ཚོར་དུ་བྱུང་། ཁོ་མོས་དེ་མ་ཐག་ཡིད་ལ་ཅིག་དྲན་པ་བཞིན་ཤོག་ལྟེབ་ལག་ཡ་གཅིག་གིས་བཟུང་ལ། ལག་གཅིག་གིས་སྒོ་ཕྱེས་ནས་ནང་དུ་འཛུལ། ཁོ་མོ་རྩྭ་སྟན་དུ་ཀན་རྐྱལ་དུ་ལོག་ལ་ལག་ནང་གི་ཤོག་ལྟེབ་འཕེན་གྲབས་བྱེད་སྐབས། ཤོག་ངོས་སུ་ཡི་གེ་བྲིས་ཡོད་པ་མཐོང་ནས་མཚར་སྣང་གིས་དེད་དེ་ཤོག་ལྟེབ་ཀྱི་ཁ་ཕྱེས་ནས་ཡི་གེ་ལ་བལྟས།
༣
“ཁྱོད་ཀྱིས་སྐྱོན་ཅི་ཞིག་བསགས་ཡོད། ཡང་ན་ཅི་ཞིག་བསགས་མྱོང་། ད་ལྟ་ཁས་བླངས་དང་ཆད་པ་ཆུང་། གལ་སྲིད་ངས་གོ་ཐོས་སམ་མིག་མཐོང་ལག་ཟིན་འདྲ་ཡོད་ནས་ཁྱོད་ལ་ཕྱིར་སྟོན་སྐབས་ཆད་པ་ཆེའོ། ”བརྗིད་ཆགས་ལྡན་པའི་གཞུང་སྒྲུབ་ཁང་འདིར་ཁོ་མོའི་རང་གི་གཟི་ཉམས་མངོན་པ་བཞིན་འབོར་ཁྲི་སྟེང་ནས་མདུན་དུ་མགོ་བོ་བྲང་ཁར་དུད་དེ་དྲང་ངེར་འགྱིང་བའི་ང་ལ་དེ་ལྟར་བཤད། ངའི་ཁོ་མོའི་བདེན་ལྕོག་ལྕོག་གི་རྣམ་འགྱུར་མ་མཐོང་རུང་། ཡིན་ལྕོག་ལྕོག་གི་སྐད་གདངས་དེ་ཅིའི་ཕྱིར་ཀྱང་ཐོས་སོང་། དོན་དངོས་མར་མོའི་ལག་ཏུ་ངའི་སྐྱོན་ཅི་ཞིག་ཡོད་པ་མོ་རང་གིས་མ་གཏོགས་སུས་ཀྱང་མི་ཤེས། ཉན་ཚོད་ཀྱིས་དོན་དག་ཆེན་པོ་ཞིག་ཡོད་པའི་ཟོལ་རེད། ཡིན་ཡང་། ངས་ཀྱང་རང་གི་དོན་དག་ཆེན་པོ་ཞིག་བཟོས་པ་མི་དྲན། ངས་ཁོ་མོའི་དོན་དག་ཅིག་ལ་ཐག་ཆོད་བཞིན་མེད་པ་དང་ཚ་འདྲི་བྱས་ན་དོན་དག་གཞན་ཡང་ལྷང་ལ་འབུད་པའི་བསམ་པའི་གཡོ་སྦྱོར་ཞིག་ཡོད་པ་གང་ནས་ཤེས། ངའི་ཁ་མལ་དེ་ནས་རང་གི་བསགས་པའི་སྐྱོན་རྣམས་ལ་རང་ནུས་ཇི་ལྕོགས་ཀྱིས་དྲན་གསོ་བྱས། སློབ་གྲོགས་བར་དུ་ཁ་རྩོད་དང་ལས་བྱ་འགའ་མ་བྲིས་ལ་ཡང་ན་མ་འཕྲོད་པ། སློབ་ཁྲིད་ལ་ནན་ཏན་གྱིས་མ་ཉན་སོགས་སྒྲིག་འགལ་ཆུང་བ་དག་ལས་ཅི་ཡང་མི་དྲན། དྲན་པའི་ཆེས་ཆེ་བའི་སྒྲིག་འགལ་ནི་སློབ་གྲྭ་བསྡུ་སྐབས་རྐང་སྣམ་ནང་དུ་ཀ་ར་འགའ་སྦས་པ་དེ་རེད། དེ་ནི་ད་བར་ཡུན་ཡང་འགོར་སོང་ལ། གལ་སྲིད་ཤེས་ཡོད་ན་གནའ་ནས་ཆད་པ་གཅོད་པ་ལས་ད་བར་སྒུག་དོན་མེད་པ་སོགས་དྲན།“ རང་གིས་ཅི་བྱས་པ་དྲན་ཨེ་བྱུང་། ” གློ་བུར་བའི་དྲན་སྐུལ་དེས་ངའི་ཕྱིར་དྲན་གྱི་རྔ་མ་ཧད་ཀྱིས་བཅད་ལ། དངངས་སྐྲག་དང་འཚུབ་ཆས་ངའི་མགོ་བོ་སྐར་མ་གཅིག་ཙམ་ལ་སྟོང་སེང་ངེར་བྱས། ངས་རང་གི་ངག་དང་སེམས་ལ་སྙོམ་སྒྲིག་ཙམ་བྱས་རྗེས་རྟབ་རྟབ་ངང་རང་གི་དེ་སྔུན་དྲན་པའི་དོན་དག་བརྡ་འཕྲོད་ཐུབ་ཙམ་ཞིག་གིས་མོ་ལ་བཤད། ཁོ་མོས་ཅི་མི་སྙམ་པའི་ངང་ཚུལ་གྱིས་ང་ལ་ཚུར་ཤོག་ཅེས་ལག་བརྡ་བཏང་། ང་ནི་སྐྲག་ཐག་ཆོད་དེ་གོམ་འགྲོས་དལ་བུར་ཁོ་མོའི་མདུན་དུ་སོང་། ཁོ་མོས་ངའི་གདོང་ལ་ལྟ་ཙམ་བྱས་ནས་“དེ་མིན་ནེ་མེད་ལ་“ཞེས་ནན་འདྲི་བྱས། ང་ནི་དེ་བས་སྐྲག་པར་གྱུར། ཡང་ཞིབ་འདང་ཞིག་པརྒྱབ། སུ་ཞིག་གིས་ཤེས། ཁོ་མོའི་རང་གི་སེམས་ཀྱི་དོགས་གཞི་སེལ་ཐུབ་ཀྱིན་ཡོད་ལ། ངའི་སེམས་སུ་དོགས་གཞི་གསར་པ་ཞིག་འཕངས། དེ་ནི་ད་དུང་དྲན་དབང་མེད་པའི་དོགས་གཞི་ཞིག་རེད། མཚམས་ཤིག་ལ། ངས་རང་གི་ད་ནངས་ཞོགས་རྒྱུགས་སྐབས་རང་གི་སྔོན་དུ་རྒྱུགས་བཞིན་པའི་སློབ་གྲོགས་ཕུར་བུ་ལ་རྩེད་འཇོའི་ཚུད་དུ་ཕུད་འདེད་བྱས་ནས་ཁོ་བོ་ཀན་རྐྱལ་དུ་འགྱེལ་ལ། སྐབས་དེར་ཏག་ཏག་སློབ་གཙོ་མོ་རང་ངེད་ཚང་འཛིན་གྲྭའི་ཉེ་འགྲམ་དུ་རྒྱུགས་བཞིན་འདུག་པ་དྲན། ངས་ཁོ་མོའི་དོན་དག་དེ་མཐོང་ཡོད་པར་དོགས་ལ་ཁས་ལེན་བྱ་བའི་སྟ་གོན་བྱས་ནས་མགོ་བོ་ཡར་བཀྱགས་ཙ་ན། མོ་རང་གིས་ཅོག་ཙེ་རུ་འབྲི་སྙུག་དང་ཤོག་བུ་ལེན་བཞིན་པ་མཆིས། ཁོ་མོའི་སྙུག་གུས་འབྲི་དེབ་ཐོག་ཡི་གེ་འགའ་བྲིས་ལ་དེའི་རྗེས་ང་ལ། མོ་རང་གིས་བྲིས་པ་དེ་ལད་འབྲི་བྱོས་ཟེར། འབྲི་དེབ་དུ་ངའི་མིང་བྲིས་ཡོད་ལ། མོ་རང་གི་ཡིག་གཟུགས་ནི་གྲལ་དག་ཞིང་སུག་རིང་། མོ་རང་གིས་ཡིག་གཟུགས་ནི་རང་དང་འདྲ་ཟེར་བ་ལ་ར་སྤྲོད་བྱས་པ་དང་འདྲ་ལ། རང་གི་བྱད་གཟུགས་དང་ཧ་ཅང་མཐུན་པའི་ཡིག་གཟུགས་ཤིག་བྲིས་ཡོད། ངས་ཡང་དལ་བུར་མོའི་ལག་ནས་སྙུག་གུ་ཚུར་བླངས། ཤོག་ངོས་སུ་ང་རང་གི་བྱད་གཟུགས་དང་མཐུན་ལ་བྲིས་ངན་གཞན་གྱིས་མི་ཤེས། ཞགས་གསུམ་འགོར་ན་རང་གི་མི་ཤེས་ཟེར་བའི་ཁ་དཔེ་དེ་དཔེར་མཚོན་ཞིག་དྲངས་པ་དང་འདྲ་བ་ཞིག་བྲིས། མོའི་ངའི་ཡིག་གཟུགས་མཐོང་བྲལ་མོ་རང་སེམས་ཀྱི་དོགས་གཞི་རྦད་དེ་སེལ་རུང་། ངའི་བྲིས་ངན་མཐོང་ནས་ཞེ་སྡང་དྲགས་པོ་ཞིག་ལངས། མོ་ང་ལ་ཁྲོ་ཉམས་གཏུམ་པོ་ཞིག་བསྟན་ནས་”ད་སོང་“ཟེར། ང་དལ་བུར་མོའི་གཞུང་སྒྲུབ་ཁང་ནས་ཕྱིར་བུད། དགའ་བ་འབུམ་གྱིས་སྨྱོས་པའི་སེམས་ཁམས་དང་བསྟུན། ང་རང་ཁོང་དགོད་ཞིག་ཤོར་ཏེ་གཟེབ་ལས་ཐར་བའི་བྱེའུ་བཞིན་ཚམ་ཚོམ་མེད་པར་འཕུར་སོང་།
