“ཨ་རིའི་བུད་མེད་རྩོམ་པ་པོ་ཁཱར་ཐི་ཞོའོ་པང(凯特.肖邦)ལགས་ཀྱི་སྒྲུང་ཐུང་《སི་རྐང་ཤུབས་ཆ་གཅིག》་ཅེས་པ་འདི།དྲ་གྲོགས་ཚོར་ཞོགས་ཇ་མངར་མོ་ཞིག་གི་ཚུལ་དུ་འབུལ།” 2023.2.26ཉིན་གྱི་ཞོགས་པའི་ཆུ་ཚོད7:00སྟེང་།
ཞེས་དྲ་གྲོགས་ག་གེ་མོ་ཞིག་གི་སྐད་འཕྲིན་རྒྱབ་ལྗོངས་ན་བཞག་འདུག་པས། དེ་མ་ཐག་མཚོ་མོའི་ཡིད་ལ་སེམས་ཀྱི་གཏིང་རུམ་ནས་ནམ་ཡང་བརྗེད་དུ་མེད་པའི་རྐང་འབོལ་དེ་ཐོལ་གྱིས་ཤར་བྱུང་།
“ཨ་མ། ངས་ལྕི་བའི་བག་ལེབ་བསྲེག་རྒྱུ། ངས་ལྕི་བའི་བག་ལེབ་བསྲེག་རྒྱུ། ”་ཞེས་མཚོ་མོས་ཆུང་དུས་རྒྱུན་དུ་ཨ་མ་ཕར་འདེད་ཚུར་འདེད་བྱས་ནས་བརྗོད་པའི་སྐད་ཆ་དེ་ཡིན་ལ།རྩྭ་ཐང་གི་གང་ས་གང་དུ་ལྕི་བའི་བག་ལེབ་བསྲེགས་པ་དང་།གཡག་རྭའི་སྟེང་ལ་ལྕི་བ་ཆེན་པོ་གླན་ནས་ཉི་མར་བསྐམས་རྗེས་དགུན་དུས་དར་ཤུད་བྱེད་སྤྱད་ལ་སྟ་གོན་བྱེད་པ་ནི་ཁོ་མོའི་ཆུང་དུས་ཀྱི་ལས་ཀ་གལ་ཆེན་ཞིག་ཡིན། ཐ་ན་མཚམས་རེར་ལྕི་བའི་བག་ལེབ་ཀྱི་རོ་མྱོང་བ་སོགས་ཆུང་གྲོགས་རེ་འགའ་དང་ལྷན་དུ་གླེན་རྟགས་ཀྱང་བསྟན་མྱོང་།
“གཅེས་ཕྲུག ཐེ་གེ་རྩེའམ།” ཞེས་མཚོ་མོའི་ཨ་ཕྱིས་རྒྱུན་དུ་ཁོ་མོར་འདྲི་ཞིང་། དེ་ཡང་ཁ་རྒྱུན་ལ་རྒན་པ་ཚོ་ལོ་ཆེར་འགྲོ་བ་དང་ཆབས་ཅིག་ཏུ་བྱིས་པའི་ཉམས་ཡོད་ཅེས་པ་ལྟར། དགུངས་གྲངས་བརྒྱད་ཅུ་ལྷག་ཡིན་པའི་མཚོ་མོའི་ཨ་ཕྱི་ནི་མཚོ་མོའི་ཆུང་དུས་ཀྱི་རྩེད་རོགས་དམ་པ་ཚོའི་གྲས་ཀྱི་གཅིག་ཡིན། ཕྱི་ཚུལ་དབྱིན་ཡིག་གི་ཡིག་འབྲུ་S་ལྟ་བུའི་ཐེ་གེ་ནི་འབྲོག་ཐང་གི་བྱིས་པ་ཆུང་ཆུང་ཚོའི་ཁྲོད་ན་ཕལ་ཆེར་རྩེ་ཤེས་མཁན་མེད་པས། མཚོ་མོའི་ཨ་ཕྱིས་རྒྱུན་དུ་“ཐེ་གེ་ཡར་འཁོར་ར་དང་མར་འཁོར་ལུག གཡོན་འཁོར་བོང་བུ།གཡས་འཁོར་རྟ།ཀེག་ལངས་རྔ་མོང་། ལྡོག་ལངས་སེང་གེར”་ངོས་འཛིན་མཛད་དགོས་ཚུལ་སོགས་བརྗོད་ཅིང་།ཐེ་གེ་རྩེད་སྐབས་མཚོ་མོའི་ཨ་ཕྱིས་ཐེ་གེ་རེ་རེར་མ་ཎི་ཚར་གཅིག་རེ་འདོན་ཞིང་།ལུག་ཤ་ཟོས་པ་ལ་ཉེས་བཤགས་ཡིན་ཞེས་བརྗོད་མྱོང་ལ།མཚོ་མོ་དང་ཁོ་མོའི་ཆུང་གྲོགས་ཚོའི་དགོད་ཁ་ཡང་བསླངས་མྱོང་། མཚོ་མོའི་ཨ་ཕྱི་ནི་མཚོ་མོ་དང་ཁོ་མོའི་ཆུང་གྲོགས་ཚོའི་ཐེ་གེ་རྩེ་བར་སྣེ་སྟོན་བྱེད་མཁན་གྱི་དགེ་རྒན་ཐོག་མ་ཡིན་ལ། སྦྲ་གུར་གྱི་འདབས་མཐའ་ཡར་བརྫེས་ནས་ཁྱིམ་མཚེས་གཡན་གཡོན་གྱི་བྱིས་པ་ཚོ་དང་མཉམ་དུ་ཐེ་གེ་རྩེ་བ་ནི་ཐེངས་རེ་གཉིས་ཙམ་ག་ལ་ཡིན།
ལོ་ངོ་བདུན་ནི་ཁད་ཀྱི་འདས་སོང་ལ།མཚོ་མོ་ཡང་དཔེ་ཁུག་ཆུང་ཆུང་རྒྱབ་ལ་ཐོགས་པའི་སློབ་ཆུང་སློབ་མ་ཞིག་ཏུ་གྱུར་བས། སློབ་གྲྭ་ནས་ཐེ་གེ་རྩེ་རྒྱུ་དང་ལྕི་བའི་བག་ལེབ་བསྲེག་རྒྱུ་ནི་སྟོང་སེམས་ཁོ་ན་ཉིད་དུ་གྱུར། ཉིན་ཞིག་མཛོ་མོའི་ངུར་སྒྲ་ཐན་ཐུན་ཞིག་གོ་བྱུང་བས།སྟོང་སྣང་གི་བསམ་པ་ལ་འཁྲུལ་སྣང་སྐྱེ་བ་ཡིན་ནམ་སྙམ་ནས་མཚོ་མོས་སློབ་ཁང་གི་དྲ་མའི་ནང་ནས་ཕྱི་རུ་བལྟས་ཚེ། སློབ་མ་ཁ་ཤས་ཀྱིས་སློབ་གྲྭའི་ར་བའི་ནང་དུ་འཛུལ་བའི་མཛོ་མོ་ཞིག་འདེད་བཞིན་འདུག གློ་བུར་དུ་རྒྱ་ཡིག་དགེ་རྒན་གྱི་ཡ་མཚན་གྱི་སྐད་སྒྲ་ཞིག་སྒྲོག་བྱུང་བས། སློབ་མ་རྣམས་མགྱོགས་པོར་མཐའ་འཁོར་དུ་འདུས་པ་ན། མ་གཞིར་མཛོ་མོའི་ལྕི་བ་ཞིག་བཏང་ཡོད་པས་ཡིན་འདུག མཚོ་མོ་དགའ་ནས་མགྱོགས་པོར་ཕུ་རུང་ཡར་བརྫེ་ནས་ལག་པས་ལྕི་བ་དེ་བཏུ་གྲབས་ཡོད་པའི་སྐབས་དེར།
