དང་པོ།  དཔེ་དེབ་འདི་དང་ཇི་ལྟར་འཕྲད་ཚུལ།

སྤྱིར་བཏང་ཁོ་བོར་མཚོན་ན་ད་ལོའི་དབྱར་གནང་གི་ཆོས་མཚམས་ཆེན་མོ་འདིར་དམིགས་བསལ་ཡུལ་སྐོར་གྱི་འཆར་གཞི་དང་གསབ་སྦྱོང་གི་རིགས་གང་ཡང་མེད་སྟབས།ཀློག་འཕྲོར་ལུས་པའི་དཔེ་དེབ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་མཛད་པའི་《  མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་སྤྱན་དུ་དྲངས་པའི་ཚུལ་བརྗོད་པ་》  ཞེས་པ་དེ་ཀློག་ནས་མཇུག་གྲུབ་པར་བྱ་རྒྱུ་དེ་ཡིན་མོད།ཡིན་ཡང་ཆོས་མཚམས་བྱས་པའི་ཉིན་གྲངས་བཅུ་ཡི་རྗེས་སུ་ད་བཟོད་དཔེ་དེབ་འདི་ཀློག་པ་མཇུག་གྲིལ་ལ་ཉེ་སྟབས།དེའི་འཕྲོར་གང་ཞིག་ཀློག་དགོས་པ་ལ་ཅུང་ཙམ་སེམས་ཁྲལ་སྐྱེས་བཞིན་ཡོད།ཉིན་ཞིག་ང་རང་སྐབས་གསུམ་ལྷ་ཡུལ་གྱི་མཛེས་སྡུག་མི་ཡུལ་དུ་ལྷུང་པ་ལྟ་བུའི་རང་བྱུང་གི་མཛེས་སྡུག་འཁྱེར་ཞིང་།རྟ་ནོར་ལུག་གསུམ་བག་ཕེབས་སུ་རྒྱུ་བའི་རྨ་འགྲམ་གྱི་དབྱར་ས་དེ་ནས་ཕྱིར་དགོན་ནང་དུ་ལོག་པའི་སྐབས་དེར་གྲོགས་པོ་ཞིག་གི་མདུན་སར་ཨ་རིའི་དུས་རབས་བཅུ་དགུ་བའི་སྨད་དང་ཉི་ཤུ་བའི་སྟོད་ལ་སྙན་གྲགས་འཛམ་གླིང་གང་སར་ཁྱབ་པའི་རྩོམ་པ་པོ་གྲགས་ཅན་དང་སྐུ་ཚེ་གང་བོ་འོན་པ་དང་ལོང་པའི་སློབ་གསོར་འཕུལ་བའི་ལྕམ་ཧེར་ལུན་ཁེར་ལོན་གྱིས་རང་ཉིད་ཀྱི་ལོ་རྒྱུས་སྒྲུང་འབྲིང་གི་རྣམ་པར་བྲིས་པ་དེ་མཐོང་བྱུང་བས་དེ་མ་ཐག་དཔེ་དེབ་ཀློག་འཕྲོ་གང་གི་མཇུག་གྲིལ་རྗེས་འདི་ཉིད་ཀློག་པའི་སེམས་ཐག་བཅད་ནས་གྲོགས་པོ་ཁོང་ལ་དེབ་འདི་གཡར་བར་རེ་བ་ཞུས།བོད་ཀྱི་གཏམ་དཔེ་ལ་བསམ་ཐོག་ལ་རྟ་རྒྱུགས།འདོད་ཐོག་ལ་ཆར་བབས་ཞེས་པའི་དཔེ་ལྟར་གྲོགས་པོ་ཁོང་གིས་འཛེམས་ཟོན་ཅི་ཡང་མེད་པར་དེབ་འདི་གཡར་རྒྱུ་ཁས་ལེན་བྱས་པའི་ཞོར་དུ་གྲོགས་པོ་ཁོང་གིས་ཀུ་རེ་ཡི་ཚུལ་དུ་ཁྱོད་ཀྱིས་བལྟ་ཐུབ་ན་ངས་གཡར་རྒྱུ་ལས་སླ་མོ་རེད་ཅེས་བཤད་སོང་།སྤྱིར་དེབ་འདི་ཁོ་བོར་ཡོད་མོད་འོན་ཀྱང་གྲོགས་པོ་