བརྡ་སྤྲོད་པའི་བསྟན་བཅོས་རྟགས་ཀྱི་འཇུག་པ་ལས་དཀའ་བའི་གནད་དུ་གྲགས་པ་བྱ་ཚིག་ཇི་ལྟར་སྦྱོར་བའི་ཚུལ་ཞིབ་ཏུ་གླེང་པ་ཀུན་མཁོ་མེ་ལོང་ཞེས་བྱ་བ་བཞུགས་སོ། །

 

བརྡ་སྤྲོད་པའི་བསྟན་བཅོས་ལུང་སྟོན་པ་རྟགས་ཀྱི་འཇུག་པའི་སྐབས། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་གཞུང་ཤོ་ལོ་ཀ་འདིས་རྟགས་འཇུག་སྐབས་དཀའ་བའི་གནད་དུ་གྲགས་པ་བྱ་ཚིག་གི་སྦྱོར་ཚུལ་བསྟན་པ་ཡིན་ལ། དེ་ཡང་དངོས་པོ་བདག་གཞན་གྱི་དབྱེ་བ་དང་དུས་གསུམ་གྱི་དབྱེ་བའི་རྣམ་བཞག་གཉིས་ཀྱི་སྒོ་ནས་བྱ་ཚིག་སྦྱོར་སྟངས་ཀྱི་འགྲོས་དེ་ལེགས་པར་བཤད་པ་ཡིན་ཞིང་། སྤྱིའི་ཆ་ནས་དམིགས་བསལ་སྐུལ་ཚིག་ཕུད་པའི་བྱ་ཚིག་ཅིག་ཡིན་ཕྱིན་དུས་གསུམ་གང་རུང་གི་བྱ་ཚིག་ཡིན་པས་ཁྱབ་པས་ན་བྱ་ཚིག་ལ་དུས་གསུམ་དུ་དབྱེ་བའི་རྣམ་བཞག་གིས་ནི་བྱ་ཚིག་གི་སྦྱོར་སྟངས་ཕལ་མོ་ཆེར་ཁྱབ་པ་ཡིན་ནོ། །

དེ་བས་དུས་གསུམ་གྱི་བྱ་ཚིག་སྦྱོར་སྟངས་ལེགས་པོ་ཞིག་ཤེས་པ་ན་དུས་གསུམ་གྱི་བྱ་བ་མཚོན་པའི་བྱ་ཚིག་རྣམས་མི་འདྲ་བ་དང་། དུས་གསུམ་ལས་མ་འོངས་པའི་བྱ་ཚིག་གང་ཡིན་པ་དང་། ད་ལྟ་བའི་བྱ་ཚིག་གང་ཡིན་པ་དང་། འདས་པའི་བྱ་ཚིག་གང་ཡིན་པ་དང་། དེ་བཞིན་དུ་བྱ་ཚིག་གང་ཞིག་འདས་མ་འོངས་ད་ལྟ་གང་གི་བྱ་ཚིག་ཡིན་པ་སོགས་ལེགས་པོར་ཤེས་ཤིང་ངོས་འཛིན་ཐུབ་ན་ཡང་། དེ་ཙམ་གྱིས་ད་དུང་བྱ་ཚིག་སྦྱོར་སྟངས་མཐའ་ཆོད་པོ་ཞིག་ནི་ཤེས་མེད་ལ་ལྷག་པར་དུ་བྱ་བ་གང་ཞིག་བྱེད་པ་པོ་སྟོན་པའི་བྱ་ཚིག་དང་བྱ་རྒྱུའི་ལས་སྟོན་པའི་བྱ་ཚིག་དག་དུས་གསུམ་གང་གི་ཐོག་ནས་འབྲི་དགོས་པ་སོགས་ཀྱི་ཐད་ལ་རྨོངས་ནས་ཡོད།

དེ་ཡང་བྱ་ཚིག་གི་སྡེ་ཚན་སོ་སོ་རྣམས་སོ་སོར་ཡིག་གཟུགས་གཅིག་པ་ཤ་སྟག་ཡིན་ན་ནི་དུས་གསུམ་གྱི་དབྱེ་བའང་ཆེར་དགོས་དོན་མེད་ལ་ལྷག་ཏུ་བྱེད་པོ་དང་བྱ་རྒྱུའི་ལས་སྟོན་པའི་བྱ་ཚིག་གང་ཡིན་ཐད་ལ་རྙོག་གྲ་ཞིག་ཡོང་དོན་མེད། འོན་ཏེ་བྱ་ཚིག་གི་སྡེ་ཚན་མང་པོ་ཞིག་ནི་སོ་སོ་ནང་ཁུལ་ནས་ཀྱང་དུས་གསུམ་སྐུལ་ཚིག་དང་བཅས་པའི་བྱ་ཚིག་རྣམས་ཡིག་གཟུགས་མི་འདྲ་བ་ཁོ་ན་ཡིན་ཞིང་། མི་འདྲ་བའི་སྐོར་དེ་དག་ཕལ་མོ་ཆེ་བྱེད་པ་པོ་དང་འབྲེལ་བའི་བྱ་ཚིག་ཡིན་པའོ། །དེ་ལྟར་བྱ་ཚིག་རྣམས་དུས་གསུམ་ཀ་ཐོག་ཡིག་གཟུགས་མི་འདྲ་བ་ཡོང་གི་ཡོད་པར་བརྟེན་དེ་དག་མ་ནོར་བར་ཤེས་ཆེད་སློབ་དཔོན་གྱིས་བྱ་ཚིག་ལ་དུས་གསུམ་གྱི་དབྱེ་བ་ཞེས་པ་ཞིག་ཕྱེས་པ་ཡིན་ལ། དུས་གསུམ་གྱི་དབྱེ་བས་ཤེས་མི་ཐུབ་པའི་བྱེད་པོ་དང་འབྲེལ་བའི་བྱ་ཚིག་གི་སྦྱོར་ཚུལ་གཞན་དག་ཤེས་ཆེད་བདག་གཞན་གྱི་དབྱེ་བ་ཞེས་པ་ཞིག་ཀྱང་ཕྱེས་པ་ཡིན་ནོ། །

དེས་ན་བྱེད་པ་པོ་དང་འབྲེལ་བའི་བྱ་ཚིག་གམ་བྱེད་འབྲེལ་ལས་ཚིག་ཅེས་པ་ནི་གཞན་ཞིག་གིས་ཆེད་དུ་བྱས་པའམ་བྱས་ཡོང་བ་ལྟ་བུར་སྣང་བའི་བྱ་བ་གང་ཞིག །བྱ་བའི་ཡུལ་དང་དོན་ཐ་དད་པའི་བྱེད་པ་པོ་གཞན་ཡོད་པའི་བྱ་བ་ཞིག་མཚོན་པར་བྱེད་པའི་ཚིག་ཅིག་ལ་ཟེར་བ་ཡིན་ལ། མིང་གཞན་བྱ་བྱེད་ཐ་དད་པའི་བྱ་ཚིག་ཀྱང་ཟེར། དཔེར་ན། གཏོང་། བཤད། གཞག །གཏོང་། འགེལ། སྒྲུབ། ལ་སོགས་པ་ལྟ་བུའོ། །དེ་ལྟ་བུའི་བྱེད་འབྲེལ་ལས་ཚིག་ཐད་ལ་དུས་གསུམ་གྱི་དབྱེ་བའི་ནང་ནས་ཤེས་མི་ཐུབ་པ་གང་དག་ཡོད་དམ་སྙམ་ན། བྱེད་འབྲེལ་ལས་ཚིག་གི་བྱ་ཚིག་གི་སྡེ་ཚན་ལས་དུས་གསུམ་གྱི་བྱ་ཚིག་མི་འདྲ་བ་རྣམས་ནི་དུས་གསུམ་གྱི་དབྱེ་བ་ལས་ཤེས་ནའང་བྱེད་པ་པོ་སྟོན་པའི་བྱ་ཚིག་ལ་དུས་གསུམ་གྱི་བྱ་ཚིག་གང་གི་སྟེང་ནས་འབྲི་དགོས་པ་དང་། བྱ་རྒྱུའི་ལས་སམ་བྱ་ཡུལ་སྟོན་པའི་བྱ་ཚིག་ལ་དུས་གསུམ་གྱི་བྱ་ཚིག་གང་གི་ཐོག་ནས་འབྲི་དགོས་པ་སོགས་ནི་དུས་གསུམ་གྱི་དབྱེ་བ་ལས་ཤེས་མི་ཐུབ་པ་དེ་ཡིན་ཞིང་གཞན་ནས་ཀྱང་ཤེས་ཐབས་མེད་དོ། །དེ་བས་ན་དེ་ཉིད་ནི་བདག་གཞན་གྱི་དབྱེ་བའི་རྣམ་བཞག་ལས་ཤེས་དགོས་པ་ཡིན་པའོ། །

འོ་ན་བདག་གཞན་གྱི་དབྱེ་བ་དེ་ཇི་ལྟར་ཞེ་ན་བཤད་པར་བྱ་སྟེ། དཔེར་ན། གཏོང་ཞེས་པའི་བྱ་ཚིག་འདི་ཉིད་གཞན་ཞིག་གིས་ཆེད་དུ་བྱས་ཡོང་བ་ལྟ་བུར་སྣང་བའང་ཡིན། བྱ་ཡུལ་ལས་དོན་ཐ་དད་པའི་བྱེད་པ་པོའང་ཡོད་པས་བྱེད་འབྲེལ་ལས་ཚིག་ཡིན་པ་དང་། དེ་ཡང་དུས་གསུམ་གྱི་དབྱེ་བའི་རྣམ་བཞག་གམ་རིགས་པ་ལས་བལྟས་ན་ད་ལྟ་བའི་བྱ་ཚིག་ཅིག་ཡིན་པ་དང་། འདིའི་མ་འོངས་པ་ལ་གཏང་སྟེ་ག་གཏང་དང་། འདས་པ་ལ་བཏང་སྟེ་བ་བཏང་ཡིན་པའང་གསལ་བོ་རེད། བྱ་ཚིག་གི་སྡེ་ཚན་འདི་དུས་གསུམ་གྱི་བྱ་ཚིག་གསུམ་ཀ་ཡིག་གཟུགས་ཀྱང་མི་འདྲ་བ་རེད།

དེས་ན་བྱ་ཚིག་འདི་དང་འབྲེལ་བའི་བྱེད་པ་པོ་དེ་སྟོན་དགོས་ན་དུས་གསུམ་གང་གི་བྱ་ཚིག་སྤྱོད་དགོས་སམ་སྙམ་པ་དང་། དེ་བཞིན་དུ་བྱ་རྒྱུའི་ལས་དེའང་དུས་གསུམ་གྱི་བྱ་ཚིག་གང་གི་སྟེང་ནས་འབྲི་དགོས་སམ་སྙམ་ཚེ། བྱེད་པ་པོ་ལ་དངོས་པོ་བདག་ཟེར་བ་དང་། བྱ་རྒྱུའི་ལས་སམ་བྱ་ཡུལ་ལ་དངོས་པོ་གཞན་ཟེར་བ་ཡིན་པས་དངོས་པོ་བདག་བྱེད་པ་པོ་སྟོན་པའི་བྱ་ཚིག་དེ་ནི་དུས་གསུམ་ལས། གཏོང་པ་པོའམ་གཏོང་མཁན་ཞེས་ད་ལྟ་བའི་བྱ་ཚིག་སྟེང་ནས་འབྲི་དགོས་པ་དང་། དངོས་པོ་གཞན་བྱ་རྒྱུའི་ལས་སྟོན་པའི་བྱ་ཚིག་དེ་ནི་དུས་གསུམ་ལས། གཏང་བར་བྱ་བའམ་གཏང་བྱ་ཞེས་མ་འོངས་པའི་ཚིག་གི་སྟེང་ནས་འབྲི་དགོས་པ་ཡིན།

