1
སེམས་ཞེས་པ་འདི་ལ་སྐྱོ་དྲགས་ཏེ་སྐྱོ་བའི་མཐའ་ལ་ཐུག་རྒྱུ་ཞིག་ཡོད་དམ།རང་སྲོག་གཅོད་པ་ནི་སྐྱོ་བའི་གཏིང་མཐར་བྱིང་བའི་མཚོན་རྟགས་ཤིག་ཡིན་ནམ།
སྐར་མ་མཚོ།ཁྱོད་ཀྱིས་ང་ལ་དེ་ལྟར་རྒྱབ་འགལ་བྱེད་དོན་ཅི།མ་གཞི་ཕོ་མོའི་བར་གྱི་བརྩེ་དུང་ནི་བླ་ན་མ་མཆིས་པ་ཞིག་ཡིན་ཡང་།བརྩེ་དུང་རོལ་མཁན་གྱི་ང་ཚོ་གང་ཟག་རྣམས་ནི་ཅི་འདྲའི་ཡིད་རྟོན་མེད་པ་ཞིག་རེད།སྐར་མ་མཚོ།ཁྱོད་ཀྱིས་ང་ལ་རྒྱབ་འགལ་བྱས་པའི་དུས་དེ་ནས་བཟུང་།ང་རང་འཇིག་རྟེན་འདིའི་ཡོད་དོ་ཅོག་ལ་རེ་ཐག་ཆད་པ་ལྟར་སེམས་ཁམས་འདི་སྟོང་འཇགས་སེ་འཚོ་ཁུལ་བྱེད་བཞིན་ཡོད་པ་མ་ཟད།འཇིག་རྟེན་འདིའི་བྱ་དངོས་ཡོད་ཚད་ང་ཡི་ཁ་གཏད་དུ་ལངས་པའི་དགྲ་བོ་རེ་རེ་དང་འདྲ་བར།ང་རང་དེ་དག་ལ་སྡང་ཞིང་དེ་དག་ལ་སུན།འདི་ནི་ཁྱོད་ཀྱིས་ང་ལ་གནང་བའི་ལྡོག་མེད་ཀྱི་ལས་དབང་ཞིག་ཡིན་པར་བགྱིས།ལས་དབང་དེའི་ཆེད་དུ་ངས་རང་ཉིད་ཀྱི་ལས་དབང་ལ་ལྷག་ཏུ་ནས་ཀྱང་དོ་སྣང་བྱེད་མགོ་བརྩམས།
གླེན་པ་ངས་ཕ་ཡུལ་གྱི་ཡུལ་མི་ཚོས་དོ་སྣང་ཆེས་ཆེར་མི་བྱེེད་པའི་དྲག་རྩལ་ཞེས་པ་དེ་རང་གི་རུས་རྐང་དུ་ཟུག་འདྲའི་དགའ་ཕྱོགས་ཤིག་ཏུ་བདམས་ཚར་ཕྱིན།དྲག་རྩལ་ལ་བརྟེན་ནས་མི་ཚེའི་རིན་ཐང་འཚོལ་སྙམ་པ་མ་ཟད།དྲག་རྩལ་ལ་བརྟེན་ནས་འུ་གཉིས་ཀྱི་འཚོ་བ་ལ་བདེ་སྐྱིད་བསྐྲུན་འདོད་མོད།འོན་ཀྱང་།ཁྱོད་ཀྱིས་ངའི་སྙིང་རྗེའི་ཡུལ་དུ་གྱུར་བའི་འཆར་ཡན་རིང་ལུགས་ཀྱི་འདུན་པ་དེ་ལ་རྒྱབ་ཀྱིས་ཕྱོགས་ཏེ།བརྩེ་འདང་མེད་པའི་ང་ཡི་གྲོགས་པོ་སྐྱ་བྷ་དང་།ངོ་ཚ་མེད་པའིི་ང་ཡི་ཁུ་བོ་ཡར་འཕེལ་གཉིས་ཀྱི་བསླུ་བྲིད་ཀྱི་རྙི་རུ་ཚུད་སོང་བ་དེ་རེད།ད་ཆ་ང་རང་ཁྱོད་ལ་རེ་ཐག་ཆད་པ་དང་ཆབས་ཅིག་ཏུ་གྲོགས་པོ་སྐྱ་བྷ་དང་ཁུ་བོ་ཡར་འཕེལ་གཉིས་ལ་ཡང་ཞེན་པ་གཏིང་ནས་ལོག་ཡོད།
2
བརྩེ་དུང་གི་ཉེས་ཆད་ཕོག་འདྲའི་ནུས་མེད་ཀྱི་ཉམ་ཆུང་ང་།ཉེ་ཆར་སྔ་མ་ལྟར་ཞོགས་པ་སྔ་ས་ནས་མལ་ལས་ལངས་ཏེ་དྲག་རྩལ་སྦྱོང་རྒྱུ་ཕར་ཞོགཐ་ན་མགོ་བོ་ཡར་ལ་བཀྱགས་ཏེ་མདུན་དུ་གོམ་པ་འགའ་སྤོ་རྒྱུའི་སེམས་ཤུགས་དང་སྙིང་རུས་ཡོད་མེད་ཀྱང་ཧ་ཅང་དཀའ་བའི་ཚོད་དུ་འདུགངས་ངོ་མ་ཟེར་བ་ཡིན།སེམས་ཞེས་པ་འདི་སྐྱོ་དྲགས་ཏེ་སྐྱོ་གདུང་གི་མཐའ་ལ་ཐུག་རྒྱུ་ཞིག་ཡོད་སྲིད།ངས་ད་ལྟ་གོ་ལ་འདིའི་སྒང་གི་རང་སྲོག་གཅོད་མཁན་གྱི་མི་དེ་དག་གི་གདམ་གསེས་ལ་ཡང་གདུང་སེམས་མཉམ་སྐྱེ་བྱེད་ཐུབ་པ་འདྲ།ད་ནས་བཟུང་ངས་མི་གཞན་གྱི་འཚོ་བ་དང་གདམ་ང་ལ་ཐེ་གཏོགས་བྱེད་མི་འདོད།ཅིའི་ཕྱིར་ཞེ་ན།སྔོན་ཆད་ང་ཉིད་རང་སྲོག་གཅོད་མཁན་གྱི་མི་དེ་དག་གི་བྱེད་སྟངས་ལ་དོགས་པ་ཟོས་མྱོང་ཡང་།ད་ལྟ་རང་སྲོག་གཅོད་མཁན་གྱི་མི་དེ་དག་ལ་ཡང་རྒྱུས་ལོན་བྱེད་ཐུབ་པ་ལྟ་བུའི་སེམས་ཁམས་ཤིག་རང་ཤུགས་སུ་ཆགས་ཚར་འདུག
སྐར་མ་མཚོ།ཁྱོད་ཀྱིས་ང་ལ་འོས་མེད་ཀྱི་ཁྲེལ་མེད་བྱས་པའི་དུས་དེ་ནས་བཟུང་།ང་ནི་ངོ་མ་ཤིག་ཐལ་ནང་དུ་ལྷུང་བ་བཞིན་དུ་ཅི་བྱ་གཏོལ་བྲལ་དུ་གྱུར་ཡོད།འོ་འོ།སྐྱེས་ལོ་ཉིས་སྟོང་ལོའི་རྗེས་ཡིན་པའི་བྱིས་པ་དང་གཞོན་པ་དེ་ཚོས་ཤིག་ཅེས་པ་ཅི་ཞིག་ཡིན་མིན་ལ་ཆ་རྒྱུས་མེད་ཀྱང་སྲིད།གང་ལྟར་དེ་ནི་ང་ཚོ་ལོ་རབས་དགུ་བཅུ་བ་དང་ལོ་རབས་དགུ་བཅུ་བའི་སྔོན་གྱི་མི་དེ་ཚོ་ལ་མཚོན་ན།ཆ་རྒྱུས་ཆེས་ཆེར་ཡོད་པའི་སྲོག་ཆགས་ཤིག་ཡིན་ཞེས་བཤད་ཆོག་སྟེ།དེ་ནི་མིའི་ལུས་སྟེང་དུ་རྒྱུ་བའི་སྲོག་ཆགས་ཆུང་ཞིང་ཆུང་བ་ཞིག་ཡིན་ལ།ད་ཆ་རྒྱུ་མཚན་ཅི་ཡིན་མི་ཤེས་མོད་ཀྱང་།གང་ལྟར་འདི་རུ་བཤད་བཞིན་པའི་པའི་ཤིིག་དང་ཤིག་ལས་ཀྱང་ཆུང་བའི་སྲོ་མ་ཞེས་པའི་མིའི་ལུས་སྟེང་གི་སྲོག་ཆགས་ཆུང་ཆུང་དེ་གཉིས་ཀྱི་རབས་ཆད་པ་ལྟར་མཐོང་རྒྱུ་མི་འདུག
ཤིག་ལ་རྐང་ལག་ག་ཚོད་ཡོད་མེད་བརྩིས་མ་མྱོང་ལ།ཤིག་གི་ལྗིད་ཚད་དེ་བས་ཀྱང་འཇལ་མ་མྱོང་།ད་དུང་ཤིག་ཐལ་ནང་དུ་ལྷུང་བའི་རྣམ་པ་དེ་ལ་བལྟས་མ་མྱོང་མོད།འོན་ཀྱང་ཤིག་ཐལ་ནང་དུ་ལྷུང་ན་ཞི་བདེ་རྒྱ་མཚོའི་འཇིངས་སུ་ཁ་ཕྱོགས་བོར་བའི་གྲུ་གཟིངས་ཤིག་ལྟར་གར་འགྲོ་འདི་འགྲོ་ལ་ངེས་གཏན་མེད་པ་མ་ཟད།དེ་ལ་སྐྲག་སྣང་ཚོད་མེད་ཅིག་ལོས་ཡོད་བསམ་པས།ངས་ད་ལྟའི་ང་ཡི་གནས་བབས་ནི་ཐལ་ནང་དུ་ལྷུང་བའི་ཤིག་ཅིག་གི་དཔེ་རུ་འགོད་དོན་ནི་དེ་ལྟར་ལགས།
ཐལ་ནང་དུ་ལྷུང་བའི་ཤིག་ཅིག་ལྟར་འཚོ་ཞིང་གཞེས་པའི་ཉམ་ཆུང་གི་བུ་ལོ་ང་།དེ་རིང་གློོག་འོད་དང་གློག་འོད་འདྲེས་སའི་ཆང་ཁང་ཞིག་གི་ནང་དུ།གྲོགས་གུ་རུ་འོད་གསལ་དང་ལྷན་དུ་ཉི་མ་བཏང་ནས་བསྡད་ཡོད།འཛམ་གླིང་ན་སྐད་གྲགས་ཆོད་པའི་ཡ་ཧུ་ད་པའི་མི་རིགས་ལ་མཚོན་ན།གྲོགས་པོ་ལྷན་འཛོམས་ཀྱི་སྐབས་དང་།ཁྱད་པར་དུ་མཉམ་དུ་ཟ་མ་ཟ་སྐབས་སུ་གླེང་མི་སྲིད་པའི་འཛེམ་བྱ་གསུམ་ཡོད་དེ།ཆབ་སྲིད་མི་གླེང་བ་དང་གཅིགདམག་འཁྲུག་མི་གླེང་བ་དང་གཉིས།གཞན་ད་དུང་བུད་མེད་མི་གླེང་བ་དང་གསུམ་མོ།འོན་ཀྱང་ཡ་གླིང་གི་སྒལ་གཞུང་ཞིག་ན་བག་འཁུམ་དུ་གནས་པའི་ང་ཚོར་དེ་འདྲའི་འཛེམ་བྱ་ཡོད་མི་སྲིད་ལ།ང་འདྲའི་སྡར་མའི་རིགས་ལ་ལྷག་ཏུ་ནས་ཀྱང་དེ་འདྲའི་རང་གཅུན་གྱི་འགྲོ་སྟངས་དང་སྒྲིག་སྲོལ་ཡོད་མི་སྲིད་པས།ཇ་ཁ་ཆང་ཁ་ནས་ཀྱང་ཁྱོད་ཀྱིས་ང་ལ་རྒྱབ་འགལ་དང་འོས་མེད་བྱས་པའི་ཁྲེལ་མེད་ཀྱི་བྱ་སྤྱོད་དེས་ང་ཡི་རྣམ་རྟོག་གི་སེམས་ཁམས་འདི་ལ་ཡང་དང་ཡང་དུ་འཇབ་རྒོལ་བྱེད་བཞིན་འདུག
3