“མ་ཐུག དེ་མི་གཙང་བའི་དངོས་པོ་རེད།”
ཅེས་རྒྱབ་ཕྱོགས་ནས་རྒྱ་ཡིག་དགེ་རྒན་གྱིས་སྐད་སྒྲ་སྒྲོག་བྱུང་།“མགོ་ནག་བརྟེན་ས་སྤུ་ནག སྤུ་ནག་བརྟེན་ས་སྤང་རྩྭ།”་ཞེས་པ་ལྟར་རྩྭ་ཆུ་ཟས་སུ་བྱེད་པའི་ནོར་གནག་གི་ལྕི་བ་ནི་མཚོ་མོས་མི་གཙང་བའི་དངོས་པོ་ཞིག་རེད་གཏན་ནས་འདོད་མ་མྱོང་།འོན་ཀྱང་སློབ་གྲོགས་ཤིག་གིས་ལག་པ་རྒྱང་ལ་བསྲིངས་ཏེ་ལྕགས་ཁེམ་ནང་འཁྱེར་ནས་འགྲོ་བའི་ལྕི་བ་དེ་ཡིན་ཡང་སྲིད། རྫུ་བག་ཆེ་དྲགས་པའི་རང་གཤིས་དེའི་རྐྱེན་གྱིས་ཡིན་ཡང་སྲིད། སློབ་གྲོགས་ཚོའི་ཐུན་མིན་གྱི་མིག་མདངས་དང་དགེ་རྒན་གྱི་རྣམ་འགྱུར་དེའི་རྐྱེན་གྱིས་ཡིན་ཡང་སྲིད། ཕྱི་ནུར་གྱི་གོམ་ཁ་དམ་པོས་མཚོ་མོའི་རྫུ་བག་གི་རྣམ་འགྱུར་མཚོན་ལ། དེ་ནས་བཟུང་མཚོ་མོ་ཡང་ལྕི་བ་མཐོང་ན་ཕྱིར་ནུར་བྱེད་མཁན་གྱི་གྲས་སུ་ཐེ།
མཚོ་མོའི་ཨ་མས་ལྕི་བ་ལ་“རིན་པོ་ཆེ”་ཞེས་བརྗོད་ཅིང་།ཞོགས་པར་སྔ་མོར་ལྷས་ཀྱི་སྒོ་ཕྱུགས་རི་ལ་རྒྱབ་མ་ཐག་ཏུ།སླེ་བོ་རྒྱབ་ལ་ཐོགས་ནས་ལྷས་ཀྱི་ལྕི་བ་རྣམས་གཙང་མར་བཏུས་རྗེས།ཉིན་ཁ་དང་རྩྭ་ཐུང་སའི་གནས་ལེགས་པོ་ཞིག་བདམས་ནས།ལྕི་བ་དེ་དག་བག་ལེབ་བསྲེགས་པའི་ཚུལ་གྱིས་རེ་རེ་བཞིན་ས་སོས་སུ་སྦྱར་ཞིང་།ཕྱི་ཚུལ་ནི་བག་ལེབ་དང་ཀུན་ནས་མཚུངས་པས།མཚོ་མོ་དང་ཆུང་གྲོགས་ཚོས་ལྕི་བ་བསྐམས་པ་ལ་“ལྕི་བའི་བག་ལེབ་བསྲེགས་པ།”་ཞེས་མིང་སྙན་མོ་ཞིག་བཏགས་ཡོད།ཆུང་དུས་མཚོ་མོ་ནི་ཁོ་མོའི་ཨ་མའི་འགྲམ་གྱི་ལས་རོགས་གལ་ཆེན་ཡིན། འོན་ཀྱང་སློབ་གྲྭ་སོང་བ་ནས་བཟུང་མཚོ་མོ་ཁོ་མོའི་ཨ་མའི་འགྲམ་ནས་གཏན་ནས་མཐོང་མ་མྱོང་།