དེའང་ཅུང་ཟད་ཞིབ་ཏུ་བཤད་ན། གོང་གི་གཏོང་ཞེས་པའི་བྱ་ཚིག་དེ་བྱེད་པ་པོ་དང་ལས་ལ་སྦྱར་ཚེ། དཔེར་ན། ཚེ་རིང་ནོར་བུས་རླངས་འཁོར་གཏོང་། ལྟ་བུ་ཡིན་པས་སྐབས་འདིར་བྱེད་པ་པོ་ཚེ་རིང་ནོར་བུ་ནི་དངོས་པོ་བདག་དང་། གཏང་རྒྱུའི་ལས་རླངས་འཁོར་ནི་དངོས་པོ་གཞན་ཡིན། དངོས་པོ་བདག་ནི་བྱ་ཚིག་ད་ལྟ་བ་ལ་དབང་བས་དེ་དང་འབྲེལ་བའི་བྱ་ཚིག་ཅིག་སྦྱོར་དགོས་ན་ད་ལྟ་བའི་བྱ་ཚིག་ཤ་སྟག་སྦྱོར་དགོས། དཔེར་ན། གཏོང་མཁན། གཏོང་མཁན་ཚེ་རིང་ནོར་བུ། གཏོང་པ་པོ། གཏོང་པ་པོ་ཚེ་རིང་ནོར་བུ་ལྟ་བུ། དེ་བཞིན་དུ་དངོས་པོ་གཞན་ནི་བྱ་ཚིག་མ་འོངས་པ་ལ་དབང་བས་དེ་དང་འབྲེལ་བའི་བྱ་ཚིག་ཅིག་སྦྱོར་དགོས་ན་མ་འོངས་པའི་བྱ་ཚིག་འབའ་ཞིག་སྦྱོར་དགོས། དཔེར་ན། གཏང་བར་བྱ་བ། གཏང་བར་བྱ་བའི་རླངས་འཁོར། ཡང་ན། གཏང་བྱ། གཏང་བྱའི་རླངས་འཁོར། ཡང་ན། གཏང་རྒྱུ། གཏང་རྒྱུའི་རླངས་འཁོར། ལྟ་བུ།

དེས་དངོས་པོ་བདག་དང་གཞན་གང་གང་ཡིན་པ་དང་། དངོས་པོ་བདག་དང་གཞན་གཉིས་དང་འབྲེལ་བའི་བྱ་ཚིག་དག་དུས་གསུམ་གྱི་བྱ་ཚིག་གང་དང་གང་གི་སྟེང་ནས་འབྲི་དགོས་པ་ཕྱོགས་མགོ་ཙམ་ཤེས་སོང་མོད། ད་དུང་བྱ་ཚིག་དང་འབྲེལ་བ་ཡོད་པ་སྟེ། བྱེད་པ་དང་། བྱེད་ལས། བྱ་ལས་ཟེར་བ་གཞན་ཡང་ཡོད་པས་དེ་དག་དུས་གསུམ་གྱི་བྱ་ཚིག་གང་གི་ཐོག་ནས་འབྲི་དགོས་སྙམ་ན། བྱེད་པ་ནི་སྐབས་རེར་དངོས་པོ་བདག་དངོས་དང་སྐབས་རེར་དངོས་པོ་བདག་གི་ཁོངས་སུ་གཏོགས་པ་ཡིན་པས་དངོས་པོ་བདག་དེ་ཉིད་བྱ་ཚིག་ད་ལྟ་བ་ལ་དབང་བ་བཞིན་བྱེད་པའང་བྱ་ཚིག་ད་ལྟ་བ་ལ་དབང་བས་ད་ལྟ་བའི་བྱ་ཚིག་ཁོ་ནའི་སྟེང་ནས་འབྲི་དགོས་པ་ཡིན། བྱེད་ལས་དང་བྱ་ལས་གཉིས་པོ་ནི་དོན་ལ་བྱ་བ་ཉིད་ཡིན་ལ་བྱ་བ་དེ་བྱེད་ཚིག་ད་ལྟ་བས་སྟོན་པའི་ཚེ་བྱེད་ལས་དང་། བྱ་ཚིག་མ་འོངས་པས་སྟོན་པའི་ཚེ་བྱ་ལས་ཞེས་མིང་དུ་འདོགས། དེས་ན་བྱེད་ལས་ནི་དངོས་པོ་བདག་ཏུ་གཏོགས་པ་ཡིན་པས་དུས་གསུམ་ལས་ད་ལྟ་བའི་བྱ་ཚིག་ཐོག་ནས་འབྲི་དགོས་ལ། བྱ་ལས་ནི་དངོས་པོ་གཞན་དུ་གཏོགས་པས་དུས་གསུམ་ལས་མ་འོངས་པའི་བྱ་ཚིག་ཐོག་ནས་འབྲི་དགོས་སོ། །

དེ་ལྟར་བཤད་པའི་གྲུབ་དོན་ལ། དངོས་པོ་བདག་གི་ཕྱོགས་ལ་བྱེད་པ་པོ་དང་། བྱེད་པ། བྱེད་ལས་བཅས་ཆོས་གསུམ་དང་། གཞན་གྱི་ཕྱོགས་ལ་བྱ་ཡུལ་དང་། བྱ་ལས་བཅས་ཆོས་གཉིས་ཡོད་ཅིང་། བདག་གི་ཕྱོགས་ཀྱི་ཆོས་དེ་དག་ཚང་མ་བྱ་ཚིག་དང་འབྲེལ་བའི་ཚེ་དུས་གསུམ་ལས་ད་ལྟ་བའི་བྱ་ཚིག་འབའ་ཞིག་ཐོག་ནས་འབྲི་དགོས་པ་ཡིན་པ་དང་། གཞན་གྱི་ཕྱོགས་ཀྱི་ཆོས་དེ་དག་ནི་དུས་གསུམ་ལས་མ་འོངས་པའི་བྱ་ཚིག་ཤ་སྟག་ཐོག་ནས་འབྲི་དགོས་པ་ལེགས་པར་ཤེས་པ་ཡིན་ནོ། །

འོ་ན། བྱེད་པ་དང་། བྱེད་ལས། བྱ་ལས་ཟེར་བ་དེ་དག་ཇི་ལྟར་ངོས་འཛིན་སྙམ་ན། དཔེར་ན། ཚེ་རིང་ནོར་བུས་རླངས་འཁོར་གཏོང་། ཞེས་པའི་དཔེར་བརྗོད་འདི་ལ་མཚོན་ཚེ། གཏོང་མཁན་ཚེ་རིང་ནོང་བུ་དང་གཏང་བྱ་རླངས་འཁོར་ནི་རིམ་པ་བཞིན་བྱེད་པ་པོ་དང་བྱ་ཡུལ་ཡིན་པ་གོང་ལྟར་ལ། དངོས་སུ་ཚིག་ཟིན་ལ་ཐོན་མེད་ཀྱང་ཚེ་རིང་ནོར་བུའི་ལག་པ་ནི་རླངས་འཁོར་གཏོང་བྱེད་ཡིན་པས་བྱེད་པ་དང་། གཏོང་ཞེས་དུས་གསུམ་ལས་ད་ལྟ་བའི་ཚིག་གིས་བསྟན་པའི་བྱ་བ་ནི་བྱེད་ལས་ཡིན་ནོ། །སྐབས་འདིའི་བྱ་བ་ནི་བྱ་ཚིག་ད་ལྟ་བས་བསྟན་པས་ན་བྱ་ལས་མེད་དོ། །དེ་བས་དཔེར་བརྗོད་འདིའི་སྟེང་ནས་བྱ་ལས་འཚོལ་དགོས་ན། དཔེར་ན། ཚེ་རིང་ནོར་བུས་རླངས་འཁོར་གཏང་། ཞེས་སྔར་གྱི་བྱ་ཚིག་ལ་འགྱུར་བ་གཏང་དགོས་པ་ཡིན་ཞིང་འགྱུར་བ་བཏང་རྗེས་གཏང་ཞེས་དུས་གསུམ་ལས་མ་འོངས་པའི་ཚིག་གིས་བསྟན་པའི་བྱ་བ་ནི་བྱ་ལས་ཡིན་ལ་ཡང་སྐབས་འདིར་བྱེད་ལས་ནི་མེད་དོ། །དེ་བས་བྱ་ལས་བྱེད་ལས་ནི་བྱ་ཚིག་གི་འགྱུར་བ་དང་བསྟུན་ནས་ངོས་འཛིན་དགོས་པ་ལས་གཏན་ཁེལ་ཞིག་མེད་པ་ཡིན་ནོ། །

དེ་ཙམ་གྱིས་བདག་གཞན་སྐོར་དཔྱིས་ཕྱིན་པར་ཤེས་ཚར་བ་ཡིན་ནམ་སྙམ་ན།  ད་དུང་མིན་ཏེ་བརྡ་སྤྲོད་པའི་གཞུང་གཞན་དག་ནས་བདག་ཏུ་གཏོགས་པའི་ཆོས་དང་གཞན་དུ་གཏོགས་པའི་ཆོས་ལ་དེ་ལས་མང་བ་འཇོག་ཅིང་། དེ་དག་ཀྱང་བྱ་ཚིག་དང་འབྲེལ་བ་ཡོད་པའི་སྐབས་ཡོད་པ་དང་དེ་དག་དུས་གསུམ་གྱི་དབྱེ་བ་སོགས་ལས་ཀྱང་ཤེས་ཐབས་མེད་པས་ན་བདག་གཞན་གྱི་དབྱེ་བ་འདི་ནས་ཤེས་པ་གལ་ཆེ་བ་དང་། བདག་གི་ཁོངས་གཏོགས་མིན་ཡང་དུས་གསུམ་ལས་ད་ལྟ་བའི་བྱ་ཚིག་ཁོ་ནའི་ཐོག་ནས་འབྲི་དགོས་པ་གཞན་ཡང་ཡོད་པས་དེ་རྣམས་བཤད་པར་བྱའོ། །

དེ་ཡང་། བདག་ཏུ་གཏོགས་པའི་ཆོས་ལ་ལྔ་དང་གཞན་དུ་གཏོགས་པའི་ཆོས་ལ་བཞིར་འཇོག་ཚུལ་ལྟར་ན། བྱེད་པ་པོ། བྱེད་པ། བྱེད་དུས། བྱེད་གནས། བྱེད་ལས་བཅས་ལྔ་ནི་བདག་ཏུ་གཏོགས་པའི་ཆོས་ལྔ་དང་། བྱ་ཡུལ། བྱ་དུས། བྱ་གནས། བྱ་ལས་བཅས་བཞི་ནི་གཞན་དུ་གཏོགས་པའི་ཆོས་བཞི་ཡིན་ཞིང་། དེ་དག་དཔེར་བརྗོད་ཀྱི་སྟེང་ནས་ངོས་གཟུང་བ་ལ། དཔེར་ན། སློབ་མ་དོན་འགྲུབ་ཚེ་རིང་གིས་བོད་ཟླ་དྲུག་པའི་ཚེས་གཅིག་ལ་བོད་ལྗོངས་སློབ་གྲྭ་ཆེན་མོར་བློ་སེམས་གཅིག་སྒྲིམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་ཚོད་ལྟའི་ཡིག་རྒྱུགས་ཤིག་སྤྲོད་པར་བྱེད་པ་ཐོས། ལྟ་བུའི་དཔེར་བརྗོད་ཀྱི་སྟེང་ནས་བདག་ཏུ་གཏོགས་པའི་ཆོས་ལྔ་པོ་ངོས་བཟུང་ན། སློབ་མ་དོན་འགྲུབ་ཚེ་རིང་ནི་བྱེད་པ་པོ། བོད་ཟླ་དྲུག་པའི་ཚེས་གཅིག་ནི་བྱེད་དུས། བོད་ལྗོངས་སློབ་གྲྭ་ཆེན་མོ་ནི་བྱེད་གནས། བློ་སེམས་གཅིག་སྒྲིམས་དང་། དངོས་སུ་ཚིག་ཟིན་ལ་མེད་ཀྱང་ལག་པ་དང་སྙུ་གུ་སོགས་ནི་བྱེད་པ། སྤྲོད་ཅེས་ད་ལྟ་བའི་ཚིག་གིས་བསྟན་པའི་བྱ་བ་ནི་བྱེད་ལས་ཡིན་པ་བཅས་སོ། །

གོང་གི་དཔེར་བརྗོད་དེ་ལ་གཞན་དུ་གཏོགས་པའི་ཆོས་ནི་བོད་ཀྱི་གསོ་བ་རིག་པའི་ཚོད་ལྟའི་ཡིག་རྒྱུགས་ཏེ་བྱ་ཡུལ་གཅིག་པུ་ལས་གཞན་གསུམ་མེད། རྒྱུ་མཚན་ནི་དཔེར་བརྗོད་དེའི་བྱ་བ་དེ་ད་ལྟ་བའི་ཚིག་གིས་བསྟན་པར་བརྟེན། དུས་དང་གནས་གཉིས་ཀ་བྱེད་པ་པོའམ་བྱེད་པའི་ཕྱོགས་ལ་ཡོད་ཅིང་། བྱ་བའང་བྱེད་ལས་ཀྱི་རང་བཞིན་དུ་ཡོད་པས་ན་སྐབས་དེར་བྱ་དུས་དང་། བྱ་གནས། བྱ་ལས་གསུམ་མེད་པ་ཡིན་ནོ། །དེས་ན་དཔེར་བརྗོད་དེའི་སྟེང་ནས་གཞན་དུ་གཏོགས་པའི་ཆོས་བཞི་ཀ་རྙེད་འདོད་ན་བྱ་ཚིག་ལ་འགྱུར་བ་གཏོང་དགོས་པ་སྟེ། དཔེར་ན། སློབ་མ་དོན་འགྲུབ་ཚེ་རིང་གིས་བོད་ཟླ་དྲུག་པའི་ཚེས་གཅིག་ལ་བོད་ལྗོངས་སློབ་གྲྭ་ཆེན་མོར་བློ་སེམས་གཅིག་སྒྲིམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་ཚོད་ལྟའི་ཡིག་རྒྱུགས་ཤིག་སྤྲད་འཆར་ཡོད་པ་ཐོས། ཞེས་ཅུང་ཟད་བཅོས་པ་ལྟ་བུར་མཚོན་ན། བོད་ཀྱི་གསོ་བ་རིག་པའི་ཚོད་ལྟའི་ཡིག་རྒྱུགས་བྱ་ཡུལ། བོད་ཟླ་དྲུག་པའི་ཚེས་གཅིག་བྱ་དུས། བོད་ལྗོངས་སློབ་གྲྭ་ཆེན་མོ་བྱ་གནས། སྤྲད་ཅེས་མ་འོངས་པའི་ཚིག་གིས་བསྟན་པའི་བྱ་བ་བྱ་ལས་ཡིན་པ་བཅས་སོ། །

དེ་དག་ནི་བདག་ཏུ་གཏོགས་པ་དང་གཞན་དུ་གཏོགས་པའི་ཆོས་ཆེས་མང་བའི་དབང་དུ་བྱས་པ་ཡིན་ལ། བདག་ཏུ་གཏོགས་པའི་ཆོས་ལ་མཚོན་ན། དབྱར་ཟླ་ལྔ་པར་སེར་བས་ཤར་ཕྱོགས་ཀྱི་ཞིང་སའི་ལོ་ཏོག་འཇོམས། ལྟ་བུ་ལ་བྱེད་པ་པོ་མེད་པས་བདག་ཏུ་གཏོགས་པའི་ཆོས་བཞི་ལས་མེད་པ་དང་། བཀྲ་ཤིས་ཀྱིས་ཡི་གེ་འབྲི་ལྟ་བུ་དངོས་སུ་བྱེད་པ་པོ་དང་བྱེད་ལས་ཙམ་ལས་མེད་པ་དང་། ཆུ་ཡིས་ཆུ་རགས་འཇིག་ལྟ་བུ་བྱེད་པ་དང་བྱེད་ལས་ཙམ་ལས་མེད་པ་སོགས་ཅི་རིགས་པ་ཡོད་ལ། གཞན་དུ་གཏོགས་པའི་ཆོས་ལའང་། དཔེར་ན། བཀྲ་ཤིས་ཀྱིས་ཡི་གེ་བྲི་ལྟ་བུ་དངོས་སུ་བྱ་ཡུལ་དང་བྱ་ལས་ཙམ་ལས་མེད་པ་ལྟ་བུས་མཚོན་ནས་ཤེས་པར་བྱའོ། །

དེ་ལྟར་དཔེར་བརྗོད་མི་འདྲ་བ་འགའ་བཞག་ནས་བདག་གཞན་དུ་གཏོགས་པའི་ཆོས་རྣམས་གང་དག་ཡིན་པ་ངོས་བཟུང་རྗེས་ཤེས་དགོས་པ་གཙོ་བོ་ནི་འདི་ཡིན་ཏེ། གོང་དུའང་རོབ་ཙམ་བཤད་པ་ལྟར་བདག་ཏུ་གཏོགས་པའི་ཆོས་དེ་དག་བྱ་ཚིག་གིས་འབྲི་བའི་ཚེ་ངེས་པར་ད་ལྟ་བའི་ཚིག་ཁོ་ནས་འབྲི་དགོས་པ་དང་། གཞན་དུ་གཏོགས་པའི་ཆོས་དེ་དག་བྱ་ཚིག་གིས་འབྲི་བའི་ཚེ་མ་འོངས་པའི་ཚིག་ཁོ་ནས་འབྲི་དགོས་པ་བཅས་སོ། །འོ་ན་ད་ལྟ་བའི་ཚིག་གི་ཐོག་ནས་འབྲི་དགོས་པ་ལ་བདག་ཏུ་གཏོགས་པའི་ཆོས་ལྔ་པོ་མ་གཏོགས་མེད་དམ། མ་འོངས་པའི་ཚིག་གིས་འབྲི་དགོས་པ་ལ་གཞན་དུ་གཏོགས་པའི་ཆོས་བཞི་པོ་མ་གཏོགས་མེད་དམ་སྙམ་ན། དེ་དག་ནི་བྱ་བྱེད་ཐ་དད་པའི་དངོས་པོ་བདག་གཞན་དུ་གཏོགས་པའི་ཆོས་ཀྱི་དབང་དུ་བྱས་པ་ཡིན་ལ། བདག་གཞན་དུ་མ་གཏོགས་པ་ལ་དགག་སྒྲའི་སྐུལ་ཚིག་དང་། སྐུལ་ཚིག །དུས་གསུམ་ཁོ་ནའི་དབང་དུ་བྱས་པའི་བྱ་བྱེད་ཐ་དད་མི་དད་གཉིས་ཀའི་དུས་འདས་པ་དང་། ད་ལྟ་བ་དང་། མ་འོངས་པ་བཅས་ལྔ་ཡོད་པ་ལས། དགག་སྒྲའི་སྐུལ་ཚིག་དང་། དུས་གསུམ་ལས་དུས་ད་ལྟ་བ་གཉིས་ཀྱང་བྱེད་ཚིག་གམ་ད་ལྟ་བའི་ཚིག་གིས་འབྲི་དགོས་པས་ད་ལྟ་བའི་བྱ་ཚིག་སྟེང་ནས་འབྲི་དགོས་པ་ཚང་མ་བསྡོམས་ན། གོང་གི་བདག་ཏུ་གཏོགས་པའི་ཆོས་ལྔ་དང་དགག་སྒྲའི་སྐུལ་ཚིག་དང་དྲུག །དུས་ལྟ་བ་དང་བདུན་ཡོད་པ་ཡིན་ལ་བདུན་པོ་ད་ལྟ་བའི་བྱ་ཚིག་སྟེ་བྱེད་ཚིག་ཁོ་ནའི་ཐོག་ནས་བྲི་དགོས་པར་ངེས་པ་ཡིན་ནོ། ། དེ་བཞིན་བདག་གཞན་གང་དུའང་མི་གཏོགས་པའི་ཆོས་ལྔ་ལས་དུས་མ་འོངས་པ་ནི་བྱ་ཚིག་མ་འོངས་པའི་སྟེང་ནས་བྲི་དགོས་པས་མ་འོངས་པའི་བྱ་ཚིག་ཐོག་ནས་བྲི་དགོས་པ་ཚང་མ་བསྡོམས་ན། གོང་གི་གཞན་དུ་གཏོགས་པའི་ཆོས་བཞི་དང་དུས་གསུམ་ལས་མ་འོངས་བཅས་ལྔ་ཡོད་པ་ཡིན་ལ། ལྔ་པོ་ནི་བྱ་ཚིག་མ་འོངས་པ་ཁོ་ནས་བྲི་དགོས་པར་ངེས་པ་ཡིན་ནོ། །

འདིར་ཐ་སྙད་འགའ་ཤས་ཀྱི་དོན་དང་ཁྱད་པར་མ་འདྲེས་པར་མ་ཤེས་ན་མགོ་ཉོག་པའི་དུས་ཀྱང་ཡོད། དེ་བས་དེ་དག་ཀྱང་ཅུང་ཙམ་ཞུས་ན།

༡༽བྱ་ཚིག །ལས་ཚིག །བརྡ་ཆད་འདི་གཉིས་དོན་གཅིག་ཏུ་འགྲོ་བའང་ཡོད་པ་སྟེ། སྤྱིར་དུས་གསུམ་ཀའི་ཚིག་གི་དབྱེ་གཞིར་གྱུར་པའི་བྱ་ཚིག་དེ་ལ་སྐབས་འགར་ལས་ཚིག་ཀྱང་ཟེར་ཞིང་། དེ་ཡང་དཔེར་ན། བྱེད་འབྲེལ་ལས་ཚིག །བྱེད་མེད་ལས་ཚིག །ཅེས་པའི་སྐབས་ཀྱི་ལས་ཚིག་དེ་བྱ་ཚིག་ཉིད་ཡིན་པ་ལྟ་བུའོ། །འོན་ཏེ་བྱེ་བྲག་ཏུ་བྱ་ཚིག་ནི་མ་འོངས་པའི་ཚིག་གཅིག་པུར་གོ་དགོས་པའི་སྐབས་ཀྱང་ཡོད་དེ། བྱ་ཚིག །བྱེད་ཚིག །འདས་ཚིག །སྐུལ་ཚིག་ཅེས་པ་ལྟ་བུའོ། ། དེས་ན་བྱ་ཚིག་ལ་སྤྱིར་བྱ་ཚིག་དང་། བྱ་ཚིག །བྱེད་ཚིག །འདས་ཚིག་གསུམ་གྱི་ཟླས་ཕྱེ་བའི་བྱ་ཚིག་གཉིས་ཡོད་པ་ལས། སྤྱིར་བྱ་ཚིག་དེ་དང་ལས་ཚིག་དོན་གཅིག །དེ་གསུམ་གྱི་ཟླས་ཕྱེ་བའི་བྱ་ཚིག་དེ་དང་མ་འོངས་པའི་ཚིག་དོན་གཅིག་བཅས་ཡིན་ནོ། །

༢༽བྱ་བ། ལས། ཐ་སྙད་འདི་གཉིས་ཀྱང་སྐབས་འགར་དོན་གཅིག་པར་འགྲོ་བའང་ཡོད་དེ། བྱ་བ་ཞེས་པ་གོང་དུ་བཤད་པའི་བྱ་ཚིག་གི་མཚོན་བྱ་སྟེ་གཡོ་རྩོལ་སོགས་ཀྱི་ཆ་དེ་ཡིན་ཞིང་། ལས་ཞེས་པའང་ལས་ཚིག་གི་མཚོན་བྱ་སྟེ་གཡོ་རྩོལ་སོགས་ཀྱི་ཆ་དེ་ཡིན་པས་གོང་དུ་མཚོན་བྱེད་བྱ་ཚིག་དང་ལས་ཚིག་གཉིས་པོ་དོན་གཅིག་ཏུ་བཤད་པ་བཞིན་མཚོན་བྱ་བྱ་བ་དང་ལས་གཉིས་ཀྱང་གཅིག་པ་ཡིན་ནོ།།དེས་ན་འོག་ནས་འབྱུང་བའི་བྱ་བྱེད་ལས་གསུམ་གྱི་ནང་ཚན་ལས་དང་ལས་ཚིག་གི་མཚོན་པར་བྱ་བའི་ལས་གཉིས་མི་འདྲ་བ་ཡིན།

༣༽བྱ། བྱེད། ལས། ཐ་སྙད་འདི་གསུམ་ཅི་རིགས་པར་གོང་དུ་བཤད་ཟིན་ཀྱང་བྱ་བྱེད་ལས་གསུམ་ཞེས་ལྷན་དུ་ཡོང་སྐབས་ཧ་ཅང་གལ་ཆེ་བའི་ཐ་སྙད་གསུམ་ཆགས་ཡོད། དེ་ཡང་བྱ་ཞེས་པ་ནི་བྱ་བ་དང་། བྱེད་ཅེས་པ་བྱེད་པའམ་བྱེད་པ་པོ་དང་། ལས་ཞེས་པ་བྱ་ཡུལ་ལམ་བྱ་རྒྱུའོ། །དེས་ན་བྱ་བྱེད་ལས་གསུམ་གྱི་བྱ་ཞེས་པའི་བྱ་བ་ནི་གོང་གི་བྱ་ལས་བྱེད་ལས་ཞེས་པ་གང་ལ་འཇུག་སའི་བྱ་བ་དེ་དང་གཅིག་པ་དང་། བྱེད་ཅེས་པའི་བྱེད་པའམ་བྱེད་པ་པོ་ནི་བདག་གཞན་གཉིས་ལས་བདག་ཅེས་པ་གང་ལ་ངོས་གཟུང་ས་དེ་དང་གཅིག་པ་དང་། ལས་ཞེས་པ་ནི་བདག་གཞན་གཉིས་ལས་གཞན་ཞེས་པ་གང་ལ་ངོས་གཟུང་ས་དེ་ཉིད་དེ། བྱ་ཡུལ་དང་བྱ་རྒྱུའི་ལས་ཞེས་པ་དེ་དག་དང་གཅིག་པ་ཡིན་ནོ། །

༤༽བྱ་ཡུལ། བྱ་རྒྱུ། ལས། ཐ་སྙད་འདི་གསུམ་ཡང་དོན་གཅིག་པར་འགྲོ་བ་ཡོད་དེ། སྤྱིར་བྱ་ཡུལ་ཟེར་བ་སུམ་ཅུ་པའི་སྐབས་རྣམ་དབྱེ་གཉིས་པ་འཇུག་སའི་ཡུལ་ལྟ་བུ་བྱ་བ་གང་ཞིག་བྱ་སའི་ས་ཕྱོགས་སམ་ཡུལ་ལུང་ལ་བྱ་ཡུལ་ཟེར་བ་ཡིན་མོད། རྟགས་འཇུག་སྐབས་འདིར་བྱ་ཡུལ་ཞེས་པའི་ཐ་སྙད་ནི་དེ་འདྲ་ལ་གོ་བ་ལེན་མི་རུང་བར་གང་བྱ་རྒྱུའི་ལས་ཉིད་ལ་བྱ་ཡུལ་ཟེར་བ་ཡིན། དཔེར་ན། ཚེ་རིང་ནོར་བུས་རླངས་འཁོར་གཏོང་ལྟ་བུར་མཚོན་ན་གང་གཏང་རྒྱུའི་རླངས་འཁོར་ནི་བྱ་ཡུལ་ཡིན་པ་ལྟ་བུའོ། །དེས་ན་རྟགས་ཀྱི་འཇུག་པའི་སྐབས་བྱ་ཡུལ་ནི་གང་བྱ་རྒྱུ་ཉིད་ཡིན་པ་དང་དེ་ལ་བྱ་བྱེད་ལས་གསུམ་སྐབས་ལས་ཞེས་འབོད་པ་ཡིན། རྒྱུ་མཚན་དེའི་ཕྱིར་རྟགས་འཇུག་སྐབས་བྱ་ཡུལ་དང་། བྱ་རྒྱུ། བྱ་བྱེད་ལས་གསུམ་ནང་གི་ལས་རྣམས་ནི་དོན་གཅིག་པ་སྟེ་བདག་གཞན་གཉིས་ལས་གཞན་གང་ཡིན་པ་དེའོ། །

༥༽བྱེད་པ། བྱེད་པ་པོ། ཐ་སྙད་འདི་གཉིས། དཔེར་ན། སྙུ་གུས་ཡི་གེ་འབྲི། མེ་ཡིས་ནགས་ཚལ་སྲེག །བརྩེ་བས་སློབ་མ་སྐྱོང་། རྐང་པས་འཁོར་སྒག་རྫི། ཞེས་པ་སོགས་ལ་མཚོན་ན་འབྲི་བྱེད་སྙུ་གུ་དང་། སྲེག་བྱེད་མེ། སྐྱོང་བྱེད་བརྩེ་བ། རྫི་བྱེད་རྐང་པ་སོགས་ནི་བྱེད་པ་ཡིན། ཡང་ཚེ་བརྟན་གྱིས་ཡི་གེ་འབྲི། དགེ་རྒན་གྱིས་སློབ་མ་སྐྱོང་། ཁ་ལོ་པས་འཁོར་སྒག་རྫི། གཡག་གིས་མི་རྡུང་། ཞེས་སོགས་ཀྱི་འབྲི་མཁན་ཚེ་བརྟན། སྐྱོང་མཁན་དགེ་རྒན། རྫི་མཁན་ཁ་ལོ་པ། རྡུང་མཁན་གཡག་སོགས་ནི་བྱེད་པ་པོ་ཡིན། ཡང་ཚེ་བརྟན་གྱི་ལག་པས་ཡི་གེ་འབྲི། ཁ་ལོ་པའི་རྐང་པས་འཁོར་སྒག་རྫི། དགེ་རྒན་གྱི་བརྩེ་བས་སློབ་མ་སྐྱོང་། གཡག་གི་རྭ་ཅོས་མི་རྡུང་། ཞེས་པ་སོགས་ལ་མཚོན་ན་འབྲི་མཁན་ཚེ་བརྟན་བྱེད་པ་པོ་དང་འབྲི་བྱེད་ལག་པ་བྱེད་པ། རྫི་མཁན་ཁ་ལོ་པ་བྱེད་པ་པོ་དང་རྫི་བྱེད་རྐང་པ་བྱེད་པ། སྐྱོང་མཁན་དགེ་རྒན་བྱེད་པ་པོ་དང་སྐྱོང་བྱེད་བརྩེ་བ་བྱེད་པ། རྡུང་མཁན་གཡག་བྱེད་པ་པོ་དང་རྡུང་བྱེད་རྭ་ཅོ་བྱེད་པ་ཡིན་པ་བཅས་སོ། །དེས་ན་བྱེད་པ་པོ་ཞེས་པའི་པོ་སྒྲ་དེ་ཉིད་བདག་པོ་གསལ་བྱེད་ཀྱི་སྒྲ་ཡིན་པས་བྱེད་པ་པོ་ཞེས་པ་བྱ་བ་སྒྲུབ་མཁན་གྱི་གང་ཟག་ལ་འཇུག་པ་དང་། བྱེད་པ་ནི་གང་ཟག་མ་ཡིན་པའི་བྱ་བ་བྱེད་མཁན་ལ་འཇུག་པ་ཡིན། དེ་གཉིས་ཀ་དངོས་པོ་བདག་གཞན་སྐབས་བདག་གི་དངོས་པོའི་ཁོང་གཏོགས་ཡིན་ཚུལ་གོང་ནས་བཤད་ཟིན་པ་ལྟར་རོ།

ཕྲད་འགའ་ཤས་དང་འབྲེལ་བའི་བྱ་ཚིག་སྦྱོར་སྟངས་ལས། དགག་སྒྲའི་ཕྲད་མ་མི་གཉིས་དང་འབྲེལ་བའི་བྱ་ཚིག་དུས་གསུམ་གང་གི་ཐོག་ནས་འབྲི་དགོས་ཚུལ་བཤད་པ།

དགག་སྒྲའི་སྐུལ་ཚིག་མ་ཡིན་པའི་བྱ་ཚིག་གི་སྔོན་དེ་མ་ཐག་ཏུ་དགག་སྒྲའི་ཕྲད་མ་ཡིག་ཡོད་ན་བྱ་ཚིག་དེ་ཉིད་དུས་གསུམ་པོ་གང་གི་ཐོག་ནས་འབྲི་དགོས་མིན་བཤད་པ་ལ། དེ་ལ་དེང་སང་ཡི་གེ་པ་དང་ཞུ་དག་པར་ཁས་འཆེ་བ་མང་པོ་ཞིག་གིས་དགག་སྒྲའི་སྐུལ་ཚིག་མིན་ཡང་དགག་སྒྲའི་ཕྲད་མ་ཡིག་གི་སྔོན་དང་རྒྱབ་དག་ལ་ཐོན་པའི་བྱ་ཚིག་རྣམས་ད་ལྟ་བ་དང་མ་འོངས་པའི་ཚིག་སོགས་ཀྱིས་བྲིས་པ། དཔེར་ན། མ་སྒྲིབ་ལུང་མ་བསྟན། བྱ་བ་མ་བསྒྲུབ་ན་རྗེས་སུ་ལུས། སྐད་མ་སྒྱུར་ཡང་གོ་བ་རེད། བྱ་བ་སྒྲུབ་མ་ཚར་གོང་། དགག་མ་ཐུབ་པར་ཤོར། ལྟ་བུ་མང་པོ་མཐོང་རྒྱུ་འདུག་མོད། དེ་དག་ནི་བྱ་ཚིག་སྦྱོར་སྟངས་ལ་མི་མཁས་པའི་རྣམ་པ་ཕྱིར་མངོན་པར་ཟད་དེ། མ་སྒྲིབ་ལུང་མ་བསྟན་ཞེས་པ་བསྒྲིབས་པར་མ་བྱས་ལ་ལུང་དུའང་མ་བསྟན་པ་ཞེས་པའི་དོན་ཡིན་པས་སྐབས་དེར་གང་ཞིག་སྒྲིབ་པའི་བྱ་བ་དེ་བྱས་ཟིན་པའི་ཚུལ་གྱིས་རྗོད་ཀྱིན་ཡོད་པ་ཚིག་གྲོགས་དང་སྦྱར་ནའང་ལས་སླ་མོར་ཧ་གོ་བ་ཡིན་ཏེ། གལ་ཏེ་བྱ་ཚིག་དེ་ཁྱེད་ཅག་ལྟར་ད་ལྟ་བས་བྲིས་ན་སྒྲིབ་པར་མ་བྱེད་ཅེས་འགྱུར་བས་དེས་ནི་སུ་ཞིག་ལ་ཆེད་དུ་སྐུལ་བའི་དོན་ཙམ་ལས་མི་སྟོན་ལ། ཚིག་ཕྱི་མ་དང་སྦྲེལ་ན་སྒྲིབ་པར་མ་བྱེད་པའི་ལུང་མ་བསྟན་ཅེས་འགྱུར་བས་དེས་ནི་རྗོད་པ་ངག་ལའང་སྐྱོན་ཞུགས་ཡོད་པ་བོད་སྐད་ཡག་པོ་ཤེས་མཁན་ཞིག་ཡིན་ཕྱིན་ཧ་གོ་བར་བྱེད་པ་ཡིན་ནོ། །

