0

ངའི་མིང་ལ་ཚེ་རིང་བསམ་གྲུབ་ཟེར། ང་ཚོའི་སློབ་གྲྭའི་ནང་ང་དང་མིང་གཅིག་པའི་སློབ་མ་ལྔ་ཡོད་ཀྱང་ཚེ་རིང་བསམ་གྲུབ་ཟེར་བའི་མིང་འདི་ཐོས་མ་ཐག་དགེ་སློབ་ཀུན་གྱི་ཡིད་ངོར་རྒྱུ་སྐར་དབུས་ཀྱི་ཟླ་བ་ཇི་བཞིན་གསལ་ཡོང་པ་ལ་ང་ལས་གཞན་མེད། ངས་རང་དང་མིང་གཅིག་པའི་སློབ་མ་གཞན་རྣམས་ཉལ་ཁྲིའི་ལོགས་དང་ཁང་པའི་ཟུར། པུས་མོའི་འོག ཡང་ན་ཁོ་ཚོའི་གཉའ་རུ་ཞོན་ཏེ་འགྲམ་ལྕག་རེ་དང་། སྐྲ་དང་རྣ་ཅོག་ཡ་གཅིག་འཐེན་ཞོར“ཁྱོད་ཚོ་ལ་ཚེ་རིང་བསམ་གྲུབ་ཟེར་བའི་མིང་འདི་ཐོགས་པ་ནི་ཁྱོད་ཚོའི་བསོད་ནམས་ཡིན་པ་ཨེ་ཤེས།”ཞེས་དྲིས་ཚེ། ཁོ་ཚོ་སུས་ཀྱང“ཤེས། དེ་ལོས་ཡིན། དེ་ལོས་ཡིན།”ཞེས་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་བྱེད་སྲིད།

ནམ་རྒྱུན་ངས་མ་རབས་ཀྱི་ལས་ཤིག་བགྱིས་ཏེ་སློབ་སྟོན་ཁང་དུ་ཐོན་དུས། དགེ་རྒན་ཀྲང་གིས“གལ་སྲིད་སློབ་གྲྭའི་ནང་ངན་པ་གསུམ་ལྡན་གྱི་ཡིག་རྟགས་ཤིག་ཡོད་ཚེ་ངེས་པར་ཁྱོད་ལ་སྟེར་དགོས”ཞེས་བཤད་ལ། དགེ་རྒན་རིན་ཆེན་གྱིས་མགོ་བོ་འཕྲད་དུ་གཡུག་བཞིན“ངས་འདིའི་ངོ་མཐོང་ཡོང་དུས་ནས་སྙིང་ནད་འཕར་ཀྱིན་ཡོད”ཟེར། ཕྱིར་གཞུང་སྒྲུབ་ཁང་དུ་ལོག་པའི་དགེ་རྒན་བསོད་ནམས་ཀྱིས་རྒྱུ་མཚན་གང་ཡང་མེད་པར་ང་ལ་འགྲམ་ལྕག་ཚ་ཡེར་བ་དང་རྡོག་ཐོས་ཡིད་ཚིམ་པ་ཞིག་བརྒྱབ་རྗེས། ད་གཟོད“ཡང་འདིས་ཅི་བྱས་སོང”ཞེས་འདྲི་ངེས། དགེ་རྒན་ཚོའི་ནང་ནས་ང་རང་ཆེས་སུན་སྣང་ཆེ་བ་ནི་སློབ་གཙོ་མཛུབ་དྲུག(མིང་ལ་མཱ་ཏིང་འཛིན་ཟེར། མཛུབ་གུ་དྲུག་ཡོད་པས་མིང་དེ་ཐོགས)ཡིན། ཁོས་ནམ་རྒྱུན་རྒྱ་སྐད་དང་བོད་སྐད་འདྲེས་མའི་གནས་ལུགས་མང་པོ་བཤད་པ་དང་། གནས་ལུགས་དེ་དག་ནི་ནམ་ཡང་རྫོགས་ཐབས་བྲལ་བ་ཞིག་ཡིན་པ་མ་ཟད། ངའི་རེ་སྒུག་བྱ་བའི་རྩལ་སྦྱོང་གི་སློབ་ཐུན་མང་པོ་ཡང་ཆུད་ཟོས་བཏང་འགྲོ་བས་ང་རང་སློབ་གཙོ་མཛུབ་དྲུག་གི་གནས་ལུགས་ལས་དགེ་རྒན་བསོད་ནམས་ཀྱི་རྒྱུ་མཚན་མེད་པའི་རྡོག་ཐོ་ལ་དགའ་ཞེས་བཤད་ཆོག

སློབ་གྲྭའི་ནང་ངས་སློབ་མ་ཚོའི་སྒམ་ནང་གི་རྒྱགས་བྲོ་བརྐུས་ཏེ་བཙན་གྱིས་ང་དང་མིང་གཅིག་པའི་སློབ་མ་གཞན་རྣམས་ལ་ཟ་རུ་བཅུག་ལ། དགེ་རྒན་ཚོའི་གད་སྙིགས་ལས་རྙེད་པའི་སྦྲུམ་འགོག་སྲུང་ཤུབས་ལ་དབུགས་བཏབ་ཏེ་སློབ་གྲྭའི་ཚོགས་རར་སྤུར་མྱོང་། དགེ་རྒན་གྱི་ངར་སྐད་དང་སློབ་གྲོགས་རྣམས་ཀྱི་ཀི་ལྡིར་ཁྲོད་རྒྱལ་དར་གྱི་རྩེར་འགོས་ཤིང་། གསང་སྤྱོད་ཁང་གི་རྒྱབ་ལོགས་སུ་སྦས་ཏེ་དགེ་རྒན་བུ་མོ་ཚོ་དང་སློབ་གྲོགས་བུ་མོའི་ཚོའི་འདོམས་ལའང་བལྟས་མྱོང་། ད་རུང་། ལས་རེས་དགེ་རྒན་གྱི་བཙན་གཉོམ་ལས་སློབ་གྲོགས་བུ་མོ་ཚོའི་མལ་ཁང་དུ་འཛུལ་མྱོང་ལ། དགེ་རྒན་ཕོ་མོ་ཚོའི་སྒེའུ་འོག་ཏུ་ཁོ་ཚོའི་མཚན་གྱི་སྐད་ཆ་སྣ་ཚོགས་དང་དགའ་མགུར་སྤྱོད་པའི་སྐད་ལའང་ཉན་མྱོང་། གང་ལྟར། ཕོ་ལོ་བཅུ་ཅན་གྱི་བྱིས་པ་ཞིག་གིས་བསྒྲུབ་མི་སྲིད་སྙམ་པའི་དོན་རྣམས་ངས་བསྒྲུབས་མྱོང་ལ། སློབ་རིམ་བཞི་པའི་བྱིས་པ་ཞིག་གིས་མི་ནུས་སྙམ་པའི་དོན་རྣམས་ངས་སྔ་མོར་བསྒྲུབས་ཡོད། དེ་ལྟར། ང་རང་སློབ་གྲྭ་འདིའི་ནང་དགེ་སློབ་ཀུན་གྱིས་མ་རབས་ཤིག་ཏུ་བརྩི་བཞིན་ཡོད་ནའང་། ནམ་རྒྱུན་ཁ་བ་འབབ་པའི་ཉིན་ལ་ངས་རང་གི་པྲ་ཆལ་གྱི་ལས་རྣམས་སྤངས་ཅི་ཐུབ་དང་ཡ་རབས་ཀྱི་དོན་ཞིག་བསྒྲུབ་ཨེ་ཐུབ་བལྟས་པ་ཡིན། དེ་ལ་ཡང་རྒྱུ་མཚན་མེད་པ་མིན། ངའི་ཨ་མ་འདས་པའི་ཉིན་དེར་ས་གཞི་ཁ་བས་གཡོགས་ཤིང་ཁ་བའི་འདབ་མ་འཐོར་ཀྱིན་ཡོད་པས་ཨ་མྱེ་ཡིས“ལས་ངན་པོ། ཁ་ནས་མ་ཎི་རེ་ཐོན། ཡ་རབས་ཀྱི་ལས་བསྒྲུབ་དང་ཕྱི་མའི་ཡུལ་དུ་ཨ་མའི་རྗེས་སུ་འགྲོ་ངེས”ཞེས་ང་ལ་བཤད་མྱོང་ཡོད་པས་ཁ་བ་འབབ་པའི་དུས་ལ་ངས་ཅིས་ཀྱང་རང་གི་པྲ་ཆལ་གྱི་ལས་རྣམས་སྤངས་ཅི་ཐུབ་བྱེད་བཞིན་ཡོད།

སློབ་སྐབས་འདིར་ཁ་བ་ཐེངས་དྲུག་ལ་བབས་བྱུང་།

 

1

ཁ་བ་འབབ་ཐེངས་དང་པོ་ནི་གློ་བུར་བ་ཞིག

ཉིན་དེའི་ཞོགས་པར་མགོན་པོ་གཅིན་རྐྱལ་སྔར་བཞིན་རང་གི་མལ་གདན་སྟེང་འཁྱིལ་བའི་གཅིན་གྱིས་སད་དེ་སྒེའུ་ཁུང་ཕྱི་རོལ་དུ་ལྟ་དུས་ས་གཞིའི་ཁྱོན་ཡོངས་ཁ་བ་དཀར་པོས་གཡོགས་འདུག ཁོ་ནི་དོན་ཅི་ཞིག་མཐོང་ཚེ་ཐོག་མར་ཨག་འདེབས་པའི་རིགས་ཡིན་པས་ཁོའི་གློ་བུར་བའི་ཨག་སྐད་ཀྱིས་ངའི་ཡུན་རིང་རྨིས་མ་མྱོང་པའི་རྨི་ལམ་དཀྲོགས། ངའི་སེམས་སུ་ཐེངས་འདིར་གཅིན་རྐྱལ་འདིའི་འདོམས་འོག་ལྕགས་སྐུད་ཀྱིས་སྡོམ་དགོས་སྙམ་ཏེ་ཡར་ལངས་པར་སྒེའུ་ཁུང་ཕྱི་རོལ་གྱི་དཀར་བོང་བོང་གི་འཇིག་རྟེན་གྱིས་ངའི་ཁོང་ཁྲོའི་མེ་ལྕེ་དེ་མར་བརླན་པར་བཏང་།

“ཁ་བ་བབས་ཡོད་པས་པྲ་ཆལ་གྱི་ལས་སྤངས་ཏེ་ཡ་རབས་ཀྱི་ལས་བསྒྲུབ་དགོས། ”ཞེས་ངས་རང་ལ་ཁེར་ལབ་དེ་འདྲ་བྱས།

ངས་སྔོན་ལ་མལ་ཁང་ནང་གཙང་སྦྲ་བྱས་ཤིང་ཡར་མར་འཕངས་པའི་མལ་གྲོགས་ཚོའི་ལྷམ་དང་གོན་པ་དག་གྲལ་དག་སྒྲིག ཁོ་ཚོའི་གདོང་བཀྲུ་བྱེད་ཀྱི་གཞོང་པ་དང་སོ་བཀྲུ་སྤྱད་ནང་ཆུ་བླུགས་པར་མགོན་པོ་གཅིན་རྐྱལ་གྱིས་ཁ་གདངས་ཤིང་མིག་ཅེར་རེར་ང་ལ་བལྟས་འདུག ངའི་གློ་བུར་བའི་བྱ་སྤྱོད་དེས་རྒྱུན་པར་གཏི་མིག་གིས་སངས་ཐབས་མེད་པའི་མལ་གྲོགས་གཞན་དག་ཀྱང་དམག་མི་ཞིག་དང་འདྲ་བར་རང་སའི་མལ་ཁྲིའི་སྟེང་ཀྲོང་ངེར་ལངས་འདུག