དགོང་མོ་དེར། མཚོ་མོས་རང་གི་ལོ་ལྔ་ལོན་པའི་བུ་ཆུང་ཝང་ཞའོ་ལིན་ལ།“དོ་ནུབ་ཨ་མས་ཁྱེད་ལ་བྱིས་སྒྲུང་མི་བརྗོད་པར་《རྐང་འབོལ།》ཞེས་པའི་གཏམ་རྒྱུད་ཅིག་བཤད།”་ཅེས་པ་ན།གཏམ་རྒྱུད་ཀྱི་ཁ་བྱང་ཁོ་ནས་ཀྱང་བུ་ཆུང་གི་མཚར་ཉམས་རབ་ཏུ་བཀུག་པ་ལྟར་རྣ་བ་བླགས་ནས་ཉན་འདུག མཚོ་མོས་རྒྱ་སྐད་ཀྱི་སྒོ་ནས།
“སྔོན་ཆད་ཨ་མ་ཞིག་གི་ལུས་སྟེང་ན་དྲི་མ་ཁྱད་པར་ཅན་ཞིག་ཡོད། ཨ་མ་དེའི་བུ་མོ་ཆུང་ཆུང་ཡིན་དུས་སུ་ཨ་མའི་ལུས་སྟེང་གི་དྲི་མ་ནི་གནམ་འོོག་གི་ཆེས་ཞིམ་པའི་དྲི་མ་དེ་རེད།”ཅེས་ནས་ནམ་རྒྱུན་ཨ་མ་དེའི་ལྭ་བ་དག་སྔས་མགོ་བྱས་ནས་ཉལ་རྒྱུར་དགའ།ཡིན་ཡང་ཨ་མ་དེའི་བུ་མོ་སློབ་ཆུང་མཐར་ཕྱིན་ནས་དམའ་འབྲིང་ལ་ཞུགས་པའི་ཉིན་དེ་ནས་བཟུང་།“སྤོས་ཆུ་ནི་ལུས་ཀྱིྱི་དྲི་མ་སེལ་ཐབས་ལེགས་ཤོས་དེའོ།”ཞེས་བརྗོད་རྒྱུར་ཤིན་ཏུ་དགའ། ཨ་མ་དེའི་ཉིན་ཐོག་ལ་ཟླ་བརྩེགས་ནས། ཟླ་ཐོག་ལ་ལོ་བརྩེགས་ནས་ཉི་མ་རེ་རེ་བཞིན་ལྕི་བ་ལ་མི་རེག་དུས་གཅིག་ཀྱང་མེད་ཕྱིར། ལྕི་བ་ནི་ཁོ་མོའི་ལུས་སྟེང་གི་དྲི་མ་ཁྱད་པར་ཅན་དེ་རུ་གྱུར་ཡོད། ཁ་བ་ལྷབ་ལྷུབ་ཏུ་བབས་པའི་དགུན་ཁ་ཞིག་ལ།བུ་མོ་དེ་སློབ་གྲྭར་འགྲོ་དགོས་པས་ཨ་མ་དེའི་བུ་མོའི་ལུས་ཀྱི་གྱོན་པ་ཡོངས་ལ་ཞིབ་བཤེར་ཐེངས་གཅིག་བྱས་རྗེས།མཐར་རང་གི་བུ་མོའི་རྐང་འབོལ་ཐུང་ཐུང་དེ་རིག་ནས།རྐང་བ་འཁྱགས་པར་བདོག་ནས་རང་གི་ཉར་ཚགས་བྱེད་པའི་རྐང་འབོལ་དེ་བུ་མོ་དེར་བྱིན། རྐང་འབོལ་དེ་ནི་ཨ་མ་དེའི་ལོ་ངོ་གཉིས་གསུམ་ཙམ་ལ་ཉར་ཚགས་བྱེད་པའི་རྐང་འབོལ་ཞིག་སྟེ།ལོ་རེ་བཞིན་ལོ་སར་དང་དུས་སྟོན་སྐབས་སུ་ཐེངས་རེ་གོན་རྗེས་དེ་མ་ཐག་སླར་ཡང་ཕུད་ནས་ཉར་ཚགས་བྱེད་པ་རེད། སྤྱིར་བུ་མོས་མི་དགོས་ཚུལ་གྱི་སྐད་ཆ་དང་རྣམ་འགྱུར་གང་མང་བསྟན་རུང་ཨ་མ་དེས་ཨུ་ཚུགས་ཀྱི་སྒོ་ནས་ཁོ་མོར་རྐང་འབོལ་དེ་གོན་དུ་བཅུག