དྲག་ཞན་ཆ་མི་མཚུངས་པའི་གླུ་དབྱངས་མང་བོ་ཞིག་འཕྲོ་རིམ་འཕྲོར་ཁང་མིག་འདིའི་ནང་དུ་སྔ་གཞུག་ལྟར་མཆེད་བཞིན་འདུགཆང་དང་ཚོར་བ་འཐབ་པ་ཡིན་ནམ།ཡང་ན་རོལ་མོ་དང་ཚོར་བ་འདྲེས་པས་ཡིན་ནམ།དེ་མིན་ད་དུང་ཆང་དང་རོལ་མོ་བསྡེབས་པས་ཡིན་ནམ།གང་ལྟར་ང་ཡི་མཚན་མའི་གནས་ལ་ཟ་འཕྲུག་བཟོད་གླགས་མེད་པ་ཞིག་སྐྱེས་ཤིང་།དེ་མ་ཐག་ཏུ་བུད་མེད་གཞོན་ནུ་མ་ཞིག་འཁྲིད་ཡོང་སྟེ།ཆང་དང་རོལ་མོས་གཏམས་པའི་ཁང་མིག་འདི་རུ་འཁྲིག་སྤྱོད་ཡིད་ཚིམ་པ་ཞིག་བྱེད་འདོད་མོད།འོན་ཀྱང་བརྩེ་དུང་གི་གོད་ཆག་བྱུང་མ་ཐག་པའི་ང་རང་།དེའི་སེམས་འདུན་ཡོད་ཀྱང་དེའི་ནུས་ཤུགས་མི་འདུག་ཅིང་།ད་ལྟ་མཚན་མའི་གནས་ལ་ཇི་ལྟར་ཚོར་ཤུགས་ཆེ་ན་ཡང་།ང་ལ་འདུག་གྲོགས་བྱེད་ཐུབ་མཁན་ཞིག་ཡོད་པ་ནི་སེམས་སྡུག་དང་སེམས་སྡུག་གིས་བསྩལ་བའི་སེམས་འགྱུ་གཉོམ་པོ་འདི་ལས་མི་འདུགཐ་ན་གྲོགས་གུ་རུ་འོད་གསལ་གྱིས་ཀྱང་མཁྲིག་མར་དཀྲིས་པའི་གསེར་ཐག་དེ་དང་སྐེ་རུ་དཔྱངས་པའི་གསེར་ཐག་དེ་བསམ་བཞིན་དང་བསམ་བཞིན་མིན་པའི་སྒོ་ནས་ངོམ་གྱིན་འདུག་ལ།ང་ཡི་དབུལ་ཕོངས་ཀྱི་འཚོ་བ་ལ་སྙིང་འཆུས་གཏོང་བཞིན་ཡོད་པ་ནི་ཁོའི་བཤད་པའི་སྐད་ཆ་ལ་ལ་ཞིག་ལས་རྟོགས་ལོས་ཡོང་།
‘གྲོགས་གཅེས།ངོ་དེ་འདྲ་ཞིག་ཤོར་ནས་ཅི་བྱེད།དེ་རིང་འཛད་སྤྱོད་ཀྱི་འགྲོ་སོང་ཡོད་ཚད་ངས་བྱིན་ཆོགཁྱོད་ཀྱིས་ང་ལ་འདུག་གྲོགས་དགའ་ཞིག་བྱས་པས་ཆོག’
ངས་ངོ་འདོམ་པ་གང་དྲུད་ནས་འདུག་དོན་ནི་སྒོར་རྡོག་འགའི་འགྲོ་སོང་གི་ཆེད་དུ་ག་ལ་ཡིན།དེ་བཞིན་དུ་ཁྱོད་མཚོན་ན་ང་ལ་འདུག་གྲོགས་ཙམ་བྱེད་པའི་བཀོལ་སྤྱོད་ཀྱི་རིན་ཐང་ལས་མེད་སོང་བ་ཨེ་རེད།གུ་རུ་འོད་གསལ།ཁྱོད་རྒྱུ་ནོར་གྱིས་ཕྱུག་པ་བདེན་ཡང་།ཀུན་སྤྱོད་ཀྱི་ཐད་ནས་ད་དུང་མཉམ་འཇོག་བྱེད་དགོས་ས་མང་བ་ལ་སྙམ།འདི་ནི་ངའི་ཡིད་ངོར་དྲན་པ་ཙམ་ལས་ངག་ཕྱུང་ནས་ཁོ་ལ་བཤད་དགོས་དོན་མེད་ཀྱང་།མཚམས་འདིར་སེམས་ཚོར་འདི་ཉིད་རླུང་བུ་ཞིག་ཡིན་པའི་དབང་དུ་བཏང་ན།རླུང་བུ་རྒྱུ་སྟངས་ཤིག་གིས་ང་རང་སེམས་པ་སྐྱོ་དོན་གྱི་རྒྱུ་དང་རྐྱེན་རྣམས་ཁོ་ལ་བཤད་འདོད་ཀྱི་འདུན་པ་ཞིག་རང་ཤུགས་སུ་སྐྱེས་སོང་།འདི་ཡང་སེམས་པ་སྐྱོ་སྐབས་སུ་ང་ཚོ་མི་བུ་ཡོད་དོ་ཅོག་ལ་ཐུན་མོང་དུ་མངའ་བའི་གདོད་གཤིས་ཤིག་ཡིན་སྲིད།
‘མེད་པོ་བརྒྱ་ཐམ་པ་ཡིན་རུང་།འཛད་སྤྱོད་ཅུང་ཙམ་རེ་ངས་ཀྱང་བྱེད་ཐུབ་ནི་རེད།གྲོགས་གཅེས།གཙོ་བོ་རོགས་སྡུག་རེད་ཡ།རོགས་སྡུག་ནད་ལས་ཐུ་ཞིག་མེད་ཟེར་བ་ཅི་མ་བདེན།རང་སེམས་འདི་ལྷོད་ལ་འབབ་ཐབས་མེད་པ་འདྲ།’
སྐད་ཆ་འདི་བཤད་པའི་རྗེས་སུ་གྲོགས་གུ་རུ་འོད་གསལ་གྱི་མིག་ཟུང་ལས་ཅི་ཞིག་རྟོགས་འདོད་ཡོད་པ་ལྟ་བུའི་རྣམ་འགྱུར་ཞིག་ག་ལེར་མངོན་ཞིང་།ད་སོ་མའི་རྒྱས་སྤྲོས་རང་བཞིན་གྱི་རྣམ་འགྱུར་དེ་རིམ་གྱིས་གང་ཞིག་ཏུ་ཡལ་བར་གྱུར་བ་ལྟ་བུ་ཞིག་ཏུ་གྱུར་བ་མ་ཟད།ལག་གཡས་པས་ཆང་ཕོར་ཞིག་ཡར་ལ་བཏེགས་ཏེ་དྲི་བའམ་རེ་འདུན་རང་བཞིན་གྱི་སྐད་ཆ་ཞིག་འདི་ལྟར་ཐལ་སོང་།
‘གྲོགས་གཅེས།ཁྱོད་ལ་ཁག་མི་འདུག ངས་ཁྱེད་ལ་རྒྱུས་ལོན་བྱེད་ཐུབ།གལ་ཏེ་ཁྱེད་རང་སྟབས་མི་བདེ་རྒྱུ་མེད་ན།དོན་དག་འདིའི་ཐད་ནས་ང་ལ་གསལ་བཤད་ཅིག་བྱས་ན་ཆོག་གམ།ངས་ངོ་མ་ཉན་ན་བསམ།’
སྐྲའི་ཁ་མདོག་དམར་སེར་དུ་བསྒྱུར་ཡོད་པའི་གྲོགས་པོ་འདི།ཕྱུག་པོའི་སྣང་བ་ཟེར་བ་དེ་ཅུང་ཙམ་ཡོད་པ་བདེན་དུ་ཆུག་ཀྱང་།ད་ཡ་ཞེས་ཡོང་ན།(ཨ་མདོའི་ཡུལ་ལུང་བྱེ་བྲག་པ་ཞིག་གི་ཁ་སྐད་དེ།གལ་ལ་ཐུག་ན་ཞེས་པའི་དོན་དང་འདྲ།)ང་ལ་མཚོན་ན་ང་ཡི་གྲོགས་པོ་དག་ལས་ཆེས་ཡིད་རྟོན་རུང་བ་ནི་ཁོ་ཡིན་བསམ་ཡོད་ལ།དེ་འདྲ་ཞིག་བསམ་བཞིན་ཡོད་པས་དེ་རིང་ང་ཡི་གམ་དུ་ཡོད་པ་ཡང་ཁོ་མ་ཡིན་ནམ།ཡང་གཅིག་བཤད་ན།ཁོས་རེ་སྐུལ་གྱི་དྲི་བ་དེ་འདོན་སྐབས་སུ་ཆེ་ཆུང་རན་པའི་མིག་ཟུང་དེ་ལ་གཟབ་ནན་གྱི་རྣམ་པ་ཞིག་ལྷད་མེད་པར་མངོན་འདུག་པས།ངས་ཁོའི་རེ་བ་ལ་རྒྱབ་འགལ་བྱེད་མི་ཐུབ་ལ།ཕྱོགས་གཞན་ཞིག་ནས་བཤད་ན།ངས་ཀྱང་སེམས་ཁོང་གི་སྡུག་བསྔལ་འདི་སུ་ཞིག་ལ་བཤད་ན་བསམ་ཡོད།བྱས་ཙང་ད་ནི་ཉན་འདོད་པ་དང་བཤད་འདོད་པ་ཞིག་ཁང་མིག་གཅིག་ཏུ་མཉམ་འཛོམས་བྱུང་བ་མ་ཡིན་ནམ།
‘འུན་་་་་་།ཆོག་གིཡིན་ན་ཡང་བུ་མོ་དེའི་དངོས་མིང་མ་བཤད་ན་ཆོག་གམ’
‘ལོས་ཆོག’
4
སྐར་མ་མཚོ།ཁྱོད་ཀྱིས་ང་ལ་ཡིད་ཆེས་གནང་ཆོགཁྱོད་ཀྱིས་ང་ལ་ད་ལྟ་ཡང་ཡིད་ཆེས་བྱས་ཆོགང་རང་ཁྱོད་ལ་སེམས་གཏིང་ནས་དགའ་མྱོང་བ་མ་ཟད།བརྩེ་དུང་གི་ཁྲོད་དུ་ཆེས་མཐའ་མཇུག་ཏུ་འཕྲད་པ་ནི་ཆེས་བཟང་བའི་དགའ་གྲོགས་ཡིན་ཞེས།ངས་ཁྱོད་རང་ང་ཡི་ཆེས་མཐའ་མཇུག་གི་བརྩེ་དུང་སྟོན་ས་རུ་བགྲང་བས་མི་ཚད།ཁྱོད་རང་ང་ཡི་ཆེས་བཟང་བའི་ཆེས་མཇུག་མཐའི་དགའ་མ་རུ་བརྩིས་མྱོང་།ཡིན་ན་ཡང་།ངས་ཁྱེད་ལ་བཅངས་པའི་བརྩེ་སེམས་མཚོན་པའི་ལེགས་སྐྱེས་ཤིག་ཉོ་ཆེད།ང་ཚོའི་ཀླུ་གཞུང་གྲོང་བརྡལ་དང་བར་ཐག་སྤྱི་ལེ་དྲུག་ཅུ་ཙམ་གྱི་སར་ཆགས་པའི་ཀླུ་གཞུང་རྫོང་མཁར་དུ་སོང་ཞིང་།དེ་རུ་གཞི་སྡོད་བྱས་ཡོད་པའི་ཁུ་བོ་ཡར་འཕེལ་གྱི་མདུན་དུ་སོང་ནས་སྒོར་མོ་སུམ་སྟོང་ལྷག་བསྐྱིས་ནས་ཁྱོད་ལ་གསེར་གྱི་མཛུབ་དཀྲིས་ཤིག་ཉོ་རྒྱུ་ཡིན་པའི་གནས་ཚུལ་མ་གསང་སྲོང་བོར་སྨྲས་པ་ན།སྐབས་དེར་ངའི་སེམས་སུ་ཁུ་བོ་ཡར་འཕེལ་གྱིས་ང་ཡི་སྙིང་རྗེའི་ཡུལ་དུ་གྱུར་བའི་ཚུགས་ཀ་དེ་མཐོང་བས་ལོས་ཡིན་སྙམ།གང་ལྟར་ཁོས་གདོང་ལ་འཛུམ་དགོད་ཅིག་ལངས་ཞོར་ང་ལ་སྒོར་མོ་བསྐྱིས་ཆོག་པའི་རྣམ་འགྱུར་བསྟན་པ་མ་ཟད།ང་ལ་སེམས་གསོའི་ཚུལ་དུ་སྐད་ཆ་འདི་འདྲ་ཞིག་ཀྱང་བཤད་མྱོང་།