སློབ་ཁྲིད་ཀྱི་སྐབས་སུ་ངས་རྣམ་རིག་ཡོད་དགུ་བཏོན་ཏེ་དགེ་རྒན་ཚོས་ཅི་བཤད་ལ་ནན་གྱིས་ཉན་པར་རྒྱ་ཡིག་དགེ་རྒན་གྱིས་ངའི་ཐོད་པར་ཡང་ཡང་ཐུག་ཏེ་རྒྱ་སྐད་ཀྱིས“ཁྱོད་ཀྱིས་སྨན་འཐུང་ནོར་བྱུང་པ་ཡིན་ནམ”ཟེར། དབྱིན་ཡིག་དགེ་རྒན་གྱིས“འི་མེན་ཟིན(amazing)”ཟེར་ཡང་ངའི་དེའི་དོན་ཅི་ཡིན་རྟོགས་མ་སོང་། གང་ལྟར་སློབ་ཐུན་བཞི་པའི་སྐབས་སུ་ང་ཚོའི་སློབ་ཁང་གི་སྒེའུ་ཁུང་ཁྲོད་དགེ་རྒན་ཚོས་ཡང་ཡང་ང་ལ་ལྟ་བཞིན་པ་ནི་འདིར་ཁྱད་མཚར་གྱི་རི་དྭགས་ཤིག་ཡོད་པ་དང་གཉིས་སུ་མེད།

ཉིན་གུང་གི་མཚམས་སུ། བར་སྣང་གི་སྤྲིན་པ་རིམ་བཞིན་ཡལ་ཞིང་ཁྲི་གདུགས་ཉི་མ་ག་ལེར་གསལ་ཡོང་། སློབ་གྲྭའི་ར་སྐོར་ཁྲོད་བབས་པའི་དཀར་བོང་བོང་གི་ཁ་བ་ནི་འོད་ཀྱི་ཁབ་མིག་རེ་དང་འདྲ་བར་མིག་ནང་ལ་ཟུག་ཡོང་ནའང་ང་ལ་མཚོན་ན་དེ་ལ་བདེ་སྣང་ཁྱད་མཚར་ཅིག་འདུག དེའི་ཚེ་འཛིན་བདག་དགེ་རྒན་སྐལ་བཟང་གིས་གློ་ལུ་རྒྱག་ཞོར“ཕྱི་དྲོར་སློབ་གྲྭའི་ནང་ཞིང་ཆེན་རིམ་པའི་མགོ་ཁྲིད་ཅིག་སླེབས་ཡོང་། མྱུར་བར་སློབ་ཁང་དང་ཁོར་ཡུག་ལ་གཙང་སྦྲ་བྱོས། ”ཞེས་བཀའ་ཕབ། ནམ་རྒྱུན་དགེ་རྒན་སྐལ་བཟང་གིས་གློ་ལུ་རྒྱག་དུས་ཁོས་ཁུག་མ་ལས་དུ་བ་རྐང་གཅིག་བླངས་ཏེ་མྱུར་བར་མེ་སྒྲོན་དགོས་ཀྱང་། དེ་རིང་ཁོས་གཡས་གཡོན་གྱི་ཁུག་མ་ཇི་ལྟར་ཕར་སློག་ཚུར་སློག་བྱས་ཀྱང་གློ་ལུའི་སྨན་ལྟ་བུའི་དུ་བ་དེ་རྙེད་མ་བྱུང་ལ། བྲེལ་འཚུབ་ངང་བསྐྱོད་པའི་དགེ་རྒན་བསོད་ནམས་ལ་དུ་བ་སློང་པའི་ལག་བརྡ་དང་བཅས་འཛུམ་བསྟན་ནའང་དེ་ལ་རྣམ་འགྱུར་ཅི་ཡང་མེད་པར་གཞུང་སྒྲུབ་ཁང་དུ་འཛུལ། སྐབས་དེར་ངའི་ཡིད་ངོར་ཁ་སང་དགེ་རྒན་ཚོའི་གད་སྙིགས་ལས་རྙེད་པའི་སྦྲུམ་འགོག་སྲུང་ཤུབས་དང་དུ་བ་རྐང་གཅིག་པོ་དེ་དྲན་ཞིང་། སེམས་སུ་དུ་བ་དེ་དགེ་རྒན་སྐལ་བཟང་ལ་སྟེར་དགོས་བསམ་ཡང་ཁོས“ཐེའུ་ཕྲུག རྣམ་ཤེས་བོར་སོང་ངམ། མྱུར་ཏུ་གཙང་སྦྲ་བྱོས”ཞེས་ང་ལ་རྡོག་ཐོས་བརྒྱབ་པས་ང་རང་བྲོས་བྱོལ་གྱིས་ཕར་སོང་། དུས་ཚོད་རེ་ཞིག་སོང་ནའང་འཛིན་བདག་དགེ་རྒན་སྐལ་བཟང་གི་གློ་ལུ་རྒྱག་པའི་སྐད་དེ་ད་རུང་བར་ཁྱམས་ན་གྲག་བཞིན་འདུག ངས་སློབ་ཁང་གི་སྒེའུ་ཁུང་ལས་མགོ་བསྲིངས་ཏེ་ཁོ་ལ་དུ་བ་དང་འབྲེལ་བའི་སྐད་ཆ་དེ་ཡང་བསྐྱར་བཤད་བསམ་ཡང་ཁོས་ང་ལ་སྡང་མིག་དང་བཅས“ཙི་གུ་འདྲ་བོ། མྱུར་བར་གཙང་སྦྲ་བྱོས་ཟེར་ན།”ཞེས་སྐད་གདངས་ཤིན་ཏུ་ཇེ་མཐོར་སོང་། ཉིན་གུང་གི་དུས་སུ། འཛིན་བདག་དགེ་རྒན་སྐལ་བཟང་གིས་ད་རུང་གློ་ལུ་རྒྱག་ཞོར་འདུར་རྒྱུགས་ཀྱི་ལས་ལ་འབད་བཞིན་འདུག ངས་སྨྱུག་སྒམ་ཁྲོད་སྦས་པའི་སྦྲུམ་འགོག་སྲུང་ཤུབས་དང་དུ་བ་རྐང་གཅིག་པོར་ལྟ་ཞོར་ཁོ་ལ་སྟེར་མི་སྟེར་གྱི་སོམ་ཉིར་ཚུད།

ཕྱི་དྲོའི་སློབ་ཁྲིད་ཀྱི་སྐབས་སུ། ང་ཚོའི་སློབ་ཁང་དུ་མིག་ཤེལ་ནག་པོ་གྱོན་ཞིང་མགོ་སྐྲ་ནག་གེར་ཀྲིག་པ། ལུས་ཡོངས་གྱོན་གོས་ནག་པོས་བརྒྱན་ཞིང་ལུས་ཤ་ཤིན་ཏུ་རྒྱགས་པའི་བུད་མེད་ཅིག་སླེབས་པར་མོའི་རྗེས་སུ་མོ་དང་གྱོན་གོས་གཅིག་པའི་མི་ཆེན་ཕོ་མོ་མང་པོ་ཐོན་ཡོང་། དེའི་ཚེ་འཛིན་བདག་དགེ་རྒན་སྐལ་བཟང་གིས་མགོ་སྒུར་སྒུར་གྱིས་ང་ཚོའི་འཛིན་གྲྭ་མཚམས་སྦྱོར་བྱས་པར་བུད་མེད་དེས་རྒྱ་སྐད་ཀྱི་ལམ་དུ་འཛིན་གྲྭའི་བྱིས་པ་ཚོའི་ཆ་སྙོམས་ཀྱི་ལོ་ཚོད་ག་ཙམ་རེད་ཟེར་བར་འཛིན་བདག་དགེ་རྒན་གྱིས་ལོ་དགུ་རེད་ཟེར། འཛིན་གྲྭའི་ནང་དྭ་ཕྲུག་ཡིན་པའི་སློབ་མ་ཡོད་དམ་ཟེར་བར་འཛིན་བདག་དགེ་རྒན་གྱིས་གཅིག་ཀྱང་མེད་ཟེར། སྐད་ཆ་དེ་བཤད་འཕྲལ་ངས་དབང་མེད་དུ་མགོ་བོ་ཡར་བཀྱགས་ཏེ་ཁོ་ལ་ཕུར་ཚུགས་སུ་བལྟས་པར་བུད་མེད་དེ་ངའི་གམ་དུ་ཐོན་ཏེ་རྒྱ་སྐད་ཀྱིས“ཁྱོད་ཀྱི་མིང་ལ་ཅི་ཟེར”ཅེས་སྐད་དྲིས་བྱུང་། ངས་ཏོག་ཙམ་ལ་སྐད་ཆ་ཅི་ཡང་བཤད་མ་ཐུབ། འཛིན་བདག་དགེ་རྒན་གྱིས་ང་ལ་ལྟ་བཞིན“མྱུར་བར་ལན་ཐོབས“ཟེར། བུད་མེད་དེས་ཡང་བོད་སྐད་ཀྱི་ལམ་དུ”ཁྱོད་ཀྱི་མིང་ལ་ཅི་ཟེར། དགེ་རྒན་གྱི་བཤད་པ་ནོར་སོང་ངམ”ཞེས་དྲིས་པར་ངས་དགེ་རྒན་སྐལ་བཟང་ཀྱི་ཕྱོགས་ལ་ལན་གཅིག་བལྟས་པར་ཁོས་མྱུར་བར་ལན་ཐོབས་ཞེས་པའི་མགོ་བརྡ་བསྟན་བྱུང་། ངས”ངའི་མིང་ལ་ཚེ་རིང་བསམ་གྲུབ་ཟེར། ང་དྭ་ཕྲུག་ཅིག་ཡིན།”ཞེས་བཤད་པར་འཛིན་བདག་དགེ་རྒན་གྱི་ངོ་གདོང་དམར་པོར་གྱུར་ཅིང་གློ་ལུ་དྲག་ཏུ་བརྒྱབ་པ་ན། ངས་མིག་ལམ་དུ་ཕྱི་རོལ་གྱི་ཁ་བས་གཡོགས་པའི་དཀར་བོང་བོང་གི་འཇིག་རྟེན་དེ་ལྷག་གེར་དཀར་བོར་དཀར་རྐྱང་དུ་སྣང་ཞིང་། ཡིད་ངོར་སྨྱུག་སྒམ་ཁྲོད་སྦས་པའི་དུ་བ་རྐང་གཅིག་པོ་དེ་ཡང་ཤིན་ཏུ་དཀར་མདོག་ཏུ་སྣང་པས་ཐེངས་འདིར་ཐེ་ཚོམ་ཅི་ཡང་མེད་པར་སྨྱུག་སྒམ་ཁྲོད་ཀྱི་དུ་བ་དེ་འཛིན་བདག་དགེ་རྒན་ལ་བྱིན། ཁོས་ཡུད་ཙམ་ལ་དེ་ལེན་མ་ཕོད། ཡང་ཁོས་བུད་མེད་དེའི་གདོང་ལ་ལན་གཅིག་གཟིགས་རྗེས་མྱུར་བར་ཚུར་བླངས་ཤིང་གདོང་ཡོངས་དཀར་པོ་ནས་དམར་པོ། དམར་པོ་ནས་དམར་ནག་ཏུ་གྱུར། དགེ་རྒན་སྐལ་བཟང་གི་ངོ་མདོག་དེ་ནི་སྒྱུ་མ་མཁན་གྱིས་སྒྱུ་འཕྲུལ་བསྟན་པ་དང་གཉིས་སུ་མེད། ངས་ཕྱིར་ཅོག་ཙེའི་ནང་བཞག་པའི་སྨྱུག་སྒམ་དེ་བུད་མེད་དེས་ཕྱིར་བླངས་ཤིང་ཁ་ཕྱེ་བརྩིས་བྱས་པར་ངའི་སྨྱུག་སྒམ་ནི་གཞན་གྱིས་འབྱེད་བསམ་ཚེ་ཤིན་ཏུ་ཁག་པོར་འདུག་པས་མོས་ནུས་ཤུགས་ཡོད་དགུ་བཏོན་པ་དང་མཉམ་དུ། སྨྱུག་སྒམ་ཁྲོད་སྦས་པའི་སྦྲུམ་འགོག་སྲུང་ཤུབས་དེའང་ཁ་བའི་འདབ་མ་ཆེན་པོ་ཞིག་དང་འདྲ་བར་བུད་མེད་དེའི་རྐང་སྣེར་ལྷུང་། དེའི་ཚེ། འཁོར་གྱི་སློབ་གཙོ་མཛུབ་དྲུག་དང་འཛིན་བདག་དགེ་རྒན་སྐལ་བཟང་། དགེ་རྒན་བསོད་ནམས། གྱོན་གོས་ནག་པོ་གྱོན་པའི་མི་ཆེན་ཕོ་མོ་དེ་ཚོ་ནི་སློབ་གྲྭའི་རྒྱབ་རིའི་སྟེང་གི་སྡོང་སྐམ་དེ་དག་དང་འདྲ་བར་དེ་ལྟར་ཀྲོང་ངེར་ལངས་བསྡད།