འདི་ལྟར་ཨ་མས་རང་གི་བུ་མོའི་ཐུང་དྲགས་པའི་རྐང་འབོལ་དེ་ལས་འཁྱགས་པར་དོགས་རུང་།བུ་མོས་ཨ་མའི་འཁྱགས་ནས་དམར་པོར་གྱུར་པའི་རྐང་བའི་ན་ཟུག་ག་ལ་རྟོགས། བུ་མོ་དེ་སློབ་གྲྭའི་ཉལ་ཁང་དུ་ཐོན་མ་ཐག ཉལ་ཁང་གི་སློབ་གྲོགས་ཁ་ཤས་ཀྱིས་ཉལ་ཁང་ནང་ན་ལྕི་བའི་དྲི་མ་བྲོ་བཞིན་འདུག་ཅེས་བརྗོད་པས།བུ་མོ་དེ་དེ་མ་ཐག་གདོང་དམར་པོར་གྱུར་ཅིང་།རང་གི་རྐང་འབོལ་ཐུང་ཐུང་དང་ཨ་མས་རང་ལ་བྱིན་པའི་རྐང་འབོལ་དེ་གཉིས་མཉམ་དུ་ཕུད་ནས་གད་སྙིགས་སྒམ་དུ་གཡུགས། ཡིན་ཡང་སྔར་བཞིན་ཉལ་ཁང་དུ་ལྕི་བའི་དྲི་མ་བྲོ་བཞིན་འདུག་པས། སློབ་གྲོགས་གཞན་པ་ཞིག་གི་ལྷམ་གྱི་ཟུར་ན་ལྕི་བ་ཅུང་ཙམ་འགོས་ཡོད་པས་དེའི་དྲི་མ་ཡིན་འདུག བུ་མོ་ནོངས་འགྱོད་མི་དམན་པ་སྐྱེས་སོང་། རྒྱུ་མཚན་ནི་རྫུ་བག་གི་རང་གཤིས་དེའི་རྐྱེན་གྱིས་ཡིན་འདུག”མཚོ་མོས་གཏམ་རྒྱུད་བརྗོད་ནས་ཚར་དུས་བུ་ཆུང་སྔ་མོ་ནས་གཉིད་ཟིན།
“འཁྲབ་སྟོན་གྲོལ། རོལ་དབྱངས་འཇགས། རྨི་ལམ་ཞིག་རྨིས་ཚར་བ་འདྲ། མི་རྣམས་ཕྱོགས་བཞི་མཚམས་བརྒྱད་དུ་ཐོར། ལྕམ་མོ་སཱ་མོ་སི(萨默斯)དཀྱོགས་མཚམས་སུ་ཐོན་ནས་འཕྲུལ་རྟ་ལ་སྒུག་འདུག་་་་་་” མཚོ་མོས《སི་རྐང་འབོབ་ཆ་གཅིག》 ཅེས་པའི་སྒྲུང་ཐུང་འདིའི་ཆེས་མཇུག་གི་ཚན་པ་འདི་ཀློག་བཞིན། དངན་པ་རིང་བོ་ཞིག་འཐེན་ཏེ། རྩྭ་ཐང་ནས་སྐྱེས་པ་ནས་བཟུང་སྦྲ་གུར་དང་གོམ་པ་གང་ཡང་ཁ་བྲལ་མ་མྱོང་བའི་རང་གི་ཨ་མ་ཡིད་ལ་ཤར་ཞིང་།