ཁོང་གི་དེབ་འདི་དང་དཔར་གཅིག་པ་གཅིག་རྐྱང་དེ་འདྲ་མིན།གྲོགས་པོ་ཁོང་གི་དེབ་འདི་ལ་རྒྱ་ནག་གི་ཆེད་མཁས་པ་མང་པོས་གོ་དཀའ་བའི་ཐ་སྙད་ཀྱི་རིགས་ལ་འགྲེལ་བཤད་དང་ས་མིང་དང་མི་སྣའི་མིང་སོགས་ཟུར་མཆན་དུ་བཀོད་ཡོད་སྟབས་རྒྱ་ཡིག་གི་ཆུ་ཚད་ཅུང་ཙམ་ཞན་པའི་ཁོ་བོ་ལྟ་བུར་མཚོན་ན་ཧ་ཅང་འོས་ཤིང་འཚམས་པ་ཞིག་རེད་དོ།།

གཉིས་པ།  དེབ་འདིའི་རྩོམ་པ་པོ་དང་ཉེ་བར་བཅར་པ།

ལྕམ་ཧེར་ལུན་ཁེར་ལོན་ནི་(༡༨༨༠༡——༩༦༨)ཨ་རིའི་དུས་རབས་ཉི་ཤུ་བའི་ནང་གི་སྙན་གྲགས་ཅན་འབར་བའི་འོན་ལྐུགས་ཅན་གྱི་བུད་མེད་རྩོམ་པ་པོ་དང་།སློབ་གསོ་བ།གཏམ་བཤད་པ་གྲགས་ཅན་ཡིན་ལ།ལྕམ་མོ་རང་གིས་འགྱུར་མེད་ཀྱི་བློ་ཡི་འདུ་ཤེས་བརྟན་པོ་ལ་བརྟེན་ནས་འཛམ་གླིང་སློབ་གླིང་གི་རྩེ་ཕུད་ཧཱ་ཧྤོ་སློབ་ཆེན་དུ་རྒྱུགས་འཕྲོད་པ་མ་ཟད།ལྕམ་མོ་རང་འཛམ་གླིང་གི་ཆེས་ཐོག་མའི་སློབ་ཆེན་སློབ་གསོ་མྱོང་ཐུབ་མཁན་གྱི་དབང་བོ་སྐྱོན་ཅན་དེ་ཡིན་པ་རེད།ལྕམ་ཉིད་འཇིག་རྟེན་འདིར་སྙན་འཇེབས་ཀྱི་ངུ་སྐད་ཐོག་མ་བཞག་པ་ནས་བཟུང་།མིག་གིས་མི་དང་རང་བྱུང་གི་མཛེས་པ་མཐོང་བྱུང་ལ།མི་དང་མི་ཡི་བར་གྱི་ངག་གི་སྒྱུ་རྩལ་རོལ་མྱོང་།ད་དུང་མི་དང་རང་བྱུང་གི་སྙན་འཇེབས་ཀྱི་རོལ་དབྱངས་སྣ་ཚོགས་ལ་རོལ་མྱོང་ཐུབ་པ་མ་ཟད་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་དང་རང་བྱུང་གི་འགྱུར་ལྡོག་སོགས་མང་པོ་ཞིག་དབང་བོ་ལྔ་ཡི་སྤྱོད་ཡུལ་དུ་གྱུར་བའི་སྐལ་ལྡན་ཞིག་ཡིན་ལ་ད་དུང་ལྕམ་ཁོ་མོ་ཡི་མིག་གི་དབང་བོ་དང་རྣ་བའི་དབང་བོ་སོགས་ལ་སྐྱོན་གང་ཡང་ཤོར་མེད་པར་རང་སེམས་ཀྱི་འགྱུར་བག་དང་བསྟུན་ནས་དབང་བོ་དག་ལ་ཁ་ལོ་བསྒྱུར་བཞིན་འཇིག་རྟེན་གསར་པ་འདིའི་ངོ་མཚར་བའི་སྐྱེས་དངོས་དག་ལ་མིག་གིས་བལྟ་བ་དང་།ངག་གིས་བཤད་པ།རྣ་བས་ཉན་པ་སོགས་ཀྱིས་སྤྱིར་བཏང་གི་རང་ག་བའི་མི་བཞིན་རང་གི་མི་ཚེ་ཡི་གླེགས་བམ་ཆེན་མོ་དེའི་ཤོག་གྲངས་རེ་རེ་དལ་གྱིས་རྫོགས་བཞིན་ཡོད་དོ།།

