གླེང་གཞི།
སྤྱིར་ན། དཔྱད་གཞིའི་ཡིག་ཆ་གང་ཞིག་ཡིན་རུང་དེ་དག་ལ་ང་ཚོས་ཡང་ནས་བསྐྱར་དུ་དཔྱད་ཆོག་པ་ཞིག་ལས། མཐའ་གཅིག་ཏུ་ཚིག་ཟིན་ཇི་བཞིན་ཁས་ལེན་རུང་བ་ཞིག་ཡོད་པ་མ་ཡིན་ལ། ཏུན་ཧོང་ཡིག་ཆའི་ཁྲོད་ཀྱི་གནས་ཚུལ་ཁག་ལ་ཡང་ང་ཚོས་ཡང་ནས་བསྐྱར་དུ་བསམ་གཞིག་དང་དཔྱད་ཞིབ་བྱ་ཆོག་སྙམ། དེ་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་གི་ཁྲོད་དུ་སྲོང་བཙན་སྒམ་པོའི་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་སྐོར་ལ་བཞེད་སྟངས་མི་འདྲ་བ་ཁག་གཉིས་ཡོད་པ་ལས། མེད་པར་བཞེད་མཁན་དག་གིས་ནམ་རྒྱུན་ཏུན་ཧོང་ཡིག་རྙིང་ལས། “བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོ་འི་རིམ་པ་དང་། ཆེ་ཆུང་གི་དབང་ཐང་དང་། ལེགས་པར་ཟིན་པ་འྀ་བྱ་དགའ་དང་། ཉེ་ཡོ་བའི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལས་བྱུང་ངོ་། མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ།།”[1]ཞེས་པའི་ལུང་ཚིག་འདི་རྒྱབ་རྟེན་འདྲེན་གྱིན་འདུག་ལ། སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པར་སྨྲ་མཁན་མང་པོ་ཞིག་གིས་ལུང་ཚིག་འདི་ལ་གླེང་སློང་བྱས་མི་འདུག་ཅིང་། ལོ་རྒྱུས་སྨྲ་བ་ཆབ་མདོ་བློ་བཟང་ཤེས་རབ་ལགས་ཀྱིས《བོན་སྒོ》འདོན་ཐེངས་ཉེར་གཉིས་པ་རུ་བཀོད་པའི《ཏུན་ཧོང་ཡིག་རྙིང་ལས་འཕྲོས་པའི་དོན་གནད་གསུམ》ལས།“འོ་ན་ཐོན་མིས་བོད་ཡིག་བཟོས་ཞེས་པའི་དོན་ཅི་ཡིན་ཞེ་ན། དེ་ནི་ཕྱིས་སྲོང་བཙན་གྱི་སྐབས་ཙམ་དེར་ཁོང་ཉིད་རྒྱ་གར་དུ་ཕེབས་ནས་ཕྱིར་འཁོར་བ་དང་བོད་ཀྱི“སུག་བུ་ཆུང”ལ་བཅོས་སྒྲིག་སྣོན་འཕྲི་ཡང་ཡང་བྱས་ཤིང་། ཁོང་གིས་བཅོས་སྒྲིག་བྱས་པའི་དབྱངས་གསལ་གཉིས་པོའི་སྤྱི་མིང་ལ“ཡི་གེ”ཞེས་མིང་གསར་པ་ཞིག་བཏགས་པ་དེ་རེད།”[2]ཅེས་བཤད་ཡོད་མོད། དབྱངས་གསལ་གཉིས་ཀྱི་སྤྱི་མིང་ལ་ཡི་གེ་ཞེས་མིང་གསར་པ་ཞིག་བཏགས་པ་ལ“བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས།”ཞེས་གལ་ཆེན་ཚུལ་དུ་སྨོས་དགོས་དོན་མེད་ལ། སྤྱིར་ན་སུག་ཅེས་པའི་གོ་དོན་ནི་རྐང་ལག་ལ་གོ་བ་ཡིན་ལ་དེང་སང་གཙོ་བོ་དུད་འགྲོའི་རིགས་ཀྱི་རྐང་ལག་ལ་སྦྱོར་བ་རེད། སུག་ལས་བགྱིས་པ་ནི་ལག་གིས་བྲིས་པའི་དོན་ཙམ་ལས་སུག་འདི་དབྱངས་གསལ་གྱི་མིང་བརྡ་དང་འབྲེལ་བ་ཆེར་མེད། ཡི་གེ་སོགས་བྲིས་པ་ལ་སུག་ལས་བགྱིས་ཞེས་གནའ་ནས་ད་བར་གྱི་མཁས་པ་དང་བྲིས་པ་སོགས་ཀྱིས་བརྩམས་ཆོས་ཀྱི་མཇུག་བྱང་དུ་བཀོད་ཡོད། དེ་བས་གོང་གི་ཏུན་ཧོང་ཡིག་རྙིང་ནང་གི་སྲོང་བཙན་དུས་སུ་ཡི་གེ་གསར་དུ་བྱུང་ཞེས་པ་དེ་ཡི་གེའི་བླ་དྭགས་གསར་དུ་བྱུང་བ་ཞིག་ལ་ངོས་བཟུང་ན་ཅུང་འགྲེལ་དཀའ་བར་སྙམ། གཤམ་ནས་ཕྲན་རང་གིས་ཏུན་ཧོང་ཡིག་རྙིང་གི་དུམ་ཚན་འདི་ལ་དཔྱད་ཞིབ་མདོར་ཙམ་ཞུ་རྒྱུ་ཡིན།
སྤྱིར་ན། ཚིག་དུམ་འདི་ནི་བཙན་པོ་སྲོང་བཙན་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་བྱས་པ་ཞིག་ཡིན་ལ། རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་སོགས་སུ་བཙན་པོ་གང་ཞིག་གི་ཆེ་བ་རྗོད་སྐབས་ཕྱིས་ཀྱི་ཆོས་འབྱུང་ནང་བཞིན་ཧ་ཅང་ཐལ་ཆེ་བའི་འུད་བརྗོད་བྱས་པ་མེད་ཀྱང་། དོན་དངོས་དང་འབྲེལ་བའི་ཆེ་བསྟོད་ཀྱི་རྣམ་པ་ནི་མང་དུ་སྣང་བས་མ་ཟད། ལྷག་ཏུ་མེས་པོ་གོང་མ་ལས་ལྷག་པའི་མཛད་པ་གང་ཞིག་གནང་ཡོད་ཅེས་བསྔགས་བརྗོད་གནང་ཡོད་དེ། དཔེར་ན། བཙན་པོ་ཁྲི་འདུས་སྲོང་གི་ཆེ་བ་རྗོད་སྐབས“རྒྱལ་པོ་འདི་ལས། དབུ་རྨོག་བརྩན་ཞིང་། ཆབ་སྲྀད་མཐའ་སྐྱེས་པ་ནྀ་སྔོན་ཆད་གདུང་རབས་ཀྱིས་མ་མཛད་དོ།།”ཞེས་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆེ་བ་རྗོད་སྐབས“བཙན་པོ་འདི་ལས་ཆབ་སྲིད་ཆེ་བ། སྔོན་ཆད་གདུང་རབས་ཀྱིས་མཛད་པ་ནྀ་མ་བྱུང་ངོ།”ཞེས་གསལ་བ་སོགས་ཀྱིས་དཔོག་ཐུབ། གོང་གི་དུམ་ཚན་དེའི་ཚིག་གི་གདོང་རིས་ནས་ཐད་ཀར་གོ་བ་བླངས་ན། བོད་ཀྱི་ཡི་གེ་དང་ཁྲིམས་ལུགས། བློན་པོའི་རིམ་པ། ཆེ་ཆུང་གི་དབང་ཐང་། བྱ་དགའ་དང་ཆད་པ། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ བྲེ་ཕུལ་དང་སྲང་སོགས་མདོར་ན་ལེགས་ཚོགས་ཀྱི་ལམ་ལུགས་ཐམས་ཅད་སྲོང་བཙན་དུས་སུ་བྱུང་བ་བསྟན་ཡོད་པ་རེད། དཱ་འོ་ན། ལམ་ལུགས་འདི་དག་ཐམས་ཅད་བཙན་པོ་ཁོང་གི་སྐུ་དུས་སུ་གསར་དུ་བྱུང་བ་ལས་སྔར་བོད་ལ་མེད་པ་ཁས་ལེན་ཐུབ་བམ་ཟེར་ན། དེ་ལ་ཕལ་མོ་ཆེས་ཁྲིམས་ལུགས་དང་བྱ་དགའ། བྲེ་སྲང་སོགས་ནི་སྔར་ནས་ཡོད་པ་ལ་ཁོང་གིས་ཞིབ་ཚགས་དང་ལེགས་བཅོས། ཕུན་སུམ་ཇེ་འཚོགས་སུ་བཏང་བའི་དོན་ལས་གསར་དུ་བཟོས་པ་མ་ཡིན་ཞེས་འཆད་ཀྱིན་འདུག དེ་ལྟར་གོ་བ་ལེན་ལོས་ཆོག་སྟེ་སྲོང་བཙན་གྱིས་བོད་ཀྱི་ཆབ་སྲིད་ལམ་ལུགས་དང་སྒྲོམ་གཞི་འཐུས་ཚང་བཏང་བ་དང་ལེགས་བཅོས་ཆེན་པོ་གནང་ཡོད་པ་ནི་ལོ་རྒྱུས་ཡིག་ཚང་ཁག་ན་ཧ་ཅང་གསལ་བས་རེད། དེ་ལྟར་ན། ང་ཚོས་གོང་གི་ཡི་གེ་གསར་དུ་བྱུང་ཟེར་བ་དེ་ལ་ཡང་གཅིག་མཐུན་གྱི་གོ་བ་རྒྱག་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད་དོ།།