གལ་ཏེ་དེ་ཉིད་མ་བསྒྲིབ་ལུང་མ་བསྟན་ཞེས་མ་འོངས་པའི་ཚིག་གིས་བྲིས་ཚེ། ཚིག་གྲོགས་ལ་སྦྱར་ན་མ་འོངས་པའི་ཚིག་གྲོགས་དང་སྦྱར་བ་ལས་འོས་མེད་པས་དེ་ལྟར་ན། བསྒྲིབ་པར་མ་བྱ། བསྒྲིབ་པར་མ་བྱ་བའི་ལུང་མ་བསྟན་ཞེས་འགྱུར་བའི་ལྷག་ཏུ་གོ་རྒྱུ་མེད་པར་འགྱུར་བ་ཡིན་ནོ། །དེས་ན་ད་ནི་མ་བསྒྲིབས་ལུང་མ་བསྟན་ཞེས་འདས་ཚིག་ཁོ་ན་མི་འབྲི་ཐབས་མེད་ཡིན་ཏེ། དེ་ལྟར་ན། བསྒྲིབས་པར་མ་བྱས། བསྒྲིབས་པར་མ་བྱས་པའི་ལུང་མ་བསྟན་ཞེས་འཕྲུལ་ཆ་ལྟ་བུ་ཅི་ཞིག་གི་ལྷུ་ལག་ལེགས་པར་འཕྲོད་པ་ལྟར་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་བྱ་ཚིག་འཇུག་པའི་ཚུལ་དང་འགྲིག་ཅིང་བོད་གངས་ཅན་པའི་བརྗོད་པ་དང་ཡང་མཐུན་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་གོང་གི་དཔེར་བརྗོད་གཉིས་པ་དང་གསུམ་པ་ལའང་སྦྱར་ན་གང་ཞིག་འགྲིག་མིན་ཤེས་པར་འགྱུར་ལ་དེ་དག་གིས་མཚོན་ནས་གཞན་དག་ཀྱང་ཤེས་པར་བྱ་དགོས་སོ། །

བྱ་ཚིག་གི་རྗེས་སུ་དགག་སྒྲ་མ་ཡིག་ཐོན་སྐབས་ཀྱང་། གོང་གི་དཔེར་བརྗོད་དེ། བྱ་བ་སྒྲུབ་མ་ཚར་གོང་། ལྟ་བུར་མཚོན་ན། མ་ཡིག་གི་ནུས་པས་སྒྲུབ་པའི་བྱ་བ་དེ་བྱ་བ་རང་ངོས་ནས་གཟོད་བྱ་དགོས་པ་ཞིག་ཡིན་ཀྱང་གཟོད་བྱ་དགོས་པའི་བྱ་བ་དེ་བྱས་ཚར་བ་ལྟ་བུ་ཞིག་ཏུ་བསྒྱུར་ཅིང་བརྗོད་པ་ངག་གི་ལམ་ནས་རྗོད་ཚུལ་ལའང་བྱས་ཟིན་པའི་ཚུལ་གྱིས་རྗོད་ཀྱིན་ཡོད་པས་བྱ་ཚིག་དེ་འདས་ཚིག་གིས་འབྲི་དགོས་པ་དང་། དེ་ཉིད་རྗེས་ཀྱི་ཚིག་གྲོགས་ཚར་ཞེས་པས་ཀྱང་གསལ་བོར་བྱས་མོད། རྣམ་གསལ་གྱི་ཚིག་གྲོགས་གཞན་ཞིག་ལ་སྦྱར་ནས་བལྟས་ཚེ་ཁྱེད་ཅག་ལྟར་ན། བྱ་བ་སྒྲུབ་པར་བྱེད་མ་ཚར་ཞེས་འགྱུར་བས་རྗོད་བྱེད་ཀྱི་ཆ་ནས་ཀྱང་ངག་དེ་ཉན་པ་ཙམ་གྱིས་མི་བདེ་བར་འགྱུར། དེ་བཞིན་བསྒྲུབ་མ་ཚར་ཞེས་མ་འོངས་པའི་ཚིག་གིས་བྲིས་ནའང་བསྒྲུབ་པར་བྱ་མ་ཚར་ཞེས་འགྱུར་བས་སྐྱོན་དེ་སོ་ན་གནས་སོ། །དེས་ན་བྱ་བ་བསྒྲུབས་མ་ཚར་གོང་ཞེས་འདས་ཚིག་ཁོ་ན་སྦྱར་བ་ལས་འོས་མེད་ཅིང་། དེ་ལྟར་ན། བྱ་བ་བསྒྲུབས་པར་བྱས་མ་ཚར་ཞེས་གཞི་ནས་དོན་ལ་་གནས་ཚུལ་ནི་སྔར་ལྟར་རོ། །དེ་བཞིན་གོང་གི་དཔེར་བརྗོད་གཉིས་པ་ལའང་སྦྱར་བ་དང་དེ་དག་གིས་མཚོན་ནས་གཞན་དག་ཀྱང་ཤེས་པར་བྱ་དགོས་སོ། །

དེས་ན་དཔེར་བརྗོད་དེ་རྣམས་དག་པར་བྲིས་ན་འདི་ལྟ་སྟེ། མ་བསྒྲིབས་ལུང་མ་བསྟན། བྱ་བ་མ་བསྒྲུབས་ན་རྗེས་སུ་ལུས། སྐད་མ་བསྒྱུརད་ཀྱང་གོ་བ་རེད། བྱ་བ་བསྒྲུབས་མ་ཚར་གོང་། བཀག་མ་ཐུབ་པར་ཤོར་བཅས་སོ། །དེ་ལྟར་བཤད་པའི་གྲུབ་དོན་ནི་དགག་སྒྲའི་སྐུལ་ཚིག་ཕུད་པའི་དགག་སྒྲའི་ཕྲད་མ་ཡིག་དེ་བྱ་ཚིག་གང་ཞིག་གི་སྔོན་རྗེས་གང་རང་དུ་ཐོན་ན་བྱ་ཚིག་དེ་ཉིད་དུས་གསུམ་ལས་འདས་ཚིག་ཁོ་ནས་འབྲི་དགོས་ཞེས་པ་འདིའོ། །

ཤེས་དགོས་པ་གལ་ཆེན་གཞན་ཞིག་ནི། བྱ། བྱེད། བྱས། འདི་གསུམ་གྱི་གསང་བ་ཡིན་ཞིང་། འདི་གསུམ་ནི་བྱ་ཚིག་ཀྱང་ཡིན་ཞིང་བྱ་ཚིག་ལ་འགྲོ་སྐབས་ཚབ་མཚོན་རང་བཞིན་ཅན་གྱི་བྱ་ཚིག་གལ་ཆེན་གསུམ་ཡིན་པ་དང་། བྱ་ཚིག་གི་ཚིག་གྲོགས་ཀྱང་ཡིན་ལ་ཚིག་གྲོགས་ལ་འགྲོ་སྐབས་ཀྱང་ཚབ་མཚོན་རང་བཞིན་ཅན་གྱི་ཚིག་གྲོགས་གལ་ཆེན་གསུམ་ཡིན་པའོ། །དེ་ཡང་། བྱ་ཚིག་སྐབས། དཔེར་ན། བྱ། ངས་སང་ཉིན་བྱ་ཡོང་། ཞེས་པ་ལྟ་བུར་མཚོན་ན། བྱ་དང་། བྱ་ཡོང་། ཞེས་པས་བྱ་བ་བྱེ་བྲག་ཅི་ཞིག་བྱ་མིན་གོ་མི་ཐུབ་པར་བྱ་བ་སྤྱིའམ་གསང་བ་ཞིག་སྟོན་པ་དང་། གྲྭ་པ་བྱ། ཞེས་པ་ལྟ་བུའི་སྐབས་བྱ་བ་བྱེ་བྲག་པའང་སྟོན་པ་སྟེ། སྤྱི་དང་བྱེ་བྲག་གང་ལ་བཀོལ་ན་དགོལ་རུང་བའི་བྱ་ཚིག་ཅིག་ཡིན། ད་ལྟ་བའི་ཚིག་བྱེད་དང་འདས་པའི་ཚིག་བྱས་གཉིས་ཀྱང་དེ་བཞིན་ནོ། ། བྱ་ཚིག་གཞན་པ་ནི་དེ་འདྲ་མིན་ཏེ། དཔེར་ན། གཅོད། ངས་གཅོད་ཡོང་། ལྟ་བུར་མཚོན་ན་ཤིང་ལ་སོགས་པ་གཅོད་པའི་བྱ་བ་བྱེ་བྲག་པ་རེ་སྟོན་པ་ཙམ་ཡིན་པས་སོ། ། ཡང་ལས་དང་སྒྲུབ་ལྟ་བུ་བྱ་བྱེད་སོགས་ཀྱི་བྱ་ཚིག་གི་སྡེ་ཚན་དེ་དང་ཕྱོགས་མགོ་མཐུན་པའི་བྱ་ཚིག་གི་སྡེ་ཚན་འགའ་ཤས་ཡོད་ནའང་། དེ་དག་ལ་ལ་དུས་གསུམ་གཟུགས་མི་འགྱུར་བ་དང་། ལ་ལ་སྒྲ་གདངས་གཅིག་པ་སོགས་ཀྱིས་སྒོ་ཀུན་ནས་བྱ་བྱེད་སོགས་ཀྱི་བྱ་ཚིག་གི་སྡེེ་ཚན་དེའི་ཁྱད་ཆོས་ཚང་མེད།

བྱ་བྱེད་བྱས་གསུམ་བྱ་ཚིག་གི་ཚིག་གྲོགས་ལ་འགྲོ་སྐབས་བྱ་ཚིག་དེ་དུས་གསུམ་གང་ཡིན་པ་གསལ་བོར་བྱ་བ་དང་། བདག་ཚིག་དང་གཞན་ཚིག་གང་ཡིན་པ་ཐག་གཅོད་པ་དང་། བྱ་ཚིག་གི་ཉེ་འགྱང་གཉིས་ནས་གྲོགས་བྱ་བ་དང་། དུས་གསུམ་སོ་སོར་སྤྱད་རྒྱུའི་ཡིག་གཟུགས་ཀྱང་སོ་སོར་ཡོད་ཅིང་དེ་དག་སྒྲ་གདངས་ཐ་དད་པ་བཅས་ཀྱི་ཁྱད་ཆོས་ཡོད། བཞིན། འགྱུར། གྱུར། ཚར། ཟིན་ལ་སོགས་པ་ལྟ་བུ་བྱ་ཚིག་གི་ཚིག་གྲོགས་སུ་འགྲོ་བ་གཞན་ཡང་ཡོད་མོད། དེ་དག་ལ་ནི་བྱ་བྱེད་བྱས་གསུམ་གྱི་ཁྱད་ཆོས་ཅི་རིགས་པ་ལས་ཐམས་ཅད་ཚང་བ་མེད་དོ། །

བྱ་བྱེད་བྱས་གསུམ་བྱ་ཚིག་གི་གྲོགས་སུ་ཡོང་སྐབས་བྱ་ཚིག་དེ་དུས་གསུམ་གང་ཡིན་གསལ་བོར་བྱ་བ་ཞེས་པ་ནི། དཔེར་ན། གཅོད་པར་བྱེད། གཅད་པར་བྱ། བཅད་པར་བྱས། ལྟ་བུ་སྟེ། གཅད་པའི་བྱ་ཚིག་དེའི་གྲོགས་སུ་བྱེད་ཡོང་སྐབས་བྱ་ཚིག་དེ་ངེས་པར་ད་ལྟ་བའི་ཚིག་ཡིན་དགོས་ཏེ། བྱེད་ཅེས་པ་ནི་ཚིག་གྲོགས་སྐབས་དུས་གསུམ་ལས་ད་ལྟ་བའི་ཚིག་ཁོ་ནའི་ཚིག་གྲོགས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བྱ་ཚིག་དེའི་གྲོགས་སུ་བྱ་ཡོང་སྐབས་དང་། བྱ་ཚིག་དེའི་གྲོགས་སུ་བྱས་ཡོང་སྐབས། བྱ་ཚིག་དེ་རིམ་པ་བཞིན་མ་འོངས་པ་དང་འདས་པའི་ཚིག་ཡིན་དགོས་ཏེ། བྱ་དང་བྱས་ནི་ཚིག་གྲོགས་སྐབས་རིམ་པ་བཞིན་མ་འོངས་པའི་ཚིག་ཁོ་ན་དང་འདས་པའི་ཚིག་ཁོ་ནའི་ཚིག་གྲོགས་ཡིན་པའི་ཕྱིར་རོ། །རིགས་པ་འདི་ཁྱེར་ནས་སོང་ནའང་དགག་སྒྲའི་སྐུལ་ཚིག་མིན་པའི་བྱ་ཚིག་གི་སྔོན་དེ་མ་ཐག་དགག་སྒྲའི་ཕྲད་མ་ཡིག་ཡོད་ན་བྱ་ཚིག་དེ་འདས་ཚིག་ཡིན་དགོས་པ་དཔོག་ཐུབ་བོ། །

