ང་ལ་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད་མོད།

འོན་ཀྱང་སྐུ་ཉིད་ལ་དུས་ཚོད་ཡོད་དམ།

ལས་དབང་ལ་བརྩེ་བ་དང་སྙིང་རྗེ་མེད་ཅིང་། འགྲོ་བ་མི་ནི་ལས་དབང་གི་རྩེད་ཆས་ལྟ་བུ་ཡིན། དཀའ་སྡུག་གི་སྐབས་སུ་ལས་དབང་ལ་འཁང་ར་ཐན་ཐུན་རེ་བྱེད་བཞིན་ལས་དབང་གི་བཀོད་སྒྲིག་འོག་མུ་འཐུད་མི་འགྲོ་འདུག་ས་ཞིག་ཀྱང་གཏན་ནས་མེད།

༡ ལས་དབང་གིས་རྩེད་ཆས་བྱས་པའི་ཉི་མ་དབང་འདུས།

ཉི་མ་དབང་འདུས་ནི་སྤྱི་ལོ་1988ལོར་མདོ་ཁམས་དཀར་མཛེས་དར་རྒྱས་དགོན་པའི་ཉེ་འགྲམ་རི་འགོ་གྲོང་དུ་སྐྱེས་ཤིང་། ཉི་མ་དབང་འདུས་སྐྱེས་ནས་ཟླ་བ་གསུམ་པར་མིག་གཉིས་ལོང་བར་གྱུར་པ་དང་། ཟླ་བ་བཞི་པར་ཨ་ཕ་ཡང་ཚེ་ལས་འདས། ཟླ་བ་བདུན་པར་ཨ་མ་སྐྱེས་པ་གཞན་ཞིག་དང་ལྷན་དུ་ཁྱིམ་ནས་བྲོས་བྱོལ་ཕྱིན། ཉི་མ་དབང་འདུས་ནི་ལམ་སྟོར་བའི་མགྲོན་པོ་བཞིན་ཨ་མྱེ་དང་རྨོ་མོ་གཉིས་ཀྱི་རྩར་ལུས། ཉི་མ་དབང་འདུས་ནི་ཨ་མྱེ་དང་རྨོ་མོ་ལ་ཧ་ཅང་དགའ་བར་མ་ཟད། ཁོང་གཉིས་ཀྱང་ཉི་མ་དབང་འདུས་ལ་བརྩེ་བ་ཧ་ཅང་ཟབ། ཨ་མྱེས་ཉི་མ་དབང་འདུས་ཉམ་ཆུང་ནུས་མེད་ཅིག་ཏུ་མི་འགྱུར་བའི་ཆེད་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ཉི་མ་དབང་འདུས་ལ་སློབ་གསོ་དང་སྦྱོང་བརྡར་སྣ་མང་རྒྱུན་དུ་བྱེད་ཀྱིན་ཡོད། དཔེར་ན། ཨ་མྱེས་ཉི་མ་དབང་འདུས་རི་འགོ་རུ་ཁྲིད་ནས་ཕྱུགས་ཟོག་འཚོ་སྐྱོང་གི་རྒྱུན་ཤེས་བསླབ་པ་དང་། རྟ་ལ་ཞོན་བཅུག་པ་སོགས་རྒྱུན་དུ་བྱེད་ཀྱིན་ཡོད། རིམ་གྱིས་ཉི་མ་དབང་འདུས་ཀྱིས་རང་གཅིག་པུས་ཞོགས་པ་ཕྱུགས་ཟོག་དག་རི་མགོར་དེད་ནས་འཚོ་བ་དང་དགོང་ཁ་ཕྱུགས་ཟོག་དག་ཕྱིར་ཁྱིམ་དུ་དེད་ནས་ལོག་ཐུབ་པར་གྱུར། འོན་ཀྱང་ཉི་མ་དབང་འདུས་རྟ་གོང་ནས་མར་འབབ་སྐབས་དེ་ཙམ་བདེ་མོ་ཞིག་འབབ་ཤེས་ཀྱི་མེད། ཉིན་ཞིག་ལ། ཉི་མ་དབང་འདུས་རྟ་ཞོན་ནས་ཆུ་ཕྲན་ལས་བརྒལ་སྐབས་དེའི་ཉེ་འགྲམ་དུ་བྱིས་པ་འགས་རྩེད་མོ་རྩེ་བཞིན་ཡོད་པ་དེའི་ནང་ནས་བྱིས་པ་ཞིག་གིས་ཉི་མ་དབང་འདུས་ལ་“ཁྱོད་ཀྱིས་རྟ་ཞོན་ཐུབ་ཀྱི་འདུག་ན་ཡང་རྟ་ལས་མར་འབབ་སྟངས་ཤེས་ཀྱི་མི་འདུག” བཤད་པས། ཉི་མ་དབང་འདུས་ཀྱིས་ “རྟ་ཞོན་སྟངས་དག་ང་ལ་ཨ་མྱེས་བསླབ་པ་རེད། མི་འགྲིག་པ་ཅི་ཞིག་འདུག་གམ་” ཟེར། སླར་བྱིས་པ་དེས་ “དེས་ན་ཁྱོད་ཀྱི་རྟ་ལ་ཞོན་ནས་ཆུ་ལས་རྒོལ་དང་ང་ཚོས་བལྟ་ཆོག” ཅེས་བཤད་པས། ཉི་མ་དབང་འདུས་ཀྱིས་རྟར་ཞོན་ནས་ཆུ་ལ་བརྒལ། ཅུང་ཙམ་གྱི་རྗེས་སུ་བྱིས་པ་ཞིག་གིས་ “ཆུ་བརྒལ་ཟིན་པའི་ཁྱོད་ད་རུང་རྟ་ལས་མར་འབབ་རྒྱུ་མིན་ནམ་” ཟེར་བས། ཉི་མ་དབང་འདུས་ཀྱིས་གཏམ་དེ་བདེན་པར་བཟུང་ནས་རྟ་གོང་ལས་མར་འབབ་པས་ཆུ་ནང་དུ་འགྱེལ། བྱིས་པ་རྣམས་དགོད་ཞོར་ “ལོང་བ་ཞིག་གིས་རྟ་ཞོན་ན་དེ་འདྲ་ལོས་ཡིན” ཞེས་འཕྱ་སྨོད་བྱས། “སྤྱིར་ང་ཚོའི་མི་ཚེ་ནི་རྒྱ་མཚོ་དང་འདྲ་བར། འཚར་ལོངས་ནི་མཚོ་ཐོག་རྒྱང་སྐྱོད་བྱེད་ཐེངས་ཤིག་དང་ཡོངས་སུ་མཚུངས་པས། སྲིད་པའི་ཆུ་གཏེར་གྱི་དབུས་ནས་ང་ཚོ་རྒྱུན་པར་རླུང་འཚུབས་རླབས་ངན་གྱིས་ཚུར་རྒོལ་ཐེབས་སྲིད་ལ། རྒྱ་མཚོ་ལ་བརྩེ་བ་མེད་ཅིང་ལས་དབང་ཡང་རྟག་པར་དྲང་བཞག་ཅིག་མིན་པས་སྐྱོ་སྡུག་གི་ཆར་རླུང་ལྷགས་དུས་ང་ཚོར་སུ་ཡང་བྲོས་བྱོལ་བྱེད་ཐབས་མེད་པར་ཁ་གཏད་རྒྱུ་ལས་འོས་མེད།” གསུངས་པ་ལྟར། ཉི་མ་དབང་འདུས་ཀྱང་འཕྱ་སྨོད་དང་ངན་སྨྲས་ལ་སེམས་མི་ཞུམ་པར་རང་སེམས་ངར་ཤུགས་ཀྱིས་ཁེངས་ཡོད།  