ཕྱི་ཉིན་ཞོགས་པར་ང་རང་མལ་ལས་ལངས་དུས། ས་གཞི་སྐྱ་ཐོ་ཐོར་འདུག་པ་དང་ནམ་མཁའ་རུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང་པས་ངས་ཡང་བསྐྱར་པྲ་ཆལ་གྱི་ལས་མགོ་བརྩམ།

“མགོན་པོ་གཅིན་རྐྱལ། མྱུར་བར་སྐུ་ངོའི་ལྷམ་ཁྱེར་ཤོག”ཞེས་སྐད་བརྒྱབ་པར་མགོན་པོ་གཅིན་རྐྱལ་གྱིས་རང་གི་གཅིན་པ་ཤོར་བའི་མལ་གདན་བསྐྱུར་ཏེ་ངས་ལྷམ་ཁྱེར་ཡོང་།

ཡང་ངས“གཅིན་རྐྱལ། དེ་རིང་སྐུ་ངོ་ལ་སྙན་ཞུ་འབུལ་རྒྱུ་ཅི་ཞིག་ཡོད”ཟེར་བར་གློ་བུར་ངའི་ཀླད་རྒྱབ་ལ་ན་ཟུག་དྲག་པོ་ཞིག་ངང་གིས་སྐྱེས་ཤིང་ངས་མྱུར་བར་ཁ་ཕྱིར་འཁོར་དུས་འཛིན་བདག་དགེ་རྒན་སྐལ་བཟང་གིས་མིག་གཉིས་འབུར་འབུར་དང་ཁྲོ་བའི་གཉེར་མདུད་བརྩེགས་བརྩེགས་ཀྱིས་ངའི་ལྟག་རྒྱབ་ཏུ་ལངས་འདུག ཁོས་ཡང་བསྐྱར་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་བྱིན་རྗེས“ས་བདག་འདྲ་བོ་འདི། ཁ་ཕོད་ཆེ་བ་ལ། སྐུ་ངོ། ཁྱོད་སུ་ཚང་གི་སྐུ་ངོ་ཡིན”ཞེས་ངའི་སྲིན་ཚང་གི་སྐྲ་ལས་ཡར་འཐེན་པར་ངའི་སེམས་སུ་རྗེས་མར་ཁོས་གློ་ལུ་ཇི་ལྟར་བརྒྱབ་ཀྱང་དུ་བ་རྐང་གཅིག་ཀྱང་ཁོ་ལ་མི་སྟེར་བསམས།

 

2

ཁ་བ་འབབ་ཐེངས་གཉིས་པའི་འབབ་ཡུན་ནི་ཐུང་ཐུང་ཞིག

ཉིན་དེར། སློབ་ཁྲིད་ཀྱི་གྲོལ་བརྡ་གྲགས་པ་དང་མཉམ་དུ་ང་རང་གཉིད་ལས་སད་ཅིང་སྒེའི་ཁུང་ཕྱི་རོལ་དུ་ལྟ་དུས་ཁ་བའི་འདབ་མ་ཐ་ར་ཐོར་རེ་ཞིག་ལྷུང་གིན་འདུག ང་རང་ཅོག་སྒྲོམ་ལས་བྲལ་ཏེ་གླལ་སྒྱིང་ཞིག་བྱས་རྗེས་ཁ་བ་འབབ་པར་བལྟས་པར་ཡིད་སེམས་ལ་བདེ་སྣང་ཁྱད་མཚར་ཅིག་སྐྱེས་ཡོང་།

“ཚེ་རིང་བསམ་གྲུབ། སློབ་ཐུན་བཞི་བ་ཚོགས་སོང་། མྱུར་བར་བོད་ཡིག་གི་དཔེ་ཆ་དང་འབྲི་དེབ་གཉིས་ལོངས”ཞེས་བོད་ཡིག་དགེ་རྒན་ཆོས་སྒྲོན་གྱིས་དེ་ལྟར་བཤད་ཡོང་བར་ངས་ད་གཟོད་ནངས་མོའི་ཐུན་རྣམས་རེ་རེ་བཞིན་རྫོགས་ཏེ་སློབ་ཐུན་བཞི་བར་ཐོན་ཡོད་པ་ཤེས།

“ཁ་བ་འབབ་ཀྱིན་ཡོད་པས་པྲ་ཆལ་གྱི་ལས་སྤངས་ཏེ་ཡ་རབས་ཀྱི་ལས་བསྒྲུབ་དགོས།”ཞེས་ངས་ཐོག་མར་རང་ལ་ཁེར་ལབ་ཅིག་བརྒྱབ་ཞིང་དེ་ནས་མྱུར་བར་བོད་ཡིག་གི་དཔེ་ཆ་དང་འབྲི་དེབ་གཉིས་ཅོག་སྒྲོམ་སྟེང་བཞག སློབ་མ་ཡ་རབས་ཀྱི་བཟོ་ལྟ་མངོན་ཏེ་མགོ་བོ་ཡར་བཀྱགས། རྐེད་པ་དྲང་མོར་བྱས། ལག་པ་གཉིས་ཅོག་སྒྲོམ་སྟེང་བཞག་པར་བོད་ཡིག་དགེ་རྒན་ཆོས་སྒྲོན་གྱིས་ང་ལ་ལྟ་བཞིན་རྒྱ་སྐད་ཀྱིས“戏精”ཟེར། ངས་དེའི་དོན་ཅི་ཡིན་མ་ཤེས་པས་མགོན་པོ་གཅིན་རྐྱལ་ལ་དྲིས་པར་ཁོས“དགེ་རྒན་གྱིས་ཁྱོད་ཞེ་གཅོད་ཅིག་རེད་ཟེར”ཞེས་ལན་བཏབ།

“ཞེ་གཅོད་ཟེར་ན་ཅི་རེད”ཡང་ངས་དེ་ལྟར་དྲིས།

“དེ་ཁྱོད་ཀྱིས་དག་ཡིག་གསར་བསྒྲིགས་སྟེང་ཚོལ”ཞེས་ཁོས་དེ་ལྟར་བཤད་བཞིན་ཅི་མི་སྙམ་གྱི་རྣམ་འགྱུར་ཅིག་བསྟན་པར་ངས་ཁོའི་སྐྲ་ནང་ནས་ཡར་འཐེན་བསམ་ཡང་ཕྱི་རོལ་གྱི་ཁ་བའི་འདབ་མ་མཐོང་པས་ངས་མུ་མཐུད་དགེ་རྒན་གྱིས་ཅི་བཤད་ཉན་བསྡད།

“དེ་རིང་གི་སློབ་ཐུན་འདིའི་ནང་ང་ཚོས་མཉམ་དུ་རྩོམ་ཡིག་ཐུང་ཐུང་ཞིག་བཀླགས་རྗེས་དེ་ལ་ལད་ཟླའི་ཚུལ་གྱིས་རྩོམ་ཐུང་ཞིག་འབྲི”ཞེས་བོད་ཡིག་དགེ་རྒན་ཆོས་སྒྲོན་གྱིས་སྒོ་སམ་སྟེང《ང་ཡི་ཕ་མ》ཞེས་པའི་རྩོམ་ཐུང་ཞིག་གི་མ་དཔེ་བྲིས་པ་ནི་འདི་ལྟར།

ང་ཡི་ཕ་མ།

ངའི་ཨ་ཕ་ནི་ཚན་རིག་པ་ཞིག་ཡིན། ངའི་ཨ་མ་ནི་གནམ་གྲུའི་ཁ་ལོ་བ་ཞིག་ཡིན། ངའི་ཨ་ཕའི་གཟུགས་སྟོབས་ཆེ་ཞིང་མིག་ཟུང་ལྗང་མདོག་ཏུ་སྣང་། ངའི་ཨ་མའི་སྐྲ་ལོ་སེར་ཅིང་གཟུགས་བྱད་ཤིན་ཏུ་མཛེས། ཁོང་གཉིས་ཀས་རང་ཉིད་ཀྱི་དུས་ཚོད་ཡོད་ཚད་རྒྱལ་ཁབ་ཀྱི་ལས་དོན་ཆེད་དུ་འབད་བཞིན་ཡོད། ངའི་སེམས་སུ་བདག་གི་ཨ་ཕ་ནི་དགུང་གི་ཉི་མ་དམར་པོ་ཇི་བཞིན་དམར་ལམ་ལམ་བྱེད་ལ། བདག་གི་ཨ་མ་ནི་མཁའ་ཡི་ཟླ་བ་ཇི་བཞིན་རྟག་ཏུ་དཀར་ལམ་ལམ་བྱེད་པས་ང་རང་ངའི་ཨ་ཕ་དང་ཨ་མ་གཉིས་ལ་ཤིན་ཏུ་དགའ།

“ཁྱོད་ཚོས་སྒོ་སམ་སྟེང་གི་རྩོམ་ཐུང་འདི་ལ་ལད་མོ་བྱས་ཏེ་རྩོམ་ཞིག་ཕྲིས”ཞེས་བོད་ཡིག་དགེ་རྒན་ཆོས་སྒྲོན་གྱིས་དེ་ལྟར་བཤད་པར་སློབ་གྲོགས་རྣམས་ཀྱིས་མྱུར་བར་རང་གི་འབྲི་དེབ་སྟེང་ཡི་གེ་ཕབ་མགོ་བརྩམ།