བདག་ཚིག་དང་གཞན་ཚིག་གང་ཡིན་པ་ཐག་གཅོད་པ་ཞེས་པ་ནི། དཔེར་ན། གཅོད་བྱེད། གཅད་བྱ། ལྟ་བུ་སྟེ། བྱེད་གྲོགས་སུ་ཡོད་ན་བྱ་ཚིག་དེ་བདག་ཚིག་དང་། བྱ་གྲོགས་སུ་ཡོད་ན་བྱ་ཚིག་དེ་གཞན་ཚིག་ཡིན་པའོ། །བྱ་ཚིག་གི་ཉེ་འགྱང་གཉིས་ནས་གྲོགས་བྱ་བ་ཞེས་པ་ནི། ཉེ་ནས་གྲོགས་བྱ་བ། དཔེར་ན། གཅོད་བྱེད། གཅད་བྱ། ལྟ་བུ་དང་། རིང་ནས་གྲོགས་བྱ་བ། དཔེར་ན། གཅོད་པར་བྱེད། གཅད་པར་བྱ་བ། བཅད་པར་བྱས། ལྟ་བུའོ། །དུས་གསུམ་སོ་སོར་སྤྱོད་རྒྱུའི་ཡིག་གཟུགས་སོ་སོར་ཡོད་པ་དང་སྒྲ་གདངས་ཐ་དད་ཡིན་པ་ནི་སླའོ། །

དེས་ན་སུ་ཞིག་བྱ་ཚིག་གང་ཞིག་ལ་དུས་གསུམ་གང་གི་ཚིག་སྦྱོར་དགོས་མིན་མ་ཤེས་ནས་ཡོད་པ་སྟེ། དཔེར་ན། ཡི་གེ་འབྲི་བའི་བྱ་བ་ཞིག་རྗོད་བྱེད་ཚིག་གི་ལམ་ནས་རྫོགས་པའམ་ཚར་བར་སྟོན་དགོས་པའི་སྐབས། ཡི་གེ་འབྲི་ཚར། བྲི་ཚར། བྲིས་ཚར། ལྟ་བུ་དག་ལས་གང་བྲིས་ནའང་ཆོག་པ་རེད་དམ་ཡང་ན་གང་རུང་ཞིག་བྲི་དགོས། གལ་ཏེ་གང་རུང་ཞིག་ལས་བྲི་མི་ཆོག་ན་བྲི་ཆོག་པ་དེ་གང་སྙམ་པ་ན། དེ་དག་གང་ཞིག་བྲིས་ནའང་ཆོག་པ་ནི་མིན་ཏེ་ཆོག་ན་བྱ་ཚིག་སྦྱོར་སྟངས་ཀྱི་རྣམ་བཞག་ཐམས་ཅད་འཁྲུག་པར་འགྱུར་བས་དེ་དག་ལས་གང་རུང་ཞིག་བྲི་དགོས་པ་ཡིན།

དེས་ན་ཚར་ཞེས་པའི་ཚིག་གྲོགས་དེ་སྤྱིར་འདས་ཚིག་གི་གྲོགས་ཡིན་མོད་ཀྱི་བྲི་ལྟ་བུའི་བྱ་ཚིག་གི་སྡེ་ཚན་དང་འགྲོགས་སྐབས་དུས་གསུམ་གའི་བྱ་ཚིག་གང་ལ་སྦྱར་ཡང་རྗོད་པ་ངག་གི་ཆ་ནས་མི་བདེ་བ་ཆེར་ཡོང་གིན་མེད་པར་བརྟེན་གང་ཞིག་འབྲི་དགོས་མིན་མི་ཤེས་པ་དེ་བྱུང་བ་ཡིན་སྲིད་པ་འདྲ་མོད། འོན་ཏེ་བྱ་ཚིག་སྐབས་རྗོད་བྱེད་ཚིག་ལ་བདེ་མིན་གཅིག་པུར་ལྟ་བ་མིན་པར་བརྗོད་པ་དོན་གྱི་སྒྲིག་གཞི་དང་ཡང་ངེས་པར་མཐུན་དགོས་པ་ཡིན། དེ་བས་ཚར་ཞེས་པ་ནི་འདས་ཚིག་གི་ཚིག་གྲོགས་ཡིན་པས་དོན་ལ་བྱ་བ་དེ་བྱས་ཟིན་པའི་ཚུལ་གྱིས་བརྗོད་པའི་བྱ་ཚིག་གི་གྲོགས་ལས་བྱ་ཚིག་གཞན་གྱི་གྲོགས་སུ་འཇུག་མི་རུང་བའི་ཕྱིར་གོང་གི་དེ་དག་ལས་བྲིས་ཚར་ཞེས་པ་ཁོ་ན་དག་པ་ཡིན་ནོ། །

དེ་ཡང་ཚུལ་དེ་བྱ་བྱེད་བྱས་གསུམ་པོ་གང་རུང་དང་སྦྱར་ནས་ཚོད་ལྟ་ཞིག་བྱས་ན། འབྲི་བར་བྱེད་ཚར། བྲི་བར་བྱ་ཚར། བྲིས་པར་བྱས་ཚར། བྱེད་ཚར། བྱ་ཚར། བྱས་ཚར། ཞེས་འགྱུར་བས་དེས་བྱས་ཚར་ཞེས་པ་དེ་ཉིད་དོན་ལ་གནས་པ་གསལ་བོར་བྱེད་དོ། །དེ་བཞིན་དུ་གཞན་དག་ལའང་རིགས་བསྒྲེས་ན་གཅིག་པ་ཡིན་པས་དེ་ལྟར་དོན་ལ་བྱ་ཚིག་དེ་དང་དེ་ཚིག་གྲོགས་དང་ལྷན་དུ་འཇོག་མི་དགོས་པ་ཞིག་ཡིན་ཡང་དགོས་དབང་གིས་ཚིག་གྲོགས་སྣ་ཚོགས་པ་གཡར་ནས་རང་གི་བརྗོད་འདོད་པ་དེ་མི་ནོར་བར་བྱེད་པའམ་གཞན་གྱི་ནོར་བ་དག་ལེགས་པར་བཅོས་ཏེ་གཏན་ལ་དབབ་དགོས་སོ། །

གལ་ཏེ་བྱ་ཚིག་གི་སྔོན་དེ་མ་ཐག་ཏུ་དགག་སྒྲའི་ཕྲད་མི་ཡིག་ཡོད་ན་ནི་བྱ་ཚིག་དེ་ཉིད། དཔེར་ན། མི་བསྒྲུབ། མི་སྒྲུབ། མི་བསྒྲིབ། མི་སྒྲིབ། མི་བཤད། མི་འཆད། མི་གཏང་། མི་གཏོང་། མི་གཞག །མི་འཇོག །མི་སྡོད། མི་སྡོད། མི་གཅད། མི་གཅོད། ཅེས་པ་ལ་སོགས་པ་ལྟ་བུ་ད་ལྟ་བ་དང་མ་འོངས་པའི་ཚིག་གང་རུང་གིས་འབྲི་དགོས་ཏེ། དེ་འདྲ་སྐབས་བྱ་བ་དེ་ཉིད་དུས་ཀྱི་ཆ་ནས་ད་ལྟ་བ་དང་མ་འོངས་པ་གང་རུང་ལ་སྒྲུབ་པར་མི་བྱེད་པའམ་བསྒྲུབ་པར་མི་བྱ་བ་ཞིག་ལ་བསམས་ནས་རྗོད་ཚུལ་ཡང་ད་ལྟར་མི་བྱེད་པའམ་མ་འོངས་པར་མི་བྱ་བ་གང་རུང་གི་ཚུལ་གྱིས་རྗོད་ཀྱིན་ཡོད་པས་ཡིན་ལ། དེ་ལ་བྱ་ཚིག་དང་བྱེད་ཚིག་གང་ཞིག་སྤྱོད་མིན་ནི་སྤྱོད་མཁན་རང་ལ་རག་ལས་པའོ། །དེ་ལ་འདས་ཚིག་ནི་འབྲི་མི་རུང་སྟེ། གལ་ཏེ་མི་བསྒྲུབས། ཞེས་འདས་ཚིག་གིས་བྲིས་ཚེ་བྱ་ཚིག་གི་སྡེ་ཚན་འདིའི་དུས་གསུམ་སྐུལ་ཚིག་དང་བཅས་པ་སྒྲ་གདངས་གཅིག་པས་སྒྲ་གདངས་གཅིག་པུའི་ཐད་ནས་མི་བདེ་བ་ཆེར་མེད་མོད། དོན་ལ་བྱ་ཚིག་གི་ངོ་གདོང་ནས་བསྒྲུབས་པར་མི་བྱས་ཞེས་འགྱུར་བས་རྗོད་པ་ངག་གི་ཆ་ནས་ཀྱང་ཤིན་ཏུ་མི་བདེ་ལ། དེ་ཉིད་བྱ་བྱེད་བྱས་གསུམ་གྱི་བྱ་ཚིག་གི་སྡེ་ཚན་ལ་བཀོལ་ན། མི་བྱས་ཞེས་གྲུབ་པས་འགྲིག་མིན་ལྟོས་ཤིག །དེར་མ་ཟད་དུས་གསུམ་སྒྲ་གདངས་ཐ་དད་པའི་བྱ་ཚིག་གི་སྡེ་ཚན་གཞན་དང་གཞན་ལ་བསམས་ནའང་། དཔེར་ན། མི་བྲིས། མི་བཅས། མི་བལྟས། ལྟ་བུ་སོགས་འབྱུང་བས་བལྟས་ཙམ་གྱིས་མི་འགྲིག་པ་ཤེས་སོ། །

དེས་ན། ད་ལྟ་བ་དང་མ་འོངས་པ་ལ། མི་འབྲི། མི་བྲི། མི་འཆའ། མི་བཅའ། མི་སྒྲུབ། མི་བསྒྲུབ། མི་བྱེད། མི་བྱ། འདས་དང་དགག་སྒྲའི་སྐུལ་ཚིག་ལ། མ་བྲིས། མ་འབྲི། མ་བཅས། མ་འཆའ། མ་བསྒྲུབས། མ་སྒྲུབ། མ་བྱས། མ་བྱེད། ལ་སོགས་པ་ཡིན་པས་རྒྱ་ཆེར་ཤེས་པར་བྱའོ། །སྐུལ་ཚིག་ནི་ཕྲིས་ཤིག །ཆོས་དང་། སྒྲུབས། བྱོས་ལ་སོགས་པ་ལྟ་བུ་སྟེ་བྱ་ཚིག་གི་སྡེ་ཚན་མང་ཆེ་བར་སྐུལ་ཚིག་གི་ཡིག་གཟུགས་ལོགས་སུ་ཡོད་ལ། དཔེར་ན། ཕུལ། སྐྱེད། ལྟ་བུ་སྐུལ་ཚིག་ལ་ལ་འདས་ཚིག་དང་ཡིག་གཟུགས་གཅིག་པ་དང་ལ་ལ་བྱེད་ཚིག་དང་གཅིག་པ་སོགས་ནི། དཔེར་ན། ཕུལ་ཅིག །སྐྱེད་ཅིག །ལྟ་བུ་ཚིག་གྲོགས་དང་བརྗོད་ཚུལ་གྱིས་དབྱེའོ། །

བྱ་ཚིག་གི་རྗེས་སུ་ལྷག་བཅས་ལ་འཇུག་པའི་ཕྲད་ཡོད་ན་བྱ་ཚིག་དེ་དུས་གསུམ་གང་གི་སྟེང་ནས་འབྲི་དགོས་ཚུལ།

