1
“ངས་ཁྱོད་ལ་བཤད་འདོད་པའི་སྐད་ཆ་ཞིག་ཡོད་པ་དེ་ནི་ཐག་ཞོར་འབྲེང་དྲུད་དུ་ཤོར་བའི་ཆོ་མེད་ཀྱི་གཏམ་རྒྱུད་མིན། ངས་འདི་ནི་ང་རང་གི་སེམས་ཁམས་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་ཐུང་ངུ་ཞིག་གམ་ཡང་ན་འཕྲུལ་གྱི་གར་ཆུང་ཞིག་ཡིན། གར་ཆུང་དེ་རྩེ་བར་ཡུན་རིང་མི་དགོས་ཏེ་མཇུག་བསྡུ་བ་ནི་དུས་ཡུན་ག་ཚོད་དགོས་མིན་ངས་དཔོག་མི་ཐུབ། གང་ལྟར་གར་ཆུང་གི་མགོ་བརྩམས་པ་ཡིན་ན་མཇུག་ངེས་པར་དུ་འགྲུབ་པར་བྱེད་དགོས། དེ་མིན་སྙིང་པོ་མེད་པའི་བྱ་དངོས་གཞན་ལྟར་ཆོ་མེད་པར་ལུས་སྲིད། དཔེར་ན་སྒྱུ་འཕྲུལ་གྱིས་ཕྱུག་པའི་རི་མོ་བརྩམས་ཆོས་ཤིག་རང་དགར་བཞག་ན་དེ་ནི་བེད་མེད་ཅིག་ལས་ཅི་ཞིག་ཡིན།” འདི་ནི་གྲོགས་པོ་ཐང་དཀར་ལགས་ཀྱིས་ཁོ་བོར་བསྐུར་བའི་འཕྲིན་ཐུང་ཞིག་ཡིན་ལ། ཕྱིས་སུ་ང་ཁོ་དང་འཕྲད་སྐབས་ཁོང་གིས་འཕྲིན་ཐུང་འདི་ནི་ཁོའི་ཚེ་འདིར་ཆེས་ཐོག་མར་བྲིས་པའི་འཕྲིན་ཡིག་ཡིན་ཟེར། གང་ལྟར། ཆེས་ཐོག་མར་བྲིས་པའི་འཕྲིན་ཡིག་ཡིན་མིན་ང་ལ་གསལ་ཆ་མེད་ཀྱང་ཁོས་གསལ་བྱས་པ་རེད། གསལ་བཤད་མ་བྱས་ཀྱང་འཕྲིན་ཡིག་ཐོག་མ་ཡིན་མིན་ལ་ངས་དོགས་འདྲི་བྱེད་མི་སྲིད། འཕྲིན་ཡིག་ནི་སྙིང་རྗེ་བོ་ཞིག་བྲིས་འདུག་སྟེ་དུས་ཡུན་ཐུང་ངུའི་ནང་གི་གར་ཆུང་ཤ་ཚ་མོ་ཞིག་གི་མགོ་ཡང་བརྩམས་འདུག དེ་ལས་ཀྱང་ཤིན་ཏུ་སྙིང་རྗེ་བོ་ཞིག་ཡོད་པ་དེ་ནི་ཡིག་སྐོགས་རེད། ཡིག་སྐོགས་ཀྱི་ཕྱི་རུ་ང་རང་ཆེས་འབྲི་བར་དགའ་བའི་མེ་ཏོག་པདྨ་ཡིས་སྤམ་བཟོ་བྱས་འདུག