གོ་ཐོས་སུ་དགེ་རྒན་ཆོས་སྒྲོན་ནི་ཁུལ་གྱི་མགོ་བ་གྲགས་ཅན་ཞིག་གི་བུ་མོ་ཡིན་པ་དང་དགེ་རྒན་ཚོའི་ནང་ནས་དབང་ཤེད་ཆེས་ཆེ་བ་དེ་ཡིན་པར་བཤད་ཀྱང་ང་རང་ཆེས་མི་སྐྲག་ས་ནི་ཁོ་མོ་ཡིན། མོས་བཞག་པའི་བོད་ཡིག་གི་ལས་བྱ་ཚད་ཉུང་ཞིང་དུས་ཚོད་ལྟར་ཡར་སྤྲོད་མི་དགོས་ལ། མ་བྲིས་ནའང་དགེ་རྒན་གཞན་ལྟར་རྡོག་ཐོ་དང་ངན་ཚིག་ཅི་ཡང་བཤད་མི་ཡོང་།  ཡིག་ནོར་དག་བཅོས་དང་ཞིབ་ཕྲའི་དཔྱད་གཏམ་སོགས་ཀྱང་ཅི་ཡང་མེད་པས་མོའི་བོད་ཡིག་གི་སློབ་ཁྲིད་ནི་ཆེས‘རང་དབང’ལྡན་པ་ཞིག་རེད། དེར་བརྟེན། དེ་རིང་གི་རྩོམ་ཐུང་འདི་ཡང་ངས་མ་བྲིས་ཆོག་ཀྱང་ཕྱི་རོལ་གྱི་ཁ་བའི་འདབ་མ་ཐོར་བ་མཐོང་ཚེ་ངས་རང་གི་འབྲི་དེབ་ཀྱི་དཀྱིལ་དུ་དེ་མར་ཉིད་དུ《ང་ཡི་ཕ་མ》ཞེས་པའི་ཁ་བྱང་ཕབ་ཅིང་ལད་ཟླའི་ཚུལ་དུ་བྲིས་པའི་རྩོམ་ཐུང་ནི་འདི་ལྟར།

ང་ཡི་ཕ་མ།

ངའི་ཨ་ཕ་ནི་ཁྱི་ཞིག་ཡིན། དེ་ནི་ངའི་ཨ་མས་ང་ལ་བཤད་པ་ཡིན། ངའི་ཨ་མ་ནི་ཀླ་ཀློ་མ་ཞིག་ཡིན། དེ་ནི་ངའི་ཨ་མྱེ་ཡིས་བཏགས་པ་ཡིན། ངའི་ཨ་མ་ནི་ནད་པ་ཞིག་ཡིན། དེ་ནི་ངས་ཤེས་པ་ཡིན། ངའི་ཨ་ཕ་ནི་ཁྱི་ ཞིག་ཡིན་པས་གཟུགས་སྟོབས་ཀྱང་ཁྱི་དང་མཉམ་སྲིད། ངའི་ཨ་མའི་སྐྲ་ལོ་ནག་ཅིང་གཟེངས་ལ་གཟུགས་བྱད་ཤིན་ཏུ་རིད། ཁྱི་ཡིས་རང་ཉིད་ཀྱི་དུས་ཚོད་ཡོད་ཚད་ཁྱི་ལྟོ་དང་ཟུག་རྔུ་ལ་འབད་བཞིན་ཡོད། ཨ་མའི་དུས་ཚོད་ཡོད་ཚད་མལ་སའི་ནང་ཚར། ཁྱི་ཡིས་དོན་མེད་དུ་ཟུག་རྔུ་བྱེད་ལ། ཨ་མ་ནད་པ་ལགས་ཁ་བ་འབབ་པའི་ཉིན་དེར་གྲག་རྒྱུ་མེད་པར་གྱུར། དེ་ལྟར་ཡིན་ནའང་ཨ་མ་བཞུགས་དུས་མོ་ནི་ཉི་མ་སེར་པོ་ཇི་བཞིན་དྲོད་ཁོལ་ལྡན་པས་ང་རང་ཨ་མ་ལ་ཤིན་ཏུ་དགའ། ཨ་ཕ་ལ་མི་དགའ།

ངས་རྩོམ་ཐུང་འདི་བྲིས་ཚར་རྗེས་མྱུར་བར་ལག་པ་ཡར་བཀྱགས་པར་བོད་ཡིག་དགེ་རྒན་ཆོས་སྒྲོན་ངའི་གམ་དུ་ཐོན་ཏེ་རྩོམ་ཐུང་དེ་གྱེར་མགོ་བརྩམ།

“ངའི་ཨ་ཕ་ནི་ཁྱི་ཞིག་ཡིན་་་ ཧ་ཧ་ཧ་་་་་་་”ཞེས་མོའི་གད་མོའི་དགོད་སྒྲ་དང་སློབ་གྲོགས་ཚོས་དགོད་སྒྲས་སློབ་ཁང་གས་པར་བྱས། དེའི་ཚེ་སློབ་ཁྲིད་གྲོལ་བའི་ཅོང་བརྡ་ཡང་གྲགས་བྱུང་། ངས་སྒེའུ་ཁུང་ཕྱི་རོལ་གྱི་ཁ་བའི་འདབ་མ་ཐར་ཐོར་དེ་ལྟ་བཞིན་ཨ་མ་དང་མཉམ་དུ་བསྡད་པའི་ལོ་ཟླ་དྲན་ཡོང་།

“ཨ་མ། ང་ལ་ཨ་ཕ་ཡོད་དམ།”

“དེ་མ་གླེང་། དེ་ཁྱི་ཞིག་ཡིན།”

“ཨ་མ། དེ་ན་ཨ་ཕ་ཁྱི་གང་དུ་བུད་སོང་།”

“སུས་ཤེས། ཁ་བ་འབབ་པའི་དུས་ལ་གར་སོང་ཆ་མེད་གྱུར་སོང་།”

་་་་་་

“ཨ་མ། གཞན་གྱི་ཨ་མར་སྐྲ་ལོ་མང་པོ་ཡོད་ཀྱང་ཁྱེད་ལ་ཉུང་ཉུང་ཙམ་ལས་མེད་པ་ཅི།”

“གཅེས་ཕྲུག  དེ་རྗེས་མར་ཁྱོད་ཀྱིས་ཤེས་ཡོང་།”

་་་་་་་

གློ་བུར། ཁ་བའི་འབབ་མཚམས་ཆད་སོང་།

 

3

ཁ་བ་འབབ་ཐེངས་གསུམ་པ་ནི་ཆམ་ནད་ཅིག་ལས་མགོ་བརྩམ་ཞིང་གཅིན་གྱི་དམ་བེ་གཉིས་ལས་མཇུག་སྒྲིལ།

ཉིན་དེར། སྔོན་ལ་སློབ་གྲྭའི་ནང་སྦྲུམ་འགོག་སྲུང་ཤུབས་མང་པོ་ཁྱེར་ཡོང་པའི་སྐྱེས་པ་དེ་ཡང་བསྐྱར་ཐོན་ཞིང་། ཐེངས་འདིར་ཁོས་རི་མོ་ཅན་གྱི་ལག་དེབ་མང་དུ་བཟུང་སྟེ “སློབ་ཕྲུག་ཚོ། ཉིན་འདི་འགར་ཆམ་པ་ལྕི་མོ་ཞིག་ཡུལ་གྲུ་གང་སར་ཐོན་འདུག ལག་དེབ་འདི་ནི་ཆམ་ནད་སྔོན་འགོག་བྱེད་པའི་དྲིལ་བསྒྲགས་ལག་དེབ་ཡིན། ཁྱོད་ཚོས་འདིའི་སྟེང་གི་རི་མོ་བཞིན་ཆམ་ནད་སྔོན་འགོག་བྱེད་དགོས” ཞེས་བཤད་བཞིན་སློབ་གཙོ་མཛུབ་དྲུག་གི་ཕྱོགས་སུ་འཁོར་ཏེ་སྐད་ཆ་འགའ་བཤད་པར་ཧབ་སྦྲིད་དྲག་ཏུ་བརྒྱབ་བྱུང་། སྐྱེས་པ་དེ་ཕྱིར་སོང་སྟེ་ཡུན་རིང་མ་འགོ་བར་སློབ་གཙོ་མཛུབ་དྲུག་གིས་ཀྱང་ཧབ་སྦྲིད་རྒྱག་མགོ་བརྩམ། ངས་ལག་དེབ་ཀྱི་ཁ་ཕྱེས་པར་དེར་འདི་ལྟར་བཤད་ཡོད་དེ། “ཆམ་ནད་འདི་ནི་ཧབ་སྦྲིད་བརྒྱུད་དེ་གཅིག་ནས་གཅིག་ཏུ་འགོ་སླ་བའི་ནད་རིགས་ཤིག་ཡིན”ཞེས་བྲིས་འདུག ངས་མྱུར་བར་ལག་དེབ་སྟེང་གི་ཡི་གེ་དེ་སློབ་གཙོ་མཛུབ་དྲུག་ལ་བསྟན་པར་ཁོས་མི་ཁོམ་པའི་བཟོ་ལྟ་ཞིག་མངོན་བཞིན་མྱུར་བར་གཞུང་སྒྲུབ་ཁང་དུ་འཛུལ།

ཕྱི་དྲོའི་དུས་ལ། ཙག་རླུང་ལྡང་པ་དང་བསྟུན་གནམ་གཤིས་ཇེ་འཁྱག་ཏུ་སོང་སྟེ་ཁ་བ་འབབ་ལ་ཉེ། འཛིན་བདག་དགེ་རྒན་ཚོ་སློབ་གཙོའི་ཚོགས་འདུ་ལས་གྲོལ་ཏེ་རང་རང་གི་སློབ་ཁང་དུ་ལོག་དུས་ཚང་མས་ཧབ་སྦྲིད་རྒྱག་བཞིན་འདུག དེའི་ཚེ། འཛིན་བདག་དགེ་རྒན་སྐལ་བཟང་གིས་སྐད་གསེང་མཐོན་པོས“མྱུར་བར་སློབ་གྲྭའི་ཚོགས་ཁང་དུ་སོང་། རྫོང་རིམ་པའི་མགོ་བ་ཞིག་ཡོང་ཡོད”ཟེར་བཞིན་སློབ་གྲྭའི་སློབ་མ་ཡོངས་ཚོགས་ཁང་དུ་འཛོམས་པར་དང་པོར་རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཧབ་སྦྲིད་བརྒྱབ་ལ། དེ་ནས་སློབ་གཙོ་དང་དགེ་རྒན་རྣམས་ཀྱིས་ཧབ་སྦྲིད་བརྒྱབ། རིམ་བཞིན་སློབ་མ་སྐོར་ཅིག་གིས་ཀྱང་ཧབ་སྦྲིད་རྒྱག་མགོ་བརྩམས་པར་རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཆམ་ནད་སྔོན་འགོག་བྱེད་པའི་སྐད་ཆ་གཅིག་བཤད་ན་ཞོལ་དུ་ཧབ་སྦྲིད་རྒྱག་མཁན་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་། ངའི་ལག་དེབ་སྟེང་བལྟས་པར་ཡང་འདི་ལྟར་བཤད་ཡོད་དེ། “གལ་སྲིད་ཆམ་ནད་བྱུང་སྟེ་ཧབ་སྦྲིད་རྒྱག་མགོ་བརྩམ་ཚེ། མི་མང་འདུ་བར་འཛེམ་དགོས།”ཞེས་བྲིས་འདུག ཡང་ངས་ལག་དེབ་འཛིན་བཞིན་དགེ་རྒན་སྐལ་བཟང་གི་དྲུང་དུ་འགྲོ་བརྩིས་བྱས་པར་ཁོས་མིག་ཟུང་འབུར་འབུར་གྱིས་ང་ལ་བལྟས་ཏེ་སྒྲ་ཤིན་ཏུ་དམའ་མོས་སྐད་ཆ་འགའ་བཤད་པར་ངས་ཚོད་བགམ་བྱས་པ་ནི “ས་འབུ་འདྲ་བོ། རང་ས་ནས་འདུག་མི་ཐུབ་བམ” ཟེར་བའི་སྡིགས་སྐད་དེ་ཡིན་པས་ང་རང་དེ་མར་ཙོག་པུར་བསྡད། ཕྱིས་སུ་ང་ཚོ་སློབ་གྲྭའི་ཚོགས་ཁང་ནས་ཕྱིར་ཐོན་དུས། ཕྱི་རོལ་དུ་ཁ་བ་འབབ་ཀྱིན་ཡོད་པ་དང་ཙག་རླུང་གཡུག་པར་སློབ་གྲོགས་ཀུན་གྱིས་ཧབ་སྦྲིད་རྒྱག་མགོ་བརྩམ།