གསུམ་པ། སྐྱབས་མགོན་ཡེ་ཤུ་ཡིས་མོ་ལ་ཀུ་རེ་མ་ཡིན་པའི་ཀུ་རེ་ཞིག་རྩེད་པ།

ལྕམ་ཧེར་ལུན་ཁེར་ལོན་སྐྱེས་ནས་ཟླ་ངོ་ཉི་ཤུ་ལྷག་གི་རྗེས་གློ་བུར་དུ་རྒྱབ་པའི་ཚ་ལྕི་མོ་ཞིག་གིས་མོ་རང་འཇིག་རྟེན་འདིའི་དཀར་ངོགས་ནས་རྒྱང་འཕུད་དུ་བཏང་བ་མ་ཟད།ལྕེ་ཡི་དབང་བོ་དང་།མིག་གི་དབང་བོ།རྣ་བའི་དབང་བོ་སོགས་ཡོངས་སུ་ཉམས་ནས་ཕར་བཤད་ངག་གིས་མི་འཁྲོལ།ཚུར་བཤད་རྣ་བས་མི་གོ་བའི་བྱིས་པ་ཞིག་ཏུ་ཆགས་པ་དང་།དེ་ནས་བཟུང་མོ་རང་ཡ་རབས་ཅན་གྱི་བྱིས་པ་ཞིག་ནས་མ་རབས་འགྲིག་ལམ་མེད་པ།ཁོང་ཁྲོ་ཆེ་བ།ཕ་མའི་ཅི་བཤད་ཁ་ལ་མི་ཉན་པ།ཕ་མ་གཙོས་གཡོགས་པོ་གཡོགས་མོ་སུ་ལ་འཕྲད་དུས་རྡོག་ཐོ་རྒྱག་པ་མདུན་ཅོག་ཐོག་གི་སྡེར་མ་བཅག་པ་སོགས་ལ་བརྟེན་ནས་ནང་སེམས་ཀྱི་འཇིགས་སྣང་དང་དངངས་སྐྲག སུན་སྣང་ཡོད་ཚད་དེ་ལྟར་ཕྱི་ལ་མངོན་དུ་བཅུག་པ་རེད།འདི་ལས་ང་ཚོ་ཐུན་མོང་ལ་ཡོད་པའི་སེམས་ཚོར་ནི་བྱིས་པའི་དུས་ཀྱི་ལྕམ་ཧེར་ལུན་ཁེར་ལོན་ནི་ཧ་ཅང་སྙིང་རྗེ་སྐྱེ་ཡུལ་ཞིག་ཏུ་འདོད་ཡོད་མོད།དེ་ལས་ཀྱང་སྙིང་རྗེ་སྐྱེས་དགོས་པ་ལྕམ་ཧེར་ལུན་ཁེར་ལོན་གྱི་ཕ་མ་གཉིས་དེ་ཡིན།མོ་ཡིས་ཕ་མ་གཉིས་ཀྱིས་ལྕམ་ཧེར་ལུན་ཁེར་ལོན་གྱི་ཆེད་ལུས་ཚེགས་དང་སེམས་ཚེགས་ཐ་ན་རྒྱུ་ཚེགས་མང་པོ་ཞིག་འཕུད་ཅིང་མོ་རང་ལ་འཇིག་རྟེན་དཀར་ངོགས་མཐོང་བའི་གོ་སྐབས་ཀྱི་སྒོ་གླེགས་དེ་དུས་གཏན་དུ་རྒྱབ་པ་རེད།ནད་དེ་ཡིས་རྐྱེན་གྱིས་རང་ཉིད་གཅིག་པུར་བརྟེན་ནས་འཚོ་བ་རོལ་བ་ལ་ཧ་ཅང་དཀའ་ངལ་འཕྲད་པ་མ་ཟད།ཕ་མ་དང་གཡོགས་འཁོར་ལ་འབྲེལ་འདྲིས་བྱེད་སྟངས་ལའང་དཀའ་ངལ་འཕྲད་པ་སོགས་མདོར་ན་ལྕམ་ཧེར་ལུན་ཁེར་ལོན་སྐྱོབ་ཐུབ་པའི་མི་གཅིག་ཅིང་མ་བྱུང་བ་སོགས་བརྗོད་ཡོད་པས་མོ་རང་གི་མི་ཚེ་ཡི་སྐྱོ་གར་ལ་ཀློག་པ་པོ་ཁོ་བོས་གདུང་སེམས་མཉམ་བསྐྱེད་ཀྱིས་ཀློག་མཚམས་བཞག་ནས་སྐར་འགའ་ལ་མི་སྨྲའི་རྟུལ་བཞུགས་བཟུང་ནས་འདུག་དགོས་བྱུང་བ་ཡོད་དོ།།