མེ་ཏོག་དེ་ནི་གཞན་སུས་ཀྱང་བྲིས་པ་མིན་ཏེ་ང་རང་གིས་བྲིས་པའི་མེ་ཏོག་དེ་རེད། དེ་ནི་ང་རང་ལོ་བདུན་བརྒྱད་སྟེང་དུ་ཨ་ཁུ་ཆེ་བ་སྟེ་ཨ་ཕའི་གཅུང་བོ་ཆེ་བའི་ཤུགས་རྐྱེན་ལྟར་རི་མོ་བྲིས་པས་མེ་ཏོག་པདྨ་དང་ཅུང་འདྲ་བ་ཞིག་འབྲི་ཤེས་སོང་། དེ་དུས་ངས་རྐང་འཁྲབ་ལག་གཡོབ་དང་ས་ལྡིང་གནམ་ལྡིང་བྱས། ང་རང་སྤྲོ་བས་བརྟས་ཏེ་སློབ་གྲོགས་ཚོས་མདུན་དུ་རང་ཉིད་ཀྱིས་ཅི་ཞིག་ཤེས་སོང་བ་ལྟ་བུའི་ཉམས་བསྟན་པ་ཡིན། ཡིན་ནའང་། འདི་ནི་ངའི་ནང་སེམས་དང་འབྲེལ་བ་དམ་པོ་ཡོད་པས་ཕྱི་རུ་གསལ་ག་ལ་ཐུབ།
གཟུགས་རིང་ལ་སྨིན་མ་ནག་ཅིང་སྟུག་པའི་ཐང་དཀར་ནི་ངའི་ཅོག་གྲོགས་ཡིན། ངས་ཁོ་ལ། “འདི་ངས་བྲིས་པ་ཡིན། ཨེ་ཡག་གི” “ངོ་མ་ཡིན་ནམ། ཅི་འདྲའི་ཤ་ཚ་མོ་ཞིག་བྲིས་འདུག་ཨང་། ང་ལ་དེ་རིང་གཡར་ན་ཨེ་ཆོག” “ཁྱོས་བློ་རུ་འབབ་ན་ངས་ཁྱོད་ལ་སྟེར་ཆོག ” “ངོ་མ་ཡིན་ནམ། ” “ངོ་མ་ཡིན་ཡ། ” ཁོས་ཅུང་ཡིད་མི་ཆེས་པའི་པའི་རྣམ་འགྱུར་དང་བཅས་ང་ལ་བཀའ་དྲིན་ཞུས་སོང་།
ངེད་གཉིས་ཅོག་གྲོགས་སུ་གྱུར་ཏེ་ཉིན་ཁ་ཤས་ལས་འདས་མེད་པས་ཁོ་རང་གི་ངོ་གདོང་ལ་ཅུང་དོགས་མི་བདེ་བའི་རྣམ་པ་ཞིག་མངོན་འདུག མེ་ཏོག་དེ་ཡི་རྐྱེན་བྱས་ཏེ་ངེད་གཉིས་ཡུན་གྱིས་གྲོགས་བཟང་དུ་གྱུར་བ་དང་། བྱ་བ་བཟང་ངན་གང་འདྲ་ཞིག་བྱས་ནའང་མང་ཆེ་བར་ངེད་གཉིས་ལྷན་ཅིག་ཏུ་ཡོད། དཔེར་ན། ཁྱིམ་མཚེས་ཚང་གི་རྒན་པོ་ལོ་ལོན་དེའི་དབྱུག་རྟེན་བརྐུས་པ་དང་། དེ་མིན་སྡེ་བའི་རྫིང་བུ་ཡི་ཆུ་སྐམ་ལ་ཉེ་བས་ཉེའུ་ཕྲུག་མང་པོ་བསྐྱབས་པ་ལྟ་བུའི་བྱ་བ་བཟང་ངན་མང་པོ་བྱས་ཡོད། རེད་དེ། བྱ་ངན་དང་བྱ་བ་བཟང་པོ་གཉིས་བསྒྲུབ་པ་གང་ཞིག་མང་ཉུང་བསྡུར་ན་བྱ་བ་བཟང་པོ་བསྒྲུབས་པ་བྱ་ངན་སྒྲུབ་པ་ལས་ཀྱང་མང་མོད།འཇིག་རྟེན་གྱི་མི་རྣམས་ནི་སྐྱོན་གྱི་ནག་ཐིག་བསྒོས་པ་ཡིན་ནམ། ཡང་ན་རྒྱུ་རྐྱེན་གཞན་ཞིག་བདོག་པ་ཡིན། གང་ལྟར། ནག་ཐིག་གཅིག་གིས་ངེད་གཉིས་ཀྱི་ལུས་ཡོངས་སུ་ནག་པོར་བསྒྱུར་བ་རེད། འདི་འདྲའི་གནས་ཚུལ་ནི་ངེད་གཉིས་ཁོ་ན་ལ་ལྷགས་པ་ཙམ་མ་ཡིན་པར་འཇིག་རྟེན་གྱི་མི་མང་ཆེ་ཤོས་ལ་དེ་འདྲ་ཡིན་པ་ངས་ཤེས་ཡོད། དེ་བས་ང་རང་མི་ཁ་ལ་སྐྲག་པ་དང་རང་གི་འདས་ཟིན་པའི་བྱས་ཉེས་དག་གསང་གང་ཐུབ་བྱས་པ་ཡིན། ངས་ནི་སྐད་ཅིག་ཙམ་ལའང་འགྱུར་སླ་བའི་རྟག་པར་མི་སྡོད་པའི་འཇིག་རྟེན་གྱི་མི་རྣམས་ནི་སྐྱོན་ཁོ་ན་གླེང་བར་དགའ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དངོས་ནས་སྐྱོན་ལྡན་དག་སྐྱོན་བྲལ་དུ་འགྱུར་བའི་སྐབས་ཞིག་ཡེ་ནས་མེད་པ་འདྲ་སྟེ། སྐྱོན་ལྡན་གང་ཞིག་གིས་འཆི་ལ་ཉེ་བའི་རང་གི་མ་ཡུམ་གྱི་སྲོག་བསྐྱབས་པ་ཡིན་ནའང་། ངོ་ལ་ཕུར་ཚུགས་སུ་ཅེར་ནས་བཀའ་དྲིན་ཞུ་བ་ཙམ་ལས་ལྐོག་ནས་སླར་ཡང་སྐྱོན་དག་མ་ཎི་བཞིན་བགྲང་བར་བྱེད། ང་ནི་གཞན་སྐྱོན་ཁོ་ན་ལྟ་བ་ལས་རང་གི་གདོང་དུ་གཡག་ཞར་རྒྱུགས་ཀྱིན་ཡོད་པའང་མི་མཐོང་བའི་སེམས་དམུས་ལོང་དུ་གྱུར་བའི་མི་དག་ལ་དངོས་ནས་སུན་བྱུང་། གལ་ཏེ། ངས་རང་མེད་བྱས་ན་ཅི་འདྲ་ཡིན་ནམ། ཡང་ན་གཞན་ལག་ཏུ་རོ་བཞག་ན་ག་འདྲ་ཡིན་ནམ། ཡང་ན་མི་མེད་པའི་གནས་ཤིག་ཏུ་ཕྱིན་ཏེ་རི་དྭགས་ནང་བཞིན་རྫ་རྩྭ་ཟ་བ་དང་རྫ་ཆུ་བཏུང་ན་ག་འདྲ་ཡིན་ནམ། ངའི་འདི་རྟག་ཏུ་དྲན་ཐེངས་རེར་ཡིད་ཀྱི་ངོས་སུ་དྲི་རྟགས་མང་པོ་ཞིག་ཤ་འོད་བརྡོལ་བ་ལྟར་འཚང་ཁ་ཤིག་ཤིག་བྱེད།
2
འདས་པའི་ལོ་ངོ་མང་པོར་ངེད་གཉིས་སོ་སོར་བྲལ་བ་ཡིན་ནའང་། སེམས་ཀྱི་བར་ཐག་ནི་ཤིན་ཏུ་ཉེ་སྟེ་སེམས་ནས་ནམ་ཡང་བརྗེད་མ་མྱོང་། ཁོང་གིས་ཀྱང་ང་རང་བརྗེད་མེད་པ་ངས་གསལ་བོ་ཤེས་ཡོད། ངེད་གཉིས་ཕན་ཚུན་བྲལ་ཏེ་ལོ་ངོ་བཅུ་གྲངས་འགོར་འདུག ཡིན་ཡང་། ཁོ་རང་ངའི་ཉེ་སར་ཡོད་པ་ལྟར་ངའི་སྐྱེས་སྐར་ཡང་བརྗེད་མི་འདུག