‘ངས་སྐར་མ་མཚོ་ཟེར་བ་དེ་ངོ་ཤེས།བུད་མེད་རྣམས་ལ་དེ་འདྲའི་ཡིད་ཆེས་བྱེད་མི་ཉན།ཁྱོད་ཀྱིས་འདི་ལྟར་གཞན་ལ་སྒོར་མོ་གཡར་ཏེ་ཁོ་མོར་ལེགས་སྐྱེས་ཉོ་བཞིན་ཡོད་ཀྱང་།ཁྲིགས་ཁྲིགས་མེད་ན་ཁོ་མོས་དོ་ནུབ་སྐྱེས་པ་གཞན་ཞིག་ལ་གསང་འཕྲིན་བསྐུར་བཞིན་ཡོད་ན་ཐང་།ཨ་་་ཧ་ཧ་ཧ།གང་ལྟར་ངས་ཁྱོད་ལ་སྒོར་མོ་བསྐྱི་ཆོག’
ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན།ཁུ་བོ་ཡར་འཕེལ་གྱི་ཚིག་གི་ནང་ན་ཚིག་དང་།རིལ་མའི་ནང་ན་སྤུ་ཡོད་པ་དེ་དུས་ག་ལ་ཤེས།དེ་དུས་ད་དུང་ཁུ་བོས་ང་ལ་ཀུ་རེ་རྩེད་བཞིན་འདུག་སྙམ་མོད་ཀྱང་།མ་བསམ་ས་ནས་ཁུ་བོ་ཡར་འཕེལ་གྱིས་ང་ཡིས་མཐོང་ཐུབ་མེད་པའི་གནས་བབ་ཅིག་མཐོང་ཡོད་པ་དང་།ང་ཡིས་མཐོང་ཐུབ་མེད་པའི་ཞེ་མེར་བའི་དོན་དངོས་དེའི་འོག་ནས།ཆེས་ཆེར་དག་ཅིང་གཞུངས་པའི་ཅང་མེད་ཀྱི་ཚ་བོ་ང་ལ་ཚིག་གི་ལྐོག་མདའ་འཕེན་བཞིན་ཡོད་པ་ག་ལ་ཤེས།ངོ་མ།དེ་དུས་ང་རང་སྤྱི་ཚོགས་འདིའི་ངོ་གདོང་ལ་ཡིད་ཆེས་བྱེད་རྒྱུ་མང་དྲགས་འདུག
‘ངོ་མ་བཀའ་དྲིན་ཆེ།ལོ་མ་སར་གོང་ལ་སྒོར་མོ་ཁ་ཚང་བོ་ཕྱིར་འཕྲོད་ཁོ་ཐག་ཡིན།’
གནའ་ཤི་བོ།ངས་དེ་དུས་ཁུ་བོ་ཡར་འཕེལ་ལ་དེ་འདྲའི་གུས་ཞབས་ཅན་གྱི་སྐད་ཆ་བཤད་དོན་ཅི།རེད་ཡ།ང་ཚོ་མི་ཞེས་པ་འདིས་མཐོང་ཐབས་བྲལ་བའི་འཇིག་རྟེན་གཞན་ཞིག་གི་གནས་བབ་འོག་ཏུ།བཟང་ངན་གྱི་དབྱེ་བ་ཕྱེ་མ་ཤེས་པར་འགྱོད་པ་སྐྱེ་བའི་དོན་དག་ག་ཚོད་ཅིག་བསྒྲུབ་ཀྱིན་ཡོད་ཨང་།
‘སྒོར་མོ་ཁྱོོད་ཀྱིས་ང་ལ་དལ་མོར་ཕྱིར་འཕྲོད་དུ་བཅུག་པས་ཆོག ཨ་་་ཧ་ཧ་ཧ།’
གནའ་ཤི་བོ།ངས་དེ་དུས་ཁུ་བོ་ཡར་འཕེལ་སྐར་མ་མཚོ་དང་ངེད་གཉིས་ཀྱི་བརྩེ་དུང་གི་ཆེད་དུ་དགའ་ནས་དགོད་བཞིན་འདུག་སྙམ།མ་བསམ་ས་ནས་ལྟས་ངན་དེས་བདག་གིས་མཐོང་ཐུབ་མེད་པའི་གནས་བབ་འཇིགས་ཡེར་ལ་སྐྱུག་ཀྱང་ལོག་པ་ཞིག་ཤེས་འདུག་པས།དེ་ལྟར་བསམ་བཞིན་དུ་སྐད་ཆ་རེ་མཇུག་ཏུ་དགོད་སྒྲ་རེ་གཏོང་བཞིན་པ་ག་ལ་རྟོགས།མ་གཞི་དེ་ནི་འཐད་པའི་དགོད་སྒྲ་མ་ཡིན་པར།འཕྱ་དགོད་སྙིང་ལ་གཟན་པ་ཞིག་ཡིན་འདུག
5
སྒོར་མོ་བསྐྱི་ཐུབ་སོང་བས་དགའ་བ་ལ།ད་ནི་གསེར་དངུལ་བཙོངས་སའི་ཚོང་ར་དེ་དག་ཉུལ་ནས།ཆེས་མ་མཐའ་ཡང་ཁེ་བདུན་ནས་བརྒྱད་ཡོད་པའི་གསེར་གྱི་མཛུབ་དཀྲིས་སྙིང་རྗེ་བོ་ཞིག་ཁྱེད་ལ་ལེགས་སྐྱེས་སུ་ཉོས་ཆོག་པ་རེད།ཡིན་ན་ཡང་།ང་རང་མི་ཚོགས་མང་བོ་ཡར་འགྲོ་མར་འགྲོ་བྱེད་སའི་སྲང་ལམ་དེ་རུ་ཐེ་ཚོམ་གྱི་རྒྱ་རུ་ཚུད་དེ་བསྡད་པ་ཡིན།གཅིག་བྱས་ན་ཁུ་བོ་ཡར་འཕེལ་གྱིས་བཤད་པ་ལྟར།ངས་ཁྱེད་ལ་བརྩེ་སེམས་མཚོན་པའི་ལེགས་སྐྱེས་ཤིག་ཉོ་བར་སེམས་ཤུགས་དང་ལུས་ཤུགས་འདོན་བཞིན་ཡོད་ཀྱང་།ཁྲིགས་ཁྲིགས་མེད་ན་ཁྱོད་ཀྱིས་ལྐོག་ཏུ་ང་ལ་འོས་མེད་ཀྱི་དོན་དག་གཞན་པ་བསྒྲུབ་ཀྱིན་ཡོད་སྲིད་སྙམ།མི་མང་བོ་ཞིག་གིས་བརྩེ་དུང་གི་འཚོ་བའི་ཁྲོད་དུ་ཕན་ཚུན་ལ་ཡིད་ཆེས་ཀྱི་བློ་དགོས་ཟེར།དེ་ནི་བདེན་ཞད་ཆེ་བའི་སྐད་ཆ་ཞིག་ཅི་ལ་མིན།འོན་ཀྱང་།མི་སེམས་དམྱལ་བའི་རང་བཞིན་འདི་ལ་སུན་པ་ལ།ཁུ་བོ་ཡར་འཕེལ་གྱི་སྐད་ཆ་དེས་ང་ལ་སེམས་མི་བདེ་བའི་སེམས་འགྱུ་ལྷག་མ་ཞིག་བྱིན་འདུག
ང་དེ་ལྟར་ཐེ་ཚོམ་གྱི་ཁྲོད་དུ་བསྡད་ཅིང་འདང་རྒྱག་གི་ཁམས་སུ་གནས་གནས་མཐར།སེམས་ཐག་ཆོད་པའི་སྒོ་ནས་ཁྱོད་ཀྱི་བརྩེ་དུང་གི་ཡང་ལྕི་ལ་དོན་དམ་དུ་ལྗིད་ཚད་ག་འདྲ་ཞིག་ཡོད་མེད་ལ་རྒྱ་མ་ཞིག་གཞལ་ན་བསམ་ཞིང་།དམིགས་ཡུལ་ཡོད་པའི་སྒོ་ནས་ཁྱོད་ལ་ཁ་པར་ཞིག་ཀྱང་བཏང་སོང་།སྐར་མ་མཚོ།དེ་དུས་ངས་ཁྱོད་ལ་ཁ་པར་གཏོང་སྐབས།ངས་ད་དུང་རང་ཉིད་ཀྱི་བྱ་སྤྱོད་ལ་རང་གིས་དམའ་འབེབ་བྱས་མྱོང་སྟེ།གལ་སྲིད་ཁྱོད་རང་ང་ལ་བློ་གཅིག་སེམས་གཅིག་ཡིན་ན་ནི།ངས་ཁྱོད་ལ་ཉམས་ཚོད་བརྟག་བཞིན་པ་དེ་ནི་ཅི་འདྲའི་མི་བུ་ཅོལ་ཆུང་ཞིག་གི་བྱེད་སྟངས་རེད་བསམ་མྱོང་ན་ཡང་།ད་ཆ་ཕྱིར་འདང་ཞིག་བརྒྱབ་ན་ནི།དེ་དུས་ཀྱི་ཉམས་ཚོད་བརྟག་ཐབས་དེ་ནི་ཅི་འདྲའི་དུས་ཐོག་ཏུ་ཁེལ་བའི་ཚོད་ལྟ་ཐེངས་ཤིག་རེད་ཨང་།ཚོད་ལྟ་དེའི་མཇུག་འབྲས་ནི་ན་ཟུག་ཆེ་བ་ཞིག་ཡིན་པ་བདེན་ཡང་།གལ་ཏེ་ཚོད་ལྟ་དེ་བྱས་མེད་ན་ནི།ང་ད་དུང་ཡང་མུན་ནག་ནང་གི་འབུ་སྲིན་མགོ་འཁོར་ཞིག་ལྟར།སྙིང་བོས་དབེན་པའི་བརྩེ་དུང་ཞིག་གི་ཆེད་དུ་ཚད་ལས་འདས་པའི་འགྲོ་སོང་གཏོང་བཞིན་བསྡད་ཡོད་ན་ཐང་།ངས་ཐ་ན་ད་ལྟ་ཁྱོད་ལ་གསེར་གྱི་རྣ་ལུང་ཞིག་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་ཉོ་ཐབས་བྱེད་བཞིན་ཡོད་སྲིད།བསམ་ཞིང་བསམ་ན་དེ་དུས་ཀྱི་ཚོད་ལྟ་དེ་འགྲིག་འདུག་ལ།དེ་དུས་ངས་ཁྱོད་ལ་ཁ་པར་ལམ་ནས་རྫུན་ཆུང་ཆུང་ཞིག་ལབ་པ་དེ་ཡང་འགྲིག་འདུག
‘སྐར་མ་མཚོ།ང་ཉིན་འགའ་ལ་ཕྱིར་གྲོང་བརྡལ་དུ་ཡོང་ཐུབ་རྒྱུ་མ་རེད།’
‘འོ་ཡ།ཕྱིར་ཡོང་ཁར་ང་ལ་བརྡ་ཞིག་རྒྱོབས།’
ཡ་མཚན།ཁྱོད་ཀྱིས་ང་ལ་ཕྱིར་མྱུར་དུ་ཡོང་མི་ཐུབ་དོན་གྱི་རྒྱུ་མཚན་ཙམ་ཡང་མི་འདྲི་དོན་ཅི།ད་ལྟ་བསམ་རེ་ཚུགས་ན།དེ་དུས་ཀྱི་ཉམས་ཚོད་བླངས་པའི་དོན་དག་དེ་ནི་དངོས་ནས་དུས་སུ་བབ་པའི་ཉམས་ཚོད་ལེན་སྟངས་ཤིག་ཡིན་འདུགཁ་པར་གྱི་ཁ་གཏད་རྗེས་ང་མུ་མཐུད་ནས་སྲང་ལམ་དེ་རུ་ཀྲོང་ངེར་ལངས་ཏེ་བསམ་གཞིག་གི་ཁྲོད་དུ་ལུས།ཅུང་ཙམ་གྱི་རྗེས་ནས་ངས་གླ་གཏོང་རླངས་འཁོར་ཞིག་གླས་ནས་ཕྱིར་ཀླུ་གཞུང་གྲོང་བརྡལ་གྱི་ཕྱོགས་སུ་བསྐྱོད་མགོ་བརྩམས།ལམ་བར་དུ་ངས་མུ་མཐུད་ནས་རང་གིས་རང་ལ་སྐྱོན་འཛུགས་བྱས་པ་སྟེ།གལ་ཏེ་ཁྱེད་རང་ང་ལ་བློ་གཅིག་སེམས་གཅིག་ཡིན་ན་ནི་ཅི་བྱ།ཡང་ངས་མུ་མཐུད་ནས་སེམས་ཚེགས་ལྷག་མ་ཞིག་འཁྱེར་ཡོང་བ་སྟེ།གཅིག་བྱས་ན་ཁུ་བོ་ཡར་འཕེལ་གྱིས་བཤད་པའི་སྐད་ཆ་ལྟར་ཁྱོད་ཀྱིས་ང་ལ་འོས་མིན་གྱི་སྦྱོར་བ་སྤེལ་བཞིན་ཡོད་སྲིད།དེ་ལྟར་འདང་ཕར་བརྒྱབ་ཚུར་བརྒྱབ་ཀྱི་བསམ་གཞིག་གི་ཀློང་ཁམས་སུ་མྱུག་མྱུག་མཐར།ཀླུ་གཞུང་གྲོང་བརྡལ་དུ་ཡང་ཅི་ཡིན་འདི་ཡིན་མེད་པར་ཐོན་བྱུང་བ་ལྟ་བུའི་སྣང་བ་ཞིག་སྐྱེས་བྱུང་།