“ཨ་མས་ཐ་ན་ལྕམ་མོ་སཱ་མོ་སི་ལྟར་གྱི་ལོངས་སྤྱོད་ཐེངས་གཅིག་ཀྱང་བྱེད་མ་མྱོང་།”ཞེས་ཁ་ནས་རང་དབང་མེད་པར་ཚིག་འདི་ལྟ་བུ་ཞིག་ཤོར་ཞིང་།གལ་ཏེ་བུ་ཆུང་གཉིད་མེད་ན་མཚོ་མོས་འདི་ལྟར་བརྗོད་མི་སྲིད། རྫུ་བག་གི་རང་གཤིས་དེའི་རྐྱེན་གྱིས་མཚོ་མོས་ཐ་ན་གོང་གི་གཏམ་རྒྱུད་《རྐང་འབོལ》ཞེས་པའི་ཁྲོད་ཀྱི་“ཨ་མ་དེའི་བུ་མོ།”ཞེས་པ་ཁོ་མོ་ཡིན་པ་ནི་བུ་ཆུང་ཝང་ཞའོ་ལིན་ལ་ཅི་ནས་ཀྱང་བརྗོད་མ་ཐུབ།
དགོང་མོ་འདིར་མཚོ་མོ་འདང་རྒྱག་གི་ནང་དུ་ལྷུང་།རང་གི་འགྲམ་གྱི་གཉིད་དུ་ཡུར་བའི་བུ་ཆུང་ཝང་ཞའོ་ལིན་དང་།དེ་མིན་གཞུང་ཞབས་པའི་བྱ་བ་སྒྲུབ་བཞིན་པའི་རང་གི་ཁྱོ་ག་ཝང་ཏའ་ཀང་། གནས་ལ་ཡོང་བ་ནས་བཟུང་ཐེངས་གཅིག་ཀྱང་ཡུལ་ལ་ལོག་མ་མྱོང་སའི་རྩྭ་ཐང་གི་སྦྲ་ཁྱིམ་སྨུག་པོ་དང་། དུས་ནམ་ཡང་རང་ཉིད་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་པའི་དྲིན་ཆེན་གྱི་ཕ་མ་གཉིས་ཀ་སོགས་རེ་རེ་བཞིན་ཡིད་ལ་ཤར་ཞིང་།མིག་ཆུ་དབང་མེད་དུ་བཞུར་བྱུང་།ཕྱིར་འདང་གི་ཀློང་ནས་ལོ་དེར་མཚོ་མོའི་ཨ་ཕྱི་ན་ཚ་བྱུང་སྟེ།སློབ་ཆེན་འགྲིམས་བཞིན་པའི་ཁོ་མོ་ལ་མྱུར་བར་གནང་བ་ཉིན་ཁ་ཤས་ཞུས་ནས་ཕྱིར་ཡོང་དགོས་ཚུལ་གྱི་གནས་ཚུལ་འབྱོར་བས། མཚོ་མོས་གནང་བ་ཞུས་ནས་ཨ་ཕྱིའི་འགྲམ་དུ་འབྱོར།ཨ་ཕྱིས་ངག་འདར་འདར་གྱིས་བཤད་རྒྱུར།