བཞི་པ།  སྣོད་ལྡན་གྱི་སློབ་མ་ཐབས་མཁས་ཀྱི་དགེ་རྒན་དང་འཕྲད་པ།

ལྕམ་མོ་རང་གི་ལོ་རྒྱུས་ཀྱི་འདིའི་ནང་དུ་ཐོག་མར་མོ་རང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་ཞིབ་འབྲི་བྱས་ཡོད་པ་དང་བར་དུ་མོ་རང་མི་ཚེ་ལ་ཤེས་རིག་གི་འོད་སྣང་བསྒྲོན་མཁན་གྱི་ལྕམ་སྲ་ལིས་བུན་གྱི་ལོ་རྒྱུས་འཁོད་ཡོད།མོ་རང་གི་དགེ་རྒན་དེ་ནི་ལོང་པའི་ཡི་གེར་བྱང་ཆ་ལྡན་པའམ་མིག་ལོང་པ་ཅན་དང་རྣ་བ་འོན་པ་ཅན་སོགས་ཀྱི་སློབ་གསོར་གྲུབ་འབྲས་འབུར་དུ་ཐོན་མཁན་དེ་འདྲ་མིན་ལ།མོ་ནི་རང་མགོ་ཐོན་པར་དཀའ་བའི་དགེ་རྒན་ནམ་བུད་མེད་དྭ་ཕྲུག་གཅིག་ཡིན་པ་དང་།མོ་རང་གི་ཁྱིམ་ཚང་ནི་དེ་འདྲ་བརྩེ་བའི་དྲོད་ཁོལ་ལྡན་པ་ཞིག་དེ་བས་ཀྱང་མ་ཡིན།ཡིན་ཡང་མོ་རང་ལ་བདག་པོ་གནང་མཁན་གྱི་མ་གཡར་ནི་མོ་ལ་ཧ་ཅང་བརྩེ་བས་ད་བཟོད་མོ་ཡིས་བརྩེ་བ་ནི་ཅི་ཞིག་ཡིན་པ་དངོས་སུ་ཚོར་བ་ལ་བརྟེན་མོ་རང་གི་མི་ཚེ་གཞན་ཞིག་གི་འགོ་བརྩམས་པ་རེད།ད་དུང་མོ་རང་གི་མི་ཚེ་ཆེས་ཐོག་མའི་བྱ་བ་དེ་ལྕམ་ཧེར་ལུན་ཁེར་ལོན་གྱི་ཁྱིམ་ཚང་དགེ་རྒན་བྱས་པ་ནས་འགོ་བརྩམས་པ་ནས་མོ་དང་ལྕམ་ཧེར་ལུན་ཁེར་ལོན་གཉིས་ནི་ལས་དང་གྲིབ་མ་ལྟར་འབྲལ་ཐབས་མེད་པའི་དགེ་རྒན་དང་སློབ་མ་གཉིས་སུ་གྱུར་མ་ཟད་ལྕམ་སྲ་ལིས་བུན་ནི་ལྕམ་ཧེར་ལུན་ཁེར་ལོན་གྱི་མི་ཚེ་ནང་གི་མི་སྣ་གལ་ཞིག་ཏུ་བརྩིས་ཡོད།དེ་ལྟར་ཡིན་པ་མོ་རང་གི་ལོ་རྒྱུས་སུ་ལྕམ་སྲ་ལིས་བུན་དམིགས་བསལ་གྱིས་གླེང་ཡོད་པ་ལས་གསལ་བོར་བསྟན་ཡོད།དགེ་རྒན་སྲ་ལིས་བུན་ལྕམ་ཧེར་ལུན་ཁེར་ལོན་ལ་ཆེས་ཐོག་མར་འཕྲད་དུས་སུ་མོ་ནི་ཡི་གེ་ཅི་ཡང་མི་ཤེས་ཤིང་འགྲོ་འདུག་སྤྱོད་གསུམ་སོགས་སྤྱིར་བཏང་གི་བྱིས་པ་ལྟར་གུས་ཞབས་ཡོད་པ།ཟ་མ་སོགས་བཟའ་ལུགས་ཤེས་པའི་བུ་མོ་ཅིག་མ་ཡིན་པར་གཤིས་རྒྱུད་གྱོང་པོ་སུ་ཡིས་བཤད་ཀྱང་ཁ་ལ་མི་ཉན་པའི་བྱིས་པ་ཞིག་ཡིན།ད་དུང་མོ་རང་གིས་ཁོང་ཁྲོ་ལངས་དུས་སུ་ཕ་མ་དང་གཡོགས་པོ་གཡོགས་མོ་སོགས་རྡེག་པར་བྱེད་ཀྱང་ཁོ་ཚོས་མོ་ལ་གུ་ཡངས་དང་བཟོད་སྒོམ་བྱས་ཏེ་བྱིས་པ་གུས་མེད་ལུགས་མེད་ཤིག་ཏུ་བཏང་ཡོད།ཡིན་ཡང་དགེ་རྒན་སྲ་ལིས་བུན་གྱིས་འདི་ལྟར་བྱས་ནས་སོང་ཚེ་ཧེར་ལུན་ཁེར་ལོན་ལ་ཡར་བསྐྱེད་གང་ཡང་མེད་པ་མཐོང་ནས་མོ་རང་གིས་ཞི་དྲག་གཉིས་འཛོམས་ཀྱི་ཐབས་ལམ་བརྟེན་ནས་ལོང་པའི་འབུར་ཡིག་ཡི་གེ་ལ་སྦྱོང་བའི་འགོ་བརྩམས་པ་དང་།ད་དུང་དགེ་རྒན་སྲ་ལིས་བུན་གྱིས་ཧེར་ལུན་ཁེར་ལོན་ཕ་མ་དང་མཉམ་གནས་ཀྱིས་རང་བརྟེན་གྱི་བསམ་བློ་དང་།ལོང་ཡིག་སློབ་པ་སོགས་ལ་བར་ཆད་དུ་འགྲོ་བར་དགོངས་ནས་མོ་རང་གཉིས་མ་བུ་ལྟ་འབྱར་གྱི་ཚུལ་དུ་བདུན་ཕྲག་ཁ་ཤས་ལ་ཁང་བ་ཆུང་ཆུང་ཞིག་གི་ནང་དུ་གཅིག་པུར་བསྡད་པའི་རྐྱེན་གྱིས་ཧེར་ལུན་ཁེར་ལོན་གྱིས་ལོང་ཡིག་གཞན་གྱི་ལག་ཐོགས་ཏུ་འབྲི་ཤེས་པའམ་མོ་རང་གིས་ཡི་གེ་དང་པོ་ཤེས་པ་དེ་དེ་ནས་འགོ་བརྩམས་པ་མ་ཟད་ཤེས་བྱའི་སྒོ་ཐེམ་བརྒལ་བའི་དབུ་མཁྱུད་ཀྱང་དེ་ནས་བྲིས་སོ།།

ལྔ་པ།  མྱོང་ཚོར་ཐ་ནེ་ཐུན་ནེ།

བདག་གི་དགེ་རྒན་དམ་པའི་གསུང་བཤད་གཅིག་ལ་“དགེ་རྒན་ཞེས་པ་ནི་མི་ལྕགས་ལྟ་བུ་ཞིག་ཡིན་དགོས་མ་གཏོགས་མི་རང་ག་བའི་དགེ་རྒན་བྱེད་རྒྱུ་དཀའ་ནི་རེད”་ཅེས་གསུངས་པ་ནི་ཉམས་མྱོང་ཚད་མའི་ཕྱུག་པའི་གསུང་རྩམ་དྲི་དང་མར་དྲི་ཅན་ཞིག་ཡིན།སྤྱིར་བཏང་དགེ་རྒནན་གྱི་ལས་རིགས་དགེ་བའི་ཕྱོགས་ནས་བཤད་ནས་འདི་ལྷག་པའི་དགེ་བ་རླབས་ཆེན་ཡོད་མི་སྲིད།དེ་བཞིན་སྡིག་པའི་ཕྱོགས་ནས་བཤད་ན་གཟབ་གཟབ་མ་བྱས་ན་འདི་ལས་ལྷག་པའི་སྡིག་པ་ཚབས་ཆེན་ཡོད་མི་སྲིད།རྒྱུ་མཚན་སློབ་བུ་གཅིག་གི་རྒྱུད་ལ་ཤེས་རབ་ཀྱི་ས་བོན་གྱི་གཅིག་འདེབས་ཐུབ་པ་ནི་རླབས་ཆེན་གྱི་དགེ་བ་ཡིན་སྲིད་ལ།སློབ་བུ་གཅིག་གི་དུས་ཚོད་སྐར་ཆ་གཅིག་འཕྲོ་བརླག་ལ་བཏང་པ་ནི་སྡིག་པ་ཚབས་ཆེན་ཡིན་པ་སྨྲོས་ཅི་ལ་དགོས།དེབ་འདི་གཙོ་བོ་དགེ་རྒན་ཞིག་དང་སློབ་མ་ཞིག་གི་ལོ་རྒྱུས་སུ་ངེས་ཆོག་ལ།ཡང་དགེ་རྒན་ཞིག་གིས་སློབ་མ་ཇི་ལྟར་བསྐྱངས་ཚུལ་དང་སློབ་མས་དགེ་རྒན་ཇི་ལྟར་བསྟེན་ལུགས་ཀྱི་ལོ་རྒྱུས་སུ་ངེས་ཆོག