དང་པོ། བྲེ་ཕུལ་དང་སྲང་དུས་ནམ་ཞིག་ལ་བྱུང་བ།
བོད་ཀྱི་མི་རིགས་ནི་ཁྱིམ་མཚེ་མི་རིགས་གཞན་དང་འདྲ་བར་གནའ་སྔ་མོ་ནས་ཆབ་དཔལ་རིག་གསུམ་གང་ཐད་ནས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཚང་དུ་སོང་བ་ཡིན་པ་བསྙོན་དུ་མེད། གཉའ་ཁྲི་བཙན་པོ་ནས་བཟུང་སྲོང་བཙན་བར་རྒྱལ་རབས་སོ་གསུམ་ཕྱིན་ཚར་བ་ཡིན་པས། སྲོང་བཙན་ཡར་སྔོན་ནས་བོད་རང་ལ་ཆབ་དཔལ་རིག་གསུམ་གྱི་མ་ལག་དང་སྒྲོམ་གཞི་གང་འཚམ་ཆགས་ཟིན་པ་ལས། ཕྱིས་ཀྱི་ཆོས་འབྱུང་ཁ་ཅིག་གིས་བཤད་པ་ལྟར་ཅི་ཡང་མི་ཤེས་པའི་ཀླ་ཀློ་དེ་འདྲ་ཞིག་ཡོང་ཐབས་མེད་དོ།། དེང་སང་འགའ་ཞིག་གིས་ཐང་ཡིག་གསར་རྙིང་གི་ལུང་ཚིག་དྲངས་ཏེ་སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་སོགས་མེད་པར་འཆད་ཀྱིན་འདུག་མོད། གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ནས་བརྩམས་གནང་བའི《བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་འབངས་མཐོ་དམན་བར་པའི་གྲལ་རིམ་གྱི་དབྱེ་བ་འགར་རག་ཙམ་དཔྱད་པ》ལས།“རྒྱའི་ཐང་ཡིག་གསར་མ་ལས། བོད་ཀྱི[ཁྲིམས་བཙན་ཏེ། ཉེས་པ་ཆུང་ངུ་ལའང་མིག་འདྲུ། རྣ་གཅོད། ལྕག་གིས་གཞུ། དེ་རྣམས་ཁྲིམས་དཔོན་དག་གི་འདོད་པ་ལྟར་བགྱིད་པ་ལས་ངེས་གཏན་མེད། ཉེས་ཅན་རྣམས་ཕོ་འདོམ་བཅུ་ཕྲག་འགའ་ཟབ་པའི་ས་དོང་དུ་འཇུག་ཅིང་ལོ་གཉིས་སམ་གསུམ་འགོར་རྗེས་ད་གཟོད་ཕྱིར་གཏོང་བ་ཡིན།]ཞེས་བྱུང་བ་མ་ཟད། དེབ་དེ་ཉིད་ལས་ད་དུང་[སྲིད་སྐྱོང་བ་ལ་ཡི་གེ་མེད་པས་ཐ་གུར་མདུད་པ་རྒྱག་པའམ་ཤིང་ལ་རི་མོ་རྐོ་བ་སོགས་ཀྱིས་རྩིས་བྱེད།]ཅེས་བྱུང་བར་བརྟག་ན། དེ་ནི་བཙན་པོ་སྲོང་བཙན་སྒམ་པོའི་ཆེས་སྔོན་གྱི་དུས་ཞིག་ཡིན་པ་ལས་བཙན་པོ་འདི་པའི་སྐུ་རིང་ངམ་དེའི་རྗེས་སུ་བྱུང་བ་མིན་པ་ཧ་ཅང་གསལ།”[3]ཞེས་གནད་ལ་ཁེལ་བའི་དཔྱད་བརྗོད་གནང་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ངོས་ནས་བལྟས་ན་ཡང་སྲོང་བཙན་སྔོན་དུ་བོད་ལ་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞི་གང་འཚམ་ཡོད་པ་ཤེས་ཐུབ་ཅིང་། ལག་རྩལ་གྱི་ངོས་ནས་བལྟས་ན་ཡང《ཏུན་ཧོང་ཡིག་རྙིང》“འུང་ནས་ལོ་ངམ་གྱྀས་གླང་པོ་བརྒྱའ་ལ། གསེར་གྱྀ་མདུང་རྩེ་ཉིས་བརྒྱའ་རྭ་ལ་བཏགས་ཏེ། རྒྱབ་དུ་ཐལ་བ་བཀལ་ནས། གླང་ནང་འཐབ་སྟེ། ཐལ་བ་གཐོར་ནས། དེ་འྀ་ནང་དུ་ལོ་ངམ་གྱིས་བརྒལ་ཏོ།”[4]ཞེས་གྲི་གུམ་བཙན་པོའི་དུས་སྐབས་སུ་གསེར་གྱི་མདུང་སོགས་ཡོད་པ་འཁོད་པར་བརྟགས་ན། དུས་སྐབས་དེ་ཙམ་ནས་བོད་ཀྱི་ལག་རྩལ་གྱི་ཚད་མཐོ་པོར་སླེབས་ཡོད་པ་ཤེས་ཐུབ། གཞན་ཡང་ཐང་ཡིག་གསར་རྙིང་སོགས་མི་རིགས་གཞན་གྱི་ཡིག་ཆ་ལས་ཀྱང་བཙན་པོའི་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ཁྲབ་རྨོག་འཁོར་གསུམ་གྱི་སྤུས་ཚད་ལ་གདེང་འཇོག་ཧ་ཅང་མཐོ་པོ་གནང་བ་ཡང་མཐོང་རྒྱུ་འདུག དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་གནང་བའི《མཁས་པའི་དགའ་སྟོན》ལས། “འདི་དུས་ཁྲི་ངོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། །དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས། །”[5]ཞེས་བྲེ་སྲང་ཕུལ་གྱི་རྣམ་གཞག་བཙན་པོ་སྟག་རི་གཉན་གཟིགས་སྐུ་དུས་སུ་བྱུང་བ་བཤད་ཡོད། གུས་པས་བསམས་ན“འདི་དུས་ཁྲི་ངོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ།”ཞེས་པར་བརྟགས་ན། མཛངས་མི་འདི་པས་བྲེ་སྲང་སོགས་ལ་ལེགས་བཅོས་གནང་བ་ལས། གསར་དུ་བཟོས་པ་མ་ཡིན་དྲན་ལ། མཇུག་གི“དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད།། དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས།”ཞེས་པ་ནི་སྔར་ཞུས་པ་ལྟར་བཙན་པོ་སྟག་རི་གཉན་གཟིགས་ལ་ཆེ་བསྟོད་བྱས་པ་ཡིན་ནོ།། མདོར་ན། བྲེ་སྲང་ཕུལ་སོགས་ཀྱི་ལམ་ལུགས་ཀྱང་སྔ་མོ་ཞིག་ནས་ཡོད་པ་ལ་རིམ་བཞིན་སྤུས་ལེགས་དང་ཚད་གཞི་འཐུས་ཚང་དུ་སོང་བ་ཞིག་ལས་སྲོང་བཙན་སྒམ་པོའི་དུས་སུ་གསར་དུ་བྱུང་བ་མ་ཡིན་པ་ཤེས་ནུས་སོ།།