“མཚོ་མོ། ཨ་ཕྱིས་ཁྱེད་ཀྱི་གཉེན་སྟོན་རིག་པའི་གོ་སྐབས་ཕལ་ཆེར་མི་འདུག སྔོན་ཆད་ཨ་ཕྱི་གཉེན་སྒྲིག་སྐབས་ཕུགས་སྟོད་དུ་གཡང་མདའ་འཇོག་ཅིང་།དེའི་འོག་ཏུ་ལྕི་བ་སྒྱེ་གང་དང་ཆུ་དྭངས་མོ་ཟོམ་གང་འཇོག་པ་དང་། ད་དུང་དེའི་སྟེང་སོ་སོར་བཀྲ་ཤིས་ཁ་བཏགས་རེ་ཕུལ་བའི་དཔེ་ཡོད་དེ། དེ་ཡང་གཉེན་སྒྲིག་པའི་གསར་བུ་དང་གསར་མོ་གཉིས་ཀྱི་གོ་ཁ་བུ་ཡིས་གང་ཞིང་སྒོ་ཁ་རྒྱུ་ཡིས་གང་བའི་བཀྲ་ཤིས་ཕྱྭ་གཡང་གི་ཚབ་ཡིན། ད་ལྟ་ཨ་ཕྱི་ལ་དུས་ཚོད་མང་པོ་མི་འདུག་པས།ཨ་ཕྱིས་སྔ་མོ་ནས་བཟུང་ཁྱེད་ལ་ལྕི་བ་སྒྱེ་གང་གསོག་ཡོད།གལ་ཏེ་རྗེས་ཕྱོགས་ཁྱེད་ཀྱིས་གཉེན་སྒྲིག་སྐབས་སྦྲ་ནང་ནས་སྟོན་མོ་སྤེལ་ཚེ། ལྕི་བ་སྒྱེ་གང་བོ་གན་ཞོག་དང་ཚེ་གཡང་འཕེལ།”ཞེས་བཤད།
འཆི་བདག་གིས་སུ་ཞིག་ལའང་བཟོད་སྒོམ་དང་སྙིང་རྗེ་མི་སྒོམ་པ་ལྟར།ཉིན་ཤས་རྗེས་ནས་མཚོ་མོའི་ཨ་ཕྱི་འཇིག་རྟེན་དཀར་ངོགས་འདི་དང་ཁ་བྲལ།འདི་ལྟར་དབྱིན་ཡིག་གི་ཡིག་འབྲུ་S་ལྟ་བུའི་ཐེ་གེའི་རྩེད་རིགས་དེ་དག་ཀྱང་མཚོ་མོའི་འཚོ་བའི་ཁྲོད་ནས་གཏན་དུ་ཡལ། ཨ་ཕྱིའི་སློབ་གསོ་ནི་རྣ་རྒྱབ་ཀྱི་རླུང་དུ་གྱུར་ཏེ། ལོ་དེར་སློབ་ཆེན་མཐར་ཕྱིན་མ་ཐག་མཚོ་མོ་སྲིད་གཞུང་གི་གཞུང་ཞབས་པར་རྒྱུགས་འཕྲོད་པའི་རྒྱ་རིགས་ཝང་ཏའ་ཀང་དང་གཉེན་སྒྲིག ཕ་མ་གཉིས་དང་ཤ་ཉེ་འབྲེལ་སོགས་ཀྱིས་སློབ་གསོ་གང་མང་ཞིག་བཏང་ཞིང་།ད་དུང་རིགས་མི་མཐུན་པ་གཉེན་སྒྲིག་པ་ནི་གཉེན་སྒྲིག་གི་འཛེམ་བྱ་ཡིན་པ་སོགས་ཇི་ལྟར་བརྗོད་ཀྱང་། མཚོ་མོས་རང་དབང་དང་ཁྲིམས་ལུགས་ཀྱི་ཚིག་དུམ་ཇི་སྙེད་ཅིག་བརྗོད་ནས་ཉེ་འབྲེལ་ཀུན་ཀྱང་བཤད་རྒྱུ་མེད་པར་བྱས། མཚོ་མོས་རང་གི་སྔོན་བྱས་ཀྱི་བྱ་བ་འདི་དག་ལ་བསམ་བློ་གཏང་ཞོར་དུ་མིག་ཆུ་དབང་མེད་དུ་བཞུར་ཞིང་།ཕ་མ་དང་གཉེན་ཉེ་དྲན་པའི་དྲན་གདུང་གིས་རབ་ཏུ་མནར།