ལོ་ལྔ་དྲུག་ཅིག་གི་སྔོན་ནས་ངའི་སྐྱེས་སྐར་དུ་ཁེལ་ཐེངས་རེར་སེམས་མཚོན་བྱེད་དུ་སྙན་ངག་ཚན་པ་རེ་དང་དོར་མའི་ཁུག་མ་རུ་སྒོར་བརྒྱ་ཤོག་རེ་གནངས་ཀྱིན་ཡོད། ཁོས་ཐེངས་གཅིག་ང་ལ་འདི་ལྟར་སྨྲས་བྱུང་། “ཆེན་པོའི་ལག་རྟགས་མེད་ཀྱང་། །ཆུང་ངུའི་སྙིང་གཏམ་ཡོད་དོ། །” འདི་ནི་དམངས་ཁྲོད་ཀྱི་གཞས་ཚིག་ཅིག་དང་སྦྱར་བ་ཡིན་འདུག ཚིག་དུམ་དེར་བརྟེན་ཏེ་ང་ལ་ཁོ་ངའི་ངའི་གམ་དུ་ཡོད་པ་ལྟ་བུའི་སྣང་བ་ཆ་ཡོད་ཅིག་བྱུང་། ངས་ཀྱང་ལན་དུ“ཆེན་པོའི་ལག་རྟགས་མི་དགོས། ། ཐེངས་གཅིག་མཇལ་འཛོམས་བྱུང་ན། །ཆེན་པོའི་ལག་རྟགས་ལས་ཀྱང་། །ཞེ་རྩིས་དེ་ཡིས་ཆེ་འོ། །”ཞེས་སྨྲས་པ་ཡིན།
ངས་ནི་ཁོའི་སྐྱེར་སྐར་ལ་དོ་སྣང་མ་བྱས་པ་མིན་ཡང་མ་བྱས་པ་ལྟ་བུའི་སྣང་བ་ཞིག་བྱུང་། ཁོས་རང་གི་སྐྱེས་སྐར་ལ་དོ་སྣང་མི་བྱེད་པས་ངས་ཁོ་ལ་ཇི་ལྟར་དྲིས་ཀྱང་ལོ་གྲངས་ཙམ་སྨྲ་བ་ལས་སྐྱེས་སྐར་གྱི་ཟླ་ཚེས་གསོང་པོར་སྨྲ་མི་སྲིད། དེ་བས་ང་ལ་ཐབས་གཞན་མེད།
ཉིན་འགའི་སྔོན་དུ་ང་ལ་འཕྲིན་ཡིག་ཅིག་འབྱོར་བྱུང་། དེ་ནི་ཆེད་དུ་ང་ལ་བྲིས་པ་ཡིན་པས་ཁོས་སྔར་བཞིན་ངས་བྲིས་པའི་མེ་ཏོག་པདྨ་ཅན་གྱི་ཡིག་སྐོགས་ནང་དུ་བཅུག་འདུག “ཁྱོད་ཀྱིས་ཤེས་ངེས། ང་ཆང་འཐུང་བར་སྤྲོ་བ་མེད། དུ་བ་བག་མེད་དུ་སྤྱོད་པའང་སྤྲོ་བ་མེད། འུ་གཉིས་ལྟ་བུའི་ཕོ་ལོ་ཉི་ཤུའི་ནང་དུ་སོན་པ་ཞིག་ལ་མཚོན་ན། བརྩེ་དུང་ནི་ཆེས་རླབས་པོ་ཆེ་བ་ཞིག་དང་ཞེ་རྩིས་ཆེ་ཤོས་ཤིག་ཡིན་ངེས། ང་ལ་མཚོན་ནའང་དེ་ག་རང་ལས་མ་འདས་སོ། །
བརྩེ་དུང་བྱ་བའི་ཚིག་གཉིས་ཀྱི་དབང་དུ་ཤོར་བས་སེམས་ཁམས་མི་སྐྱིད་པའི་གནས་སུ་འཁྲིད་པ་དང་བློ་རྩེ་གཅིག་ཏུ་གནས་མི་ཐུབ་པར་གྱུར། རེད་ཡ། གྲོགས་པོ། ངས་ཁྱོད་ལ་བཤད་འདོད་པ་ནི་བརྩེ་དུང་གི་བསླུ་བྲིད་དེས་ང་ལ་མནར་གཅོད་གཏོང་གིན་འདུག བརྩེ་དུང་ནི་གཟུགས་མེད་ཀྱི་ཁབ་རྩེ་དང་འདྲ་ལ་དུག་ཅན་གྱི་ཚེར་མ་ལའང་འདྲ། གང་ལྟར། ང་བརྩེ་དུང་གི་གཟེབ་དྲྭ་ལས་ཕྱིར་འབུད་ཐབས་མི་འདུག