གཉིས་པ། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་ནམ་ཞིག་ལ་བྱུང་བ།
ཐོག་མར་ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་ཞེས་པ་གང་ལ་ངོས་འཛིན་དགོས་སྙམ་ན། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》མཆན་ཡིག་ལས།“ཐུལ་ཀ། པགས་ཚགས་གཅིག་ལྡང་བའི་སེམས་ཅན་གྱི་ཁ་གྲངས། དོར་ཀ། རྨོན་མཛོ་གཉིས་ཀྱིས་ཉིན་གཅིག་ལ་རྨོད་ཐུབ་པའི་ཚད། རི་པན་གྱི་སྐུ་ཞབས་ཁྲི་ཐེན་ཝུན་དང་ཧྲན་པིན་ཏ་ལང་སོགས་ཀྱིས་འབྱུང་གཞིར་རྟོག་ཞིབ་ལྟར་ན། ཐང་རྒྱལ་རབས་སྐབས་སུ་དོར་ཅིག་ནི་རྒྱའི་མུའུ(亩)བཅུའི་ཚད་དང་མཚུངས་ཟེར།”[6]ཞེས་བཤད་ཡོད། གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བསྒྲིགས་པའི《བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས》ལས།“ཐུལ་ཀ ཐུལ་ཁ་སྟེ་ཕྱུགས་ཟོག་རྒོད་པོ་རྣམས་བཏུལ་ནས་ཐུལ་བའི་མིང་ལ་འཇུག་ཅིང་། འདིར་ཕྱུགས་ཟོག་གི་ཁ་གྲངས་བརྩི་ཚུལ་གྱི་རྩིས་གཞི་ཞིག་གི་མིང་ངོ་།། དོར་ཀ དོར་ཁ་སྟེ་རྨོན་ཕྱུགས་ཡ་གཉིས་དོར་དུ་བསྡེབས་པའི་མིང་ཡིན་ཞིང་། འདིར་ཞིང་སའི་ཆེ་ཆུང་འཇལ་བྱེད་ཀྱི་རྩིས་གཞི་ཞིག་གོ།”[7]ཞེས་བཤད་ཡོད། གོང་གི་འགྲེལ་སྟངས་གཉིས་ལ་མི་འདྲ་བ་ཡོད་ཀྱང་སྤྱིའི་ཆ་ནས་སྐབས་འདིའི་ཐུལ་ཀ་དང་དོར་ཀ་གཉིས་ཀ་སྲོང་བཙན་དུས་སུ་གསར་དུ་བྱུང་བའི་རྨང་གཞིའི་ཐོག་ནས་འགྲེལ་ཐབས་བྱས་ཡོད། བོད་ཀྱི་ཡོངས་ཁྱབ་འབོད་སྟངས་ལྟར་ན། ཐུལ་ཀ་ནི་སྲིད་པའི་སྲོག་ཆགས་རྒོད་པོ་མང་པོ་ཞིག་གཡུང་དུ་ཕབ་སྟེ་སྒོ་ཟོག་ཏུ་བཀོལ་བ་ཞིག་ལ་གོ་བ་རེད། ཐུལ་ཞེས་པའི་ཐ་སྙད་ཀྱང་བོད་ཀྱི་དམངས་ཁྲོད་དུ་ཡང་ཡང་འཐོན་བཞིན་ཡོད་དེ། འདྲེ་བཏུལ་ཏེ་ཐུལ། ཁྲག་ཐུལ། རྟ་དང་གཡག་རྒོད་བཏུལ་ཏེ་ཐུལ་བ་སོགས་མདོར་ན་སྲོག་ཆགས་རྒོད་པོ་དང་དངོས་པོ་སྲ་འཁྲིགས་ཅན་གང་ཞིག་བཏུལ་ཏེ་ཐུལ་བ་ལ་གོ་དགོས་ཏེ། ཤཱཀྱ་རིན་ཆེན་ལྡེས་བརྩམས་པའི《ཡར་ལུང་ཇོ་བོའི་ཆོས་འབྱུང》ལས།“འབྲོང་ཐུལ་དུ་སྡེབས། ཆུ་ཡུར་བར་བཅུག སྤང་ཞིང་དུ་རྨོས།”[8]ཞེས་གསལ་བས་ཤེས་ཐུབ། དེས་ན་སྐབས་འདིའི་ཐུལ་ཀ་ཞེས་པ་ནི་རི་སྐྱེས་སྲོག་ཆགས་མང་པོ་གཡུང་དུ་ཕབ་སྟེ་སྒོ་ཟོག་བཀོལ་བ་ཙམ་ལ་གོ་ན་ཆོག་སྙམ། དོར་ཀ་ནི་དོར་སྡེབ་པ་སྟེ་མཛོའམ་ཡང་ན་གཡག་གཉིས་ན་དོར་སྡེབ་ནས་ས་ཞིང་རྨོད་འདེབས་བྱས་པ་ལ་གོ་ན་འགྲིག་སྙམ། འོ་ན། འདི་དག་སྲོང་བཙན་སྔོན་དུ་མེད་དམ་ཟེར་ན། སྲོང་བཙན་སྔོན་ཙམ་དུ་མ་ཚད་གནའ་སྔ་མོ་སྔ་མོ་ཞིག་ནས་མཐོ་སྒང་ས་ཆ་ལ་ལམ་ལུགས་འདི་དག་དར་ཟིན་པ་ཡིན་ངེས། ཐུལ་དང་དོར་ཞེས་ཞིང་འབྲོག་གི་ཚད་འཇལ་རྩིས་ཐབས་ཀྱང་ཁོང་གི་དུས་སུ་གསར་དུ་བྱུང་བ་ཞིག་མ་ཡིན་ཏེ། གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ནས་བརྩམས་གནང་བའི《བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་འབངས་མཐོ་དམན་བར་པའི་གྲལ་རིམ་གྱི་དབྱེ་བ་འགར་རག་ཙམ་དཔྱད་པ།》ལས།“བོད་ཀྱི་ཡིག་ཚགས་ལས་བྱུང་བའི་འཇལ་གཤོར་འདེགས་གསུམ་ལས་དོར་དང་ཐུལ་ཞེས་པ་སྟེ། ཞིང་ལས་དང་འབྲོག་ལས་ཀྱི་ཚད་འཇལ་ཐབས་དེ་ནི་སྤུ་རྒྱལ་གདུང་རབས་དགུ་པའམ་སའི་ལེགས་དྲུག་གི་ཐོག་མ་ཐོ་ལེགས་བཙན་པོའི་དུས་ཀྱི་བློན་ལྷ་བུ་མགོ་དཀར་གྱིས་གསར་དུ་བཏོད་པར་བཤད་དེ།[དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། ། ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིག །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་དམ།]ཞེས་ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོ་ཙམ་ནས་ཞིང་འབྲོག་གི་ཚད་འཇལ་རྩི་ཐབས་དེ་གཉིས་བྱུང་བར་བཤད་པ་ལྟ་བུའོ།།”[9]ཞེས་གསུངས་པས་ཤེས་ཐུབ་བོ།། དེས་ན་སྐབས་འདིར་ནི་གོང་གི་གནས་ཚུལ་གཞན་དག་དང་འདྲ་བར་སྔར་གྱི་ཐུལ་ཀ་དང་དོར་ཀ་སོགས་ལ་ལེགས་བཅོས་གང་ལེགས་གནང་བ་དེ་ལ་གསར་དུ་བཟོས་ཞེས་ཆེ་བརྗོད་བྱས་པ་ཙམ་ལས་མ་འདས་སོ།། དེ་ག་ནང་བཞིན་བློན་པོའི་རིམ་པ་དང་ཆེ་ཆུང་གི་དབང་ཐང་། ལེགས་པར་ཟིན་པའི་བྱ་དགའ་དང་ཉེས་པའི་ཆད་པ་སོགས་ཀྱང་ཁོང་གིས་ལེགས་བཅོས་གནང་བ་ཙམ་ལས་དེ་སྔོན་མེད་པ་ལ་གསར་དུ་བྱུང་བ་མ་ཡིན་པ་ནི་ཧ་ཅང་སྒྲུབ་སླ་བ་རེད། གཞན་ཡང་སྐབས་འདིར“བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལས་བྱུང་ངོ་། མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ།།”ཞེས་བོད་ཀྱི་ལེགས་ཚོགས་ཡོན་ཏན་ཐམས་ཅད་ཁོང་གི་སྐུ་དུས་སུ་བྱུང་ཞེས་བཤད་པ་སོགས་ལ་བརྟགས་ན་ཚན་པ་འདི་ནི་ཆེ་བསྟོད་ཀྱི་སྐད་ཆ་ཞིག་ཡིན་པ་གསལ་པོ་རེད།
གསུམ་པ། ཏུན་ཧོང་ཡིག་རྙིང་རང་ལས་བོད་ཡིག་སྲོང་བཙན་གོང་དུ་ཡོད་པར་བསྟན་པ།
གཅིག ཏུན་ཧོང་ཡིག་རྙིང[1287]ལས།“དེ་འི་འོག་ཏུ་མང་། ཁྲི་དོ་རེ་སྣང་ཚབ་ཀྱིས་བྱསྟེ། འཛངས་ཀྱི་ཚད་ནྀ། རྩང་བོད་ཀྱི་ཇོ་བོ་མར་མུན་བརླགས་ཏེ། དཀུའ་ཆེད་པོ་བློད་པའྀ་ཚེ།༡ དེང་ཕོ་ཉ་ཞྀག་རིངས་པར་བསྙམ་གིས། ཕོ་ཉའི་ལན་མྱུར་དུ། བགྱི་འཚལ་ཞེས་མཆི་ནས། པོ་ཉ་འྀ་ལན་ཇི་ལ་མ་རག་པར་བྱས་པ་ལས། སོད༢བྱ་མྱི་དགོས་པར། སྔར་སུག་ལས་བགྱིས་ལགསྟེ། འུང་ཙམ་མོ།།”ཞེས་གནམ་རི་སྲོང་བཙན་གྱི་བློན་པོ་ཁྲི་དོ་རེ་སྣང་ཚབ་ཀྱིས་རྩང་གི་ཕོ་ཉ་ལ་འཕྲིན་ཡིག་བྲིས་པར་གསལ་བ། “མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་རྔུལ་གྱི་སུག་བུ་ཆུང་སྩལ་ཏོ།”ཞེས་གནམ་རི་སྲོང་བཙན་གྱིས་མྱང་ཞང་སྣང་ལ་དངུལ་གྱི་ཡི་གེ་སྤྲད་པ་གསལ་ཡོད། གནད་དོན་འདི་གཉིས་སྐོར་ནས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཆབ་མདོ་བློ་བཟང་ཤེས་རབ་ལགས་ཀྱིས《བོན་སྒོ》འདོན་ཐེངས་ཉེར་གཉིས་པ་རུ་བཀོད་པའི《ཏུན་ཧོང་ཡིག་རྙིང་ལས་འཕྲོས་པའི་དོན་གནད་གསུམ》ཞེས་པར་ཞིབ་ཏུ་གླེང་འདུག་པས་འདིར་བསྐྱར་ཟློས་བྱས་མེད། གཉིས། ཏུན་ཧོང་ཡིག་རྙིང[1287]ལས།“བཙན་པོས་བཀའ་སྩལད་པ། དབྱི་ཚབ་གློ་བ་ཉེ་བས། གུམ་ན་མཆད་པྱག་དར་ཏེ་བརྩིག་པར་གནང་། རྟ་ནྀ་བརྒྱའ་དགུམ་བར་གནང་། བུ་ཚ་གང་རུང་བ་གཆིག། གསེར་གྱྀ་ཡི་གེ་མྱྀ་ཆད་པར་སྩལད་པར་བཀའ་བསྩལ་ཏོ།།[10]ཞེས་གསལ་ཡོད། དབའ་དབྱི་ཚབ་ནི་ཡབ་གནམ་རི་སྲོང་བཙན་སྐུ་དུས་ཀྱི་བློན་པོ་ཡིན་ལ། བཙན་པོ་སྲོང་བཙན་གྱིས་ཁོང་ལ་བཀའ་གཙིགས་གནང་བའི་དུས་ཚོད་དེ་མྱང་ཞང་སྣང་ལ་སྐྱོན་ཕབ་པའི་དུས་སྐབས་ཏེ། བཙན་པོ་སྐུ་ན་གཞོན་དུས་ཡིན་པ་གསལ་པོ་རེད། གསུམ། ཏུན་ཧོང་ཡིག་རྙིང[1287]ལས།“གྱིམ་བརྩན་རྨང་ཅུང་སླར། བཙན་པོ་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡྀ་གེ་གསོལ་བ་ནི་ཆང་མ་མཆིས། མགུར་བླངས་པ་འྀ་ཚིག་ནི་འདྀ་ཞེས་མཆི། པྱག་རྒྱས་བཏབསྟེ་སྐུར་བ་འདྀ་ལགས་ཤེས་གསོལ་བ་ལས།།”[11]ཞེས་སྲོང་བཙན་གྱིས་ཞང་ཞུང་ཆབ་འོག་མ་བསྡུས་པའི་གོང་དུ་བོད་ལ་ཡི་གེ་ཡོད་པས་མ་ཚད་འཕྲིན་ཡིག་སྐུར་བའི་ལམ་ལུགས་ཡོད་པ་གསལ་བཤད་བྱས་ཡོད། བཞི། ཧུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས། “ཡོས་བུའི་ལོ་ལ་བབ་སྟེའ། བཙན་པོ་མེར་ཁེ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱྀས། འགོར་ཏྲྀར། བཀའ་གྲིམས་གྱྀ་ཡི་གེ་བྲྀས་ཕར་ལོ་གཆིག།”[12]ཞེས་སྤྱི་ལོ༦༥༥ལོར་བློན་ཆེན་མགར་སྟོང་བཙན་གྱིས་བཀའ་ཁྲིམས་ཡི་གེར་བྲིས་པ་གསལ་ཡོད། འདིའི་སྐོར་མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཆོས་འབྱུང་རྒྱས་པ》ལས།“ཁོད་ཤོམ་མཁན་མགར་སྟོང་བཙན་གྱིས་བྱས་ཏེ། ཤིང་བུ་དང་རྡེའུ་ཡན་ཆད་བརྩིས་ནས། ཤོག་བུ་མཛོ་ཁལ་ལོངས་པ་བྲིས”[13]ཞེས་གསལ་ཡོད། འདི་དག་ནི་སྲོང་བཙན་ཡབ་སྲས་སྐབས་སུ་ཡི་གེ་བཀོལ་སྤྱོད་བྱས་པའི་གནས་ཚུལ་ཁག་རེད། སློབ་དཔོན་ཐོན་མི་མཆོག་ནི་སྤྱི་ལོ༦༡༨ལོར་འཁྲུངས་ཤིང་། སྤྱི་ལོ༦༣༣ལོར་རྒྱ་གར་ལ་ཕེབས་ཤིང་། སྤྱི་ལོ༦༤༠ལོར་ཕྱིར་བོད་ཡུལ་ཕེབས་པར[14]བཤད་པས། ཁོང་བོད་ཡུལ་ལ་ཕེབས་རྗེས“བོད་ཀྱི་སྐད་ཀྱི་ཐ་སྙད་སོ་སོ་དང་གདངས་ཀྱི་ང་རོ་རྣམས་ལ་ཐུགས་གཞིག་ལེགས་པར་བཅུག་པའི་མཐར་བོད་ཡིག་གསར་དུ་བཟོ་བའི་གཞི་ལེགས་པར་བཏིངས”ཏེ། ལེགས་སྦྱར་གྱི་དབྱངས་ཡིག་ལས་བོད་ཀྱི་སྐད་གདངས་ལ་འཚམ་པའི་དབྱངས་གསལ་ལེགས་བཏུས་བྱས་པ། ཐ་ན། ཡི་གེ་དྲུག་གསར་དུ་བཟོས་པ་སོགས་བཤད་ཡོད་པས། ཡི་གེ་ཞིག་གསར་དུ་བཟོ་བའི་བྱ་བ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཡིན་པ་སུས་ཀྱང་རྟོགས་སླ་ལ། དེ་ཉིད་ལ་གསར་དུ་སློབ་ཅིང་འཕྲིན་ཡིག་དང་ཁྲིམས་ཡིག་གི་ཚུལ་དུ་བེད་སྤྱོད་གཏོང་དགོས་ན། དེ་བས་བརྒྱུད་རིམ་ངེས་ཅན་ཞིག་འགྲོ་དགོས་པ་སྨོན་མེད་རེད། དེ་བས་སྲོང་བཙན་དུས་སུ་བོད་ཡིག་གསར་དུ་བྱུང་ཟེར་བ་དང་ཐོན་མིས་ལེགས་སྦྱར་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་གསར་དུ་བཟོ་ཟེར་བ་སོགས་ལ་ཏུན་ཧོང་ཡིག་རྙིང་རང་དུ་ཡང་འགལ་འདུ་ཧ་ཅང་ཆེ་བ་རེད།