ཕྱི་ཉིན་ཞོགས་པར། མགོན་པོ་གཅིན་རྐྱལ་གྱིས་མལ་གདན་སྟེང་གཅིན་པ་ཤོར་ཡོད་པ་མ་ཟད་དོར་མའི་ནང་བཤལ་སྐྱག་ཀྱང་ཤོར་འདུག  ངས་མྱུར་བར་ལག་དེབ་སྟེང་བལྟས་པར་ཡང་འདི་ལྟར་བཤད་ཡོད་དེ། “གལ་སྲིད་ཆམ་ནད་ཛ་དྲག་ཏུ་གྱུར་ཏེ་སྣ་མདོ་དམར་པོར་གྱུར་བ་དང་། རུས་ཚིགས་ན་བ། གྲོད་པ་བཤལ་བའི་ནད་རྟགས་བྱུང་ཚེ། མྱུར་བར་སྨན་ཁང་དུ་འཁྲིད་དགོས། ”ཞེས་བྲིས་ཡོད་པས་ངས་མགོན་པོ་གཅིན་རྐྱལ་གྱི་སྣ་མདོར་བལྟས་པར་དེ་སྔ་མོ་ནས་དམར་པོ་གྱུར་འདུག ཡང་ངས་མྱུར་བར“གཅིན་རྐྱལ། ཁྱོད་ཀྱི་རུས་ཚིགས་ནའམ”ཞེས་དྲིས་པར། གཅིན་རྐྱལ་གྱིས་སྐད་ཆ་ཅི་ཡང་མི་སྨྲ་བར་མགོ་བོ་ལྡེམ་བྱུང་། ང་རང་མྱུར་བར་ཡར་ལངས་ཏེ་འཛིན་བདག་དགེ་རྒན་སྐལ་བཟང་གི་དྲུང་དུ‘ཚབས་ཆེ་བའི’གནས་ཚུལ་དེ་ཡར་ཞུ་བྱེད་དུ་སོང་པར། སློབ་གཙོ་མཛུབ་དྲུག་དང་འཛིན་བདག་དགེ་རྒན་སྐལ་བཟང་གཉིས་ཀའི་སྣ་མདོ་ཡང་དམར་པོར་གྱུར་ཅིང་ངོ་གཉེར་གཉེར་བྱས་ཏེ་གསང་སྤྱོད་ཁང་ནས་སྒོར་བུད་རྗེས་རང་སོའི་མལ་ཁང་དུ་ལོག་པ་ལས་ངའི་ཡར་ཞུའི་གནས་ཚུལ་དེ་ལ་ཉན་འདོད་མེད་པར་འདྲ།  ཡང་ངའི་ལག་དེབ་དེའི་མཇུག་ཏུ་བལྟས་པར་དེར་འདི་ལྟར་འཁོད་ཡོད་དེ། “ཆམ་ནད་འདི་ནི་ནད་ཡམས་གསར་བ་ཡིན་པས་ད་སྔར་སྨན་ཅི་ཞིག་བཏུང་དགོས་པར་ཞིབ་འཇུག་བྱེད་བཞིན་ཡོད”ཅེས་བྲིས་འདུག

རྗེས་སུ། ཞིང་ཆེན་རིམ་པ་དང་ཁུལ་རིམ་པ། རྫོང་རིམ་པ་སོགས་བརྒྱུད་རླངས་འཁོར་མང་པོ་དང་མི་ཆེན་མང་པོ། སྨན་སྣ་མང་པོ་འཁྱེར་ཡོང་ཡང་སློབ་གྲྭའི་དགེ་སློབ་ཕལ་ཆེ་བར་ནད་རྟགས་དེ་བྱུང་པས་སློབ་གཙོ་མཛུབ་དྲུག་ཀྱང་ཐབས་ཟད་དེ་འཛིན་བདག་དགེ་རྒན་དག་ལ་མྱུར་བར་ཁྱིམ་བདག་རྣམས་བོས་ཏེ་སློབ་མ་ཕྱིར་རང་ཁྱིམ་དུ་འཁྲིད་དགོས་པའི་བཀའ་བཞག སློབ་གྲོགས་གཞན་རྣམས་གཅིག་རེ་གཅིག་རེ་བྱས་ཕྱིར་རང་ཁྱིམ་དུ་ལོག་ཀྱང་ཨ་མྱེ་ང་རང་བསུ་བར་སླེབས་མ་བྱུང་། མཐར་ས་སྲོད་ཀྱི་དུས་ལ་ཁེལ་བ་དང་མགོན་པོ་གཅིན་རྐྱལ་གྱི་ཨ་མ་ཐོན་པ་ན་ད་གཟོད་ཨ་མྱེ་ལའང་ཆམ་ནད་ཕོགས་ཏེ་རྫོང་སྨན་ཁང་དུ་སོང་པའི་སྐད་སྐུར་འདུག

ང་རང་ཕྱིར་འཛིན་བདག་དགེ་རྒན་སྐལ་བཟང་གི་སྒོ་མདུན་དུ་སོང་སྟེ་ཨ་མྱེ་ཡོང་མི་ཐུབ་པའི་སྐད་བཤད་པར་ཁོས་སྐད་ཤུགས་ཤིན་ཏུ་དམའ་མོས“དེ་ན་ཁྱོད་རང་སློབ་གྲྭར་སྡོད”ཟེར། ཡང་ངས“དགེ་རྒན། ངའི་རྒྱགས་བྲོ་ཚར་འདུག་པས་ང་ལ་ཟ་རྒྱུ་མི་འདུག”ཅེས་བཤད་པར། འཛིན་བདག་དགེ་རྒན་སྐལ་བཟང་གིས“ཁྱོད་རང་རྐུ་ལ་འཇོན་པོ་མེད་དམ། མལ་གྲོགས་དག་གི་བྲོ་སྒམ་ནང་ལྟོས་དང”ཞེས་སྐད་བཞག་ཡོང་། ང་རང་ཕྱིར་མལ་ཁང་དུ་ལོག་དུས་ངས་ད་གཟོད་སློབ་གྲྭའི་ནང་ང་གཅིག་པུ་ལས་སློབ་མ་གཞན་མེད་པར་རྟོགས་ཤིང་། རང་སྣང་གང་ཤར་གྱིས་མལ་གྲོགས་གཞན་རྣམས་ཀྱི་བྲོ་སྒམ་རེ་རེ་བཞིན་ཁ་ཕྱེས་པར་འགའ་རེའི་ནང་དུ་ཤ་སྐམ་རེ་འདུག་ཅིང་། འགའ་རེའི་ནང་དུ་རྩམ་མར་གཉིས་བསྲེས་འདུག དེ་ལས་ལྷག་པ་ཞིག་ནི་མགོན་པོ་གཅིན་རྐྱལ་གྱི་སྒམ་ནང་དུ་དོར་མ་རྙིང་བ་ཞིག་གི་ཕག་ཏུ་ཇ་དམར་དམ་བེ་གཉིས་སྦས་འདུག་པས་ངས་ཤ་སྐམ་དང་ཇ་དམར་གྱི་ཟས་སྐྱིད་ཆུང་ཆུང་ཞིག་བརྒྱབ། དེ་ལྟར་སྒེའུ་ཁུང་ཕྱི་རོལ་གྱི་ལྗོངས་རྣམ་མུན་པས་ཡོངས་སུ་སྒྲིབ་དུས་རྒྱུན་པར་འུར་ཟིང་དུ་ལྡིར་པའི་མལ་ཁང་གི་བར་ཁྱམས་དེ་གློ་བུར་སྟོང་ལྷང་ངེར་དང་ནག་ཐོམ་མེར་གྱུར་ལ། གྲང་འཁྱག་གིས་བསྡམས་པའི་འུར་རླུང་ཞིག་ངོ་གདོང་གཟས་ཏེ་བརྒྱུད་ཡོང་པར་ལུས་སེམས་ལ་འཇིགས་སྣང་ཞིག་ངམ་ངམ་ཤུགས་ཀྱིས་བསྐྱེད་ཡོང་། དེར་བརྟེན། ང་རང་གསང་སྤྱོད་ཁང་དུ་འགྲོ་མ་ཕོད་པར་ཇ་དམར་གྱི་དམ་བེ་སྟོང་བ་གཉིས་ངའི་གཅིན་སྣོད་དུ་གྱུར།

ཕྲན་ཙམ་འགོར་རྗེས། མལ་ཁང་གི་སྒོ་གློ་བུར་ཁྲོག་གེར་ཕྱེས་ཤིང་སློབ་གཙོ་མཛུབ་དྲུག་དང་འཛིན་བདག་དགེ་རྒན་སྐལ་བཟང་གཉིས་ཀྱི་ལག་ཏུ་དཀར་ཡོལ་རེ་བཟུང་སྟེ་ང་ལ“མུག་ཕྲུག འདིའི་ནང་ཞི་ཞི་ཐོངས་དང”ཞེས་སྐད་བཤད། ངའི་སེམས་སུ་ཁོ་གཉིས་ཀྱིས་ང་རང་གསང་སྤྱོད་ཁང་དུ་འགྲོ་མ་ཐུབ་པའི་དོན་དེ་ཤེས་ཡོད་པ་སྙམ་སྟེ་མྱུར་བར“དགེ་རྒན། ངའི་རྗེས་ཕྱོགས་དེ་ལྟར་མི་བྱེད་ཁོ་ཐག་ཡིན། ངས་གཅིན་སྣོད་འདི་དེ་མར་གསང་སྤྱོད་ཁང་དུ་འཕེན་ཆོག”ཅེས་ལན་བྱིན་རྗེས་གཅིན་གྱི་དམ་བེ་གཉིས་འཁྱེར་ཏེ་མལ་ཁྲི་ལས་ཡར་ལངས་བརྩིས་བྱས་པར་དགེ་རྒན་སྐལ་བཟང་གིས་གཅིན་སྣོད་དེ་ལག་ཏུ་བླངས་རྗེས་སྦུ་རག་ཅིག་ཞབས་དག་སྐྱོན་པ་ལྟར་འཐུང་ཞིང་། སློབ་གཙོ་མཛུབ་དྲུག་གིས་ཀྱང་སྣ་ཁུང་ཟུམ་བཞིན་གཞན་དེ་ཞབས་དག་བྱས་རྗེས་ང་ལ“ད་མྱུར་མོར་ཉོལ”ཞེས་སྐད་བཞག་ཏེ་སྒོ་ཁྲོག་གེར་གཏན་སོང་། ངས་ཁ་གདངས་ཤིང་མིག་ཅེར་རེར་དེ་ལྟར་ཧད་བསྡད་ཅིང་སེམས་སུ་འདི་ནི་རྨི་ལམ་ཞིག་ཡིན་པ་ཐེ་ཚོམ་མེད་སྙམ།