ཕྱི་ཉིན་མཚོ་མོས་ཅི་ནས་ཀྱང་སྦྲ་ཁྱིམ་དུ་ཐེངས་ཤིག་ལོག་དགོས་སྙམ་ནས།ཁྱོ་ག་ཝང་ཏའ་ཀང་ལ་རླངས་འཁོར་བསྐོར་ཏུ་བཅུག་སྟེ།ཁོ་ཚང་གི་བཟའ་མི་གསུམ་པོ་ཕྱིར་རྩྭ་ཐང་དུ་ལོག ཟུག་སྐད་ཆེས་ཆེར་སྒྲོག་པའི་འབྲོག་ཁྱིས་མ་གཏོགས་ཁྱིམ་ཚང་ལ་མགྲོན་པོ་ཡོང་གིན་ཡོད་པ་མི་ཤེས་པ་ལྟར། སྦྲ་ནག་གི་སྒོ་ཁ་ན་ཁྱིམ་མི་གཅིག་ཀྱང་མི་འདུག ཁོ་ཚོ་རླངས་འཁོར་ལས་བབས་ཏེ་སྦྲ་ནག་གི་སྒོ་རས་བརྫེས་ནས་སྦྲ་ཁྱིམ་དུ་འཛུལ།སྦྲ་ཁྱིམ་གྱི་ནང་རོལ་ན་དབྱིན་ཇི་རྒྱལ་ཁབ་ནས་ཡོང་བ་ཡིན་ཞེས་པའི་ཡུལ་སྐོར་བ་ཁ་ཤས་ཀྱིས་ལག་ཏུ་གན་རྒྱའི་ཡི་གེ་བཟུང་ནས་སྦྲ་ཁྱིམ་ན་ཨ་མ་དང་སྲུ་མོ་གཉིས་ལ་ལྕི་བའི་བག་ལེབ། ལྕི་ར། ལྕི་ཁང་། ལྕི་སྒོང་། འདི་དག་ཇི་ལྟར་ལས་དགོས་ཚུལ་ཐད་ཀྱི་ལག་རྩལ་རྩད་གཅོད་དང་།ཨ་མ་དང་སྲུ་མོ་གཉིས་ལ་མཉམ་འབྲེལ་གན་རྒྱ་འཇོག་རྒྱུའི་གྲོས་མོལ་བྱེད་བཞིན་འདུག་ལ། མཚོ་མོས་རང་གི་འགྲམ་གྱི་ཁྱོ་ག་ཝང་ཏའ་ཀང་དང་བུ་ཆུང་ཝང་ཞོ་ལིན་ལ་བལྟ་བཞིན། མཚོ་མོའི་ཡིད་ལ་རང་ཉིད་ཀྱི་སློབ་ཆེན་སྐབས་ཀྱི་ཆེད་ལས་ནི་དཔལ་འབྱོར་དོ་དམ་རིག་པ་ཡིན་པ་ཡིན་པ་ཡིད་ལ་ཤར་ཞིང་། སློབ་ཆེན་མཐར་ཕྱིན་པ་ནས་ཁྱིམ་འཛིན་མའི་མཚན་ཉིད་དང་དུ་བླངས་བའི་རང་ཉིད་ཀྱི་ཚུགས་ཀ་ལ་ཅི་ནས་ཀྱང་ཞེན་པ་ལོག་ཀྱང་།ཆུང་དུས་རང་ཉིད་ཆེས་དགའ་ས་དེ་ཉིད་ད་ལྟ་གཞན་གྱི་ཁེ་ལས་གསར་སྤེལ་གྱི་ཡོ་བྱད་དུ་གྱུར་བས། མཚོ་མོའི་སེམས་སུ “ དོ་དམ་དུ་ངས་ཅི་ཞིག་ལ་རྫུ་བག་བྱེད་ཀྱིན་ཡོད་དམ།”ཞེས་བསམ་གཞིགས་ཀྱི་རྒྱ་རུ་ཚུད།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4231
དཔྱད་མཆན་སྤེལ།