ཕྱིར་འབུད་ཀྱང་མི་འདོད། འདི་ནི་མནར་གཅོད་ཡིན་ལ་སེམས་ཀྱི་བདེ་བའང་ཡིན།”འཕྲིན་ཡིག་དེ་བཀླགས་རྗེས། ངའི་མིག་ལམ་དུ་འཁོར་འོང་བ་ནི་གཟུགས་རིང་ལ་ནག་ཅིང་སྟུག་པའི་སྨིན་མ་ཅན་དེ་རེད།
བུད་མེད་དེ་ནི་ཡག་མོ་སྒོ་དང་ཁོག་ཤེས་རྒྱ་ག་འདྲ་ཞིག་ཡིན་ནམ། ཁོ་མོ་ནི་ང་ཚོའི་ཡིད་དུ་སྦྲང་མ་བཞིན་འཁོར་བའི་འཕགས་མ་དང་འདྲ་བར་བྱམས་སྙིང་རྗེ་ཡིས་རྒྱུད་ཕྱུག་པ་ཞིག་ཡིན་ནམ། མ་རེད། དེ་ལྟར་ཡིན་ཚེ་ཁོ་ལ་གཟུགས་མེད་ཀྱི་མནར་གཅོད་ཡོང་དོན་མི་འདུག ཡང་ན། ངག་རྒྱུན་ཁྲོད་འདྲེ་མོར་འབོད་པའི་མཆེ་བ་རིང་ཞིང་། སྐྲ་ལོ་རིང་བ་དང་མིག་ལས་ཁྲག་མར་འཕྱུར་བ་དེ་འདྲ་ཞིག་མིན་ནའང་། དེ་དང་འདྲ་བའི་བྱམས་སྙིང་རྗེ་མེད་ཅིང་ཁ་ནས་ཚིག་ངན་སྨྲ་བར་བྱང་ཆུབ་པ་དང་མི་སུ་ཡིན་སྡང་མིག་གཏོད་མཁན་དེ་འདྲ་ཞིག་ཡིན་ནམ། དཀོན་མཆོག་གིས་མཁྱེན། ཁྱོད་དེ་འདྲ་ཞིག་ལ་མི་འཕྲད་པར་ཤོག
ང་ལ་གསལ་ཆ་མེད་པ་ནི་བརྩེ་དུང་གི་མནར་གཅོད་ཡིན། ང་ཐེངས་གཅིག་ལའང་རང་ཉིད་སེམས་གཏིང་ནས་དགའ་བའི་བུད་མེད་ཅིག་ལ་འཕྲད་མ་མྱོང་། ངས་སྔོན་མ་བསྒྲིགས་པའི་དགའ་རོགས་དག་ཀྱང་ང་རང་མི་དགའ་ནའང་དགའ་བའི་ཚུལ་བསྟན་པ་ཡིན། གཞན་གློག་བརྙན་དུ་བལྟས་ནས་བརྩེ་དུང་གི་བརྩམས་ཆོས་དག་བཀླགས་ཏེ་ཡང་ནས་ཡང་དུ་སྤྲེལ་ལད་འཁྲབ་པ་ཡིན། འདི་ནི་བརྩེ་བ་མེད་པའི་མི་ཞིག་ལ་མཚོན་ན་ཆེས་ཐབས་ཤེས་ཡག་ཤོས་དེ་ཡིན། བུད་མེད་དག་ཕྱུག་བདག་གིས་རླངས་འཁོར་བརྗེ་བ་དང་ཁྱད་པར་མེད་པས་སོ། །
3
ཐང་དཀར་ངེད་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་མང་དུ་བསྐུར་བའི་མཐར། ངས་གཞི་ནས་ཁོའི་སེམས་ཀྱི་གཅོང་ནད་དེ་ཤེས་རྟོགས་བྱུང་སོང་།
4
ཐང་དཀར་གྱི་ཡི་མུག་པའི་སྐད་ཆ།