༤
རྟ་བདུན་དབང་བོའི་འོད་ཟེར་གྱིས་རི་རབ་འཕྲེད་དུ་བཅད་དེ་སློབ་ཁང་གི་དཀར་ཁུང་ལས་བདག་གིས་མགོ་ཐོག་ཏུ་ཕོག་བྱུང་། ངའི་མགོ་བོ་ཡར་འདེག་ཙམ་རྩོམ་པ་ན། འོད་ཟེར་དེ་ནི་མིག་ལ་གཟན་པ་ཞིག་རེད། ངས་དཀར་ཁུང་གི་དཀར་ཡོལ་འཐེན་ཞོར་ཕྱི་རོལ་གྱི་ཡུལ་ལྗོངས་ལ་ལྟ་ཙམ་བྱས། རི་རབ་ནི་རི་རབ་རང་སྟེ་བརྟན་ཞིང་བརླིང་བ་ཞིག་རེད། ཆུ་བོ་ཡང་རྒྱུན་ཆད་མེད་པར་ལུང་བའི་ཕུ་ནས་མདའ་རུ་ཐག་པ་བརྐྱངས་པ་བཞིན་འཐེན་འདུག མྱུ་གུ་འབུས་པར་སྟ་གོན་བྱེད་དུས་འདིར་ད་དུང་སྐྱ་ཐར་ཐར་ཞིག་རེད། ནོར་ནག་གིས་ཅི་ཞིག་མི་རྙེད་ནས་རི་སྒང་ཀུན་ལ་འཚོལ་སྙེགས་བྱེད་བཞིན་འདུག སློབ་རའི་ནང་གི་སློབ་བུ་དག་ཀྱང་ནོར་ནག་ཇི་བཞིན་རང་ལ་དགོས་པའི་རིག་གནས་དག་འཚོལ་བཞིན་ཡོད། རྡོ་ཀ་མ་རའི་སྟར་ཕྲེང་འགྲིག་པའི་མདུན་ཐང་གྲུ་བཞི་དང་བར་འཁྱམ། གཡས་གཡོན་དུ་བཀོད་པ་སྤུས་ལེགས་པའི་སློབ་ཁང་དང་གཞུང་སྒྲུབ་ཁང་སོགས་རྔམ་བརྗིད་ལྡན་པའི་བཟོ་བཀོད་མང། དཀར་ཡོལ་གྱིས་ཉི་འོད་བསྒྲིབས་རུང་། མགོ་ཐོག་གི་གློག་འོད་ཅོག་ཙེ་ཐོག་ཏུ་འཕྲོས་པས་ལྡོག་འོད་ལམ་ལམ་དེའང་མིག་ལ་གཟན་པ་ཞིག་རེད། ངས་དཔེ་ཆ་ཅོག་ཙེ་རུ་བཞག་ནས་འོད་འགོག་ཐབས་བྱས་རུང་། འོད་དེ་ཡང་དཔེ་དེབ་ཀྱི་རྒྱབ་ཤོག་ལས་ལྡོག་འཕྲོ་བྱས་བྱུང་། དེ་ལྟ་བུའི་མནར་གཅོད་ནི་ཡིད་ཀྱིས་བཟོད་མི་ཐུབ་པ་ཞིག་རེད། ང་ཡར་ལངས་ནས་སྒོ་རུ་བུད། སློབ་ཁང་གི་བར་འཁྱམ་དུ་འོད་དེ་ཡང་ངའི་རྐང་མཐིལ་གྱི་རྡོ་ཀ་མ་རའི་ངོས་ནས་ལྡོག་འཕྲོ་བྱེད། མནར་གཅོད་ཀྱིས་ང་རང་གཏོང་བསམ་མེད། ངས་ཀྱང་མནར་གཅོད་དང་ལེན་བྱེད་པ་བཞིན་མིག་ཧྲིལ་ཧྲིལ་གྱིས་བལྟས་ནས་བསྡད། སྐབས་ལ་ལར་ངས་རང་གི་སློབ་གྲོགས་གིས་བཤད་པ་དེ་རྩེད་འཇོར་སྒོམ་ཡོད། ཡིན་ཡང་། སློབ་གྲོགས་ཀྱི་རྣམ་འགྱུར་ནི་དེ་འདྲའི་གཟབ་ནན་ཞིག་རེད། གཡོ་ཟོལ་གྱི་རྔ་མ་ཙམ་ཡང་འཛིན་རྒྱུ་མི་འདུག