ངས་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་དེ་ལ་བཀའ་དྲིན་དང་གླ་ཆ་མཉམ་དུ་བྱིན་རྗེས།ཐད་ཀར་རྐང་ཐང་དུ་རང་ཁྱིམ་དུ་ལོག་པ་ཡིན།རང་ཁྱིིམ་དུ་ཨ་མ་གཙོ་བྱས་པའི་བཟའ་མི་ཚོས་རྩེད་ཤོག་རྩེད་བཞིན་འདུག རེད་ཡ།རྒྱུ་འབྱོར་གྱིས་དབུལ་བའི་ཁྱིམ་ཚང་འདི་རྒྱུ་ནོར་གྱིས་དབུལ་བ་བདེན་ཡང་།ཁྱིམ་ཚང་འདི་ནི་ནམ་རྒྱུན་སྤྲོ་སྣང་དང་དགོད་སྒྲའི་བརྟས་ཡོད་པ་ཞིག་ཡིན་ཟེར་ཆོགདཔེར་ན་དེ་རིང་བཞིན་དུ་ཧབ་ཆ་དིར་རེ་རྩེད་ཤོག་རྩེད་བཞིན་ཡོད་པ་དེའོ།ཁོ་ཚོས་ང་རང་ཐོན་པ་མཐོང་འཕྲལ་མཉམ་དུ་རྩེད་ཤོག་རྩེད་དགོས་པའི་རྣམ་འགྱུར་བསྟན་ན་ཡང་།ངས་ཁོ་ཚོར་འཛུམ་མདངས་དང་བཅས་རང་ལ་དོན་དག་ཅིག་ཡོད་རབས་ཁ་གཡར་རྗེས།རང་ཉིད་གཅིག་པུར་དབང་བ་ལྟ་བུའི་མལ་ཤག་གི་ནང་དུ་བུད་སོང་།འདི་ག་མལ་ཤག་ནས་མཚམས་མཚམས་སུ་ཧ་ཧ་དང་ཧོ་ཧོ་ཞེས་བཟའ་མི་ཚོའི་རྩེད་དགོད་ཀྱི་དགོད་སྒྲས་ཁེངས་པའི་སྒྲ་སྙན་དེས་ངའི་ནང་སེམས་ལ་དྲོད་ཁོལ་མི་དམན་པ་ཞིིག་སྩོལ་དང་སྩོལ་མུས་ཡིན་ན་ཡང་།ང་ནི་དོ་ནུབ་དོན་དག་གལ་འགངས་ཆེ་བ་ཞིག་བསྒྲུབ་ཏུ་འགྲོ་དགོོས་པ་ལྟར་སེམས་ཁམས་འདི་འདང་རྒྱག་གི་ཁྲོད་དུ་ཡར་འཁྱམ་མར་མྱུལ་བྱེད་ཞོར་མལ་ཁྲིའི་སྟེང་དུ་ཀན་རྐྱལ་དུ་ལོག་ནས་འདུག་དགོས་བྱུང་ཡོད།
6
ས་རུབ་པས་མི་ཚད།ནམ་གུང་དུས་ཚོད་གཅིག་ལ་ཐོན་ལ་ཉེ།མ་གཞི་མི་ཟེར་བ་འདིའི་སེམས་སུ་འགལ་འདུ་རང་བཞིན་གྱི་སེམས་འགྱུ་སྣ་ཚོགས་ཀྱི་རྫོངས་ཇི་ལྟར་མཐུག་ན་ཡང་།ལུས་སེམས་གཉིས་ངལ་དུབ་ཆེ་ཐག་ཆོད་པའི་དུས་སུ་གཉིད་དུ་ཤོར་སྲིད།ང་རང་ཅུང་བྲེལ་འཚུབ་དང་བཅས་ཏེ་མལ་ཁྲི་ལས་ཡར་དགྱེས་ཏེ་སྒོོ་ཕྱི་རུ་འགྲོ་གྲབས་བྱེད་སྐབས།ང་ཡི་མལ་ཁྲིའི་གམ་གྱི་ཅོག་ཙེ་དེའི་སྟེང་དུ་མཐེབ་ཐུག་གམ་ལེབ་ཐུག་ཅ་ནེ་གང་ཐུར་མ་དང་བཅས་ཏེ་བཞག་འདུག་པ་མཐོང་སོང་།གོང་དུ་བྲིས་ཟིན་པ་ལྟར།ཁྱིམ་ཚང་འདི་ནི་རྒྱུ་འབྱོར་གྱིས་དབུལ་བ་བདེན་ཡང་དྲོད་ཁོལ་གྱིས་གཏམས་ཡོད།ད་རེབ་ཀྱང་ཨ་མ་དྲིན་ཆེན་མས་ང་ལ་ནུབ་ཚ་འཁྱེར་ཡོང་བ་ལོས་ཡིན།ཨ་མ་དྲིན་ཆེན་མས་ང་རང་གཉིད་ལོག་ཡོད་པ་མཐོང་རྗེས་གཉིད་ལས་མ་དཀྲོགས་པར།ལེབ་ཐུག་ཅ་ནེ་གང་བོ་འདི་དེ་ལྟར་ཅོག་ཙེའི་སྟེང་དུ་བཞག་པ་ལོས་ཡིན།ཁྱིམ་འདི་ནི་དངོས་ནས་མི་སེམས་ལ་དྲོད་སྣང་སྟེར་བའི་ཁྱིམ་ཚང་ཞིག་ཡིན།ང་རང་ཁྱིམ་ཚང་འདི་ལ་མཛའ་བརྩེ་ལྷག་མ་ཞིག་ཡོད་པས་མི་ཚད།དབུལ་ཕོངས་ཀྱི་འཚོ་བ་འདི་ལ་གཏན་ནས་ཡི་ཐང་ཆད་ཀྱིན་མེད།ཨ་མས་འདི་ལྟར་ཐེེངས་གང་མང་ལ་ང་ལ་ཟ་མ་བསྐྱལ་མྱོང་།
ང་རང་ཁ་རོག་གེར་མལ་ཤག་གི་སྒོར་བུད་རྗེས།དམིགས་འདུན་གྱི་ས་རུ་ཉེ་བར་ཕྱོགས་པ་ཡིན།སྙིང་ཉེ་བའི་ཀློག་པ་པོ་ལགས།ཉིད་ཀྱིས་བསམ་ན་ང་རང་ཉེ་བར་ཕྱོགས་སའི་དམིགས་འདུན་གྱི་ས་ཞེས་པ་དེ་གང་ཞིག་ཡིན་རྒྱུ་རེད་སྙམ།འོ།ང་རང་སྐར་མ་མཚོའི་མལ་ཤག་ལ་མཚན་གྱི་མེལ་ཚེ་ཞིག་ལྟར་ལྟ་རྟོག་བྱེད་དུ་འགྲོ་བཞིན་ཡོད།ཧུ་ཧུ།བརྩེ་དུང་གི་ཆེད་དུ་འདི་ལྟར་མཚན་མོའི་འུག་པ་བཞིན་དུ་མུན་ནག་དང་སྒྱིད་ལུག་གིས་འགོག་མ་ནུས་པར།མདུན་དུ་བསྐྱོད་མཁན་གྱི་མི་བུ་ག་ཚོད་ཅིག་ཡོད་ཨང་།མང་ནི་རེད།ཧ་ཅང་མང་ནི་རེད།འདི་ལ་མུན་ནག་གོས་སུ་གྱོན་པའི་མཚན་མོའི་ངལ་རྩོལ་པ་ཟེར་ནི་རེད།ལམ་བར་དུ་ངས་དེ་ལྟར་རང་དང་འདྲ་བའི་བརྩེ་དུང་གི་ཆེད་དུ་མཚན་མོའི་གཉིད་ལ་ཡང་མི་འཛེམ་པའི་བརྩེ་དུང་ཅན་གྱི་སྐྱེས་པ་དེ་ཚོར།མུན་ནག་གོས་སུ་གྱོན་པའི་མཚན་མོའི་ངལ་རྩོལ་པ་ཞེས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཀྱང་བཏགས།
དམིགས་ས་རུ་ཐོན་བྱུང་།ཨ་ཡ་མཚན་ན་ཡ་མཚན།སྐར་མ་མཚོ་ཚང་གི་ཁང་བའི་སྒོ་ཁ་རུ་མདོག་དཀར་པོ་ཅན་གྱི་རླངས་འཁོར་ཞིག་འཕྲེད་དུ་བཞག་འདུག་པ་དང་།མཚམས་འདིར་ངས་ཁུ་བོ་ཡར་འཕེལ་གྱི་སྐད་ཆ་དང་དགོད་སྒྲ་དེ་དག་ཡིད་ལ་དྲན་འོང་ཞིང་།ཁྲིགས་ཁྲིགས་མེད་ན་སྐར་མ་མཚོས་དངོས་ནས་ང་ལ་ཚུལ་མིན་གྱི་ཁྲེལ་མེད་བྱས་འདུགདེ་ནས་ངས་ཁ་པར་གྱི་གློག་འོད་ལས་རླངས་འཁོར་དེའི་འདོགས་བྱང་ལ་བལྟ་སྐབས།རང་གིས་རང་ལ་ཡིད་མི་ཆེས་པ་ལྟ་བུའི་སེམས་བྱུང་གཞན་ཞིག་སྐྱེས་བྱུང་བ་སྟེ།འདི་བདག་གི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་བརྩིས་ཡོད་པའི་གྲོགས་སྐྱ་བྷ་ཡི་རླངས་འཁོར་མ་ཡིན་ནམ།རེད།སྐྱ་བྷ་ཡི་རླངས་འཁོར་གྱི་ཁ་མདོག་དཀར་པོ་ཞིག་ཡིན།སྐྱ་བྷའི་རླངས་འཁོར་གྱི་འདོགས་བྱང་གི་ཨང་གྲངས་ཀྱང་(青D50079)འདི་རེད།འོ་ན་གྲོགས་སྐྱ་བྷ་ཡི་རླངས་འཁོར་ཅིའི་ཕྱིར་དུ་སྐར་མ་མཚོ་ཚང་གི་སྒོ་ཁ་རུ་ཡོད་དགོས་པ་རེད།དོགས་སློང་དང་འདང་རྒྱག་གི་ཁྲོད་དུ་ངས་སྔར་ལས་ཀྱང་རང་གིས་རང་ལ་སེམས་ཁུར་ལྷག་མ་ཞིག་གི་ཁུར་བོ་འཁུར་དགོས་བྱུང་སོང་།