ཕྱི་ཉིན་ཞོགས་པར། ངའི་མལ་ཁྲིའི་འགྲམ་དུ་དགེ་རྒན་བསོད་ནམས་དང་དགེ་རྒན་ཀྲང་། དགེ་རྒན་རིན་ཆེན་སོགས་ཀྱིས་རང་སོ་ནས་དཀར་ཡོལ་རེ་བཟུང་སྟེ་ངའི་གཅིན་ལ་སྒུག་འདུག་དུས། ངས་ད་གཟོད་ཐེངས་འདིའི་ཆམ་ནད་ལ་བྱིས་པའི་གཅིན་པ་ཕན་པའི་གཏམ་དེ་གོ་ཡོང་།

 

4

ཁ་བ་འབབ་ཐེངས་བཞི་བ་ནི་གཏམ་རྒྱུད་ཅིག

སློབ་མགོ་རྩོམ་དུས།  སློབ་གཙོ་མཛུབ་དྲུག་གིས་རྒྱུན་པར་ཁྱིམ་བདག་རྣམས་ལ་བཤད་པའི་སྐད་ཆ་ཞིག་ནི“ཁྱིམ་བདག་རྣམ་པ། སློབ་གསོ་ཟེར་བ་ནི་སློབ་གྲྭ་གཅིག་པུའི་ལས་ཀ་ཞིག་ག་ལ་ཡིན། དེ་སློབ་གྲྭ་དང་ཁྱིམ་ཚང་གཉིས་ཀས་འགན་དང་ལེན་གྱིས་བསྒྲུབ་དགོས་པ་ཞིག་ཡིན་པས་བྱིས་པའི་མ་འོངས་པའི་ཆེད་དུ། ང་ཚོས་མཛུབ་གུ་ལྔ་བཅངས་ཁུ་ཚུར་དང་མཐུན་སྒྲིལ་དཔུང་བ་མཉམ་གཤིབ་གྱིས་སློབ་གསོའི་ལས་དོན་ལ་འབད་དགོས”ཞེས་མཛུབ་གུ་དྲུག་པོས་ཁུ་ཚུར་བཅས་ན་ཁྱིམ་བདག་དང་དགེ་སློབ་ཚང་མའི་ཁོའི་མཛུབ་གུ་ལྷག་མ་དེ་ལྟ་ཞོར་གད་མོ་དགོད་སྲིད།

གློ་བུར་བའི་ཆམ་ནད་དེ་བྱིས་པའི་གཅིན་ལས་སངས་དྲག་ཏུ་གྱུར་བ་ན། སློབ་གཙོ་མཛུབ་དྲུག་གིས་ཁྱིམ་བདག་ཚོགས་འདུ་ཞིག་བསྡུ་འཆར་ཡོད་པས་འཛིན་གྲྭ་རེ་རེའི་དགེ་རྒན་གྱིས་རང་རང་གི་སློབ་མ་རྣམས་ལ་གཟའ་འཁོར་འདིའི་ནང་ཇི་ལྟར་ཁྱིམ་བདག་འཁྲིད་ཡོང་དགོས་པའི་སྐད་བཞག་ནའང་ངེད་ཚང་གི་འཛིན་གྲྭའི་ནང་ངེད་ཨ་མྱེ་ལས་གཞན་སུ་ཡང་སླེབས་མ་ཡོང་། འཛིན་བདག་དགེ་རྒན་སྐལ་བཟང་གིས་གློ་ལུ་རྒྱག་ཞོར་སློབ་མ་གཞན་རྣམས་ཀྱིས་ཅིའི་ཕྱིར་ཁྱིམ་བདག་འཁྲིད་མི་ཡོང་པའི་སྐད་དྲིས་ཚེ། འགའ་རེས་ཁྱིམ་བདག་ཟོག་རྫི་དང་ལུག་རྫི་ཡིན་པ་བཤད་ལ། འགའ་རེས་ཁྱིམ་བདག་ཚོ་ཕྱིར་ལས་ཀ་འཚོལ་དུ་ཕྱིན་པ་སྨྲ། ཡང་འགའ་རེས་རྗེས་ན་ཡོང་གིན་ཡོད་ཟེར་ཡང་སླེབས་རྒྱུ་མི་འདུག སློབ་གྲྭའི་ནང་སློབ་མ་སུམ་བརྒྱ་ལྷག་ཡོད་ཀྱང་དེ་རིང་ཁྱིམ་བདག་ཚོགས་འདུ་སྟེང་སླེབས་ཡོད་པར་མི་གསུམ་ལས་མི་འདུག་པས་སློབ་གཙོ་མཛུབ་དྲུག་གིས་མགོ་བོ་ཐད་དུ་གཡུག་བཞིན་ངེད་ཨ་མྱེ་སོགས་ཕྱིར་འགྲོ་རུ་བཅུག  དེའི་ཚེ། དགེ་རྒན་བསོད་ནམས་ཀྱིས་ཁོའི་རྣ་ལམ་དུ་སྐད་ཆ་འགའ་བཤད་པར་ཁོས་དེ་མར་ཉིད་ངེད་ཨ་མྱེ་ཕྱིར་བོས་ཤིང་དེ་རིང་སློབ་གྲྭའི་ནང་ཞག་བསྡོད་བྱེད་པའི་དགོངས་འཆར་བཏོན་པར་ཨ་མྱེ་ཡིས་དང་ལེན་བྱས།

ས་སྲོད་ཀྱི་དུས་ལ། བར་སྣང་དུ་ཁ་བའི་འདབ་མ་ལྷུང་མགོ་བརྩམ།

ཨ་མྱེ་ངའི་མལ་ཁྲིའི་སྟེང་ཉལ་ཏེ་མལ་གདན་ཕར་སློག་ཚུར་སློག་བྱེད་བཞིན“སྟན་ཅུང་སྲབ་འདུག རྗེས་མར་ཁྱོད་ལ་མཐུག་པོ་ཞིག་བཟོ”ཞེས་སྐད་བཤད་པ་དང་ཁ་ནས་མ་ཎི་དང་ལག་གནས་ཀྱི་ཕྲེང་པ་འདྲེན་མགོ་བརྩམ།

མཚན་མོའི་དུས་ལ། མགོན་པོ་གཅིན་རྐྱལ་གྱིས་གཞི་ནས་ཁ་གྲགས་ཡོང་།

“ཨ་མྱེ། ཁྱེད་ཀྱིས་ང་ཚོ་ལ་གནའ་གཏམ་ཞིག་བཤད་ན་ཆོག་གམ”ཞེས་སྐད་བཤད་པར་མལ་གྲོགས་གཞན་གྱིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཁ་གྲགས་ཡོང་།

“ང་ཁ་སྡུག་ལྕེ་སྡུག་ཅན་ཞིག་ཡིན་པས་གནའ་གཏམ་ཞིག་ག་ལ་བཤད་ཤེས། ངོ་མ་བཤད་ཤེས་རྒྱུ་ན་ངས་སྔ་མོ་ནས་ཚེ་རིང་བསམ་གྲུབ་ལ་བཤད་ཡོད”ཅེས་ཨ་མྱེས་བཤད་པར། ངོ་མ། ཨ་མྱེ་ཡིས་ང་ལ་གནའ་གཏམ་ཞིག་བཤད་མྱོང་མེད་ལ་ངའི་ཐོས་པའི་གནའ་གཏམ་ཡོད་ཚད་ནི་ཨ་མས་ང་ལ་བཤད་པ་ཡིན། ཡང་མལ་གྲོགས་དག་གིས་རང་གི་བསམ་དོན་དུ་མ་སོང་པས་གཅིག་འཕྲོར་གཅིག་ཏུ་དངན་པ་འཐེན་བཞིན་པར་ཨ་མྱེས་ཀྱང་དངན་པ་རིང་མོ་ཞིག་བླངས་རྗེས“དེ་ན་ངས་ཁྱོད་ཚོར་གཏམ་རྒྱུད་ཐུང་ཐུང་ཞིག་བཤད། འོན་ཀྱང་གཏམ་རྒྱུད་དེའི་མཇུག་འབྲས་ཡག་པོ་ཞིག་མིན”ཞེས་སྐད་བཤད་པར་ཚང་མས་མགྲིན་གཅིག་ཏུ་ལགས་སོ་ཞེས་རྣ་བ་བླགས་མགོ་བརྩམ།

“སྔོན་མ་ཞིག་ལ། ས་ཆ་ཞིག་ན་བུ་སྤུན་གཉིས་ཡོད། ཁོ་གཉིས་ལས་གཅིག་ཕོ་ལོ་བཅོ་ལྔ་དང་གཅིག་ཕོ་ལོ་བཅུ་གཉིས་བུད་པའི་ལོ་དེར་ཡབ་ཡུམ་ཟུང་ལ་ནད་ཡམས་ཀྱིས་གཙེས་ཏེ་ཚེ་ལས་འདས། དྭ་ཕྲུག་ཏུ་གྱུར་བའི་ཕུ་བོས་ནུ་བོ་ལ་བདག་སྐྱོང་བྱ་ཆེད། ཉིན་རེར་གཞན་གྱི་རྫི་བོ་དང་གཡོག་ཏུ་བྱས་ཏེ་ཟས་ཁམ་གང་ཡོད་ན་ནུ་བོར་བྱིན་པ་དང་གོས་ཁ་གང་ཡོད་ནའང་ནུ་བོར་གྱོན། དེ་ནས་ནུ་བོ་ཕོ་ལོ་བཅོ་ལྔར་བསྐྱལ་བ་དང་རང་ཉིད་ལོ་བཅོ་བརྒྱད་བུད། ཕུ་བོས་ཁབ་གསོག་འབུགས་གསོག་གི་དཀའ་སྤྱད་ལས་ཁོ་གཉིས་ལ་རྒྱུ་ནོར་ཅུང་ཙམ་འཕེལ་ཐུབ་པ་བྱུང་། ཉིན་ཞིག ནུ་བོས་བུ་མོ་ཞིག་ངོ་ཤེས་པ་དང་དེ་ཆུང་མ་བསུ་བརྩིས་བྱས་པར་ཕུ་བོས་རྒྱུ་ནོར་ཡོད་ཚད་ཁོ་གཉིས་ལ་བྱིན་ཏེ་རང་ཉིད་དམག་གྲལ་དུ་ཞུགས། དེ་ལྟར་ལོ་ངོ་བཅུ་གཉིས་ཙམ་འདས་རྗེས། ཕུ་བོས་དམག་གྲལ་ནས་གླ་ཕོགས་ཁྱེར་ཏེ་ཕྱིར་རང་ཡུལ་དུ་ལོག་པར་ནུ་བོའི་ཆུང་མར་ནད་ངན་གྱིས་གཙེས་ཏེ་བུ་དང་བུ་མོ་ལོ་ཆུང་གཉིས་ཡོད་པར་བདག་སྐྱོང་བྱེད་ཐུབ་ཀྱི་མེད་ལ། ནུ་བོས་ཉིན་མཚན་མེད་ལ་ཆང་དང་རྒྱན་འཇོག་ལ་བྲེལ་བཞིན་འདུག ཕུ་བོའི་སེམས་སུ་རང་གི་གླ་ཕོགས་ཡོད་ཚད་ཁོ་ཚོ་ལ་སྟེར་བསམ་ཡང་བློ་ཡུལ་ལས་འདས་པ་ཞིག་ནི། མཚན་མོར་ནུ་བོས་ཁོའི་རྒྱུ་ནོར་ཡོད་ཚད་ཁྱེར་ཏེ་གར་སོང་མི་ཤེས་པར་གྱུར། རིང་པོ་མ་སོང་པར་ནུ་བོའི་ཆུང་མ་ཚེ་ལས་འདས། ཕུ་བོས་ཤུལ་དུ་ལུས་པའི་བྱིས་པ་གཉིས་འཁྲིད་དེ་ས་ཆ་གཞན་དུ་སོང་། ”