རྒྱུ་མཚན་ཅི་ཡང་མེད་པར་ཆ་མེད་ཀྱི་སྐྱེས་པ་གསུམ་དང་ལྷན་དུ་ཆང་རག་འཐུང་བའི་ལྷིང་ཞིང་འཇགས་པའི་མཚན་དཀྱིལ་ཞིག་ཏུ། ང་ཡི་སེམས་ནི་རྩེ་གཅིག་ཏུ་གནས་མི་ཐུབ་པར་སྙིང་རྗེ་བའི་བུ་མོ་ཞིག་ཡང་ཡང་སེམས་སུ་འཁོར་ཡོང་། དུས་དེ་ནས་བཟུང་ང་ཁོ་མོ་ལ་ཞེ་འཁྲེང་བ་འདྲ་སྟེ། ངས་ཁོ་མོ་མཐོང་ཐེངས་རེར་ཡིད་དུ་འོང་བའི་ཞལ་རས་ལ་ལྐོག་ལྟ་བྱས་པ་ཡིན། ལྐོག་ལྟ་བྱེད་ཐེངས་རེར་ཁོ་མོས་ཚོར་ཨེ་འོང་སྙམ་ཏེ་འཚེར་སྣང་སྐྱེས། སྤྱིར་ན་ལས་གང་ཞིག་བྱས་ཀྱང་གོམས་པར་གྱུར་ན་འཚེར་སྣང་ལྡོག་ནུས་མོད། ཡིན་ཡང་། ངས་ཁོ་མོར་ལྐོག་ནས་ལྟ་བ་ནི་ཅི་འདྲའི་གོམས་ཐབས་མེད་པ་ཞིག་རེད་ཨང་། ཉིན་རེར་ཐེངས་དུ་མར་བལྟས་ཤིང་ཟླ་བ་གསུམ་གྱི་རིང་ལ་ལྐོག་ནས་བལྟས་ཀྱང་ད་རུང་གོམས་མི་འདུག དངོས་གནས་འདི་ནི་གོམས་པར་དཀའ་བའི་ལས་ཞིག་མ་ཡིན་ནམ། ཟླ་གསུམ་གྱི་རིང་ལ་ངེད་གཉིས་བར་དུ་སྟབས་བདེ་བའི་དྲི་བ་དྲི་བ་དྲིས་ལན་ཙམ་ལས་སྐད་ཆ་མོད་པོ་མི་འདུག ཁོ་མོ་ནི་བྱིས་བློ་མ་ཡལ་བའི་བུ་མོ་ཞིག་རེད། ཏན་ཏན། ཞལ་མཚར་རྩེ་བ། ཆིག་ལབ་བྱེད་པ། གློག་བརྙན་དང་མུ་འབྲེལ་བརྙན་འཕྲིན་ལ་ལྟ་བ། འདི་ནི་ཁོ་མོའི་གཤིས་ཀྱི་གུད་དུ་རྒྱུན་ཆགས་སུ་གནས་འདུག ང་ཁོ་མོ་དང་ཡོངས་སུ་འདྲིས་ཏེ་ཁོ་མོའི་མཛའ་གྲོགས་བྱེད་འདོད་ཀྱང་། ཁོ་མོའི་ཡིད་དུ་ང་རང་བློར་འབབ་མིན་ལ་སེམས་ཁྲལ་བྱས་ཚེ་ཁོ་མོའི་གམ་དུ་བཅར་བ་ང་རང་ཨ་ཅང་སྐྲག ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་དུ་སྐྲག་པ་ཡིན་ནམ། དྲེད་མོང་ནི་མིན། མི་ནི་ཟ་མི་སྲིད་ཅེས་ལབ་ཀྱང་དེ་འདྲའི་ལས་སླ་པོ་ཞིག་མ་རེད། ལན་རེར་མནོ་བསམ་རེ་བཏང་ན་ང་ནི་དངོས་གནས་རྒྱང་ལྟ་བ་ཞིག་རེད། ངས་རྒྱང་རིང་ནས་ཁོ་མོའི་མཛེས་སྡུག་ལ་ལྟ་བ་ལས་གམ་དུ་བཅར་ཕོད་ཀྱིན་མི་འདུག