སྟེ་དེ་ཏེ་གསུམ་དང་། ཞིང་ཤིང་ཅིང་གསུམ་སོགས་ལྷག་མ་དང་བཅས་པ་སྟོན་པར་འཇུག་པའི་ཚིག་ཕྲད་དག་གི་སྔོན་དེ་མ་ཐག་ཏུ་བྱ་ཚིག་ཡོད་པ། དཔེར་ན། བཏང་སྟེ། གཏོང་སྟེ། གཏང་སྟེ། ལྟ་བུ་དེ་དག་ཚིག་གྲོགས་དང་སྦྱར་ན། བཏང་བར་བྱས་ཏེ། གཏོང་བར་བྱེད་དེ། གཏང་བར་བྱ་སྟེ། ཞེས་པ་ལྟ་བུར་འགྱུར་ལ། སྤྱིར་བཏང་ནས་བཤད་ན་དེ་ལྟ་བུ་ལྷག་བཅས་ཀྱི་སྔོན་དེ་མ་ཐག་ཏུ་འབྱུང་བའི་བྱ་ཚིག་དག་ཀྱང་འདས་ཚིག་གིས་འབྲི་ལོས་དགོས་སྙམ་པ་ལྟ་བུ་ཡོད་ཀྱང་ཞིབ་ཏུ་དཔྱད་ན་ངེས་པ་མེད་དེ། ལྷག་བཅས་ཀྱི་དོན་སྦྱོར་སྐབས་ལྷག་བཅས་ཀྱི་ཕྲད་མཚམས་སྦྱོར་དང་། དམ་བཅའ། གཞན་འདྲེན་བཅས་གསུམ་ལ་འཇུག་པར་བཤད་པ་ལས། མཚམས་སྦྱོར་ལྷག་བཅས་ཟེར་བ་ནི་བྱ་བ་གཉིས་མཚམས་སྦྱོར་བར་འཇུག་པའི་ལྷག་བཅས་ལ་ཟེར་བ་དང་། དེ་ཡང་བྱ་བ་གཉིས་རིམ་གྱིས་མཚམས་སྦྱར་བ་དང་ཅིག་ཅར་མཚམས་སྦྱར་བ་གཉིས་ལས་ཅིག་ཅར་མཚམས་སྦྱོར་ཚུལ་ནི། དཔེར་ན། ཚིག་སྒྲ་གྲག་སྟེ་འབར། ངོ་ལ་ལྟ་སྟེ་དགོད། སྐྱབས་འགྲོ་འདོན་ཏེ་ཕྱག་འཚལ། ལྟ་བུ་ཡིན་ལ། གལ་ཏེ་བྱ་ཚིག་དེ་དག་འདས་ཚིག་གིས་བྲིས་ན། ཚིག་སྒྲ་གྲགས་ཏེ་འབར། ངོ་ལ་བལྟས་ཏེ་དགོད། སྐྱབས་འགྲོ་བཏོན་ཏེ་ཕྱག་འཚལ། ཞེས་པ་ལ་སོགས་པར་འགྱུར་བས། དེ་ལྟར་ན་ནི་དེ་དག་བྱ་བ་གཉིས་རིམ་གྱིས་མཚམས་སྦྱོར་བ་ལས་ཅིག་ཅར་མཚམས་སྦྱོར་དུ་མི་འགྲོའོ། །

དེ་བཞིན་དུ་གཞན་འདྲེན་ལྷག་བཅས་སྐབས། དཔེར་ན། འདི་བསྒྲུབ་སྟེ་འདི་མི་བསྒྲུབ་བྱ་བ་ཅི་ཡང་མེད། ལྟ་བུ་ལའང་ལྷག་བཅས་སྔོན་གྱི་བྱ་ཚིག་དེ་འདས་ཚིག་ཡིན་དགོས་པར་རྒྱུ་མཚན་ལྷག་མོ་ཅི་ཡང་བཤད་རྒྱུ་མ་མཐོང་ངོ་། །དེ་ལྟར་རྩ་བའི་ལྷག་བཅས་ཀྱི་ཕྲད་ཀྱི་སྔོན་དུ་འབྱུང་བའི་བྱ་ཚིག་ལ་ངེས་པ་མེད་ཚུལ་བཤད་པ་དེས་ཞིང་ཅིང་སོགས་ལྷག་བཅས་ལ་འཇུག་ཏུ་རུང་བའི་ཕྲད་གཞན་དག་ལའང་མཚུངས་པ་ཡིན། འོན་ཏེ། འཕྲིན་ཡིག་བྲིས་ནས་གྲོགས་ལ་བསྐུར། སྟ་རེ་བརྡར་ཏེ་ཤིང་གཅོད། ཤིང་བཅད་ལ་མེར་འབུད། ལྟ་བུའི་སྐབས་ལྷག་བཅས་ཀྱི་ཕྲད་ཀྱི་སྔོན་དེ་མ་ཐག་འབྱུང་བའི་བྱ་ཚིག་རྣམས་ནི་ངེས་པར་འདས་ཚིག་གི་ཐོག་ནས་འབྲི་དགོས་པ་ཡིན་ཞིང་། དེས་ན་ལྷག་བཅས་ལ་འཇུག་པའི་ཚིག་ཕྲད་སྔོན་གྱི་བྱ་ཚིག་དུས་གསུམ་གང་གི་ཐོག་ནས་འབྲི་དགོས་མིན་ནི་སྐབས་བབ་ཀྱི་རྗོད་ཚུལ་ལ་རག་ལས་པ་བྱ་ཚིག་སྤྱིའི་སྦྱོར་ཚུལ་དང་མཚུངས་པར་མ་ཟད་བརྗོད་དོན་ལའང་འབྲེལ་བ་ཡོད་པ་ཡིན།

གཞན་ཡང་ཚིག་གྲོགས་ལ་སྦྱར་ནས་གང་ཞིག་འཐད་མིན་དཔྱད་ཀྱང་ཆོག་སྟེ། དཔེར་ན། ཤིང་བཅད་ནས་མེར་འབུད།   ཤིང་གཅོད་ནས་མེར་འབུད། ཤིང་གཅད་ནས་མེར་འབུད། ལྟ་བུ་དཔེར་བརྗོད་གསུམ་པོ་འདིའི་དང་པོ་ལྟར་ན། ཤིང་བཅད་པར་བྱས་ནས་མེར་འབུད། ཅེས་དང་། གཉིས་པ་ལྟར་ན། ཤིང་གཅོད་པར་བྱེད་ནས་མེར་འབུད། ཅེས་དང་། གསུམ་པ་ལྟར་ན། ཤིང་གཅད་པར་བྱ་ནས་མེར་འབུད་ཅེས་འགྱུར་ལ། དེ་དག་ལས་ཕྲད་ཀྱི་རྗེས་ཀྱི་ཚིག་དོན་མེར་འབུད་ཅེས་པ་ལ་བསམས་ན། བྱས་ནས་ཞེས་འདས་ཚིག་གི་ཚིག་གྲོགས་ཉིད་འཚམ་པ་དང་རྒྱུ་མཚན་དེས་བྱ་ཚིག་དེའང་འདས་ཚིག་ཁོ་ན་འབྲི་དགོས་པ་རྟོགས་སོ། །དེའང་དང་པོ་ཤིང་བཅད་ལ་དེའི་རྗེས་ནས་མེར་འབུད་པ་ལྟ་བུའི་དབང་དུ་བྱས་པ་ཡིན་པ་ཤེས་པར་བྱ།

ཡང་། ངོ་ལ་ལྟ་སྟེ་དགོད། ངོ་ལ་བལྟ་སྟེ་དགོད། ངོ་ལ་བལྟས་ཏེ་དགོད། ལྟ་བུའི་དཔེར་བརྗོད་གསུམ་པོ་ཚིག་གྲོགས་དང་སྦྱར་ན་དང་པོ། ངོ་ལ་ལྟ་བར་བྱེད་དེ་དགོད། གཉིས་པ། ངོ་ལ་བལྟ་བར་བྱ་སྟེ་དགོད། གསུམ་པ། ངོ་ལ་བལྟས་པར་བྱས་ཏེ་དགོད་ཅེས་འགྱུར་ལ། དེ་དག་ལས་ཕྲད་ཀྱི་རྗེས་ཀྱི་བྱ་ཚིག་དགོད་ལ་བསམས་ན། བྱེད་དེ་ཞེས་ད་ལྟ་བའི་ཚིག་གྲོགས་ཉིད་འཚམ་པ་དང་དེའི་རྒྱུ་མཚན་གྱིས་ཕྲད་ཀྱི་སྔོན་གྱི་བྱ་ཚིག་ཀྱང་ད་ལྟ་བ་ཁོ་ན་སྦྱོར་དགོས་པ་ཤེས་སོ། །དེའང་དང་པོ་ངོ་ལ་བལྟས་དེ་ནས་རྗེས་ལ་དགོད་པ་ལྟ་བུ་མིན་པར་ངོ་ལ་ལྟ་བཞིན་དུ་དགོད་ཀྱིན་ཡོད་པ་ལྟ་བུའི་དབང་དུ་བྱས་པ་ཡིན་ནོ། །

རྒྱན་སྡུད་དང་འབྱེད་སྡུད་ཀྱི་ཕྲད་དང་འབྲེལ་བའི་བྱ་ཚིག་སྦྱོར་སྟངས།

ཡང་དཔེར་ན། སྒྲུབ་ཀྱང་། བསྒྲུབ་ཀྱང་། བསྒྲུབས་ཀྱང་།  ལྟ་བུ་རྒྱན་སྡུད་ཀྱི་སྔོན་དེ་མ་ཐག་ཏུ་འབྱུང་བའི་བྱ་ཚིག་དང་། སྒྲུབ་བམ། བསྒྲུབ་བམ། བསྒྲུབས་སམ། ལྟ་བུ་འབྱེད་སྡུད་ཀྱི་སྔོན་དེ་མ་ཐག་པའི་བྱ་ཚིག་དག་ནི་དུས་གསུམ་ཀའི་ཐོག་ནས་སྦྱོར་དུ་ཡོད་པ་ཡིན་མོད། འོན་ཏེ་སྐབས་ཐོབ་ཀྱི་དོན་དང་མཐུན་པའི་སྒོ་ནས་ནི་ངེས་པར་སྦྱོར་དགོས་པ་ལས་གང་འདོད་བྱས་ན་ཡིག་ནོར་འབྲི་བའི་ཉེན་ཁ་ཆེ། དཔེར་ན། བཀྲ་ཤིས་ཀྱིས་དེའི་ཐད་བྱ་བ་མང་པོ་བསྒྲུབས་ཀྱང་ནུས་པ་ཆེར་ཐོན་མེད། ལྟ་བུར་མཚོན་ན། ནུས་པ་ཐོན་མེད་ཅེས་པའི་རྗེས་ཀྱི་ཚིག་ནུས་ཀྱིས་སྐབས་དེའི་སྒྲུབ་པའི་བྱ་བ་དེ་མཚོན་བྱེད་ལ་འདས་ཚིག་སྦྱོར་དགོས་པ་གྲུབ་པས། གལ་ཏེ། བཀྲ་ཤིས་ཀྱིས་དེའི་ཐད་བྱ་བ་མང་པོ་སྒྲུབ་ཀྱང་ནུས་པ་ཆེར་ཐོན་མེད། ལྟ་བུ་རྒྱན་སྡུད་སྔོན་གྱི་བྱ་ཚིག་དེ་ད་ལྟ་བའི་ཚིག་གིས་བྲིས་ན་ཡིག་ནོར་ཡིན་ཞིང་མ་འོངས་པའི་ཚིག་གིས་བྲིས་ནའང་གཅིག་པ་ཡིན་ལ། དེ་ཡང་། དཔེར་ན། བཀྲ་ཤིས་ཀྱིས་དེའི་ཐད་བྱ་བ་མང་པོ་སྒྲུབ་པར་བྱེད་ཀྱང་ནུས་པ་ནི་ཆེར་ཐོན་མེད། བཀྲ་ཤིས་ཀྱིས་དེའི་ཐད་བྱ་བ་མང་པོ་བསྒྲུབ་པར་བྱ་ཡང་ནུས་པ་ནི་ཆེར་ཐོན་མེད། བཀྲ་ཤིས་ཀྱིས་དེའི་ཐད་བྱ་བ་མང་པོ་བསྒྲུབས་པར་བྱས་ཀྱང་ནུས་པ་ནི་ཆེར་ཐོན་མེད། ཅེས་ཚིག་གྲོགས་དང་སྦྱར་ཏེ་བལྟས་ནའང་གང་ཞིག་དོན་ལ་གནས་མིན་གསལ་བོར་ཤེས་ཐུབ་བོ། །

དེ་བཞིན་དུ། དཔེར་ན། ཁྱོད་ཀྱིས་དོན་དག་དེ་བསྒྲུབས་སམ། ལྟ་བུར་མཚོན་ན། དོན་དག་གང་ཞིག་སྒྲུབ་པའི་བྱ་བ་དེ་བྱས་ཡོད་མེད་འདྲི་བ་ཡིན་ན་ནི་དྲི་བར་འཇུག་པའི་འབྱེད་སྡུད་ཀྱི་ཚིག་ཕྲད་སྔོན་གྱི་བྱ་ཚིག་དེ་འདས་ཚིག་ཡིན་དགོས་པ་དང་། ཁྱོད་ཀྱིས་དོན་དག་དེ་སྒྲུབ་བམ་ལྟ་བུ། ཅི་སྟེ་བྱ་བ་དེ་བྱེད་ནུས་མིན་ནམ་བྱེད་འདོད་མིན་ལྟ་བུ་ཞིག་འདྲི་བ་ཡིན་ན་བྱ་ཚིག་དེ་ད་ལྟ་བ་དང་། ཁྱོད་ཀྱིས་དོན་དག་དེ་བསྒྲུབ་བམ། ལྟ་བུ་བྱ་བ་དེ་བྱ་ནུས་མིན་ནམ་བྱ་འདོད་མིན་ལྟ་བུ་ཞིག་འདྲི་བ་ཡིན་ན་མ་འོངས་པའི་ཚིག་ཡིན་དགོས་པ་བཅས་སོ། །

དེ་དག་ཀྱང་ཚིག་གྲོགས་དང་སྦྱར་ན། ཁྱོད་ཀྱིས་དོན་དག་དེ་བསྒྲུབས་པར་བྱས་སམ། ཁྱོད་ཀྱིས་དོན་དག་དེ་སྒྲུབ་པར་བྱེད་དམ། ཁྱོད་ཀྱིས་དོན་དག་དེ་བསྒྲུབ་པར་བྱའམ། ཞེས་འགྱུར་བས་སྡེ་ཚན་གཅིག་ཀྱང་དུས་གསུམ་གྱི་བྱ་ཚིག་སོ་སོས་དོན་སྟོན་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པ་ཡིན་ན་མ་ནོར་བར་སྦྱོར་བ་ཞིག་གལ་ཅི་ལ་མི་ཆེ། དེ་ལྟར་བྱ་ཚིག་གང་ཞིག་སྦྱོར་བའི་ཚེ་སྐབས་ཐོབ་ཀྱི་དོན་སྟོན་ཚུལ་དང་སྔ་ཕྱིའི་ཚིག་ནུས་སོགས་ཕྱོགས་མང་པོར་བརྟག་ཏུའང་ཡོད་པ་ཡིན་ལ། འགྲོ་སྟངས་ཀྱི་གནད་འགག་ཅིག་ཧ་གོ་བ་ཡིན་ན་གང་ཞིག་འགྲིག་དང་མི་འགྲིག་ཐད་ཡར་མར་མང་པོ་བསམ་བློ་བཏང་ནས་དུས་ཚོད་རིང་པོའི་འགྲོ་གྲོན་འཕུད་དགོས་པའི་སེམས་ཁྲལ་ཡང་དགོས་དོན་མེད་དོ། །

ཚིག་གྲོགས་གཞན་དང་གཞན་གྱི་སྔོན་དུ་བྱ་ཚིག་གང་ཞིག་སྦྱོར་དགོས་མིན་སྐོར།

གཞན་ཡང་། དཔེར་ན། བསྒྲུབ་དགོས། སྒྲུབ་དགོས། བསྒྲུབ་རུང་། སྒྲུབ་རུང་། བསྒྲུབ་རིགས། སྒྲུབ་རིགས། བསྒྲུབ་ཆོག །སྒྲུབ་ཆོག །ལྟ་བུ་དགོས་རུང་རིགས་ཆོག་སོགས་ཀྱི་སྔོན་དེ་མ་ཐག་ཏུ་བྱུང་བའི་བྱ་ཚིག་རྣམས་ནི་ད་ལྟ་བ་དང་མ་འོངས་པ་གང་རུང་གི་བྱ་ཚིག་ཁོ་ནས་འབྲི་དགོས་པ་དང་། བསྒྲུབས་ཡོད། བསྒྲུབས་འདུག །ལྟ་བུ་ཡོད་འདུག་སོགས་ཀྱི་རྗེས་དེ་མ་ཐག་ཏུ་འབྱུང་བའི་བྱ་ཚིག་རྣམས་འདས་ཚིག་གིས་འབྲི་དགོས་པ་སོགས་ནི་བརྗོད་ཚུལ་གྱིས་ཀྱང་གསལ་བོར་ཤེས་པར་བྱེད་ལ། ཡང་། སྒྲུབ་བཞིན་ཡོད། བསྒྲུབ་འཆར་ཡོད། སྒྲུབ་བཞིན་འདུག །བསྒྲུབ་རྒྱུ་འདུག །ལྟ་བུ་ཚིག་གྲོགས་དང་འགྲོགས་ན་དེ་དག་དུས་གསུམ་ཆར་གྱི་ཚིག་ཐོག་ནས་འབྲི་ཆོག་པའང་ཡིན་ནོ། །འདིར་མཚོན་ཙམ་སྨོས་པ་ལས་དེ་འདྲའི་རིགས་ཧ་ཅང་མང་བས་སྐབས་བབ་ཀྱི་བརྗོད་ཚུལ་དང་ཚིག་གྲོགས་སོགས་ལ་བསྟུན་གྱིན་ཞིབ་མོ་ནས་སོ་སོར་མ་འཛིངས་པར་ཁུང་དུ་ཆུད་པར་བྱ་དགོས་པ་ཡིན་ནོ། །

མིང་ཚིག་དང་འབྲེལ་བའི་བྱ་ཚིག་གི་སྐོར།

གོང་དུ་བདག་གཞན་སོགས་བྱ་ཚིག་གང་གི་ཐོག་ནས་འབྲི་ཚུལ་བཤད་པ་ལྟར་མིང་ཚིག་མང་པོ་ཞིག་བྱ་ཚིག་གིས་གྲུབ་པ་ཡིན་པས། མིང་ཚིག་དེ་དག་གི་བྱ་ཚིག་ཀྱང་དུས་གསུམ་གང་གི་ཐོག་ནས་འབྲི་དགོས་མིན་བཤད་དགོས་སོ་སྙམ་ན། མིང་ཚིག་དང་མིང་ཚིག་གི་ཆ་ཤས་སུ་གྱུར་པའི་བྱ་ཚིག་རྣམས་ནི་དུས་གསུམ་སྐུལ་ཚིག་དང་བཅས་པ་ཅི་རིགས་པའི་རང་བཞིན་དུ་གནས་ལ། མིང་ཚིག་ཏུ་གྲུབ་སྟངས་ཀྱི་ཐད་ནས་བརྟགས་ན་དུས་གསུམ་སྐུལ་ཚིག་གང་གི་བྱ་ཚིག་འཐད་མིན་བཤད་རུང་ཙམ་ཡོད་སྲིད་ཀྱང་། དེ་ལྟར་ན་ཡོངས་སུ་གྲགས་ཤིང་རྒྱུན་འབྱམས་སུ་གྱུར་ཟིན་པའི་ཐ་སྙད་ཀྱི་རྣམ་བཞག་མང་པོ་ཞིག་བཤིག་དགོས་ཐུག་པ་འདྲའོ། །

བར་སྐབས་ཤིག་ལ། སློབ་གྲྭ། སྒྲུབ་ཁང་། ཞེས་པའི་མིང་ཚིག་དེ་དག་བརྡ་སྤྲོད་དང་བསྟུན་ན། བསླབ་གྲྭ། བསྒྲུབ་ཁང་། ཞེས་སྔོན་གྱི་བྱ་ཚིག་རྣམས་མ་འོངས་པའི་ཚིག་ཐོག་ནས་འབྲི་དགོས་ཚུལ་ཞིག་གླེང་གིན་འདུག་ལ། འགའ་ཞིག་གིས་དེ་ལྟར་ལག་ལེན་དུའང་འདེབས་ཀྱིན་པ་མཐོང་། སྐབས་དེར་ཁོ་བོས་ཀྱང་དེ་ལྟར་ཡིན་ཤག་འདྲ་བྱས་མྱོང་ནའང་བསམ་བློ་ཞིབ་མོར་བཏང་ན། ཁོ་རང་ཚོའི་ཞེ་འདོད་ནི་སློབ་གྲྭ་དང་སྒྲུབ་ཁང་སོགས་བྱ་བ་བསྒྲུབ་སའི་གནས་ཡིན་པས་བདག་གཞན་གཉིས་ལས་གཞན་དུ་གཏོགས་པ་དང་། དེའི་རྒྱུ་མཚན་གྱི་བྱ་ཚིག་དེ་དག་མ་འོངས་པའི་ཚིག་ཐོག་ནས་འབྲི་དགོས་སྙམ་པའོ། །འོན་ཏེ་བྱ་བ་བསྒྲུབ་སའི་གནས་ཡིན་ན་གཞན་དུ་གཏོགས་པའི་ངེས་པ་མེད་ཚུལ་ནི་གོང་དུ་བདག་གཞན་སྐབས་བཤད་ཚར་ལ། མིང་ཚིག་དེ་དག་བསྟན་བཅོས་དང་དམངས་ཁྲོད་གཉིས་ཀར་ཁྱབ་གདལ་དུ་ཕྱིན་ནས་ཡུན་རིང་འགོར་བས་གསར་དུ་བསྒྱུར་བཅོས་གཏོང་མི་ཐུབ་ལ་གཏང་དགོས་དོན་ཡང་མེད་པ་འདྲའོ། །

ཡང་གཅིག་བཤད་ན། སློབ་གྲྭ། སྒྲུབ་གྲྭ། ཞེས་པ་ལྟ་བུའི་མིང་ཚིག་འདི་དག་གི་ཆ་ཤས་ཀྱི་བྱ་ཚིག་འདི་དག་ད་ལྟ་བའི་ཐོག་ནས་བྲིས་པ་བརྡ་སྤྲོད་དང་བསྟུན་ནའང་ནོར་བ་མེད་དེ། གནས་ལ་བྱ་གནས་དང་། བྱེད་གནས། བྱས་གནས་བཅས་གསུམ་ཡོད་པ་ལས། བྱེད་གནས་བདག་ཏུ་གཏོགས་པའི་ཆོས་ཡིན་པས་དེ་འབྲེལ་གྱི་བྱ་ཚིག་ད་ལྟ་བའི་ཚིག་གིས་འབྲི་དགོས་ཤིང་། དེའི་དབང་དུ་བྱས་པ་ཡིན་པས་སོ། །དེས་ན་མིང་ཚིག་སྐོར་ནི་ཡོངས་གྲགས་དང་ཚིག་མཛོད་ཁག་ཏུ་ཇི་ལྟར་གཏན་འབེབས་བྱས་ཡོད་པ་བཞིན་ལག་བསྟར་བྱ་བ་ལས་གཞན་མེད་དོ་སྙམ་པ་ལགས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4085