ང་རང་རྐང་འཇབ་ལག་འཇབ་ངང་སྐར་མ་མཚོ་ཡི་མལ་ཤག་གི་སྒོ་རྩ་རུ་སོང་།གནམ་རྒན་མ་ཡ།གནམ་འོག་གི་བུད་མེད་ཡོད་ཚད་འདི་འདྲ་ཞིག་མིན་པར་ཤོགགལ་ཏེ་གནམ་འོག་གི་བུད་མེད་ཡོད་ཚད་སྐར་མ་མཚོ་ལྟ་བུ་ཏག་ཏག་ཡིན་ན།འཇིག་རྟེན་གནམ་འདིའི་འོག་ནས་ལྷད་མེད་ཀྱི་བརྩེ་དུང་ཟེར་བ་ཞིག་རོལ་ཐབས་དབེན།གྲོགས་པོའི་བརྩེ་འདང་ལ་རྡོག་བརྫིས་གཏོང་བའི་སྐྱ་བྷ་དང་ཁྲེལ་དང་ངོ་ཚ་བྲལ་བའི་སྐར་མ་མཚོ།མཚན་མོ་དེར་ཁྱེད་གཉིས་ཀྱི་ལྐོག་འབྲེལ་དང་ལྐོག་འབྲེལ་སྐབས་ཀྱི་ཁ་བརྡ་དེ་དག་ནི་ཅི་འདྲའི་ཞེ་མེར་ཞིང་ཡིད་ལ་གཟན་པ་ཏག་ཏག་རེད།སྐར་མ་མཚོ།དེ་དུས་ཨེན་ཙམ་མིན་ན་ང་རང་སྒོ་རྩ་དེ་དང་བར་ཐག་གོམ་པ་ལྔ་བཅུ་ཙམ་ཡོད་པའི་སར་སོང་ཞིང་།ཧ་ལམ་ཆེ་ཆུང་ན་མིའི་མགོ་བོ་ཙམ་ཡོད་པའིི་རྡོ་ལོག་ཆེན་པོ་ཞིག་འཁྱེར་ཡོང་སྟེ་སྐྱ་བྷ་དང་ཁྱེད་གཉིས་སྔ་གཞུག་ལྟར་ལྔ་ལམ་དུ་བརྫངས་འདོད་སྐྱེས།དེ་ནི་སྐབས་ཐོག་གི་ཧོལ་རྒྱུག་ཅིག་ཡིན་སྲིད།ཡང་ན་དེ་ནི་གཏིང་ནས་སྐྱེས་པའི་འཚིག་པ་ཟ་སྟངས་ཤིག་ཡིན་སྲིད།ཡིན་ན་ཡང་མཐར་ངས་དེ་ལྟར་བྱེད་མ་འདོད་ལ།སྔ་འདང་ཕྱི་འདང་བརྒྱབ་བརྒྱབ་མཐར་དེ་ལྟར་བྱས་ཀྱང་མ་བྱས།བསྒྲུབ་ཡང་མ་བསྒྲུབ།
དེ་ལྟར་བྱེད་མ་འདོད་པ་མ་གཏོགས།བྱེད་མ་ཕོད་པ་རྩ་བ་ཉིད་ནས་མིན།ཡང་དེ་ལྟར་བྱེད་མི་འདོད་པའི་བསམ་ཚུལ་ཞིག་སྐྱེ་དོན་ཅི་ཡིན་ཟེར་ན་ནི་འདི་ལྟ་སྟེ།ཅི་བྱས་ལ་གཏད་སོ་མེད་པའི་ཁྱོད་གཉིས་ལྟ་བུ་ཞིག་གི་ཆེད་དུ།ངས་ཕ་མས་གནང་བའི་ཚེ་སྲོག་འདི་བཙོན་ཁང་ནང་དུ་ཚུད་དུ་འཇུག་ན་མི་བསམ།དེ་ནི་ང་རང་ཁྲིམས་ལས་ལ་སྐྲག་པ་མ་ཡིན་པར།ཁྱོད་གཉིས་ལྟ་བུ་ཞིག་གི་ཆེད་དུ་ངས་རང་ཉིད་ཀྱི་ཚེ་སྲོོག་ལ་རྡོག་བརྫིས་གཏོང་དོན་མེད།ཡང་གཅིག་བཤད་ན།ཁྱོད་གཉིས་ཀྱིས་ང་ལ་འདི་ལྟར་མཉམ་གཅིག་ཏུ་རྒྱབ་འགལ་བྱས་ན་ཡང་།ངས་ཁྱོད་གཉིས་ལྟ་བུ་ཞིག་གི་ཆེད་དུ་སྤོ་ཐོག་ནས་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་སྟེ།ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པའི་བཟའ་མི་ཚོའི་ནང་སེམས་ལ་གྱེས་བྲལ་གྱི་སྐྱོ་སྣང་སྒྱེ་མོ་དང་སྒྱེ་མོ་བྱས་ནས་བླུག་དོན་མེད།སྐར་མ་མཚོ།ཁྱོད་ལ་མཚོན་ན་ང་ནི་མི་ལྷག་མ་ཞིག་ཡིན་ན་ཡང་།ངེད་ཚང་གི་བཟའ་མི་ཚོས་ང་རང་དྲོད་ཁོལ་ཞིག་ཏུ་སྙམ་ཡོད།སྐྱ་བྷ།ཁྱོད་ལ་མཚོན་ན་ང་ནི་བརྙས་བཅོས་བྱེད་ཆོག་པའི་མི་བུ་ཉམ་ཆུང་ཞིག་ཡིན་སྲིད།གང་ལྟར་ངའི་སེམས་སུ་ཁྱོད་ནི་ང་ཡི་ཟས་ལྷག་འཐུང་འཕྲོ་ཟ་འཐུང་བྱེད་པ་ལ་འཛེམ་དོགས་མེད་མཁན་གྱི་མི་བུ་བྱབ་ཆུང་ཞིག་ཏུ་བགྲང་ཡོད།ཧ་ཧ་ཧ་་་་་་།
ཞིབ་ཏུ་འདང་རེ་བརྒྱབ་ན།དེ་དུས་ངས་སྐར་མ་མཚོ་དང་སྐྱ་བྷ་གཉིས་གུ་ཡངས་སུ་བཏང་བ་མ་ཡིན་པར།གདུག་རྩུབ་ཆེ་བའི་དངོས་ཡོད་འཚོ་བའི་མདུན་དུ།རང་གིས་རང་ལ་དེ་ལྟར་གུ་ཡངས་མི་གཏོང་རང་གཏོང་རེད།རང་གིས་རང་ལ་དེ་ལྟར་སེམས་གསོ་མི་བྱེད་རང་བྱེད་རེད།འཁྱར་འཁྱོར་གྱི་གོམ་སྟབས།རབ་རིབ་ཀྱི་མིག་ལམ།མག་མོག་གི་སེམས་ཁམས།འདི་ནི་དེ་དུས་ཀྱི་ཕྱིར་མལ་ཤག་ཏུ་ལོག་སྐབས་ཀྱི་ང་དང་ངའི་སེམས་པ་ཡིན།
7
ཉིན་འགའི་རིང་ལ།སྐར་མ་མཚོས་ཡང་ནས་ཡང་དུ་ང་ལ་ཁ་པར་ལམ་ནས་འབྲེལ་གཏུགས་བྱས་ཀྱང་སྣེ་ལེན་མ་བྱས་ལ།འཕྲོ་རིམ་འཕྲོར་འཕྲིན་ཐུང་བསྐུར་ཡང་ཕྱིར་ལན་ཅི་ཡང་མ་བཏབ།ཉིན་དེ་དག་གི་རིང་ལ།ངས་རང་སེམས་ལ་རང་གིས་མནར་གཅོད་ལྟ་བུ་ཞིག་བཏང་ནས་བསྡད།སྐྱ་བྷས་སྔོན་ཆད་ང་ལ་འདི་ལྟར་བཤད་མྱོང་བ་སྟེ།བུད་མེད་ཀྱི་རིགས་ལ་བརྩེ་དུང་ཟེར་བ་ཞིག་མེད།སུ་ལ་སྒོར་མོ་མང་ན་བུད་མེད་རྣམས་དེའི་ཡིན་ཟེར།དེ་ཡང་གཅིག་བྱས་ན་བདེན་ཞད་ཆེ་བའི་སྐད་ཆ་ཞིག་རེད།འགྲན་རྩོད་ཆེས་ཆེར་རྒོད་པའི་དེ་རིང་ནང་ཁའི་དུས་འདི་ལ།ང་འདྲའི་དབུལ་བོ་དག་གིས་རྣམ་དག་གི་བརྩེ་དུང་ཞིག་ཀྱང་རྙེད་ཁག་པར་འདུགསྐར་མ་མཚོ།སྐྱ་བྷ་ནི་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་ཡིན་པ་བདེན་དུ་ཆུག་ཀྱང་།ལྷད་མ་འདྲེས་པའི་བརྩེ་བ་དང་ཟིལ་ཤུགས་ཆེ་བའི་སྒོར་མོ་གཉིས་ལས་མཐར་ཐུག་གི་བདེ་སྐྱིད་རྙེད་ཐུབ་མཁན་གང་ཡིན་རྒྱུ་རེད།ཁུ་བོ་ཡར་འཕེལ་དངོས་ནས་སྤྱི་ཚོགས་འདི་ལ་རྒྱུས་ལོན་ཟེར་བ་འདུགགལ་ཏེ་ཁོ་མིན་ན་ངས་ད་དུང་ཡང་གཡོ་སྒྱུ་ཆེ་བའི་རྩངས་པ་[1]མཆུ་རིང་ཞིག་གི་མིག་མདངས་མངའ་བའི་བུ་མོ་ཞིག་གི་ཆེད་དུ་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད་སྲིད།
ཉིན་འགའི་རིང་ལ།ངས་དེ་ལྟར་རང་སེམས་ལ་རང་གིས་དྲི་བ་མང་བོ་བཏོན་ཞིང་མནར་གཅོད་གང་མང་བཏང་མཐར།ཟླ་བ་ཉ་གང་བའི་མཚན་གཞུང་ཞིག་ལ་སྐར་མ་མཚོ་ཡོད་སར་ལམ་དུ་ཆས།ད་རེས་ང་རང་སྐར་མ་མཚོ་སར་འགྲོ་དོན་ནི་བརྩེ་དུང་གི་ཆེད་དུ་མིན་པར་ཁོག་དཔུང་ལ་རྒྱའི་ཆེད་དུ་ཡིན།ཆེས་མ་མཐའ་ཡང་ངས་སྐར་མ་མཚོ་ལ་ཁོ་མོ་ནི་ངོ་ཚ་བྲལ་བའི་འཆལ་མོ་ཞིག་དང་།རང་ཉིད་ནི་དྲང་བདེན་གྱི་ཆེད་དུ་འདུར་གྱིན་པའི་བུ་རྒོད་པོ་ཞིག་ཡིན་པ་ངོས་འཛིན་འཐོབ་དུ་འཇུག་འདོད།དེ་ནི་ངས་རྒྱུ་འབྱོར་དང་ནུས་ཤུགས་ཀྱི་མདུན་ནས།རང་གིས་རང་ལ་སེམས་གསོ་བྱེད་ཐབས་ཤིག་ལོས་ཡིན།དེ་ཙ་ན།ང་རང་སྐར་མ་མཚོ་སར་ལམ་དུ་ཆས་ཤིང་།ཞེ་སྡང་དང་ཁོ་ཆད་ཁྲོད་ནས་ལམ་དུ་ཆས།