གལ་ཏེ། ང་རང་སྙན་ངག་པ་ཞིག་ཡིན་ན་ངས་ཁོ་མོའི་མཛེས་པ་འབའ་ཞིག་བརྗོད་དེ་ལྷ་ཡི་བུ་མོ་དག་ཁ་སྐྱེངས་བར་བྱེད་ངེས་ཡིན། མ་རེད། གལ་ཏེ་ང་རི་མོ་པ་ཞིག་ཡིན་ན་ངས་ཁོ་མོའི་མཛེས་སྡུག་བྲིས་ཏེ་ང་རྒྱལ་གྱི་མགོ་འཕང་མཐོ་བའི་མེ་ཏོག་དག་སྐམ་རྙིད་དུ་གཏོང་ངེས། འཇིག་རྟེན་དུ་མི་རྣམས་ཀྱིས་མཛེས་སྡུག་རྣམ་པར་བཀྲ་བ་ནི་མེ་ཏོག་བཤད་ཀྱང་ང་ཡི་མིག་ལ་ཁོ་མོ་ལས་མེད་ཡ། ད་ལྟ་ངའི་མིག་ལམ་དུ་ཁོ་མོ་དགོད་ཀྱིན་པའི་རྣམ་པ་ཤར་གྱིན་འདུག དངོས་གནས་ཡིད་དུ་འོང་བ་ཞིག་རེད། ལྷག་ཏུ་ཁོ་མོའི་ལག་པས་ཁ་ཟུམ་སྟེ་དགོད་ཀྱིན་པའི་རྣམ་པ་ནི་ཅི་འདྲའི་སྙིང་དུ་སྡུག་པ་ལ་ཨང་།
ཡིད་དུ་འོང་བའི་ཞལ་རས་སྒོར་སྒོར་དེ་མིག་ནང་དུ་འཆར་ཐེངས་རེར། ངས་ཁོ་མོར་མཛའ་གྲོགས་དང་སྐྱེས་པ་ཡོད་མེད་ལ་དོགས་སྣང་སྐྱེས། མེད་ནའང་། ང་ཁོ་མོ་དང་ཉེ་བར་བཅར་བའི་སྤོབས་པ་མི་འདུག ཅིའི་ཕྱིར་ཡིན་ནམ། དགའ་བ་ཞེས་བྱ་བའི་ཐ་སྙད་དེས་དམག་མི་ཞིག་གཡུལ་ས་ནས་དཔའ་ཞུམ་པ་ལྟར་སྤ་ཀོང་བར་བྱེད་དམ། ད་སྐབས་ང་ཁོ་མོར་བཅར་མི་ཕོད་པས་དེ་ནི་ང་ལ་མཚོན་ན་སྡུག་བསྔལ་རང་རེད།
ཁོ་མོ་དང་ཆེས་ཐུང་བའི་ཁ་བརྡ་བྱེད་སྐབས།(དོན་དུ་དུས་ཡུན་རིང་བའི་ཁ་བརྡ་བྱེད་མྱོང་མེད།) ང་ནི་དངོས་ནས་འཚབ་ཀྱིན་འདུག ཁོ་མོའི་ཉེ་སར་བཅར་སྐབས་ང་ཡི་སེམས་འཚབ་པ་དང་ངོ་མདངས་ཀྱང་འགྱུར་འགྲོ། དངོས་ནས་ངས་ཁོ་མོར་འབྲེལ་ལམ་འཛུགས་པར་སྤོབས་པ་ཞན་པས་ཞེ་ལྷོད་ལྷོད་ཀྱི་ཁ་བརྡ་ཞིག་ཀྱང་བྱེད་ཐུབ་མ་སོང་།
5