ཡང་དེང་སང་སྲོང་བཙན་དུས་སུ་ཐོན་མིས་བོད་ཡིག་གསར་དུ་བཟོས་པ་དང་ཁོང་གི་སྐུ་དུས་སུ་བོད་ཡིག་བེད་སྤྱོད་བཏང་བ་གཉིས་ལྷུ་མི་འགྲིག་པར་མཐོང་ནས། ཁ་ཅིག་གིས“ཁྲི་སྲོང་བཙན་སྐབས་ཡིན་ངེས་ཀྱི་ལོ་རྒྱུས་ཤོག་ལྷེ་གཅིག་ཀྱང་ད་སྔར་སུ་གཅིག་གིས་ལག་བརྙེད་མ་བྱུང་བ་དག་གིས་སྐབས་དེར་བོད་ཡིག་བེད་སྤྱོད་བྱེད་ཐུབ་ཀྱིན་མེད་པའི་བདེན་དཔང་བྱས་ཡོད།”[15]ཅེས་བཤད་འདུག་རུང་། དེ་ལྟར་ན། དེང་སང་ཁྲི་སྲོང་ལྡེ་བཙན་གོང་དུ་བྲིས་པ་རེད་ཟེར་བའི་ཡི་གེ་ཤོག་ལྷེ་གཅིག་ཀྱང་བསྟན་རྒྱུ་མ་རྙེད་པས། ཁྲི་སྲོང་ལྡེའུ་བཙན་སྔོན་དུ་བོད་ཡིག་བཀོལ་སྤྱོད་བྱས་མེད་པ་བསྒྲུབ་ཐུབ་བམ། གལ་སྲིད་ཁྲི་སྲོང་ལྡེ་བཙན་སྔོན་དུ་བོད་ཡིག་བཀོལ་སྤྱོད་བྱས་མེད་ན་གློ་བུར་དུ་སྐབས་དེར་ལོ་ཙཱ་བ་དུ་མས་སྐད་རིགས་གཞན་ནས་གཞུང་ལུགས་མང་པོ་བོད་ཡིག་ཐོག་ཏུ་བསྒྱུར་ཐུབ་བམ།《ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་མ》ལས།“གཙྀགས་འཕྲ་མེན་སྒྲོམ་བུ་སྩལ་པའྀ་དཔེར་བྲྀས་པའ།”[16]ཞེས་བཙན་པོ་སྲིད་གཞུང་གིས་ཀོང་དཀར་པོ་རྗེ་ལ་འཕྲ་མེན་སྒྲོམ་བུར་བསྩལ་བའི་ཡི་གེ་ལ་དཔེ་བྱས་ནས་བྲག་བརྐོས་ཡི་གེ་བཞེངས་པ་སོགས་སྔར་གྱི་ཤོག་ཐོག་བཀའ་གཙིགས་དང་ཡིག་ཚང་སོགས་ལ་བརྟེན་ནས་རྡོ་རིང་ཡི་གེ་དང་བྲག་བརྐོས་བཀའ་གཙིགས་བྱུང་བ་གསལ་པོར་ཤེས་ཐུབ། བོན་གྱི་ལོ་རྒྱུས་ནང་རྒྱལ་པོ་མུ་ཁྲི་བཙན་པོའི་སྐུ་དུས་ནས་གསང་སྔགས་ཁྲོ་བོའི་གཞུང་ལུགས་དར་བ་བཤད་ཅིང་།《མདོ་སྨད་མདའ་ཚང་གནའ་དཔེ》ཁྲོད་ཀྱི་ཁྲོ་གཞུང་ལས་ཀྱང་མུ་ཁྲི་བཙན་པོ་ནི་གསང་སྔགས་ཁྲོ་གཞུང་ཉམས་ལེན་གནང་མཁན་ཞིག་ཡིན་པ་བཤད་ཡོད། བོད་རྒྱལ་སྤུ་ལྡེ་གུང་རྒྱལ་སྐུ་རིང་ལ“ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད། ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད། བོན་ལ་རིགས་དགུ་རུ་ཕྱེ་སྟེ། རྒྱུའི་བོན་པོ་ལ་རིགས་བཞི། འབྲས་བུའི་བོན་པོ་ལ་རིགས་ལྔའོ།།”[17]ཞེས་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས《རྒྱལ་རབས་གསལ་བའི་མེ་ལོང》ལས་བཤད་ཡོད་པ་རེད།
ཡང་ཁ་ཅིག་གིས་ཐོག་མར་རྡོ་རིང་ཡི་གེ་བྱུང་ནས་རིམ་བཞིན་ཤོག་ཐོག་གི་ཡི་གེ་འབྱུང་དགོས་ཞེས་འཆད་ཀྱིན་འདུག་མོད། དེ་ཡང་མ་ངེས་ཏེ། ཏུན་ཧོང་ཡིག་རྙིང་ལྟར་ན། ཐོག་མར་གནམ་རི་སྲོང་བཙན་དུས་སུ་མྱང་ཞང་སྣང་ལ་དངུལ་ཡིག་སྤྲད་ནས་རིམ་བཞིན་བཙན་པོ་རིམ་བྱོན་གྱི་བློན་ཆེན་ཁག་ལ་ཡིག་ཚང་གི་ཆེ་བ་གནང་བ་འཁོད་ཡོད་ཅིང་།《ཏུན་ཧོང་གཏེར་ཡིག》ལས།“སྤྲེའུ་ལོ་ལ(༧༨༨)། བཙན་པོ་དབྱརད་བྱང་རོལ་དུ་གཤེགས་པ་ལས་སླར་འཁོརཏེ། ཕོ་བྲང་ར་མཚར་དུ་བཏབ། རྒྱའྀ་ཕོ་ཉ།ཅང་འགྭན་འགེ་དྡ། དུར་གྱིས་གྱི་པོ་ཉ་པྱག་འཚལད། ཡུལ་ཡུལ་དམག་མྱྀ་ཁྲམ་སྐྱ་བརྩྀས། དགུན་པོ་བྲང་བྲག་མར་ན་བཞུགས། དགུན་འདུན་སྐྱྀ་ཤོ་མ་རར། བློན་ཆེན་པོ་ཅུང་བཟང་དྡ་བློན་སྐྱེས་བཟང་གཉྀས་གྱྀས་བསྡུསྟེ། དམག་མྱྀ་མཁོས་ཆེན་པོ་བགྱྀསྟེ། བཙན་པོ་བཀས་ཁྲམ་དམར་པོ་ཤོག་ཤོག་སེར་པོ་ལ་སྤོས་པར་ལོ་ཆྀག།”[18]ཅེས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་རྩིས་ཁྲ་མང་པོ་ཞིག་སྔར་ཁྲམ་ཤིང་ཐོག་ཏུ་འགོད་སྲོལ་ཡོད་པ་ལས་དེ་ནས་བཟུང་ཤོག་སེར་ཐོག་འགོད་དགོས་པའི་གཏན་འབེབས་བྱས་པ་རེད། ཉེ་བའི་ལོ་རབས་ནང་ལི་ཡུལ་སོགས་ནས་ཐོན་པའི་ཁྲམ་ཤིང་རྒྱལ་ཕྱི་ནང་གཉིས་ལ་ཁྱོན་གྲངས་ཀ་༧༠༠ཉེ་བ་ཞིག་ཡོད་པར[19]བཤད། འདི་ལས་ཤེས་ཐུབ་པ་ནི་སྔར་བཙན་པོ་སྲིད་གཞུང་གིས་དཔལ་འབྱོར་དང་དམག་དོན། རུས་རྒྱུད། ཚོ་བ། ས་མིང་། ཆོས་ལུགས། བུན་ཡིག མོ་ཚིག་སོགས་ཀྱི་ཐོ་ཡིག་མང་པོ་ཞིག་ཁྲམ་ཤིང་ཐོག་ཏུ་འགོད་སྲོལ་ཡོད་པ་དེ་རེད། དེས་ན་ཐོག་མར་ཤོག་བུ་དང་ཁྲམ་ཤིང་ཐོག་ཏུ་ཡི་གེ་བཀོད་ཅིང་རིམ་བཞིན་རྡོ་རིང་ངོས་སུ་ཡི་གེ་འགོད་སྲོལ་བྱུང་བ་ཤེས་སླ། གཞན་ཡང་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་ན། ཐོག་མར་བྲག་བརྐོས་རི་མོ་སྣ་ཚོགས་བྱུང་ཞིང་དེ་ནས་རིམ་བཞིན་ཡི་གེ་དང་གླེགས་བམ་སོགས་བྱུང་བ་བདེན་མོད། བོད་ཀྱི་རྡོ་རིང་ཡི་གེ་ནི་གདོད་མའི་བྲག་བརྐོས་རི་མོ་དང་ཁྱད་པར་ཧ་ཅང་ཆེ་བ་རེད། བཙན་པོའི་རྒྱལ་རབས་སྐབས་སུ་བཞེངས་པའི་བོད་ཀྱི་རྡོ་རིང་ཡི་གེ་ནི་རྡོ་ཡི་རྒྱུ་སྤུས་ལེགས་ཤིང་། བཙན་པོ་སྲིད་གཞུང་ངོས་ནས་བཞེངས་པས་གོ་རིམ་དང་སྒྲོམ་གཞི་འཐུས་ཚང་བ། གཟབ་ནན་དང་ཞིབ་ཚགས་ཀྱི་རང་བཞིན་ལྡན་པ། ཆོས་ལུགས་ཀྱི་ལྟ་བས་བསླད་མེད་པ། མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་དབང་དུ་མ་ཤོར་བ། ནང་དོན་གནད་ལ་ཁེལ་ཞིང་ཚིག་ཚོགས་ཉུང་བ། སྒྲོས་གཙང་ཞིང་ཚགས་དམ་པ་སོགས་ཕྱོགས་གང་ནས་གཞིགས་ཀྱང་ཆུ་ཚད་མཐོ་པོར་སླེབས་པའི་ཡི་གེ་ཞིག་ཡིན་པ་ལས། བོད་ཡིག་ཐོག་མར་བཀོལ་སྤྱོད་བྱས་པའི་རྣམ་པ་ལས་ཆེས་ཆེར་བརྒལ་ཡོད་པ་སུས་ཀྱང་རྟོགས་ཐུབ་པ་ཞིག་རེད།