ཨ་ཡ་མཚན་ན་ཡ་མཚན།སྐར་མ་མཚོའི་ཁང་བའི་སྒོ་རུ་སླར་ཡང་མདོག་ནག་པོ་ཅན་གྱི་རླངས་འཁོར་ཞིག་འཕྲེད་དུ་བཞག་འདུག་པ་མ་ཟད།སྐར་མ་མཚོའི་མལ་ཤག་གི་སྒེའུ་ཁུང་ལས་གློག་འོད་ཞིག་ཀྱང་འདི་ག་སྒོ་ཕྱི་རུ་འོད་ཀྱིག་སེ་འཕྲོས་འདུགང་རང་ཅུང་མཚར་སྣང་དང་བཅས་ཏེ་ཐད་ཀར་སྒེའུ་ཁུང་དེའི་འཁྲིས་སུ་སོང་།སྒེའུ་ཡོལ་དེའི་སྟབས་ཀྱིས་ཁང་བའི་ནང་གིི་ཡོད་ཚད་ཐད་ཀར་མཐོང་དཀའ་ན་ཡང་།ངས་སྒེའུ་ཡོལ་མཐའ་ཡི་སྲུབས་བར་བརྒྱུད་ནས་ཁང་བའི་ནང་གི་ཡོད་ཚད་མཐོང་བྱུང་།སྐབས་དེར་ངས་མཐོང་མ་ཐག་པའི་འཇིག་རྟེན་དེ་ནི་ཅི་འདྲའི་སྙིང་ལ་གཟན་པའི་འཇིག་རྟེན་ཞིག་རེད་ཨང་།སྐར་མ་མཚོ་ཁོའི་སྐེ་ལ་འཐམ་འདུག་ཅིང་།ཁོས་ཀྱང་སྐར་མ་མཚོ་པང་དུ་བྱིས་པ་ཞིག་ལྟར་པང་འདུགདོན་དངོས་སུ་སྐར་མ་མཚོའི་འཛུམ་མདངས་དང་ཁོའི་འཛུམ་མདངས་གཉིས་ལ་བསླད་ཀྱིས་སྦགས་ཡོད་ན་ཡང་།ཁོ་གཉིས་དེ་ལྟར་འཐམ་འཁྱུད་བྱས་ནས་བསྡད་ཡོད་པ་ནི་བསྙོན་མེད་རེད་ལ་རྩོད་མེད་རེད།མིག་མཐོང་ལག་ཟིན་རེད།ཁ་ཡོད་དོན་ཡོད་རེད།འོ་འདི་རུ་བཤད་པའི་ཁོ་ཞེས་པ་ནི་བརྩམས་སྒྲུང་འདིར་མཚོན་ན་ཆ་མེད་ཅིག་གཏན་ནས་མིན་ལ།ང་ལ་མཚོན་ན་དེ་བས་ཀྱང་ཐག་རིང་ཐག་རིང་གི་མི་ཆ་མེད་ཅིག་གཏན་ནས་མ་རེད།ཁོ་ནི་དེ་སྔ་ང་ཡིས་སྒོར་མོ་བསྐྱི་སའི་ཁུ་བོ་ཡར་འཕེལ་ལགས་རེད།
ཁུ་བོ་ཡར་འཕེལ་ལགས།ངས་ད་དུང་ཁྱོད་ལ་ཞེ་སའི་ཚུལ་དུ་གུས་ཚིག་ཅིག་འཇོག་དོོན་ནི།ཁྱོད་ལ་བརྩི་བཀུར་བྱས་པ་ག་ལ་ཡིན་ཏེ།འདི་ནི་ཁྱོད་ཀྱི་སྐྱུག་བྲོ་བའི་བྱ་སྤྱོད་དེ་ལ་ཟུར་ཟ་བྱེད་སྟངས་གཞན་ཞིག་ཡིན།དགོང་མོ་དེར་ཨེན་ཙམ་མིན་ན།ང་རང་ཁྱིམ་ལ་འཛུལ་ནས་ཅི་བྱས་ལ་གཏད་སོ་མེད་པའི་ཁྱོད་གཉིས་ལ་རྡུང་རྡེག་ཡིད་ཚིམ་པ་ཞིག་བྱེད་ཨེ་ཐུབ་བལྟ་འདོད་མོད་ཀྱང་།མཐར་ངས་དེ་ལྟར་བྱེད་མ་འདོད་པར་གོམ་ཁ་ཕྱིར་རང་གི་མལ་ཤག་ཏུ་བསྒྱུར།ངས་དེ་ལྟར་བྱེད་མ་འདོད་པ་ནི་སྔོན་མ་དང་གཅིག་ཡིན་ཏེ།ངས་ཁྱོད་ཚོའི་མི་གཤིས་བཟང་བོ་དང་བྲལ་བའི་སྤྱོད་བཙོག་དེའི་ཆེད་དུ།རང་དང་རང་གི་ཁྱིམ་མི་ཚོ་ལ་སྡུག་བསྔལ་བསྐྲུན་དོན་མེད།འཁྱར་འཁྱོར་གྱི་གོམ་སྟབས།རབ་རིབ་ཀྱི་མིག་ལམ།མག་མོག་གི་སེམས་ཁམས།འདི་ཡང་དེ་དུས་ཀྱི་ཕྱིར་མལ་ཤག་ཏུ་ལོག་སྐབས་ཀྱི་ང་དང་ངའི་སེམས་པ་ཡིན།
ཡིད་རྟོན་མེད་པའི་བུད་མེད་ཅིག་ལས།ཚོར་བས་ཟིན་པའི་བརྩམས་སྒྲུང་ཞིག་གིས་ལོས་དགའ།བརྩམས་སྒྲུང་འབྲི་མཁན་ལ་ལ་ཞིག་རང་ལུས་ཁེར་རྐྱང་དུ་འཚོ་བ་བདེན་ཡང་།ནང་སེམས་སུ་ནམ་ཡང་སྒྲུང་ནང་གི་མི་སྣ་མང་བོས་བསྐོར་འདུག་པ་མ་ཡིན་ནམ།ད་ཆ་ང་རང་བརྩམས་སྒྲུང་བ་རྣལ་མ་དེ་དག་ལ་ཞེ་གཏིང་ནས་ཡིད་སྨོན་འཆོར་བཞིན་ཡོད།ཚོར་བས་གཏམས་པའི་བརྩམས་སྒྲུང་རེ་བྲིས་ཏེ་ཉི་མ་གཅིག་གི་ཉིན་བྱེད་ཀྱི་འཆར་ནུབ་ལ་འཛུམ་གྱིས་བསུས་ཏེ་འཛུམ་གྱིས་སྐྱེལ་མ་བྱས་ཆོག་པ་མ་ཡིན་ནམ།ཡང་ལན་རེར་ཅུང་སྐྱོ་ཤས་ཆེ་བའི་བརྩམས་སྒྲུང་རེ་བྲིས་ན་ཡང་།འཇིག་རྟེན་གྱི་གནས་ལུགས་ཆེན་པོ་ཞིག་རྟོགས་སོང་བའི་ཚུལ་གྱིས་རང་སེམས་རང་གིས་བཙོ་སྦྱང་བྱས་ཆོག་པ་མ་ཡིན་ནམ།གང་ལྟར་ཡིད་རྟོན་མེད་པའི་བུད་མེད་ཅིག་ལས།ཚོར་བས་ཕྱུག་པའི་བརྩམས་སྒྲུང་ཞིག་གིས་དགའ་སྙམ།
8
ཤོག་སྒོར་སུམ་སྟོང་།ང་ལ་མཚོན་ན་མི་མང་ལ་མི་ཉུང་།དེང་སང་ང་འདྲའི་དབུལ་བོ་དག་ལ་ཤོག་སྒོར་སུམ་སྟོང་ལྷག་བསྐྱི་མཁན་ཡང་ཤིན་ཏུ་ཁགཡིན་ན་ཡང་ཁུ་བོ་ཡར་འཕེལ་ལགས་ཀྱིས་བསྐྱིས་པའི་ཤོག་སྒོར་སུམ་སྟོང་འདི་ནི་རོགས་རམ་བྱས་པ་མ་ཡིན་པར་ཕྱུག་ཉམས་བཏོད་སྟངས་ཤིག་རེད་སྙམ་ན།ང་ལ་དངོས་ནས་ཁོང་ཁྲོ་སྔར་སྐྱེས་མ་མྱོང་བ་ཞིག་སྐྱེས་ན་ཡང་།གལ་ཏེེ་བཅོས་སུ་ཡོད་ན་ནི།དེ་ལ་མི་དགའ་ཅི་ཞིག་ཡོད།གལ་ཏེ་བཅོས་སུ་མེད་ན་ནི།དེ་ལ་མི་དགའ་བྱས་ཅི་ཕན་ཞེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་ཟིན་པ་བཞིན།བཅོས་ཐབས་དཀའ་བའི་བྱ་ངན་སྤྱོད་ངན་འདིའི་རིགས་ཀྱི་མདུན་ནས།ངས་མུ་མཐུད་དུ་རང་སེམས་ལ་རང་གིས་ཚོད་འཛིན་བྱས་པ་ཡིན།
‘སྐར་མ་མཚོ་ལ་ཡིད་ཆེས་བྱེད་རྒྱུ་མི་འདུགལྷག་པར་དུ་ཁྱོད་ལ་ངོ་ཚ་ཟེར་བ་ཞིག་མི་འདུགང་རང་བཟང་ན་ངན་ན་ཁྱོད་དང་ཁྲག་རྒྱུད་གཅིག་པའི་ཚ་བོ་ཞིག་ཡིན་ནི་རེད།’
ངས་དེ་ལྟར་ལེ་བདའ་འམ་འཁང་རའི་ཚུལ་གྱིས་སྐད་ཆ་དེ་བཤད་རྗེས།ཤོག་སྒོར་སུམ་སྟོང་ཡོད་པ་དེ་ཁུ་བོ་ཡར་འཕེལ་གྱི་གདོང་ལ་གཏད་དེ་གཅོལ་སོང་།གཏམ་དང་སྦྱོར་བ་གློ་བུར་བ་འདིའི་མདུན་དུ།ཁུ་བོ་ཡར་འཕེལ་གྱི་རྣམ་འགྱུར་ནི་ཧ་ལས་པའི་ཚུལ་དུ་མངའ་ན་ཡང་།ང་རང་སྒོ་ཕྱི་རུ་སོང་ཤུལ་དུ་ཁོས་ད་གཟོད་གཏམ་དང་སྦྱོར་བ་འདིའི་ཡོང་ཁུངས་གང་ཡིན་ལོས་ཤེས་བསམ།ཁུ་བོ་ལགས།འཇིག་རྟེན་མི་ཡུལ་འདི་ཅི་འདྲའི་རྙོག་འཛིང་ཆེ་བ་ལ།འདི་འདྲའི་རྙོག་འཛིང་ཆེ་བའི་མི་ཡུལ་ཞིག་ཆགས་དོན་ཡང་ཁྱོད་ལྟ་བུའི་མི་ཉ་ཉོག་མང་བས་མ་ཡིན་ནམ།ནམ་ཞིག་དུས་རབས་ཀྱི་འཕེལ་སྟངས་གསར་བ་ཞིག་གིས་ཁྱོད་འདྲའི་མི་ངོ་ཚ་མེད་པ་དག་ཇེ་ཉུང་དུ་སོང་བ་དང་བསྟུན་ནས།མི་ཡུལ་འདིའི་སྐྱུག་བྲོ་བའི་རྙོག་དྲ་དེ་དག་ཀྱང་ཇེ་ཉུང་དུ་འགྲོ་སྲིད།
ང་རང་ཁུ་བོ་ཡར་འཕེལ་ཚང་གི་སྒོ་ཁར་བུད་རྗེས།སྐར་མ་མཚོ་ལ་དམིགས་ཡུལ་དང་གྲ་སྒྲིག་ཡོད་པའི་སྒོ་ནས་ཁ་པར་ཞིག་བཏང་སོང་།སྐར་མ་མཚོས་ངའི་ཁ་པར་ལ་སྣེ་ལེན་བྱས་མ་ཐགཉེ་ཆར་ཁྱོད་ལ་གྲག་འགུལ་ཞིག་མེད་དོན་ཅི་རེད་ཅེས་ཅུང་ཤ་ཚ་བ་དང་ཅུང་མི་དགའ་བའི་རྣམ་འགྱུར་ཙམ་སྟོན་བཞིན་འདུག་མོད།འོན་ཀྱང་ཁ་པར་གྱི་ཚུར་སྣེ་ན་ཡོད་པའི་ང་རང་ཁོང་འཛུམ་ཞིག་ཤོར་ནས་འདུག་པ་ལས།གཞན་པའི་གསལ་བཤད་དང་ཕྱིར་ལན་བསློགས་པའི་སེམས་ཤུགས་ཤིག་གང་ནས་འདུག་སྟེ་མི་འདུགཡིན་ན་ཡང་ངས་ད་དུང་ཡང་ཁོ་མོར་ཧ་ཅང་བརྩེ་འདང་ཡོད་ཁུལ་གྱིས་པོ་ཏ་ལའི་ཇ་ཁང་ཞེས་པ་དེ་རུ་མཇལ་འཛོམས་བྱུང་རྒྱུའི་དུས་ཆད་བྱས་པ་མ་ཟད།དེ་དུས་ད་གཟོད་ཉིན་འདི་དག་གི་རིང་ལ་ང་རང་གྲག་མེད་ཚོར་མེད་དུ་འཚོ་བའི་རྒྱུ་དང་རྐྱེན་རྣམས་གསལ་བོར་བཤད་ཅེས་བཤད་པ་ན།ཁོ་མོ་ཡང་པོ་ཏ་ལའི་ཇ་ཁང་དུ་ཡོང་ནས་ང་དང་མཉམ་འཛོམས་བྱུང་རྒྱུའི་དུས་ཆད་བཏབ་སོང་།