སྤྱིར་ཨ་མྱེ་དང་རྨོ་མོ་གཉིས་ནི་ཉི་མ་དབང་འདུས་ཀྱི་རྒྱབ་རི་སྨུག་པོ་ལྟ་བུར་གྱུར་ཡོད། རྨོ་མོས་ཀྱང་མོ་རང་གིས་ཤེས་པའི་ཁ་འདོན་དག་ཉི་མ་དབང་འདུས་ལ་ཉིན་རེ་ཚིག་བཞི་རེ་བསླབ་ནས་ཉི་མ་དབང་འདུས་ཀྱིས་དེ་དག་ཉིན་རེ་བཞིན་རྨོ་མོ་ལ་བློ་རྒྱུགས་སྤྲད་དགོས། ཉི་མ་དབང་འདུས་ཀྱིས་ཞོགས་པའི་ཆུ་ཚོད་བཞི་པ་ཙམ་ལ་སྒེའུ་ཁུང་ཕྱེས་ནས་རྨོ་མོས་བསླབ་པའི་ཚིག་རྐང་དག་ངག་སྐྱོར་བཏང་ནས་སྦྱོང་ལ། ཉི་འོད་སྒེའུ་ཁུང་ངོས་འཕྲོས་སྐབས་ཉི་མ་དབང་འདུས་ཀྱིས་རྨོ་མོ་ལ་ངག་རྒྱུགས་སྤྲད་དགོས། ངག་རྒྱུགས་འཕྲོད་རྗེས་རྨོ་མོ་ཡིས་ཉི་མ་དབང་འདུས་ལ་བྱ་དགའ་མགྱོགས་ཐུག་རེ་སྦྱིན། སྐབས་དེར་མགྱོགས་ཐུག་རེ་ལ་སྒོར་ཟུར་དྲུག་རེ་ཡིན་པས་གྲོང་ཚོ་དེའི་བྱིས་པ་ཕལ་མོ་ཆེས་བཟའ་རྒྱུ་ལོན་དཀའ། མི་རིང་བར་ཉི་མ་དབང་འདུས་ཀྱིས་རྨོ་མོས་ཤེས་རྒྱུའི་ཁ་འདོན་ཡོད་ཚད་འདོན་ཤེས་པར་གྱུར། དེ་ནས་དགེ་རྒན་དོན་འགྲུབ་མདུན་ནས་བློ་འཛིན་བྱས་པས་ཉི་མ་དབང་འདུས་ལ་བློ་འཛིན་གྱི་ནུས་པ་སྦྱོང་བརྡར་ཆེན་པོར་ཐོབ། རྗེས་སུ་ཉི་མ་དབང་འདུས་ཀྱིས་དབྱིན་ཡིག་གི་མིང་ཚིག་དག་བློ་འཛིན་བྱེད་སྐབས་ཆུང་དུས་སྦྱོང་བརྡར་བྱས་པས་བློ་འཛིན་གྱི་ནུས་པ་ལ་ཧ་ཅང་ཕན་ཐོགས་བྱུང་ཡོད་པ་དང་ལྷག་པར་ཨ་མྱེ་དང་རྨོ་མོ་གཉིས་ཀྱི་བཀའ་དྲིན་ནི་སེམས་གཏིང་དུ་སིམ་པར་གྱུར།

༢ རྨོ་མོ་དང་ཉི་མ་དབང་འདུས་གཉིས་ཤུལ་དུ་ལུས་པ།

 སྤྱི་ལོ་1998བོད་ཟླ་11ཚེས་4དགོང་མོར་ཆུ་ཚོད་བཅུ་པ་ཙམ་ལ་རྨོ་མོ་ནི་དགོང་ཟས་གཡོ་སྐོལ་ལ་བྲེལ་བ་དང་། ཨ་མྱེ་ནམ་རྒྱུན་བཞིན་ཐབ་འགྲམ་དུ་བསྡད་ནས་ཁ་བཏོན་འདོན་པ་དང་། ཉི་མ་དབང་འདུས་ནི་རྩེད་མོ་ལ་གཡེང་བཞིན་ཡོད། ཅུང་ཙམ་རྗེས་ནས་ཉི་མ་དབང་འདུས་དང་རྨོ་མོ་གཉིས་ཀྱི་དགོང་ཟས་ཐུག་པ་བཏུང་སྐབས་སུ་ཨ་མྱེའི་ན་ཟུག་གི་སྒྲ་ཞིག་ཉི་མ་དབང་འདུས་ཀྱི་རྣ་ལམ་དུ་ཐོས་པས། རྨོ་མོས་ “ཉི་མ་དབང་འདུས་མགྱོགས་པོར་རྒྱུགས་ནས་ཨ་མྱེའི་ལག་པ་བཟུང་རོགས་གྱིས” ཟེར། ཉི་མ་དབང་འདུས་ཨ་མྱེའི་རྩར་རྒྱུག་པས་ཨ་མྱེའི་ནུས་ཤུགས་ཟད་པའི་ལག་གཉིས་ཀྱིས་ཉི་མ་དབང་འདུས་ལ་འཁྱུད་ཞོར་ཐོད་པ་ཞིག་གཏུགས་ནས་ལག་ཟུང་གཉིས་ལྷོད་ཤིག་གེར་གྱུར་སོང་། ཨ་མྱེ་འདི་ལྟར་གློ་བུར་ངང་ནས་ཕྱི་མའི་ལམ་དུ་བཞུད་སོང་བས། ཁྱིམ་ཚང་འདིའི་བཟའ་མི་དྲུག་གི་ནང་ནས་ལོ་ན་ཆེ་བའི་རྨོ་མོ་ཞིག་དང་ནར་མ་སོན་པའི་ཉི་མ་དབང་འདུས་གཉིས་འདི་ལྟར་ཤུལ་དུ་ལུས། ཨ་མྱེ་གྲོང་རྗེས་སུ་རྨོ་མོས་ཉི་མ་དབང་འདུས་ཁྲིད་ནས་ཉིན་ལྟར་ཨ་མྱེ་འདས་པོའི་ཆེད་དུ་དགོན་པའི་ལྷ་ཁང་དང་མཆོད་རྟེན་སོགས་བསྐོར་བ་བྱེད་ཀྱི་ཡོད། ཉིན་ཞིག་ཉི་མ་དབང་འདུས་ཀྱིས་ཨ་མ་གྲོང་ཚོ་རུ་ཕྱིར་ཐོན་ཡོད་པར་བྱིས་པ་དག་གི་ངག་ལས་ཐོས་པས། ཉི་མ་དབང་འདུས་ཁྱིམ་གྱི་གྲུ་ཟུར་ཞིག་ཏུ་སེམས་མ་སྐྱིད་པར་ཁུ་སིམ་མེར་ངང་བསྡད་ཡོད་པར། རྨོ་མོས་“དེ་རིང་ཁྱོད་ལ་མི་སུས་བརྙས་བཅོས་བྱས་སོང་ངམ་” དྲིས་པ་ན། ཉི་མ་དབང་འདུས་ཀྱིས་ “བདུད་མོ་དེ་ཕྱིར་ཐོན་འདུག་ཟེར་གྱི་འདུག་” ཅེས་བཤད། རྨོ་མོས་ཉི་མ་དབང་འདུས་ཀྱི་མགོར་ལག་པས་བྱུག་ཞོར་ “གཞན་གྱིས་ཇི་ལྟར་བཤད་ཀྱང་མོ་ཁྱོད་ཀྱི་ཨ་མ་ཡིན་པས་དེ་ལྟར་བཤད་མི་འོས་ལ། མོ་ལ་ཁྱོད་ཀྱིས་ཨ་མ་ཟེར་དགོས་རེད” ཅེས་བཤད། སྤྱིར་རིན་ཆེན་དབང་འཚོ་ནི་ཉི་མ་དབང་འདུས་ཀྱི་ཨ་མ་ངོ་མ་ཡིན་མོད། ཉི་མ་དབང་འདུས་ཀྱིས་མོ་དགྲ་ལྟར་མཐོང་གི་ཡོད། ཉིན་གཉིས་པར་རྨོ་མོས་ཉི་མ་དབང་འདུས་ཨ་མའི་ཁྱིམ་དུ་ཁྲིད་ནས་སོང་མོད། ཉི་མ་དབང་འདུས་སྒོ་འགྲམ་ནས་ཕྱིར་རང་ཁྱིམ་དུ་བྲོས་ཤོར། ཉིན་གསུམ་གྱི་རྗེས་སུ་རྨོ་མོས་མོག་མོག་དང་ཇ་སོགས་བསྐོལ་ནས་བྲེལ་གྱི་འདུག་པས་ཁྱིམ་དུ་མགྲོན་པོ་གལ་ཆེན་ཞིག་ཡོང་རྒྱུ་ཡིན་པར་མངོན་གྱི་ཡོད། ཉིན་གུང་ཙམ་ལ་ཉི་མ་དབང་འདུས་ཀྱི་ཨ་མ་རིན་ཆེན་དབང་འཚོ་ཁྱིམ་དུ་ཐོན་བྱུང་། དང་ཐོག་ཕན་ཚུན་སྐད་ཆ་མེད་པར་འཇམ་ཐིང་ངེའི་ངང་གནས་མོད། ཅུང་ཙམ་ནས་ཁ་བརྡ་གླེང་མགོ་བརྩམས་བྱུང་བས། ཨ་མྱེ་གྲོང་ཚུལ་དང་རིན་ཆེན་དབང་འཚོའི་ཉེ་ལམ་གྱི་འཚོ་བ་སོགས་མང་པོ་ཞིག་བཤད་མཐར། རིན་ཆེན་དབང་འཚོ་ཡིས་ “ཉི་མ་དབང་འདུས་ལྷ་སར་མིག་ནད་སྨན་ཁང་ཡོད་པས་ཁྱོད་རང་ལྷ་སར་འགྲོ་རྒྱུ་ཡིན་ནམ་” ཞེས་དྲིས། ཉི་མ་དབང་འདུས་ཀྱིས་“རྨོ་མོ་མཉམ་དུ་འགྲོ་རྒྱུ་ཡིན་ནམ་” ཟེར། རྨོ་མོས་“ངས་ཁང་ཁྱིམ་དང་ཞིང་ཁ་སོགས་ལྟ་དགོས་པས་འགྲོ་ཐུབ་ཀྱི་མ་རེད་” ཅེས་བཤད། ཉི་མ་དབང་འདུས་ཀྱིས་“དེས་ན་ང་རྨོ་མོ་དང་མཉམ་དུ་འདུག་ནས་རྨོ་མོ་ལྟ་སྐྱོང་བྱ་དགོས་” ཟེར་བས། རྨོ་མོས་“སྨན་བཅོས་བཟོ་བར་ངེས་པར་འགྲོ་དགོས་རེད། མིག་སྨན་བཅོས་གྲུབ་རྗེས་ད་གཟོད་རྨོ་མོ་ལ་ལྟ་སྐྱོང་བྱ་ཐུབ་པ་རེད་”ཅེས་བཤད་པ་ན། སྐད་ཆ་དེས་ཉི་མ་དབང་འདུས་ཀྱི་སེམས་སུ་རང་ཉིད་བྱིས་པ་གཞན་དག་དང་འདྲ་བ་མིག་གཉིས་ཀྱིས་མཐོང་ན། ཁྱིམ་གྱི་ལས་ཀ་དག་ལས་ཐུབ་པས་རྨོ་མོའང་འདི་ལྟར་ངལ་དུབ་ཆེན་པོ་མྱོང་མི་དགོས་དྲན། མཐའ་མཇུག་ཉི་མ་དབང་འདུས་ཨ་མ་དང་ལྷན་དུ་ལྷ་སར་སྨན་བཅོས་སུ་འགྲོ་རྒྱུ་བྱས། ཉིན་དེའི་ཞོགས་པ་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་སྔོན་པོ་དེ་རི་འགོ་གྲོང་ཚོ་ནས་དབུས་ཉི་མ་ལྷ་སའི་ཕྱོགས་སུ་འགྲོ་བའི་གྲབས་གཤོམ་ནས་ཉི་མ་དབང་འདུས་དང་རིན་ཆེན་དབང་འཚོ་གཉིས་རླངས་འཁོར་གྱི་ཐོག་ཁར་འཛེགས་བྱུང་། རྨོ་མོ་ཡེ་ཤེས་ལྷ་མོའི་ངོ་གདོང་ནས་འབྲལ་ཁའི་མིག་ཆུ་ཆར་བཞིན་བྱོ་བྱུང་བས་དེར་ཡོད་པའི་མི་ཀུན་སེམས་སྐྱོ་ལྷང་ངེར་བྱས། ཉི་མ་དབང་འདུས་དང་རྨོ་མོ་གཉིས་མཉམ་གཤིབ་ཀྱི་ལོ་ཟླ་ནང་ཉི་མ་དབང་འདུས་ཀྱིས་རྨོ་མོ་མིག་ཆུ་ཟག་པ་ཐེངས་གཉིས་མ་གཏོགས་མཐོང་མ་མྱོང་། ཐེངས་དང་པོ་ནི་ཨ་མྱེ་གྲོང་དུས་དང་གཉིས་པ་ནི་ཉི་མ་དབང་འདུས་རང་ཁྱིམ་དང་ཁ་བྲལ་ནས་ལྷ་སར་འགྲོ་བའི་ཉིན་མོ་དེ་རེད། ཕན་ཚུན་ཤ་ཚ་དང་བརྩེ་བས་ཁེངས་པའི་རྨོ་མོ་དང་ཉི་མ་དབང་འདུས་གཉིས་འདི་ལྟར་རིང་དུ་གྱེས།

༣  རྨོ་མོ་དང་ཕ་ཡུལ་ལས་ཁ་གྱེས་པ།

  ཉི་མ་དབང་འདུས་རང་ཡུལ་དང་རྨོ་མོ་ལ་ཁ་བྲལ་ནས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ནང་ཉིན་དྲུག་སོང་མཐར་ལྷ་སར་འབྱོར་། ཉི་མ་དབང་འདུས་ཀྱི་ཨ་མ་རིན་ཆེན་དབང་འཚོ་དང་ཕ་ཡར་བྱམས་པ་དགེ་ལེགས་གཉིས་ཇོ་ཁང་དང་བར་ཐག་ཉེ་བའི་ཐོག་བརྩེགས་གཉིས་པའི་ཁང་མིག་ཆུང་ངུ་ཞིག་གི་ནང་དུ་གནས་བཅས་ཡོད། ཉལ་ས་དང་ཐབ་ཚང་ཡོད་ཚད་ཁང་མིག་གཅིག་མ་གཏོགས་མེད། ཉི་མ་དབང་འདུས་ལྷ་སར་འབྱོར་སྐབས་ཡུལ་གྱི་སྐད་བརྡ་དང་ལམ་གྱི་རྒྱུས་མངའ་སོགས་མེད་པའི་སེམས་སུ་དཀའ་ལས་ཁག་པོ་བྱུང་། ཉི་མ་དབང་འདུས་སྡོད་སའི་ཁང་བརྩེགས་འོག་མར་ཕ་ཡུལ་དཀར་མཛེས་ནས་ཡིན་པའི་བསོད་བཀྲ་དང་རིམ་གྱིས་གྲོགས་པོར་གྱུར། དུས་རྒྱུན་ཁོང་གཉིས་རྩེད་མོ་ལ་རོལ་གྱི་ཡོད། འོན་ཀྱང་བསོད་བཀྲ་ཕྱི་རོལ་གློག་བརྙན་ཁང་དང་སྟེགས་གྲུག་རྩེད་རྒྱུ་སོགས་དགའ་བའི་ཉི་མ་དབང་འདུས་ལ་མཚོན་ན་དེ་དག་ལ་སྤྲོ་སྣང་དེ་ཙམ་མེད། ཡིན་ཡང་། ཁོང་གཉིས་ནི་ལྷད་མེད་ཀྱི་གྲོགས་པོ་ཞིག་ཏུ་གྱུར། ཉིན་ཞིག་ཁོང་གཉིས་གློག་བརྙན་བལྟས་རྗེས་ཕྱིར་ཁྱིམ་དུ་ལོགས་པའི་ལམ་བར་ནས་བསོད་བཀྲས་ཉི་མ་དབང་འདུས་ལ་ “དེ་རིང་གློག་བརྙན་དེ་འདྲའི་ཡག་པོ་ཞིག་འདུག