ཡང་འགའ་ཞིག་གིས་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་འདི་དག་དུས་རབས་དགུ་པ་གཡས་གཡོན་ནང་བྲིས་པ་ཞིག་ཡིན་པས། འདི་དག་ཏུ་དུས་རབས་བདུན་པའི་ནང་བོད་ཡིག་བཀོལ་སྤྱོད་བྱས་པའི་གནས་ཚུལ་འཁོད་པ་དེར་ཡིད་རྟོན་ཆེར་མེད་ཟེར་བ་ལ། ཏུན་ཧོང་ཡིག་རྙིང་འབྲི་མཁན་དེ་དག་ཀྱང་ང་ཚོ་ནང་བཞིན་གྱི་གང་ཟག་ཕལ་པ་ཞིག་ཡིན་པས། ཁོ་ཚོས་ལོ་བརྒྱ་ཕྲག་ཁ་ཤས་སྔོན་གྱི་ལོ་རེ་བཞིན་གྱི་དོན་ཆེན་ཁག་མ་འཕྱུག་པར་ཤོག་ཐོག་ཏུ་གང་འདྲ་འབེབ་ཐུབ་པ་རེད། ཕབ་བཞག་པའི་གནས་ཚུལ་དེ་དག་ཀྱང་དོན་ལ་གནས་པ། འགལ་འདུ་ཆེན་པོ་མེད་པ། ཇི་ཙམ་ཞིབ་འཇུག་གནང་ན་དེ་ཙམ་གྱིས་རིན་ཐང་ཆེ་རུ་འགྲོ་བ་ཞིག་རེད། དེས་ན་ཁོ་ཅག་ལ་སྐབས་དེར་གཞི་བཟུང་སའི་ཡིག་ཚང་མང་པོ་ཡོད་པ་ཤེས་ཐུབ་ཅིང་། ལྷག་ཏུ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས། སྲོང་བཙན་སྲས་དབོན་ནས་བཟུང་ལོ་རེའི་དོན་ཆེན་ཞིབ་ཅིང་ཕྲ་བ་བཀོད་འདུག་པས། སྐབས་དེ་ནས་བཟུང་བཙན་པོ་སྲིད་གཞུང་གིས་སྔར་འདས་ཟིན་པའི་བྱུང་རབས་དང་ལོ་རྒྱུས་སོགས་ཤོག་ངོས་སུ་བཀོད་ཅིང་། སྐབས་དེའི་ལོ་རེ་བཞིན་གྱི་དོན་ཆེན་ཁག་ཁྲམ་ཤིང་སོགས་སུ་འགོད་འགོ་བརྩམས་པ་རེད། འགའ་ཞིག་གིས་ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཁྲོད་དུ་སྤྱི་ལོ༦༥༠སྔ་རོལ་གྱི་དོན་ཆེན་བཀོད་མེད་པས་དེའི་སྔོན་དུ་བོད་ཡིག་མེད་པ་གསལ་བཤད་བྱས་ཡོད་ཟེར་གྱིན་འདུག ཕྲན་གྱིས་བསམས་ན། སྐབས་དེའི་སྔོན་དུ་བོད་ཡིག་གཙོ་བོ་འདས་མཆོད་སོགས་བོན་གྱི་ཆོ་ག་ཕྱག་ལེན་ཁྲོད་དུ་བཀོལ་བ་ལ། བཙན་པོ་སྲོང་བཙན་གྱི་སྐུ་དུས་སུ་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་པ་དང་དེ་དག་ཏུ་ཁོད་སོགས་ཁྲིམས་ལུགས་སྣ་ཚོགས་གཏན་འབེབས་དགོས་པའི་དབང་གིས་བོད་ཡིག་ཆབ་སྲིད་ཐོག་ཏུ་ཤུགས་ཆེར་བཀོལ་སྤྱོད་བྱས་པ་རེད། གོང་དུ་དྲངས་པ་ལྟར་ཏུན་ཧོང་ཡིག་རྙིང་ལས། སྤྱི་ལོ༦༥༥ལོར་བློན་ཆེན་མགར་སྟོང་བཙན་གྱིས་ཁྲིམས་ཡིག་གཏན་འབེབས་བྱས་པ་སོགས་ལས་སྐབས་དེར་བཙན་པོ་སྲིད་གཞུང་གིས་ཆབ་དཔལ་རིག་གསུམ་གྱི་རྩིས་ཐོ་དང་ཡིག་ཚང་མང་དུ་བཟོས་པ་ཤེས་ཐུབ། འདི་དག་ལས་ཁ་ཤས་ཕྱིས་སུ་ཏུན་ཧོང་དང་ལི་ཡུལ་སོགས་ནས་ཐོན་པ་ལས་ཕལ་ཆེ་བ་ཞིག་འཇིག་ཟིན་པ་རེད། སྤྱིར་ན། ད་ལྟ་མཐོང་ཡུལ་དུ་མེད་པས་སྔར་བྱུང་མ་མྱོང་ཟེར་བ་ནི་གུ་དོགས་པའི་སྐད་ཆ་ཞིག་སྟེ།《འཕྱོང་རྒྱས་སྟག་རྩེའི་རྡོ་རིང་ཡི་གེ》ལས།“ཆོས་རྒྱལ་ཆེན་པོས་འཕྲིན་ལས་སུ་ཅི་མཛད་པ་དང་། དབུ་རྨོག་བཙན་པོ་བྱིན་གྱིས་ཆབ་སྲིད་སྐྱེས་པ་ལ་སྩོགས་པའི་གཏམ་གྱི་ཡི་གེ་ཞིབ་མོ་གཅིག་ནི་གུད་ན་ཡོད་དོ།།”[20]ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་མཛད་པ་ཞིབ་ཏུ་བཀོད་པའི་ཡི་གེ་ཞིག་སྐབས་དེར་ལོགས་སུ་ཡོད་པ་གསལ་ཡོད།དེ་ག་ནང་བཞིན《བསམ་ཡས་རྡོ་རིང་ཡི་གེ》ལས།“གཙིགས་ཀྱྀ་ཡི་གེ་ཞྀབ་མོ་གཅྀག་ནི་གུད་ན་མཆྀས་སོ།།”ཞེས་སོགས་རྡོ་རིང་ཡི་གེ་མང་པོ་ཞིག་གི་ངོས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན་སོགས་ཀྱི་སྐུ་དུས་སུ་བཀའ་གཙིགས་ཡི་གེ་ཁག་གཙུག་ལག་ཁང་དང་རྒྱལ་གྱི་བང་མཛོད་སོགས་སུ་བཞག་པ་གསལ་ལ།《ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས》ལས།“སངས་རྒྱས་ཀྱི་ཆོས་བོད་ཡུལ་དུ། སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཟླ་ལ་བཞག་གོ། ༄།དཔེ་འདི་འདྲ་བ་བཅུ་གསུམ་བྲིས་ཏེ། གཅིག་ནི་ཕྱག་སྦལ་ན་བཞག་གོ། གཉིས་ནི་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། ཁྲ་འབྲུག་གི་བཀྲ་ཤིས་ལྷ་ཡུལ་གཙུག་ལག་ཁང་དང་། ཕོ་བྲང་འཁོར་གྱི་དགེ་འདུན་དང་། ར་སའི་རྒྱ་བཏགས་ར་མོ་ཆེ་དང་། བྲག་དམར་གྱི་ཁམས་གསུམ་མི་ལྡོག་སྒྲོལ་དང་། བྲུ་ཤ་ཡུལ་དང་། ཞང་ཞུང་ཡུལ་དང་། མདོ་སྨད་དང་། སྡེ་བློན་རིས་དང་། འདི་རྣམས་ཀྱི་གཙུག་ལག་ཁང་གི་དགེ་འདུན་ལ་དཔེ་རེ་རེ་འཆང་དུ་སྩལད་ཏོ།།”[21]ཞེས་སོགས་སྐབས་དེར་བཀའ་གཙིགས་ཡི་གེ་ཁག་མང་དུ་བཞག་པ་གསལ་རུང་དེང་སང་མཐོང་ཡུལ་གྱུར་པ་ཆེར་མེད།《ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས》གཉིས་ནི་དཔའ་བོ་གཙུག་ལག་ཕྲེང་བས(༡༥༠༤-༡༥༦༦)བརྩམས་གནང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་བཞུགས་པ་ཞིག་རེད། ཡིག་ཆ་དེ་ཉིད་ལས།“བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