ཁོ་བོར་མཚོན་ན་དེབ་འདི་ལས་ལྷག་པར་བརྗོད་འདོད་པ་ནི་ལྕམ་ཧེར་ལུན་ཁེར་ལོན་གྱི་ལོ་རྒྱུས་དེ་མ་ཡིན་པར་མོ་རང་གི་དགེ་རྒན་གྱི་བླ་ན་མེད་པའི་ལྷག་བསམ་དང་སྙིང་རྗེ།ཞུམ་པ་མེད་པའི་སྙིང་སྟོབས་དང་སུན་པ་མེད་པའི་བཟོད་སྒོམ་སོགས་ཡིན་པར་འདོད།གལ་ཏེ་དགེ་རྒན་སྲ་ལིས་བུན་དེ་ལྟ་བུའི་ཡོན་ཏན་མ་ལྡན་མ་ཚེ་འོན་ལྐུགས་ཞར་གསུམ་གྱི་ལྕམ་ཧེར་ལུན་ཁེར་ལོན་ནི་དུས་རབས་དགུ་བཅུ་བར་སྨྱུ་གུ་གཅིག་གིས་འཛམ་གླིང་ཤུགས་རྐྱེན་འཇོག་མཁན་གྱི་བུད་མེད་དབང་སྐྱོན་ཞིག་མི་སྲིད།དེ་ནི་འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་མ་ཁི་ཐོ་བུན་གྱིས་དུས་རབས་བཅུ་དགུ་པར་འཛམ་གླིང་ཤུགས་རྐྱེན་ཐེབས་པའི་མི་སྣ་གཉིས་བྱུང་།གཅིག་ནི་དྲག་སྤྱོད་ལ་བརྟེན་ནས་འཛམ་གླིང་དབང་དུ་བསྡུ་ན་འདོད་ཅིང་མཇུག་མཐར་ཕམ་སོང་བའི་ནཱ་ཕོ་ལོན་ཡིན་པ་དང་།གཅིག་ནི་སྨྱུ་གུ་བརྟེན་ནས་འཛམ་གླིང་དབང་དུ་བསྡུས་པར་རྒྱལ་ཁ་ཐོབ་པའི་ལྕམ་ཧེར་ལུན་ཁེར་ལོན་རེད་ཅེས་བསྙད་པ་ལྟར་མོ་རང་དེ་ལྟར་སྐད་རིགས་བཞི་ལ་མཁས་པའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཞིག་ཏུ་གྱུར་བའི་རྒྱུ་རྐྱེན་གཙོ་བོ་དགེ་རྒན་སྲ་ལིས་བུན་གྱི་བཀའ་དྲིན་ཡིན་པ་ལྕམ་ཧེར་ལུན་ཁེར་ལོན་གྱིས་ངོས་འཛིན་བྱས་ཡོད་ལ་ཀློག་པ་པོ་ང་རང་ལ་ཡང་དེ་འདྲའི་བག་ཆགས་བཞག་མྱོང་།དེ་བཞིན་སློབ་གསོ་ཞེས་པ་ནི་ཞི་བ་ཁོ་ན་ལག་ལེན་དུ་བྱས་ན་འཐུས་པ་ཞིག་མ་ཡིན་པར་ཞི་དྲག་གཉིས་ཀྱི་ཐབས་ལམ་དགོས་པ་ནི་དགེ་རྒན་སྲ་ལིས་བུན་གྱི་སློབ་གསོའི་ཐབས་ལམ་ལས་ངེས་པ་བརྟན་པོ་རྙེད་སྲིད་དོ།།

                                                                        ༢༠༢༣——༦——༡༡ཉིན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=4045