སྐར་མ་མཚོ་དང་ངེད་གཉིས་པོ་ཏ་ལའི་ཇ་ཁང་དུ་མཉམ་འཛོམས་བྱུང་ཡོད།ཁོོ་མོའི་མཛེས་ཆས་སྤྲས་པའི་ཕྱི་ཡི་ཆ་བྱད་དེས།ངའི་སེམས་སུ་ད་དུང་ཡང་ཁོ་མོ་ནི་ཅི་འདྲའི་ཡག་ཉམས་ཀྱིས་ཕྱུག་པའི་བུ་མོ་ཞིག་རེད་བསམ་བཞིན་ཡོད་ཀྱང་།རང་གིས་དངོས་སུ་མཐོང་བའི་མཐོང་མི་འདོད་པའི་ཉེ་དུས་ཀྱི་དོན་དག་དེ་དག་གིས་རང་སེམས་སུ་གྲི་ཡིས་བསྣུན་པ་ལྟར་ན་ཟུག་བཟོད་གླགས་མེད་པ་ཞིག་སྟེར་གྱིན་འདུགཁོ་མོས་ངའི་མདུན་དུ་ང་དང་བློ་སེམས་རྩེ་གཅིག་ཡིན་མདོག་གི་འཁྲབ་སྟོན་སྙིང་རྗེ་བ་རེ་བྱེད་བཞིན་ཡོད་པ་མ་ཟད།ད་དུང་ངའི་མིང་ནས་བཟུང་ཏེ་ཁྱོད་ཉིན་འདི་དག་ལ་གང་ལ་སོང་བ་ཡིན།ཅི་ཞིག་བྱས་པ་ཡིན།ཁ་པར་སྣེ་ལེན་མི་བྱེད་དོན་ཅི་ཡིན་ཞེས་དྲི་བ་མང་བོ་ཞིག་ཀྱང་འཕངས་སོང་།ངས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ཁོང་དགོད་ཡིད་ཚིམ་པ་ཞིག་བྱས་རྗེས།སྔར་ནས་གྲ་སྒྲིག་བྱས་ཡོད་པའི་ལེགས་སྐྱེས་དེ་ཕར་སྐར་མ་མཚོའི་ལག་ཏུ་འཇོག་ཞོར།ང་འགྲོ་རྒྱུ་ཡིན།ང་རང་སྒོ་རུ་སོང་རྗེས་ཁྱོད་ཀྱིས་ཤོག་སྒམ་འདིའི་ཁ་ཕྱེས་དང་།ངས་ཁྱོད་ལ་ཁྱོད་དང་འཚམ་པའི་ལེགས་སྐྱེས་ཤིག་ཉོས་ཡོད་ཅེས་བཤད་པ་ན།ཁོ་མོས་ཅུང་ཡ་མཚར་བའི་མིག་མདངས་ཤིག་དང་བཅས་ཏེ་ངའི་གདོང་ལ་ཅེར་ནས་འདུག་པ་ལས་ཅི་ཡང་མ་བཤད་ལ་ཅི་ཡང་མ་བསྒྲུབས།ང་དངོས་ནས་པོ་ཏ་ལའི་ཇ་ཁང་གི་སྒོ་རུ་ཐོན་སོང་ལ།འདི་ནི་ངའི་མི་ཚེ་འདིར་ང་རང་ཆེས་དགའ་སའི་བུ་མོ་ཞིག་ལ་ཆེས་མཐའ་མཇུག་གི་བདེ་མོ་འཇོག་སྟངས་ཡིན།རེད་ཡ།སྙིང་ཉེ་བའི་ཀློག་མཁན་རྣམས་པ།ལེགས་སྐྱེས་དེ་ནི་དངོས་ནས་སྐར་མ་མཚོ་ལ་འཚམ་པའི་ལེགས་སྐྱེས་ཤིག་ཡིན།ཚོད་བགམ་རེ་བགྱིས་དང་།ལེགས་སྐྱེས་དེ་ནི་དོན་དམ་དུ་ཅི་ཞིག་ཡིན་ནམ།འོ་དེ་ནི་འཇམ་ཞིང་ནེམ་ལ་གཙང་ཞིང་དཀར་བའི་གཙང་ཤོག་ཅིག་ཡིན།
རྟ་རྒོད་རི་ཡར་བརྒྱབ་པ།།
རྙི་དང་ཞགས་པས་ཟིན་གྱི།།
བྱམས་པས་ངོ་ལོག་བརྒྱབ་པས།།
ཐུགས་ངོ་ཟིན་པ་མི་འདུག།
9
‘ཁྱོད་འདི་ངོ་མ་མྱི་མ་རབས་ཟེར་བ་རེད།གཙང་ཤོག་དེ་བུ་མོ་དེ་ལ་མཛའ་ནས་འདུག’
གྲོགས་གུ་རུ་འོད་གསལ་གྱི་རེ་བ་ལྟར་གས་ཆག་ཤོར་བའི་བརྩེ་དུང་གི་གཏམ་རྒྱུད་དེ་མགོ་ནས་མཇུག་བར་གསལ་བཤད་ཐེངས་ཤིག་བྱས་ཚར།གྲོགས་གུ་རུ་འོད་གསལ་གྱིས་བརྩེ་དུང་གི་གཏམ་རྒྱུད་འདི་ལ་རྣ་བ་བླགས་ཏེ་ཉན་ཞིང་སེམས་ཁ་གཏད་ནས་མྱོང་རོལ་བྱས་ཡོད་པ་ངའི་ཁོའི་གདོང་གི་གཟབ་ནན་གྱི་རྣམ་འགྱུར་དེ་ལས་རྟོགས་ཐུབ་པ་འདྲ།ཁོས་གཙང་ཤོག་དེ་ཞི་མོ་དེ་ལ་མཛའ་ནས་འདུག་ཅེས་བཤད་པ་དང་སྦྲགས།ངའི་མིང་ནས་བཟུང་ཏེ་ངས་ཁོ་ལ་འདི་ལྟར་ཁ་ཁོག་མེད་པར་བརྩེ་དུང་གི་གཏམ་རྒྱུད་དེ་མཉམ་སྤྱོད་བྱས་པར་བཀའ་དྲིན་ཆེ་ཟེར།ངས་ཕྱིར་ལན་དུ་དེ་ནི་བཀའ་དྲིན་ཞུ་དགོས་པ་ཞིག་མ་རེད་ཅེས་ལན་བཏབ་ཀྱང་།སེམས་སུ་ད་ལྟའི་ཆ་ལ་སྐད་ཆ་དྲང་མོ་བཤད་མཁན་གྱི་གྲོགས་པོ་ཞིག་ཤིན་ཏུ་ཁག་པས།སེམས་སུ་ཁོས་དེ་ལྟར་བཀའ་དྲིན་ཞུས་པ་ལ་དང་ལེན་བྱས་ཤིང་།ཁོས་དེ་ལྟར་བཀའ་དྲིན་ཞུས་ཀྱང་ཀུན་སྤྱོད་ཀྱི་ངོས་ནས་ཚད་དང་མི་མཐུན་པ་ཞིག་མ་རེད་སྙམ།
ཡིད་ལ་ཡང་མ་དྲན་པ་ཞིག་ལ།མཚམས་འདིར་གྲོགས་གུ་རུ་འོད་གསལ་གྱིས་ཨ་རག་ཆང་ཕོར་གང་ཁམ་གང་གིས་བཏུངས་རྗེས།ཁོ་ཡང་ད་ལྟ་གས་ཆག་ཤོར་བཞིན་པའི་བརྩེ་དུང་ཞིག་གི་ཁྲོད་དུ་ཡོད་ཅིང་།ཁོའི་ད་ལྟའི་མཛའ་མོ་དེས་ཀྱང་ལྐོག་ནས་ཁོ་ལ་རྒྱབ་འགལ་བྱས་འདུག་ཟེར།ཨ་ཁ་ཁ།ཞེ་མེར་བའི་བརྩེ་དུང་།སྐྱུག་ལོག་པའི་བརྩེ་དུང་།མ་གཞི་བརྩེ་དུང་གི་རྒྱ་མཚོའི་ཁྲོད་དུ་ཁ་ཕྱོགས་འབོར་བཞིན་པ་ནི་ང་འདྲའི་དབུལ་བོ་ཉམ་ཆུང་དག་ཁོ་ན་མ་ཡིན་པར།གུ་རུ་འོད་གསལ་ལྟ་བུའི་སྐེ་དང་མཁྲིག་མ་གསེར་ཐག་གིས་དཀྲིས་པའི་ཕྱུག་པོ་ཚོས་ཀྱང་ཁ་ཕྱོགས་རྙེད་ཀྱིན་མི་འདུག་པ་ལ།འདི་ལྟར་བསམ་ནས་དྲན་ནས་ཡོང་ན།བརྩེ་དུང་གི་ངོ་བོོ་ཉིད་ནི་སྡུག་བསྔལ་རང་བཞིན་དང་མི་རྟག་པའི་རང་བཞིན་ཡིན་ཟེར་བ་ཅི་མ་བདེན།དོན་དམ་དུ་བརྩེ་དུང་གི་ཁྲོད་དུ་བརྩེ་དུང་གི་ཡང་སྙིང་ལ་རྡོག་བརྫིས་གཏོང་མཁན་ནི་བརྩེ་དུང་རོལ་མཁན་གྱི་ང་ཚོ་ཡིན་ནམ།ཡང་ན་བརྩེ་དུང་གིས་མཚོན་པའི་བརྩེ་དུང་དེ་ཉིད་ཡིན་ནམ།
‘ངས་ཀྱང་ད་ལྟའི་དགའ་མ་འཆལ་མོ་དེ་ལ་གཙང་ཤོག་ཅིག་ལེགས་སྐྱེས་སུ་བྱིན་ན་ག་འདྲ་རེད།’
གུ་རུ་འོད་གསལ་གྱིས་ཡང་བསྐྱར་ང་ལ་དེ་ལྟར་དྲི་བ་རང་བཞིན་གྱི་སྐད་ཆ་ཞིག་ཀྱང་དྲིས་བྱུང་།ངས་ངོ་མ་ཇི་ལྟར་ལན་འདེབས་དགོས་པ་ཤེས་ཐབས་བྲལ།གུ་རུ་འོད་གསལ་ལ་རྒྱབ་འགལ་བྱས་པའི་བུ་མོ་དེའི་རྒྱབ་འགལ་བྱེད་ཚུལ་དེ་ཅི་ལྟ་བུ་ཞིག་ཡིན་ནམ།སྐར་མ་མཚོ་དང་བྱ་ལུགས་བྱེད་ལུགས་གཅིག་པ་ཡིན་ནམ།ཡང་ན་སྐར་མ་མཚོའི་བྱ་སྟངས་བྱེད་སྟངས་ལས་ཀྱང་ཐལ་དྲགས་པ་ཞིག་ཡིན་ནམ།གང་ལྟར་ངས་ནི་དེ་དུས་སྐར་མ་མཚོ་ལ་གཙང་ཤོག་ཅིག་གིས་ཡ་ལན་སྤྲད་མྱོང་ལ།ཡ་ལན་དེ་སྤྲད་རྗེས་སྐར་མ་མཚོས་ང་ལ་ཁ་པར་དང་འཕྲིན་ཐུང་མཚམས་མེད་དུ་བཏང་བས།ངས་ཁ་པར་གྱི་ཨང་བྱང་གསར་བ་ཞིག་བརྗེ་སོར་བཏང་སྟེ།ཁ་པར་ཨང་བྱང་རྙིང་བ་དེ་དུམ་བུ་གཉིས་སུ་བཅག་རྗེས་ཀླུ་གཞུང་གྲོང་བརྡལ་གྱི་རྒྱ་ལམ་འགྲམ་ཞིག་ཏུ་ཕངས་མེད་དུ་ས་རུ་གཡུགས་སོང་།གཅིག་བྱས་ན་ཨང་བྱང་རྙིང་བ་དེ་ས་རུ་གཡུག་པ་དེས་སྐར་མ་མཚོ་ལྟ་བུའི་འདས་ཟིན་པའི་འཚོ་བའི་ཁྲོད་ཀྱི་བྱ་དངོས་དང་སེམས་འགྱུ་མང་བོ་ཞིག་རྒྱབ་ཀྱིས་ཕྱོགས་པར་གྱུར་བ་ཡང་མཚོན་པ་ཡིན།
‘ཁྱོད་ལ་རྒྱབ་འགལ་བྱེད་པའི་བུ་མོ་དེ་སུ་རེད།ང་ལ་བཤད་ན་ཆོག་གམ།’