གཏམ་རྒྱུད་འདི་བཤད་ཚར་རྗེས། ང་ཚོ་སུས་ཀྱང་དེ་ནི་གཏམ་རྒྱུད་ཆ་ཚང་ཞིག་མ་རེད་བཤད་ཀྱང་ཨ་མྱེས་ཁོ་ལ་དེ་མ་གཏོགས་བཤད་རྒྱུ་གཞན་མེད་ཟེར།

ཕྱི་ཉིན་ཞོགས་པར་གནམ་མཁའ་རུ་སྤྲིན་པ་བྱེའུ་མགོ་ཙམ་ཡང་མི་འདུག ཨ་མྱེ་དང་ངེད་གཉིས་ཀྱིས་ང་ཚོའི་ཟ་ཁང་དུ་ཟ་མ་བཟས་རྗེས་སློབ་གཙོ་མཛུབ་དྲུག་དང་དགེ་རྒན་བསོད་ནམས་གཉིས་ལ་འགྲོགས་ཏེ་ཞང་སྲིད་གཞུང་གི་ལས་སྒྲུབ་ཁང་དུ་སོང་།  ཞང་སྲིད་གཞུང་གི་མགོ་བས་ཨ་མྱེའི་ལག་ཏུ་མལ་ཐུལ་གསར་བ་ཞིག་བཞག་རྗེས་མཉམ་པར་ཅིག་བསྐྱོན་ཞིང་། དེ་ནས་ཡང་སློབ་གཙོ་མཛུབ་དྲུག་དང་ཁོ་གསུམ་གྱིས་མཉམ་པར་ཅིག་བླངས་རྗེས་མལ་ཐུབ་དེ་ཕྱིར་བླངས། ཡང་ཨ་མྱེའི་ལག་ལ་ཏང་གི་དར་ཆ་དམར་པོ་དེ་བཟུང་དུ་བཅུག་ཅིང་འདྲ་པར་ཅིག་བསྐྱོན་རྗེས་ང་ཚོ་ཕྱིར་མངགས་བྱུང་།

ཕྱིར་ལོག་དུས་ཨ་མྱེས་བར་ཁྱམས་སུ་བཀལ་བའི་དམར་དམག་གི་མཉམ་པར་ཅིག་ལ་ཡུན་རིང་ཅེར་སོང་།  སྐབས་དེར་ངའི་གློ་བུར་ཨ་མས་ང་ལ་བཤད་པའི་ཨ་མྱེ་ཡི་གཏམ་རྒྱུད་ཅིག་དྲན་ཡོང་། མོས་བཤད་ན་ཨ་མྱེ་སྔོན་ཆད་དམག་ཏུ་ཞུགས་ཏེ་ལོ་ངོ་བཅུ་གཉིས་ལྷག་འདས་ཤིང་ཕྱིར་རང་ཡུལ་དུ་ལོག་དུས། མཚན་ལ་གཉིད་ཤོར་ཏེ་རྒྱུ་ནོར་གཞན་གྱིས་བརྐུས་པར་བཤད།

 

5

 ཁ་བ་འབབ་ཐེངས་ལྔ་བ་ནི་ལུས་སེམས་ཀྱི་ན་ཟུག་ཅིག

ཉིན་དེའི་མཚན་དཀྱིལ་ལ། གྲང་འཁྱག་གིས་བསྡམས་པའི་ལག་ཟུང་ཞིག་གློ་བུར་ངའི་བྲང་ཁར་སྦྱར་འོངས་བར་ང་རང་དངངས་སྐྲག་དང་བཅས་གཉིད་ལས་སད་ཅིང་། མདུན་དུ་མི་གཉིས་འདུག་པ་དང་གཅིག་གིས་ལག་གློག་ཤིན་ཏུ་གསལ་བ་ཞིག་བཟུང་སྟེ་སྐད་ཆ་བཤད་བཞིན་འདུག་ཀྱང་ངས་ཡུད་ཙམ་ལ་མི་དེ་སུ་ཡིན་མཐོང་མ་ཐུབ་ལ་དེས་ཅི་བཤད་ཅི་ཡང་མ་གོ་བར་ལུས། དེའི་ཚེ་གཞན་དེས་ང་ལ་འགྲམ་ལྕག་ཅིག་བྱིན་རྗེས་མལ་ཁྲི་ལས་སར་དྲུད་ཡོང་པར་ངས་མི་དེའི་གཟུགས་བྱད་ལ་བལྟས་རྗེས་རང་གི་ཞང་པོ་ཡིན་པ་མཐོང་།  ལག་གློག་བཟུང་པ་དེ་ནི་འཛིན་བདག་དགེ་རྒན་སྐལ་བཟང་རེད།

“མྱུར་བར་ལྭ་ཁོན།”ཞེས་ཞང་པོས་སྐད་ཅོར་རྒྱག་བཞིན་བཤད་པར་འཛིན་བདག་དགེ་རྒན་སྐལ་བཟང་གིས་གླལ་སྒྱིང་ཞིག་བྱས་རྗེས“དེ་ན་ལམ་ནས་སེམས་ཆུང་བྱོས། ང་བུད་འགྲོ”ཞེས་བཤད་བཞིན་ཕྱིར་ལོག  ངས་རང་གི་སྔས་འོག་ཏུ་བཞག་པའི་དགུན་ལྭ་དེ་ལེན་བརྩིས་བྱས་ཀྱང་ཞང་པོས་ང་རང་བཙན་གྱིས་འཕྲུལ་རྟར་བསྐྱོན་ཞིང་བཙན་གྱིས་ཁ་བ་བུ་ཡུག་འཚུབ་པའི་རྐང་ལམ་དུ་ཞུགས། དུས་ཚོད་རེ་ཞིག་སོང་རྗེས། གྲང་འཁྱག་གིས་བསྡམས་པའི་རླུང་བུ་དེ་ཚོ་ཁབ་མིག་རེ་རེ་དང་འདྲ་བར་ངའི་སེན་མོ་ནས་ཁྲག་ལམ་དུ་ཞུགས་ཤིང་། ཁྲག་ལམ་ནས་ཤ་གཏིང་དུ་ཟུག་ཏེ་མཐར་རུས་རྐང་དུ་ཐོན་པར་ང་ལ་རྐང་ལག་འགུལ་བའི་ནུས་ཤུགས་ཕར་ཞོག་མིག་ཕྱེ་བའི་ནུས་ཤུགས་ཀྱང་མེད་པས་རང་ལྕོགས་མ་ནུས་པར་འཕྲུལ་རྟ་ལས་སར་ལྷུང་། ཞང་པོས་ང་ལ་སྐད་ཅོར་རྒྱག་བཞིན་འདུག

དེ་ལྟར་མུན་པའི་ངོ་གདོང་རིམ་གྱིས་ཡལ་ཏེ་སྐྱ་རེངས་ཀྱི་མདོག་ཙམ་སྟོན་དུས་ལ། ང་རང་ཞང་པོའི་འཕྲུལ་རྟའི་པང་དུ་གྲང་འཁྱག་གིས་མ་བསད་པར་ཨ་མྱེའི་ཁང་མིག་གི་སྒོ་ཁར་ཐོན།  ཞང་པོས་ང་རང་འཐེན་ཙམ་བྱས་ཏེ་ཁང་མིག་ཏུ་ཕྱིན་པར་ཨ་མྱེས་མལ་ས་ནས་མགོ་བོ་ཡར་བཀྱགས་ཏེ་ང་ལ་ལྟ་ཙམ་བྱས་ཤིང་ཞལ་ལ་འཛུམ་ཆུང་ཞིག་རྒྱས་བཞིན“ཚེ་རིང་བསམ་གྲུབ། སླེངས་ཡོང་ངམ”ཞེས་སྐད་བཤད་ཡོང་། ངས་ཁོ་ལ་ཨ་ལན་ཅི་ཡང་སྟེར་མ་ནུས་པར་ཁང་མིག་ཁྲོད་ཀྱི་དྲོད་ཁོལ་ཉུང་ཙམ་ལ་བརྟེན་ས་རུ་བརྒྱལ་སོང་།

དུས་ཚོད་ག་ཙམ་སོང་པ་ང་ལ་བཤད་རྒྱུ་མེད། ང་རང་བརྒྱལ་ལས་སངས་དུས། མཐའ་འཁོར་གྱི་ཁོར་ཡུག་ལས་ངས་རང་ཉིད་ཞང་པོ་ཚང་གི་ཁྱིམ་དུ་ཡོད་པ་དང་གྲྭ་བཙུན་གཉིས་ཀྱིས་ཆོ་ག་ཕྱག་ལེན་བྱེད་བཞིན་ཡོད་པ་མཐོང་། ཕྱི་རོལ་དུ་ད་རུང་ཁ་བ་བུ་ཡུག་འཚུབ་བཞིན་འདུག  ངས་མིག་ཟུང་ཕུར་ཕུར་བྱས་ཏེ་གྲྭ་བཙུན་གཉིས་ལ“ཨ་མྱེ་གང་དུ་ཡོད།”ཞེས་སྐད་དྲིས་པར་ཁོང་གཉིས་ཀས་ང་ལ་ལྟ་ཙམ་བྱེད་པ་ལས་ལན་ཅི་ཡང་མ་གསུང་།  ང་རང་ཡར་ལངས་ཏེ་སྒོར་འགྲོ་བརྩིས་བྱས་ཀྱང་རྐང་གཉིས་ལ་ད་རུང་ཤེད་ཤུགས་ཅི་ཡང་མི་འདུག སྒོ་མདུན་གྱི་ཁྱི་རྒན་དེས་ང་ལ་ལྟ་བཞིན་ཟུག་རྔུ་བྱེད་མགོ་བརྩམ། དེ་ལྟར་སྔ་དྲོ་ཞིག་གི་དུས་ཚོད་ཡལ་རྗེས་ཞང་པོ་ཕྱིར་ལོག་ཅིང་ཁོས་གྲྭ་བཙུན་གཉིས་ལ་སྐད་ཆ་འགའ་བཤད་པར་ང་ལ་རྣ་འུར་ཡ་མཚན་པ་ཞིག་བྱུང་ཞིང་། ནང་སེམས་ལ་གློ་བུར་བའི་ན་ཟུག་ཅིག་སྐྱེས་པར་ངས་ད་གཟོད་ཨ་མྱེ་ཡང་ཨ་མ་ནང་བཞིན་ནད་ཀྱིས་མ་ཐར་བར་ཚེ་ལས་འདས་ཤིང་བེམ་པོ་ཡང་གྲྭ་བཙུན་གཉིས་ཀྱི་གསུང་ལྟར་སྦྱིན་སྲེག་བྱས་ཚར་བར་ཤེས།  སྐད་དེ་ཐོས་འཕྲལ་མཚན་མོ་དེའི་གྲང་འཁྱག་གི་རླུང་བུ་དེ་ཡང་བསྐྱར་ངའི་སེམས་ཀྱི་བུ་ག་གང་ཞིག་ཏུ་ཟུག་ཡོང་ཞིང་མཐར་ཁེར་རྐྱང་གི་སྟོང་སྣང་དེ་རུ་མིག་ཀོང་གི་མཆི་མའི་ལྷུག་རྡོག་རེ་རེར་གྲུབ་ཏེ་དབང་མེད་དུ་མར་ཐོར་སོང་།

ཞང་པོའི་སྒོ་མདུན་གྱི་ཁྱི་རྒན་གྱིས་ད་རུང་ཟུག་རྔུ་བྱེད་བཞིན་འདུག

ངས“ཅིའི་ཕྱིར་ཁ་བ་འབབ་པའི་དུས་ལ་ཁོ་ཚོ་ང་དང་ཁ་འབྲལ་དགོས་སམ།”ཞེས་སྐད་ཤོར།

 

6

མཚམས་འཇོག་མེད་པའི་ཁ་བ་འབབ་ཐེངས་དྲུག་པ།

ཨ་མྱེ་འདས་རྗེས། ཞང་པོས་ང་རང་ལུག་རྫིར་མངགས་ཏེ་ཕྱིར་སློབ་གྲྭར་ལོག་མ་ཐུབ། བསྟུད་མར་ཉིན་ཞག་གསུམ་ལ་ཁ་བའི་རྒྱུན་མ་ཆད་པས་ཞང་པོས“ཁངས་ཆག་འདིའི་ཤི་ཤི་རོ་རོ”ཞེས་སྡིགས་སྐད་སྣ་ཚོགས་བཤད་ཞོར་ང་ལ་གང་འདོད་དུ་འགྲམ་ལྕག་གཞུས་ཡོང་པར་ཁངས་ཆག་འདི་ནི་ངས་ཁོ་ལ་བསམ་བཞིན་གནང་པ་དང་འདྲ།

ཞོགས་པར། ཁ་བའི་འབབ་མཚམས་ད་རུང་ཆད་མི་འདུག ཞང་པོའི་རྡོག་ཐོ་དང་ངར་སྐད་ཀྱིས་ང་རང་གཉིད་ལས་དཀྲོགས་ཤིང་ཁྱི་རྒན་ལ་ལྟོ་བྱིན་རྗེས་ཞང་པོའི་བཀའ་ལྟར་ཁ་སང་བོར་བའི་མ་མོ་དེ་གསུམ་འཚོལ་དུ་ཆས། ཞང་པོས་མགོ་བོ་ཉལ་ཐུབ་ཀྱིས་བཏུམས་ཤིང་སྔུར་སྒྲ་འབྲུག་ལྟར་ལྡིར་བཞིན་འདུག ང་རང་མི་མཐའ་མེད་པའི་ཐང་ཆེན་དཀར་པོ་དེ་རུ་དལ་གྱིས་བསྐྱོད་བཞིན་པར་ལྟག་རྒྱབ་ཏུ་འཕྲུལ་རྟའི་དུང་བརྡ་གྲགས་པ་དང་མགོན་པོ་གཅིན་རྐྱལ་ཕ་བུ་གཉིས་ངའི་མདུན་སར་སྙེག་ཡོང་།

“ཚེ་རིང་བསམ་གྲུབ འདི་དགེ་རྒན་ཚོའི་གནང་པའི་དགུན་གནང་གི་ལས་བྱ་རེད། འདི་འཛིན་བདག་དགེ་རྒན་སྐལ་བཟང་གིས་བྲིས་པའི་སློབ་མཇུག་སྤྱི་སྡོམ་གྱི་སྐར་འབྲས་དཔྱད་གཏམ་ཡིན།”ཞེས་མགོན་པོ་གཅིན་རྐྱལ་གྱིས་ང་ལ་འབྲི་དེབ་དང་དཔེ་ཆ་མང་པོ་བྱིན་རྗེས་གྱེས་བརྡ་བཞག མགོན་པོ་གཅིན་རྐྱལ་གྱི་ཨ་ཕ་ཡང་མགོན་པོ་གཅིན་རྐྱལ་ནང་བཞིན་མལ་གདན་སྟེང་གཅིན་ཤོར་མིན་ང་ལ་བཤད་རྒྱུ་མེད་ཀྱང་ཁོའི་སྣ་མདོར་སྣབས་སེར་པོ་ཞིག་དཔྱངས་ཤིང་གདོང་ལ་འཛུམ་གྱིས་ཁེངས་ཡོད་པ་ནི་གཅིན་རྐྱལ་དང་ཨ་ན་མ་ན་རེད། སྐབས་དེར་ངས་ཁོ་གཉིས་ཀྱི་རྒྱབ་གཟུགས་ལ་ཅེར་བཞིན་རང་ལ་ཡང་དེ་ལྟ་བུའི་ཨ་ཕ་སྣབས་ལུག་ཅིག་ཡོད་ན་ཅི་མ་རུང་སྙམ། འཕྲུལ་རྟ་ཕར་ལ་རེ་ཞིག་སོང་རྗེས་བསྐྱོད་མཚམས་བཞག་ཅིང་མགོན་པོ་གཅིན་རྐྱལ་མར་བབས་ཏེ་ངའི་ཕྱོགས་སུ་བྱ་འཕུར་བ་ལྟར་རྒྱུགས་ཡོང་།

“འདི་ཁྱོད་ལ་སྟེར། ཁྱོད་ཀྱི་རྩེད་ཆས་བྱོས”ཞེས་ཁོས་ང་ལ་སྦྲུམ་འགོག་སྲུང་ཤུབས་ཤིག་བྱིན།

“བཀའ་དྲིན་ཆེ། གཅིན་་་། མགོན་པོ།”ཞེས་ཐེངས་འདིར་བཀའ་དྲིན་ཆེ་ཞེས་པའི་ཚིག་དེ་ངའི་ཁ་ནས་དབང་མེད་དུ་ཤོར་ལ་ཁོ་ལ་གཅིན་རྐྱལ་ཞེས་མ་བོས་པ་ནི་ངས་རང་ལ་ཚོད་བཟུང་བས་ཡིན།

“ཁྱོད་ཀྱིས་དེ་ལྟར་བཤད་ན་ཅུང་དོགས་མི་བདེ་བར་འདུག ”ཅེས་མགོན་པོས་བཤད།

“ཁ་བ་འབབ་པའི་དུས་ལ་ངས་མ་རབས་ཀྱི་སྐད་བཤད་མི་རུང”ཞེས་ངས་བཤད།

རྗེས་སུ། ངས་གཡས་གཡོན་གྱི་རི་སྒང་མང་དུ་མྱུལ་ཡང་ཁ་སང་བོར་བའི་མ་མོ་དེ་གསུམ་རྙེད་མ་ཐུབ་ལ། རྒྱགས་བྲོ་ཚར་ལ་ཉེ་བ་དང་ཁ་བའི་བུ་ཡུག་ཇེ་རྒོད་དུ་གྱུར། ཕྱིར་ཞང་པོའི་ཁང་མིག་ཕྱོགས་སུ་བསྐྱོད་ཀྱང་སེམས་པ་དེ་ཤིན་ཏུ་རྟབ་རྟབ་པོར་གྱུར། རྒྱུ་མཚན་ནི་ང་ལ་སྒུག་ཡོད་པ་ནི་གཤེ་གཤེ་དྲག་པོ་དང་གང་འདོད་ཀྱི་འགྲམ་ལྕག་ཡིན་ངེས།

ཁང་མིག་གི་མདུན་ལ་ཉེ་དུས། ངས་འཕྲུལ་རྟའི་རྗེས་ཤུལ་གསར་བ་ཞིག་གྲོང་བརྡལ་ཕྱོགས་སུ་འཐེན་ཡོད་པ་མཐོང་ཞིང་གོམ་སྟབས་ཅུང་ཙམ་མྱུར་མོར་གྱིས་ཁང་མིག་མདུན་དུ་ཐོན་པར་སྒོ་འགྲམ་དུ་ཆང་དེམ་མང་པོ་སྤུངས་ཡོད་པ་དང་སྒོ་ལ་ལྕགས་ཟྭ་ཆེན་པོ་ཞིག་བརྒྱབ་འདུག  ཞང་པོ་ཆང་འཐུང་དུ་སོང་བའམ་ཆང་ཉོ་རུ་སོང་པར་ཁོ་ཐག་རེད། ངས་སྒོ་ཟྭ་ལ་ལྟ་བཞིན་དེའི་ལྡེ་མིག་རྙེད་ཐབས་མེད་པའང་ཤེས།

ཁ་བའི་འབབ་རྒྱུན་ཆེ་རུ་གྱུར། སྒོ་འགྲམ་གྱི་ཁྱི་རྒན་ལ་ཟུག་རྔུ་ཅི་ཡང་མེད་པར་ཁུང་དུ་འཛུལ་རྗེས་བག་ལྷོད་ངང་གཉིད་དུ་ཆས། ངས་འཛིན་བདག་དགེ་རྒན་སྐལ་བཟང་གིས་བྲིས་པའི་སློབ་མཇུག་གི་སྐར་འབྲས་དཔྱད་གཏམ་ལ་བལྟས་པར་བསླབ་ཚན་བཞིའི་སྐར་འབྲས་ལ་སྒོ་ང་དང་དཔྱད་གཏམ་ནི་སློབ་སྐབས་སྔོན་མའི་ཡི་གེ་དེ་བསྐྱར་བྲིས་བྱས་འདུག ངས་རང་གི་སྐྲ་གསེང་གི་ཁ་བའི་འདབ་མ་ཡང་ཡང་སྤྲུགས་ནའང་ཏོག་ཙམ་གྱི་ནང་ལ་ཁ་བས་མགོ་བོ་ཡང་བསྐྱར་ལྗིད་གེར་མནན་ཡོང་། ཡང་ངས་དཔེ་ཆ་དང་འབྲི་དེབ་དག་རུམ་ལ་བཅུག་རྗེས་ཁང་མིག་འདིའི་སྒོ་ཁ་རུ་རྒྱང་རིང་པའི་ཐང་ཆེན་ལ་བལྟས་པར་ཁ་བ་དང་བུ་ཡུག་ཁྲོད་ཡོད་ཚད་ལྗན་ལྗིན་དང་མག་མོག་ཏུ་འགྱུར་བཞིན་མཆིས།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4146