ལས་དབང་མེད་པ་ནི་མིན་པ་འདྲ་སྟེ་ངེད་གཉིས་ལས་གྲོགས་ཡིན། སྡེར་མ་གཅིག་གི་ནང་གི་ཚལ་ཡང་མཉམ་ཟ་བྱེད་ཀྱིན་ཡོད་རེད། ཉིན་ཞིག ལས་གྲོགས་ཚོས་ཁ་བརྡ་བྱེད་ཀྱིན་པའི་སྐབས་ཁོ་མོའི་ལོ་ཚོད་ཤེས་རྟོགས་བྱུང་། ཁོ་མོ་ནི་ང་ལས་ལོ་ལྔ་ཡི་ཆེ་བར་འདུག(ཁོ་མོ་ནི་ལོ་ན་ཆེ་ཡང་སེམས་གཞོན་པའི་གྲལ་དུ་གཏོགས་པ་འདྲ། ) ངས་ནི་རང་སེམས་བདག་མེད་ཀྱི་རྟ་ཕོ་དེ་ཁོ་མོར་ཤོར་བའི་ལོ་ཚོད་ལ་དོ་སྣང་བྱེད་ཀྱིན་མེད། ཡིན་ནའང་། མི་མང་པོ་ཞིག་གིས་རང་ལས་ཆེ་བའི་ཆུང་མ་ལེན་པ་ནི་བཙོག་ཏུ་ལྟ་བ་དང་མི་སྲིད་པ་ཞིག་ཏུ་བགྲང་བཞིན་འདུག ངས་འདི་དག་ལ་སྣང་འཇོག་བྱེད་མི་འདོད། གལ་ཏེ་ཁོ་མོ་གནས་སྐབས་ཙམ་ལ་ང་ཡི་མཛའ་མོ་རུ་གྱུར་ནའང་ཆུང་མ་ལེན་པའི་གོ་སྐབས་ཡོད་ཨེ་སྲིད། ཆུང་མ་ལེན་པའི་སྐབས་མེད་ཚེ་འདི་ནི་སེམས་ཀྱིས་ཐེག་པར་དཀའ་བའི་སྐྱོ་སྣང་གི་རི་བོ་ལྗིད་པོ་ཞིག་མ་ཡིན་ནམ།
གང་ལྟར་ང་རང་ཁོ་མོར་དགའ་བ་སེམས་སུ་བཟུང་ནས་ཁྱོད་ལ་དགའ་ཞེས་སྨྲ་བ་ལས་འཆོར་ཏུ་འཇུག་མི་ཕོད། ང་ཁྱོད་ཀྱི་སེམས་ཀྱི་ཕྱི་རོལ་གྱི་དགུན་གཞུང་དུ་ལུས་ཡོད་པ་ཁྱོད་ཀྱིས་ད་རུང་ཚོར་མེད།
ཆར་བ་འབབ། རླུང་བུ་གཡུགས། འདི་དག་གིས་ཕྱི་ཡི་སྐྱི་ལྤགས་ལ་གནོད་པའི་སྦྱོར་བ་རྩོམ་ནུས་ཀྱང་། ནང་སེམས་ལ་ན་ཟུག་གི་རི་མོ་གང་ཡང་འབྲི་མི་ཐུབ། ནང་སེམས་ཀྱི་ཚོར་བ་ནི་བཤད་འདོད་པ་ཙམ་གྱིས་བཤད་ཐུབ་པ་ཞིག་དང་། རེག་འདོད་པ་ཙམ་གྱིས་རེག་ཐུབ་པའི་བྱ་དངོས་ཤིག་མ་ཡིན། ལྷག་ཏུ་ཇི་ལྟར་སྟོན་ནུས་སམ། སུ་ཞིག་གིས་བསྟན་མྱོང་ཡོད་དམ།
གྲོགས་པོ། ད་ལྟ་ཁོ་མོའི་མགོ་བོ་འདུག་སྟེགས་སུ་བསྙེས་ཏེ་གཉིད་དུ་ཡུར་འདུག ལྟོས་དང་། རྣམ་པ་འདི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་།
6
ལས་ཅི་བྱས་ཀྱང་ཁོ་མོ་ནི་སྙིང་རྗེ་བར་མཐོང་། ང་ནི་ཁོ་མོའི་གམ་དུ་བཅར་མི་ཕོད་པའི་བྱིའུ་དེ་ཡིན།
ལན་རེར། སང་ལོར་བག་མར་འགྲོ་བའི་སེམས་ཁུར་ཡང་སྐྱེས་མྱོང་།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4239
དཔྱད་མཆན་སྤེལ།