སློབ་གཙོ་གཞུང་ལས་ཁང་ནི་ང་རང་ལ་མཚོན་ན་ཆ་མེད་རྒྱུས་མེད་ཅིག་མ་རེད། ངས་གཞུང་ལས་ཁང་དེའི་དཀར་ཁུང་ལས་སློབ་གྲོགས་གང་གང་ཞིག་མོ་རང་གིས་ཤེད་ཤེད་དང་སློབ་གསོ་གཏོང་བཞིན་ཡོད་པ་མཐོང་མྱོང་། སློབ་གྲོགས་དག་གིས་གཞུང་སྒྲུབ་ཁང་དེར་”དམྱལ་ཁམས“ཞེས་པའི་མིང་ཞིག་བསྩལ་ཡོད། ཞེད་སྣང་གིས་དེད་དེ་ངའི་སེམས་སུ་རང་གི་བྱམས་ལྡན་གྱི་ཨ་ཕ་དྲན་ཡོང་། བདག་གིས་ཨ་ཕ་ནི་ཕ་རྒན་གཞན་དང་མི་འདྲ་བར་གཟབ་ནན་དང་འཇིགས་རེངས་ཞིག་མིན་པར། གུ་ཡངས་ལ་ཁ་བརྡ་ལ་དགའ་བ་ཞིག་ཡིན། གལ་སྲིད་ད་ལྟ་ཁོ་རང་འདི་ན་ཡོད་ན་ཁོ་བོས་ང་ལ་ཤེད་ཤེད་དང་གཅར་བརྡུང་མི་བྱེད་པར་རྒྱུ་མཚན་འདྲི་བ་དང་སློབ་གསོ་གཏོང་སྲིད། མཚམས་འདིར་ངས་ང་རང་གཟེབ་དུ་བཅུག་པའི་བྱེའུ་ཞིག་རེད་བསམ་བྱུང་། གློ་བུར་དུ། ང་རང་ཁྱིམ་ལ་འགྲོ་འདོད་ཡང་ཆེན་པོ་ཞིག་སྐྱེས་བྱུང་། རང་གི་ཕ་རྒན་དང་མ་རྒན། ངེད་ཚང་གི་ནོར་ནག རྩྭ་ས། ཁང་པ། ད་དུང་སྒོར་བཏགས་པའི་ཁྱི་རྒན་སོགས་ཧ་ཅང་དྲན། དིང་དིང་དིང་་་་་་་ཚོགས་བརྡ་གྲགས་བྱུང་། ངའི་རང་གི་མིག་ཞགས་སུ་འཁོར་བའི་མིག་ཆུ་ཕྱིས་ནས་”དམྱལ་ཁམས“ཞེས་པའི་མིང་ཐོགས་པའི་གཞུང་སྒྲུབ་ཁང་དེའི་ཕྱོགས་སུ་སོང་། གོམས་པའི་འདེགས་འཇོག་དང་བསྟུན་ནས་ང་དང་གཞུང་སྒྲུབ་ཁང་གི་བར་ཐག་ཇེ་ཐུང་རེད། ནམ་རྒྱུན་ང་གཞུང་སྒྲུབ་ཁང་དེའི་སྒོ་ནས་བརྒྱུད་སྐབས་ནང་གི་བྱད་གཟུགས་གང་མང་རིག་མྱོང་། དེ་སྔོན་ང་ནི་ལྟ་མོ་བ་ཡིན་པས། དེ་རིང་གིས་གོ་གནས་བརྗེ་སྤོར་བྱེད་པ་དེ་ལ་ད་དུང་ལོབས་མ་ཐུབ་པ་འདྲ། གང་ལྟར་རུང་ང་རང་ཁང་མིག་དེའི་ནང་དུ་བསྐྱོད་དགོས་སོང་།“ཡར་ཞུ། ” ངས་ལག་པས་སྒོ་ལྷོད་ཀྱིས་རྡུང་ཙམ་བྱས། “ནང་དུ་ཤོག” ཅེས་བོས་པ་ཐོས་བྱུང་། སྐད་ཆ་དེ་གོ་མ་ཐག་ངའི་ལུས་ངག་ཡིད་གསུམ་དལ་གཅིག་ལ་ཚ་གཟེར་གྱིས་སྦྲིད། ངས་དལ་གྱིས་སྒོ་ཕྱེས་ཏེ་ནང་དུ་སོང་།
༥
མཁའ་དབུགས་སུ་གཙང་དྲི་ཞིག་འཐུལ་འདུག སྤུས་དག་ལ་གྲལ་འགྲིག་པའི་སྒྲིག་བཀོད་ལ་བལྟས་པ་ཙམ་གྱིས་འདི་ནི་བུད་མེད་ཅིག་གི་ཁང་པ་ཡིན་པ་ལྷང་ངེར་ཤེས་ཐུབ། འདི་ནི་ཁང་མིག་གཉིས་ཅན་གྱི་ཁང་པ་ཞིག་སྟེ། དཀྱུས་རིང་བའི་རྩྭ་སྟན་དུ་ཁོ་མོ་ད་ལྟ་ཀན་རྐྱལ་དུ་ལོག་ཡོད། འགྲམ་གྱི་གློག་ཐབ་ཀྱི་རྫ་མ་རུ་ཆུ་ཁོལ་ནས་རླངས་པ་ལྷོག་ལྷོག་འཕྱུར། ཁོ་མོ་ད་དུང་ཤོག་ལྟེབ་དེའི་ངོས་སུ་ཅེར་ཡོད། ཆུ་དེ་ཁོ་མོའི་ལྷིང་འཇགས་མིན་པའི་སེམས་པ་དང་མཚུངས་པར་རྫ་མ་ལས་ཚབ་ཚུབ་ངང་འཕྱུར་ནས་ཐབ་ངོས་སུ་ཚག་སྒྲ་དང་བཅས་ཏེ་འཕྱོ་ཡོང་། ཁོ་མོས་རང་སེམས་བསམ་གཟས་ནས་བརྟན་པོར་བཟོས་ཡོད། ཁོ་མོས་རང་སེམས་ལྷིང་འཇག་ཡིན་པ་ར་སྤྲོད་པར་ཇ་ཕོར་ནང་དུ་ཆུ་ཁོལ་གང་བླུགས། རགས་ཞིང་ཞིབ་པའི་གཟིགས་ན་ཁོ་མོའི་ལག་པ་འདར་བཞིན་འདུག ཤོག་ལྟེབ་དེ་ཁོ་མོ་སེམས་པ་ནང་བཞིན་རླུང་གིས་དེད་པའི་དར་ཆ་བཞིན་ཡང་ཡང་གཡོ། དེ་ལྟར་ཁོ་མོས་རང་གི་སེམས་པ་ཞི་ལྷོད་ལ་རེ་ལྟོས་བྱས།
ལོ་དུ་མའི་ཡར་སྔོན་དུ། ཁོ་མོ་ཡང་འདི་ལྟར་ཀན་རྐྱལ་བྱས་ཏེ། ཤོག་ལྟེབ་ཅིག་གི་ངོས་སུ་བལྟས་ནས་ཅི་ཞིག་ལ་བསམ་གཞིག་བྱས་མྱོང་། སྡོད་ཁང་གི་གློག་འོད་དེ་མོའི་མགོ་རུ་འཕྲོས་ལ། ནག་ཅིང་སྣུམ་པའི་སྐྲའི་ལན་བུ་དེ་འོད་ལམ་ལམ་བྱེད། མོས་ཉལ་གཟན་ཡར་རང་སྟེང་དུ་འཐེན་ཙམ་བྱས། དེ་ནི་གྲང་ངར་ཅན་གྱི་དགུན་ཟླ་འདི་དང་ཁུ་སུམ་མེར་ངང་གནས་པའི་སྡོད་ཁང་འདིའི་ཁེར་རྐྱང་གི་ཞེད་སྣང་ལ་རྒོལ་བ་བྱེད་པ་དང་མཚུངས། ཁོ་མོས་རྒྱབ་གྱང་ལ་ཁེན་ནས་མིག་རིག་རིག་གིས་དཔེ་ཆའི་བར་དུ་བཙུར་བའི་ཤོག་ལྟེབ་ངོས་སུ་ལྟ་བའི་རྣམ་པ་དང་ལང་ཚོ་སྨིན་མ་ཐག་པའི་དམར་མདངས་འདྲེས་མའི་ངོ་གདོང་གཉིས་སྡེབས་པ་ནི་ཧ་ཅང་སྙིང་ལ་རྗེ་བ་ཞིག་རེད། ལྐོག་གྱུར་གྱི་ཤོག་ལྟེབ་ངོས་ཀྱི་ཡི་གེ་དེ་མོ་ལ་མཚོན་ན་ཁུ་སུམ་མེར་ངང་རོལ་མྱོང་བྱ་དགོས་པའི་གསང་བ་ཞིག་རེད། དེ་ཉིད་བརྩམས་ཆོས་གྲགས་ཅན་ཞིག་ལ་རོལ་མྱོང་བྱེད་པ་ལྟ་བུའི་རྒྱས་སྤྲོས་ཀྱི་སེམས་ཚོར་ཞིག་དགོས་པ་འདྲ། མཚམས་མཚམས་སུ་གདོང་ངོར་བཀྲ་བའི་དགོད་འཛུམ་དེས་མོ་རང་གི་སེམས་པ་དེ་ཉིད་ཕྱིའི་ཁོར་ཡུག་བཞིན་ལྷིང་འཇགས་ཤིག་མིན་པར་ཚོར་བ་ཧ་ཅང་བསྐྱེན་པ་ཞིག་ཡིན་པ་ར་སྤྲོད་ཐུབ། ཤོག་ལྟེབ་ངོས་ཀྱི་ཡི་གེ་དེ་རིང་པོ་ཞིག་མིན་པ་འདྲ། ཡིན་ཡང་དེ་ནི་ཞོ་མངར་ལྟར་ཧ་ཅང་བཅུད་ལྡན་ཞིག་ཡིན་ཤས་ཆེ། མོས་ཤོག་ངོས་དེར་བལྟ་མཚམས་བཞག་ལ། དཔེ་ཆའི་ཁ་ཟུམ་སྟེ་མིག་བཙུམས་ནས་ཡུན་རིང་ཞིག་ལ་ཡིག་འབྲུ་དེ་དག་ལ་ཚོར་མྱོང་བྱས། དེ་ནི་བཀྲ་ཤིས་པའི་ཡི་གེ་ཞིག་རེད། དེ་ནི་བྱིས་པའི་ཁ་ལ་ཐོབ་པའི་བུ་རམ་བཞིན་མངར་གྱིས་ཁེངས་པ་ཞིག་ཡིན་སྲིད། དེ་མིན་ཚེ་ཁོ་མོའི་མྱོང་ཚོར་གྱི་བརྒྱུད་རིམ་ཁྲོད་མིག་བཙུམ་ནས་གདོང་ལ་འཛུམ་མདངས་དེ་འདྲ་མངོན་མི་སྲིད། མཐོ་སྒང་གི་མཚན་མོ་ནི་གྲང་ངར་ཅན་ཞིག་དང་མུན་ནག་ཅན་ཞིག་རེད། ཡིན་ཡང་ལྷིང་འཇགས་དང་ཁུ་སིམ་མེར་ཞིག་གཏན་ནས་མིན། ཁོ་མོ་སྡོད་པའི་སྡོད་ཁང་ལྷིང་འཇགས་ཤིག་ཡིན་རུང་། གྲང་ངར་ཅན་ཞིག་རེད། ཁོ་མོའི་སེམས་པ་དེ་ཉིད་དྲོད་འཇམ་ཅན་ཞིག་ཡིན་རུང་། ལྷིང་འཇགས་ཤིག་མིན། དེ་ལྟར་ཁོ་མོ་ཡང་འཇིག་རྟེན་འདིའི་ཆོས་ཉིད་ག་གེ་མོ་ཞིག་གི་འོག་ཏུ་རྨི་ལམ་དང་བདེ་སྐྱིད་ཀྱི་ཁྲོད་གཉིད་ལ་རོལ།
“ མྱོང་བ་འདི་ཉིད་ད་ལྟའང་ཚོར་ཐུབ་པ་ཞིག་རེད། མི་ཡུལ་དུ་བདེ་སྐྱིད་ཅིག་ཡོད་ན་སྐབས་དེ་དུས་མིན་ན་ནམ་ཡིན། ཡིན་ཡང་། མི་རྟག་པས་ཁེངས་པའི་འཇིག་རྟེན་འདི་ལ་ཆ་འཇོག་ཅི་ཡང་མེད། བརྩེ་དུང་ཡང་དེ་ལས་མ་འདས་པ་ཞིག་ཡིན།” ཁོ་མོས་དེ་ལྟར་སྨྲས་རྗེས་རྔན་པ་རིང་པོ་ཞིག་འཐེན། སྐད་ཆ་དེ་ཁོ་མོས་རང་ཉིད་སྨྲས་པ་ཡིན་པ་མི་ཤེས་མོད། ཁང་མིག་འདིར་མི་གཞན་མེད་པས་རང་ཉིད་ལ་སྨྲས་པ་ཡིན་ཚོད་ཆེ། རྔན་པ་རིང་པོ་དེ་ཉིད་ཁོ་མོས་རང་ཉིད་ལ་འཐེན་པ་ནི་ཐག་གིས་ཆོད། རྒྱུ་མཚན་ནི་ཁོ་མོ་ནམ་ཡང་མི་ཚོགས་ཀྱི་མདུན་ནས་སླང་ངེར་ཡོད་རུང་། གང་ལྟར་ཁོ་མོ་སྨན་ཆུང་བུད་མེད་ཅིག་ཡིན་པའི་དོན་དངོས་ནི་ཟློག་ཐབས་བྲལ། དེ་ནི་འབད་པས་བཟློག་མི་ནུས་པའི་རང་བྱུང་ཆོས་ཉིད་ཅིག་ཡིན།