ངས་བཏོན་པའི་དྲི་བ་འདི་ལ་དམིགས་ཡུལ་དམིགས་བསལ་བ་གང་ཡང་མེད།རང་དགར་གྲོགས་གུ་རུ་འོད་གསལ་ལ་འོས་མེད་བྱེད་བཞིན་པའི་བུ་མོ་དེ་དོན་དམ་དུ་སུ་ཡིན་པ་ཤེས་འདོད་པ་ཙམ་ཡིན།ཡང་གཅིག་བཤད་ན།གློག་འོད་དང་གླུ་སྐད་འཁྱུག་ཅིང་།ཆང་དྲི་དང་སེམས་པ་གཤིབ་སའི་ཁང་མིག་འདི་རུ།ངེད་གཉིས་ཀྱིས་ཆེས་འདྲེས་ལོབས་ཆེ་བའི་གྲོགས་པོ་ཞིག་གི་ངོས་ཐད་ནས་སེམས་གཏམ་དང་སེམས་གཏམ་བརྡོལ་ཏེ།སེམས་པ་དང་སེམས་པ་བསྲེ་བཞིན་ཡོད་པ་མ་ཡིན་ནམ།ཡིན་ཕྱིན།མིག་སྔར་དྲི་བ་འདིའི་རིགས་ཀྱང་ངེད་གཉིས་ལ་མཚོན་ན་འཛེམ་བྱ་ཡིན་མི་སྲིད།གུ་རུ་འོད་གསལ་གྱིས་ང་ཡི་གདོང་ལ་བལྟ་ཙམ་བྱས་པ་དང་ལྷན་དུ་སླར་ཡང་ཆང་ཕོར་བ་གང་ཁམ་གང་གིས་བཏུངས་རྗེས།བུད་མེད་དེའི་མིང་ང་ལ་སྦ་གསང་མེད་པར་བཤད་སོང་།ངས་གུ་རུ་འོད་གསལ་གྱི་བསྟར་ཆགས་སུ་གནས་པའི་སོ་ཡི་ཕྲེང་བར་ནས་ཕྱུང་བའི་བུད་མེད་དེའི་མིང་ཐོས་མ་ཐག་རང་གི་རྣ་བར་རང་ཉིད་ཡིད་མི་ཆེེས་པ་ལྟ་བུ་ཞིག་ཏུ་གྱུར་བ་མ་ཟད།ཁོ་མོ་ཡིན་མིན་གསལ་བོར་ཤེས་ཆེད།ཀླུ་གཞུང་རུ་ཆེན་གྱི་རུ་ཆུང་དང་པོའི་མགོ་དོ་དོ་ཚང་གི་སྐར་མ་མཚོ་ཨེ་རེད་ཅེས་དྲིས་པ་ན།གུ་རུ་འོད་གསལ་གྱིས་དེ་མ་ཐག་རེད་རེད་ཁོ་མོ་རེད་ཟེར།ཨ་ཁ་ཁ།སྐར་མ་མཚོ་ཁྱོད་ལ་དངོས་ནས་ཅི་བྱུང་སོང་བ་ཡིན་ནམ།ཅི་འདྲའི་བུད་མེད་རང་ཚུགས་མེད་པ་ཞིག་རེད་ཨང་།གནམ་འོག་འདིའི་བུད་མེད་ཡོད་ཚད་ཁྱོད་ལྟ་བུ་ཏག་ཏག་ཡིན་ནམ།གལ་ཏེ་ཡིན་སྲིད་ན།མི་ཚེ་འདིར་ང་ལ་ཕོ་མོའི་བར་གྱི་བརྩེ་དུང་ཟེར་བ་དེ་མི་དགོས།གཏན་ནས་མི་དགོས།གཏན་ནས་གཏན་ནས་མི་དགོས།
ནམ་མཁའི་བྱ་ཡི་ཕོ་མོ་མི་ཤེས་རུང་།མགོ་ནག་མི་ཡི་རྣམ་འགྱུར་ལོས་ཤེས།གུ་རུ་འོད་གསལ་གྱིས་ངའི་ངོ་གདོང་ནས་རྣམ་འགྱུར་གཞན་ཞིག་རྙེད་ཐུབ་སོང་བ་ཁོ་ཐག་རེད།གུ་རུ་འོད་གསལ་གྱིས་ངའི་ངོ་གདོང་ནས་རྣམ་འགྱུར་གཞན་ཞིག་རྙེད་ཐུབ་ཡོད་པ་དེ་ངས་ཀྱང་གུ་རུ་འོད་གསལ་གྱི་རྣམ་འགྱུར་ལས་མཐོང་ཐུབ་པ་འདྲ།མ་གཞི་མི་ཡི་ངོ་གདོང་ནི་མི་ཡི་ནང་སེམས་ཀྱི་ལྡོག་གཟུགས་ལྟ་བུ་ཞིག་རེད།
‘ཅི་རེད།ཁྱོད་ཀྱིས་སྐར་མ་མཚོ་ཤེས་སམ།’
ངས་ཕྱིར་ཇི་ལྟར་ལན་འདེབས་དགོས་པ་མ་ཤེས་པར་ཡོད་དུས།གཙང་ཤོག་དེ་ཡིད་ལ་དྲན་འོང་ཞིང་།གུ་རུ་འོད་གསལ་གྱིས་དྲིས་མ་ཐག་པའི་དྲི་བ་ཞིག་སྟེ།ཁོས་ཀྱང་ད་ལྟའི་དགའ་མ་འཆལ་མོ་དེ་ལ་གཙང་ཤོག་ཅིག་ལེགས་སྐྱེས་སུ་བྱིན་ན་ག་འདྲ་རེད་ཟེར་བ་མ་ཡིན་ནམ་སྙམ་དུས།ཁོ་ལ་ཕྱིར་ལན་ཞིག་སྟེར་རྒྱུ་རེག་སོང་སྙམ་པ་དང་ཆབས་ཅིག་ངས་ཀྱང་ཆང་ཕོར་བ་གང་ཁམ་གང་གིས་བཏུངས་སོང་།སྔོན་ཆད་ངས་དེ་ལྟར་ཆང་ཕོར་བ་གང་ཁམ་གང་གིས་བཏུངས་མ་མྱོང་།འོན་ཀྱང་དེ་རིང་ཚོར་བ་ཁྱད་པར་བ་ཞིག་གིས་བཙིར་ཏེ།རི་སྒང་གི་རི་དྭགས་རྨིག་ཐོགས་ཤིག་གཅན་གཟན་སྡེར་ཐོགས་ཤིག་གིས་དེད་པ་ལྟར་ངས་ཀྱང་ཆང་ཕོར་བ་གང་ཁམ་གང་གིས་བཏུངས་ཐུབ་སོང་།
‘སྐར་མ་མཚོ་ལ་ནམ་རྒྱུན་དུ་ལེགས་སྐྱེས་སུ་གཙང་ཤོག་རྐྱང་རྐྱང་བྱིན་ནས་ཅི་བྱ།ཁོ་མོ་སྤྱི་པའི་གསང་སྤྱོད་ཁང་ཞིག་མ་རེད།ཁོ་མོ་ཆེས་མ་མཐའ་ཡང་མྱི་ཞིག་ཡིན་པ་བསྙོན་མེེད་རེད།ངས་བསམ་ན་ད་རེབ་ཁྱོད་ཀྱིས་ཁོ་མོར་སྲུང་ཤུབས་ཤིག་ལེགས་སྐྱེས་སུ་ཉོས་ན་འགྲིག་འདུག་སྙམ།’
གུ་རུ་འོད་གསལ་གྱི་ངོ་གདོང་ནས་མཚར་མདོག་གི་རྣམ་འགྱུར་གང་མང་ཞིག་རེས་མོས་སུ་མངོན་བཞིན་ང་ཡི་ངོ་ལ་ཧད་ཧད་མཐར།ངུ་མ་དགོད་ཀྱིས་བགད་བྱུང་ལ།ང་ཡང་རང་དབང་མེད་པར་ངུ་མ་དགོད་ཀྱིས་སེམས་བསམ་པའི་གཏིང་ནས་བགད་སོང་།བར་མཚམས་འདིར་ངས་སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོར་ཆེས་ཐོག་མར་ཤར་གཏོང་བྱས་ཤིང་།འཛམ་གླིང་དུ་སྐད་གྲགས་ཆོད་པའི་ཨ་མེ་རི་ཀའི་བཞད་གད་པ་ཞེས་པའི་གློག་བརྙན་དེ་དྲན་བྱུང་ལ།གློག་བརྙན་དེས་མཚོན་པའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་རུ་བཙན་གྱིས་དགོད་དང་དགོད་བཞིན་པའི་ང་ཚོ་ཚང་མའི་གཟུགས་བརྙན་དྲན་འོང་ལ།གདུག་རྩུབ་ཆེ་བའི་དངོས་ཡོད་གནས་ཚུལ་གྱི་མདུན་དུ་དགོད་རྒྱུ་མེད་ཀྱང་དགོད་ཁུལ་བྱེད་བཞིན་པའི་ང་ཚོ་ཚང་མའི་ནང་སེམས་ཀྱི་ཟབ་ས་དེ་ཡང་དྲན་ཡོང་བ་འདྲ།སྙིང་རྗེ།ང་ཚོ་ངོ་མ་སྙིང་མ་རྗེ།སྙིང་ཉེ་བའི་ང་ཚོས་མགོ་བོ་ཡར་ལ་དགྱེས་ཏེ་ནམ་མཁའི་མཐོངས་སུ་སེམས་ཉུལ་རེ་བྱོས་དང་།རྒྱ་ཆེ་ལ་མཐའ་མི་དཔོག་པའི་འཇིག་རྟེན་གྱི་ཁམས་ཆེན་མོ་འདི་རུ།ང་ཚོའི་བོངས་ཚད་ཆུང་ཞིང་ཆུང་ལ།ང་ཚོའི་ཚེ་ཐག་ཐུང་ཞིང་ཐུང་།ང་ཚོ་སྟེ་ང་ཚོ་ནི་ཚེ་སྲོག་ཐུང་ཐུང་ཞིག་གི་རྟོད་ཐག་ཏུ་འཁོར་བའི་མི་ཡུལ་འདིའི་ཟློས་གར་འཁྲབ་སྟོན་པ་ཆུང་ཆུང་རེ་རེ་ལས་ཅི་ཡང་མིན་ཚོད་རེད།རེད་ཡ།དྲང་མོར་བཤད་ན།ད་ལྟའི་སེམས་འགྱུ་འདིའི་ཀློང་ནས་ངས་སྐར་མ་མཚོ་དང་གྲོགས་སྐྱ་བྷ།ད་དུང་ཁུ་བོ་ཡར་འཕེལ་བཅས་ལ་ཡང་གུ་ཡངས་གཏོང་ཐུབ་པ་འདྲ།བཟོད་གསོལ་ཞུ་ཐུབ་པ་འདྲ།སྐར་མ་མཚོ།སྐྱ་བྷ།ཁུ་བོ་ཡར་འཕེལ།ད་དུང་གུ་རུ་འོད་གསལ།འ་ཅག་ཚང་མ་མི་ཡུལ་འདི་དང་ཡང་ན་བརྩེེ་དུང་དེའི་ཏབ་ཅིག་གི་མགྲོན་པོ་ཆུང་ཆུང་རེ་རེ་ལས་ཅི་ཡང་མིན་ཚོད་རེད།
ཁྲེལ་ཡོད་ཁྲེལ་མེད་མ་གླེང་།།
བདག་ཅག་འཁོར་བའི་མི་ལ།།
འཁོར་བའི་ཉེས་ཆད་ཕོག་ཡོད།།
དཀྱེལ་ཡངས་བསམ་པ་སྐྱེད་ཤོག།
མཆན་འགྲེལ།
[1]རྩངས་པ་ཞེས་པ་ནི་གོོག་འགྲོ་སྲོོག་ཆགས་ཆེ་ཤོས་ཤིག་གི་མིང་ལ་ཟེར་ཞིང་།རྒྱ་སྐད་དུ་蜥蜴ཞེས་པ་དེ་ལ་གོ
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4216
དཔྱད་མཆན་སྤེལ།