ནས། གསེར་གྱི་སྒྲོམ་བུར་བསྩལ་པའི་བཀའ་གཙིགས་ཀྱི་ཡི་གེ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞག་པ་ལས་དཔེ་བགྱིས་ཏེ་བྲིས་པ།”[22]ཞེས་གསལ་བས་དུས་རབས་བཅུ་དྲུག་པའི་དཀྱིལ་སྟོད་དུ་ད་དུང་བསམ་ཡས་སུ་བཀའ་གཙིགས་ཀྱི་མ་ཡིག་གསེར་བྲིས་མ་བཞུགས་ཡོད་པ་ཤེས་ཐུབ། སྔར་གྱི་གནའ་དཔེ་མང་པོ་ཞིག་དེང་སང་མཐོང་ཡུལ་དུ་མི་ལྷག་པའི་རྒྱུ་མཚན་ནི་གཅིག་བཙན་པོའི་རྒྱལ་རབས་འཇིག་པ་དང་འབངས་གྱེན་ལོག་བྱུང་ནས་རྒྱལ་གྱི་བང་མཛོད་སོགས་ནས་གང་འདོད་དུ་རྐུ་འཕྲོག་བཅོམ་གསུམ་བྱས་ཏེ་རྒྱུ་དངོས་ཡོད་ཚད་ཁྱེར་ཡོད་ལ། ཐ་ན་ཡབ་མེས་བཙན་པོ་རིམ་བྱོན་གྱི་བང་སོ་ཡང་བྲུས་ནས་གཏོར་བཤིག་ཚབ་ཆེན་བྱས་ཡོད། དེ་ནས་བཟུང་ཕྱི་ནང་མེད་པས་སྔར་གྱི་ཕོ་བྲང་དང་གཙུག་ལག་ཁང་སོགས་ནས་རྐུ་འཕྲོག་བྱེད་པའི་འགོ་བརྩམས་ཡོད་དེ། དུས་རབས་བཅུ་གཅིག་པའི་གཡས་གཡོན་དུ་དེང་སང་གཏེར་སྟོན་དུ་བཀུར་བའི་ལྷོ་བལ་གྱི་རྐུན་ཇག་མང་པོ་བསམ་ཡས་སོགས་སུ་ཡོང་ནས་གཙུག་ལག་ཁང་དུ་འཛུལ་ཏེ་གསེར་དངུལ་དང་ཡི་གེ་སོགས་མང་པོ་ཕྱི་ལོག་ཁྱེར་བ་ལོ་རྒྱུས་ཡིག་ཆར་གསལ་ཡོད། ལྷག་ཏུ་བཙན་པོའི་བཀའ་གཙིགས་ཡི་གེ་དེ་དག་གསེར་དངུལ་དང་འཕྲ་མེན་སོགས་ཀྱི་སྒྲོམ་བུར་བཅུག་ཡོད་པས་ཐོག་མར་ཕྱོགས་སུ་ཁྱེར་བ་གསལ་པོ་རེད། དེ་ལྟར་ལོ་བརྒྱ་ཕྲག་ཁ་ཤས་ལ་བསམ་ཡས་དང་ཡེར་པ་སོགས་སྔར་གྱི་ཕོ་བྲང་དང་གཙུག་ལག་ཁང་ནས་རྒྱུ་དངོས་འབོར་ཆེན་རྐུ་འཕྲོག་བྱས་ཡོད། གཞན་ཡང་ཆོས་དཔེ་དང་ལོ་རྒྱུས། གཞུང་ལུགས་དཔེ་ཆ་མང་པོ་ཞིག་གྲུབ་མཐའི་ཆགས་སྡང་གིས་མེ་བསྲེག་ཆུ་བསྐུར་བྱས་པ། གང་འདོད་དུ་བཅོས་པ། བསམ་བཞིན་དུ་ནག་གསུབ་བཏང་བ་སོགས་བོད་ཀྱི་དུས་རབས་ཆག་འཇིག་དང་སྤྱི་ཚོགས་གནས་བབ་གང་ལ་གཞིགས་ཀྱང་དེང་སང་ཡིག་ཆ་ཁ་ཤས་བཀླག་རྒྱུ་ལྷག་ཡོད་པ་དེ་ཡང་ཧ་ལས་དགོས་པ་རེད།
བཞི་པ། སྐབས་འདིའི་ཡི་གེ་བྱུང་ཞེས་པ་ཡིག་ཚང་རིམ་པ་ལ་གོ་དགོས་པའི་སྐོར།
ཕྲན་གྱིས“བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས།”ཞེས་པའི་ཡི་གེ་ནི་ཡིག་ཚང་རིམ་པ་གོ་དགོས་པར་འདོད་ཡོད། ཏུན་ཧོང་ཡིག་རྙིང་ལས་ཡིག་ཚང་རིམ་པ་སྟེ་གསེར་གྱི་ཡིག་ཚང་ལ་གསེར་གྱི་ཡི་གེ་དང་གཡུ་ཡི་ཡིག་ཚང་ལ་གཡུ་ཡི་ཡི་གེ་ཞེས་སོགས་ཡི་གེ་ཞེས་པའི་ཐ་སྙད་མང་པོ་ཞིག་ཡིག་ཚང་དང་སྦྲེལ་ཏེ་ཐོན་ཡོད། འོ་ན། སྲོང་བཙན་སྔོན་དུ་བོད་ལ་ཡིག་ཚང་རིམ་པ་མེད་དམ་ཞེ་ན། དཔལ་དོན་གྲུབ་རྒྱལ་གྱིས་བརྩམས་པའི《གནའ་རབས་བོད་ཀྱི་སྲིད་འཛིན་ས་ཁུལ་དང་དཔོན་རིགས་ཀྱི་ལམ་ལུགས་རོབ་ཙམ་བཤད་པ་བུང་བ་གཞོན་ནུའི་གླུ་དབྱངས》ཞེས་པ་ལས“མྱང་ཙེང་སྐུའི་བུ་ཞང་སྣང་གིས་ཁྱུང་པོ་སྤུངས་སད་ཟུ་ཙེ་ལ་གླུ་ཤགས་ཤིག་བཏབ་པས། བཙན་པོའི་ཐུགས་མཉེན་ནས་བློན་པོར་བཅུག་པ་མ་ཟད། དངུལ་གྱི་ཡི་གེའང་གནང་བ་ལྟ་བུའོ།[འདིར་ཞང་སྣང་ལ་དངུལ་གྱི་སུག་བུ་ཆུང་གནང་བའི་ཚུལ་ལ་དཔྱད་ན། བོད་ཀྱི་ཡིག་ཚང་གི་རིམ་པ་ནི་གནམ་རི་སྲོང་བཙན་དུས་ནས་བྱུང་བ་ཡིན་ནམ་སྙམ]”[23]ཞེས། ཁོང་གིས་ཡིག་ཚང་གི་རིམ་པ་ནི་གནམ་རི་སྲོང་བཙན་དུས་ནས་བྱུང་བ་ཡིན་མིན་ལ་དོགས་འདྲི་གནང་ཡོད་པ་རེད། ཡིན་ནའང་། རྔུལ་གྱི་སུག་བུ་ཆུང་ཞེས་པ་ནི་དངུལ་གྱི་ཡི་གེ་ལ་གོ་བ་ལས། དངུལ་ཡིག་ཆུང་ངུ་ལ་གོ་ན་མི་འགྲིག་པའི་སྐོར་ནས་ཆབ་མདོ་བློ་བཟང་ཤེས་རབ་ལགས་ཀྱིས་སྒྲུབ་བྱེད་བཀོད་གནང་ཡོད་དེ། “རྔུལ་གྱི་སུག་བུ་ཆུང་ཞེས་པ་འདི་དངུལ་ཡིག་ངོས་བཟུང་བ་ཙམ་འགྲིག་ཀྱང་། དངུལ་ཡིག་ཆུང་ངུ་ཞེས་པར་མི་འཐད་སྟེ། དངུལ་གྱི་སུག་བུ་ཆུང་འདི་ནི་ཡབ་གནམ་རི་སྲོང་བཙན་གྱིས་མྱང་མང་པོ་རྗེ་ཞང་སྣང་བློན་ཆེན་པོར་བཅུག་པའི་མཚན་མ་རུ་བསྩལ་བ་ཡིན་ལ། བློན་ཆེན་པོ་ནི་བཙན་པོའི་འོག་གི་དབང་ཚད་མཐོ་ཤོས་དེ་ཡིན་པས། དེ་ལ་དངུལ་ཡིག་ཆུང་ངུ་བསྩལ་ན་དངུལ་ཡིག་ཆེན་པོ་བསྩལ་ས་དེ་ལས་གཞན་སུ་ཞིག་ཡོད། དེས་ན་སྐབས་དེར་གསེར་གཡུ་གཉིས་ཀྱི་ཡིག་ཚང་མ་དར་བའམ། ཡང་ན་སྐབས་དེར་དེ་གཉིས་དངུལ་ལས་རིན་ཐང་ཆུང་བ་སོགས་གང་རུང་ལས་མ་འདས་ཤིང་། དོན་ལ་དངུལ་གྱི་སུག་བུ་ཆུང་ནི་དངུལ་ཡིག་ཁོ་ན་སྟེ། སྲོང་བཙན་ཡར་སྔོན་དུ་སུག་བུ་ཆུང་ནི་ཡི་གེའི་མིང་བླ་དྭགས་དང་། སུག་ལས་བགྱིས་པ་ནི་ཡི་གེ་འབྲི་བའི་དོན་ལ་གོ་དགོས་པར་བསྙོན་དུ་མེད་དོ།།”[24]ཞེས་ཁོང་གིས་རྔུལ་གྱི་སུག་བུ་ཆུང་དངུལ་ཡིག་ཆུང་ངུ་ལ་གོ་ན་མི་འགྲིག་པའི་སྐོར་ནས་དཔྱད་ཞིབ་ཡང་དག་མཛད་ཡོད་པ་རེད། དེས་ན་དངུལ་གྱི་སུག་བུ་ཆུང་འདིས་གནམ་རི་སྲོང་བཙན་སྐབས་སུ་དངུལ་ཡིག་