དེ་རིང་ཡང་ཁོ་མོས་རང་གི་ཚོར་བ་དེ་འདྲེན་ཐུབ་པའི་ཤོག་ལྟེབ་དེ་སླར་ཡང་མཐོང་ལ། ཤོག་ལྟེབ་ངོས་ཀྱི་ཡི་གེ་དེའང་སླར་ཡང་མཐོང་བྱུང་། དེ་ནི་དྲན་པ་དང་ཚོར་བ་གཞི་གཅིག་ཏུ་སྦྲེལ་ནུས་པའི་ཁྱད་ཆོས་ཅན་ཞིག་སྟེ། སྐྱིད་སྡུག་འདྲེས་པའི་མོའི་འཚོ་བའི་བརྒྱུད་རིམ་མམ་ད་ལྟའི་ཚོར་བའི་དགའ་སྐྱོ་གཞི་གཅིག་ཏུ་འོ་ཆུ་འདྲེས་པ་བཞིན་འདྲིས། ཤོག་ལྟེབ་དེ་ཉིད་ནི་དུས་ཐོག་ཆར་པ་ཞིག་རེད། མོ་ལ་རང་གི་འཚོ་བ་ལ་སྔར་བཞིན་ཡིད་ཆེས་དགོས་པའི་སྐུལ་མ་ཐོབ་ཡོད། འཇིག་རྟེན་གྱི་ཆོས་ཉིད་འདི་ནི་འདི་ལྟར་བཙན་པོ་ཞིག་ཡིན་མོད། སྐབས་འགར་བསྟན་བཤིག་ཚ་བོ་ཞིག་ཀྱང་ཡིན། གལ་སྲིད་ཤོག་ལྟེབ་འདི་མིན་ཚེ་མོའི་རང་གི་འཚོ་བར་དེ་ལྟར་ཉམས་འཇོག་བྱེད་མི་སྲིད་ལ། བརྗེད་ཟིན་པའི་ཚོར་བ་དེ་སླར་ཡང་བསྐྱར་མྱོང་བྱེད་མི་ཐུབ།
༦
ཉི་མ་དེ་ཉིད་ཕུ་བཏབ་པའི་མར་མེ་བཞིན་ཡོངས་སུ་གཟིམས་ཟིན། སློབ་ཁང་གི་གློག་འོད་དེའང་རླུང་ནང་གི་མར་མེ་བཞིན་གཞན་ལ་སེམས་ཁུར་སློངས་པ་ཞིག་རེད། དགེ་རྒན་གྱིས་སྟེགས་བུ་ཐོག་རང་སྟོབས་ཀྱིས་སློབ་ཁྲིད་གང་ལེགས་བྱེད་བཞིན་མཆིས། སློབ་ཁང་གི་གྲུ་ཟུར་དུ་བཙུད་པ་ལྟར་སྒུང་ནས་བསྡད་ཡོད་པའི་ང་ནི་ཁོར་ཡུག་འདི་དང་ཀུན་ནས་མི་འཕྲོད་པ་ཞིག་རེད། ཁོས་ང་ལ་འདི་ལྟར་ངས་རང་གི་རྩ་ཆེ་བའི་ལང་ཚོ་དག་ཆུད་ཟོས་སུ་བཏང་སོང་ཞེས་དམོད་ཟློས་ཡང་ཡང་བྱེད། དུས་ཚོད་གང་མང་ནང་ང་ནི་འཛིན་གྲྭ་འདི་ལོའོ་ཏ་ “老大”ཡིན་ཟེར་ནས་ཇུས་གཏོགས་ཅི་ཡང་མི་བྱེད། ང་ཡང་མཚམས་རེར་གཉིད་ལ་རོལ་ལ་མཚམས་རེེར་རྒྱབ་གཟུགས་ཞིག་ལ་རེ་ལྟོས་བྱས་ནས་བསྡད། དེ་ལྟར་དོ་ནུབ་ཡང་ངའི་རང་གི་མདུན་ཅོག་སྟེང་ལ་མིག་རིག་རིག་གིས་བལྟས་ནས་བསྡད། མཚམས་ཤིག་ལ། མདུན་ཅོག་སྟེང་གི་འབྲི་དེབ་དང་སྙུག་གུས་ང་ལ་ཅི་ཞིག་འབྲི་དགོས་པའི་སྐུལ་མ་བྱེད་པའི་སྣང་བ་ཞིག་སྐྱེས། སྣང་བ་དེས་ངའི་སེམས་སུ་ཟ་འཕྲུག་ཡང་ཡང་བསླངས། མཐའ་མར་ཅི་ཡིན་འདི་ཡིན་མེད་པར་སྙུ་གུ་བཟུང་ནས་རང་གི་དོ་ནུབ་ཀྱི་སེམས་ཚོར་འབྲི་མགོ་བརྩམས།
《སེམས་ཀྱི་རང་སྒྲ།》
ཉིན་འདི་ཤད་རིང་། བདག་གི་སེམས་པ་ནི་ཧ་ཅང་བཞད་དགོད་སླངས་པ་ཞིག་རེད། ལུས་སེམས་དོ་མཉམ་མིན་པའི་ཚོར་བ་ཞིག་རང་ལ་ངང་གིས་སྟེར། དེ་སྔོན་རང་ཉིད་དགའ་མོས་ཡོད་པའི་དོན་དག་ཁ་ཤས་ཀྱང་སེམས་ལ་མི་འགྲོ་བ་ཞིག་ཏུ་གྱུར་ཟིན། སེམས་སུ་འགྱུར་མེད་པར་ཐེར་ཟུག་ཏུ་གནས་པ་ནི་ཁོ་མོའོ། གསང་བ་དང་ལྐོག་གྱུར་གྱི་ཁོ་མོ། ལྷང་ལ་འབུད་མི་རུང་བའི་ཁོ་མོ། ལུས་ཀྱི་སྙིང་དང་ཐོད་པའི་མིག་ལྟ་བུ། འདི་འདྲའི་དཔེ་མང་པོ་ཞིག་བཀོད་རུང་མོ་ངའི་སེམས་ནང་གི་གོ་གནས་དེ་མཚོན་མི་ཐུབ། སུ་ཞིག་གིས་ཤེས། མོས་ཀྱང་ཤེས་མེད་པ་ནི་ང་དུས་རྟག་ཏུ་མོ་རང་གི་རྒྱབ་དུ་ཡོད་ལ། དུས་རྟག་ཏུ་མོར་སྲུང་མ་བཞིན་སྲུང་ནས་བསྡད་ཡོད། དུས་རྟག་པར་མོ་རང་སེམས་ལ་བཅུད་ཡོད། ངས་བསམ་བློ་དང་ཞིབ་འདང་གང་མང་ཞིག་བརྒྱབ་རུང་། དེ་ལས་གཞན་གང་ཡང་འབྲི་རྒྱུ་མ་ཆུད། དེ་ནི་འཐག་མཚམས་ཆད་པའི་རྩམ་པ་ཞིག་དང་འདྲ་བར་མཚམས་ཆད་ཡོད་ལ་མེད་པ་ཞིག་སྣང་།
དོ་དགོང་གི་མཚན་མོ་འདི་ནི་ཅི་འདྲའི་རིང་མོ་ཞིག་རེད་ཨང་། ང་རང་ལ་བསམ་བློ་འཁོར་ས་མང་བའི་རྐྱེན་ཡིན་ནའང་ཐང་། གྲང་ངར་གྱི་ས་གཞི་འདིའི་ངའི་སེམས་ལ་འགྱུར་བ་བཏང་མེད་རུང་། མིག་ལམ་དུ་ཡང་ཡང་འཁོར་བའི་ཁོ་མོས་ངའི་སེམས་ཀྱི་ཡི་ག་ཡོངས་སུ་འཕྲོག སེམས་ལ་བཅུག་ནས་བསྙད་ནས་རུལ་མི་འགྲོ་བའི་བརྩེ་དུང་། སེམས་ལ་བཅུག་ནས་ཉལ་ན་འཐོར་མི་འགྲོ་བའི་བརྩེ་དུང་། འཇིག་རྟེན་འདིར་མཚོན་ན་ཁྱེད་ནི་ལོ་ཟླས་བསྙལ་པའི་རྒུན་ཆུང་དང་མཚུངས་ལ། བཏུང་ཤེས་ན་བདུད་རྩི་དང་མ་ཤེས་ཚེ་དུག་རྫས་ཡིན། ཁྱེད་ནི་ཁ་ལོ་བསྒྱུར་དགོས་པའི་རྟ་རྒོད་དེ་ཡིན།
དགོང་མོ་དེར་ངའི་ཁྱེད་ཉིད་ལ་དབང་སྒྱུར་དགོས་བསམ། ངས་ཁྱེད་ཀྱིས་ཐེབས་པའི་མནར་གཅོད་ཁུར་མི་འདོད། ངས་ཤོག་ལྟེབ་དེའི་ངོས་སུ་ཡི་གེ་དེ་དག་བྲིས་པ་ཡིན།
༧
ཉིན་གུང་འདིར་ཁོ་མོའི་རང་གི་སྒེར་སེམས་དེས་རྐྱེན་སྒྲིག་འགལ་གྱི་བུ་ཆུང་དེར་ལྷོད་ཡངས་བཟོས། བུ་ཆུང་དེའི་ད་དུང་རང་ཉིད་ཀྱི་འཇོན་ནུས་ལ་ང་རྒྱལ་བྱེད་ཀྱིན་ཡོད། (རང་གི་ཡིག་གཟུགས་བཙོག་འབྲི་བྱས་པ།) ལོ་དུ་མའི་སྔོན་དུ་ཁོ་མོས་ཤོག་ལྟེབ་ཅིག་གིས་ངོས་ནས་ཐུན་མོང་མ་ཡིན་པའི་ཚོར་བ་དེ་རྙེད་ལ། ལོ་དུ་མ་རྗེས་ཀྱི་དགོང་མོ་འདི་ལ་བུ་ཆུང་དེས་རང་གིས་ཚོར་བས་དེད་པས་ཤོག་ལྟེབ་དེའི་ངོས་ཀྱི་ཡི་གེ་འདི་གཏན་ལ་ཕབ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4250
དཔྱད་མཆན་སྤེལ།