ཡོད་པའི་སྒྲུབ་བྱེད་ཙམ་ལས་ཡིག་ཚང་གི་རིམ་པ་ཡོད་པའི་སྒྲུབ་བྱེད་དུ་ལྟོས་ཆུང་བ་རེད། གཞན་ཡང་ཏུན་ཧོང་ཡིག་རྙིང་ལས་གནམ་རི་སྲོང་བཙན་གྱིས་བློན་པོ་བྱས་རྗེས་ཅན་མྱང་ཙེང་སྐུ་དང་དབའ་དབྱི་ཚབ། མནོན་འདྲོན་པོ། ཚེས་པོང་ནག་སེང་། སེང་གོ་མི་ཆེན་སོགས་ལ་ཡུལ་མཁར་དང་བྲན་ཁྱིམ་གྱི་བྱ་དགའ་བསྩལ་བ་ལས་གསེར་དངུལ་སོགས་ཡིག་ཚང་རིམ་པའི་བྱ་དགའ་སྤྲད་པའི་སྐོར་འཁོད་མེད་པ་རེད། དེས་ན་གནམ་རི་སྲོང་བཙན་སྐབས་སུ་དངུལ་ཡིག་ཙམ་སྟེར་བའི་ལམ་ལུགས་དར་ཡོད་ཀྱང་ད་དུང་གཡུ་དང་གསེར་སོགས་ཀྱི་ཡིག་ཚང་རིམ་པ་དར་མེད་པ་གསལ་བཤད་བྱས་ཡོད། རྗེས་སུ་སྲོང་བཙན་སྒམ་པོས་དེ་ལྟར་བློན་ཆེན་རྣམས་ལ་བྲན་ཁྱིམ་གྱི་བྱ་དགའ་བསྩལ་ན་བློན་པོ་དེ་དག་གི་སྟོབས་ཤུགས་ཇེ་ཆེར་འཕེལ་ཞིང་རྒྱས་ཏེ་བཙན་པོའི་དབང་ཐང་དང་ཆབ་སྲིད་ལ་གནོད་པར་མཁྱེན་ནས་ལུགས་སྲོལ་དེ་དག་མེད་པར་བཟོས་ཏེ་སྔར་དངུལ་ཡིག་སྤྲད་པའི་ལམ་ལུགས་དེ་འཐུས་ཚང་དུ་བཏང་ནས་ཡིག་ཚང་རིམ་པ་སྤྲད་རྒྱུ་ཡོད་པ་བཟོས་པ་རེད།
དེས་ན་བོད་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་ཏུ་ཁ་གཅིག་གྲགས་ཀྱིས་ཡིག་ཚང་རིམ་པ་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བྱུང་བ་བཞེད་ཡོད་དེ། མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཆོས་འབྱུང་རྒྱས་པ》ལས“དེ་ནས་བོད་ཀྱི་བསོད་ནམས་དར་བའི་དུས།། རྒྱལ་པོ་དྲུག་བྱུང་སྲོང་བཙན་སྒམ་པོ་ཡིས།། ཚེ་སྟོད་རྒྱལ་ཁྲིམས་ཚེ་སྨད་ཆོས་ཁྲིམས་བཅས།། རྒྱལ་ཁྲིམས་ཚན་བཅུ་དང་ནི་སྡེ་བཅུ།། བཀྲ་དགུ་ཆེ་དགུ་ཁ་བརྒྱད་ལེ་བརྒྱད་དང་།། ཆེ་བདུན་དཔོན་བདུན་ན་དྲུག་ནེ་དྲུག་དང་།། བླ་ལྔ་ན་ལྔ་བཀའ་བཞི་རྩིས་བཞི་དང་།། ཁམས་གསུམ་ཆོས་གསུམ་གཉིས་ཀར་བསྡུ་དང་གཅིག། ཅེས་པ་ལ་སོགས་པ་སྲོང་བཙན་སྒམ་པོའི་མཛད་སྲོལ་སྟོན་ཏེ།”ཞེས་དང་། “ན་དྲུག་ནི་ཡི་གེ་དྲུག་སྟེ། གཡུ་ཡི་ཡི་གེ་ཆེ་ཆུང་གཉིས་གཉིས། གསེར་ཡིག་ཆེ་ཆུང་གཉིས། འཕྲ་མེན་གྱི་ཡི་གེ་ཆེ་ཆུང་གཉིས་སོ།། ནེ་དྲུག་ནི་ཡི་གེ་ཆུང་བ་དྲུག་སྟེ། དངུལ་གྱི་ཡི་གེ་དང་། ར་གན་གྱི་ཡི་གེ་དང་། འཁར་བའི་ཡི་གེ་དང་། ཟངས་ཀྱི་ཡི་གེ་དང་། དཔལ་ལྕགས་ཀྱི་ཡི་གེ་དང་། ཤིང་སྐྱ་རིས་ཀྱི་ཡི་གེ་དང་དྲུག་གོ།” [25]ཞེས་སྲོང་བཙན་སྒམ་པོའི་སྐབས་སུ་ན་དྲུག་དང་ནེ་དྲུག་ཅེས་ཡིག་ཚང་རིམ་པ་བཅུ་གཉིས་བྱུང་བ་བཤད་ཡོད། དབའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་སྲོང་བཙན་སྒམ་པོས་སྔར་བོད་ལ་གཅིག་གྱུར་གྱི་ཁྲིམས་མེད་པས་རྒྱལ་ཕྲན་སོ་སོར་འཁྱར་བ་དང་ཉེས་བྱེད་རྣམས་དར་བས་འབངས་རྣམས་སྡུག་བསྔལ་བར་འགྱུར་བ་དགོངས་ནས་ཁྱིམ་མཚེ་མི་རིགས་གཞན་དག་ནས་ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས་ཏེ། བཀའ་གྲོས་ཆེན་མོ་དྲུག ཡིག་ཚང་དྲུག བཀའ་ཡི་ཕྱག་རྒྱ་དྲུག རྐྱེན་དྲུག དཔའ་མཚན་དྲུག ཁྲིམས་ཡིག་དྲུག་བཅས་ཁོད་པོ་སུམ་ཅུ་རྩ་དྲུག་སོགས་ཀྱི་ཁྲིམས་སྲོལ་གཏན་འབེབས་རྒྱས་པ་བྱས་པ་འཁོད་ཡོད། ཡིག་ཚང་དྲུག་ནི་རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མེན་གཉིས། ཐ་མ་ཟངས་ལྕགས་གཉིས་བཅས་དྲུག་ཡིན་པ་དང་དེ་རེ་རེ་ལ་ཡང་ཆེ་ཆུང་གཉིས་རེ་ཡོད་པས་ཡིག་ཚང་བཅུ་གཉིས་ཡོད་པ་འཁོད། གཞན་ཡང་ཡིག་ཚང་དེ་དག་ཐོབ་སའི་དཔོན་གནས་ཀྱི་རིམ་པ་སོགས་ཧ་ཅང་གསལ་པོར་འཁོད་ཡོད་པ་རེད(ཤོག་ངོས༡༠༠-༡༠༥བར་གསལ)། ལོ་རྒྱུས་ཡིག་ཆ་འདི་གཉིས་ལ་བརྟེན་ནས་ཕྱིས་ཀྱི་ཆོས་འབྱུང་དང་ཞིབ་འཇུག་རྩོམ་ཡིག་མང་པོ་ཞིག་གི་ནང་དུ་ཡིག་ཚང་རིམ་པ་ནི་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་བྱུང་བ་ཡིན་པ་བཀོད་འདུག་གོ།
མཆན། དགོས་དབང་གིས་མཆན་ཡིག་རྣམས་བཀོད་མེད།
རྩོམ་ཡིག་འདིའི་མ་རྩོམ་ནི་ལོ་ཤས་སྔོན་དུ་བྲིས་པ་ཡིན་ལ། སྐབས་དེར་རྩོད་པ་འདི་རིགས་ལ་དགོས་པ་དེ་ཙམ་མི་འདུག་སྙམ་ནས་འགྲིམ་སྤེལ་བྱས་མེད། ད་ལོ་སྟེ་བོད་ཆུ་ཡོས་ལོའི་ལོ་སྟོད་དུ་བོད་རིག་པ་དྲ་ཚོམས་སུ་རྒན་ཚེ་རིང་མགོན་ལགས་དང་འདིའི་སྐོར་ནས་བགྲོ་གླེང་བྱུང་བས། སླར་ཡང་ཡིག་ཆ་ཁག་ལ་ཞིབ་མཇལ་ཞུས་ནས་སྔར་གྱི་རྩོམ་ཡིག་དེ་འཐུས་ཚང་བཏང་བ་ཡིན། འོན་ཀྱང་འགྲིམ་སྤེལ་མ་བྱས། དེང་གི་ཆར་སླར་ཡང་བོད་ཀྱི་གཞོན་ནུ་ཁག་གིས་གནད་དོན་འདིའི་སྐོར་བགྲོ་གླེང་བྱེད་སྒང་རེད་འདུག་པས་ཕྲན་ནས་ཀྱང་བསམ་ཚུལ་ཙམ་དུ་ཕུལ་བ་ལགས་སོ།། སྤྱི་ལོ(༢༠༢༣-༨-༡༦)ཉིན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3966
དཔྱད་མཆན་སྤེལ།