འོན་ཀྱང་ཁྱོད་ཀྱིས་མཐོང་ཐུབ་ཀྱི་མ་རེད། རྗེས་ཕྱོགས་ཁྱོད་རང་མིག་ལ་སྨན་བཅོས་བྱ་སྐབས་ངའི་མིག་ཡ་གཅིག་ཁྱོད་སྤྲད་ཆོག་” ཅེས་བཤད་པས། ཉི་མ་དབང་འདུས་སེམས་འགུལ་ཧ་ཅང་ཐེབས། རྗེས་སུ་ཉི་མ་དབང་འདུས་ཀྱིས་བཤད་རྒྱུར། ངའི་མི་ཚེ་ནང་གྲོགས་པོ་ཧ་ཅང་མང་པོ་དང་འཕྲད་མྱོང་ཡོད། འོན་ཀྱང་བསོད་བཀྲ་མ་གཏོགས་རང་ཉིད་ཀྱི་མིག་སྦྱིན་ཟེར་མཁན་སུ་ཡང་མ་འཕྲད་ཟེར། ད་རུང་ཉི་མ་དབང་འདུས་ཀྱི་ཁྱིམ་མཚེས་ཕ་ཡུལ་ལྷོ་ཁ་ནས་ཡིན་པའི་མིང་ལ་པདྨ་ཟེར་བའི་བུ་མོ་སེམས་བཟང་ཞིག་ཡོད། ཉི་མ་དབང་འདུས་ལྷ་སའི་བར་སྐོར་དང་གཙང་ཆུ་ཉེ་འགྲམ་སོགས་སུ་ཁྲིད་ནས་ཕྱོགས་བཞི་དང་ལམ་རྒྱུས་སོགས་བསླབ་ཀྱི་ཡོད་པར་མ་ཟད། ལྷ་སའི་ཁ་སྐད་ཀྱང་བསླབ་ཀྱི་ཡོད། ད་སྐབས་ཉི་མ་དབང་འདུས་ཀྱིས་ལྷ་སའི་ཁ་སྐད་དག་མོ་བཤད་ཤེས་ཀྱི་ཡོད་པ་དེའང་པདྨའི་བཀའ་དྲིན་ཡིན་ཟེར། བྱམས་པ་དགེ་ལེགས་ནི་རིན་ཆེན་དབང་འཚོའི་ཁྱོ་བོ་དང་ཉི་མ་དབང་འདུས་ཀྱི་ཕ་ཡར་ཡིན། བྱམས་པ་དགེ་ལེགས་ནི་ཞོགས་པ་སྔ་མོར་ལས་ཀར་འགྲོ་བ་ནས་དགོང་མོར་མ་གཏོགས་ཁྱིམ་དུ་ལོག་ཀྱི་མེད། དགོང་ཁར་ཁྱིམ་དུ་ལོག་རྗེས་ཁྱོ་ཤུག་གཉིས་བཟའ་འཛིང་ངམ་ཁ་རྩོད་བྱེད་ཀྱི་ཡོད་པས་ཉི་མ་དབང་འདུས་ཐེངས་དང་པོར་ཞེད་སྣང་སྐྱེ་ཡི་ཡོད་མོད། འོན་ཀྱང་རིམ་གྱིས་ཉི་མ་དབང་འདུས་ལ་གནས་ཚུལ་དེ་དག་གོམས་ལོབས་སུ་གྱུར་པས་ཞེད་སྣང་དེ་ཙམ་མེད་པར་གྱུར། རྗེས་ཕྱོགས་ཉི་མ་དབང་འདུས་དང་གཡང་སྒྲོན་གཉིས་ཀྱང་སྐབས་ལན་རེར་གནས་ཚུལ་དེ་འདྲ་འབྱུང་གི་ཡོད་པས། ཁྱོ་ཤུག་གཉིས་ཀྱི་བཟའ་འཛིང་འབྱུང་རྐྱེན་ངོ་མ་ནི་བརྩེ་བའི་རྨང་གཞི་ཞིག་ལས་འབྱུང་གི་ཡོད་པ་ངེས་ཤེས་ཐོབ། ཉི་མ་དབང་འདུས་ལྷ་སར་ཐོན་རྗེས་ངོ་ཤེས་དང་ཕ་ཡུལ་ནས་དབུལ་མཇལ་ལ་ཡོང་བ་དག་གི་ལག་ནས་སྒོར་མོ་རེ་ཟུང་རག་པ་དག་རྨོ་མོའི་ཆེད་དུ་རས་ཀྱི་ཁུག་མ་ཆུང་ཆུང་ཞིག་ལ་བཅུག་ནས་ཉར་ཚགས་བྱེད་པ་ལས་རིན་ཆེན་དབང་འཚོ་དང་བྱམས་པ་དགེ་ལེགས་གཉིས་ལ་སྤྲོད་ཀྱི་མེད། དུས་རྒྱུན་ཉི་མ་དབང་འདུས་རྨོ་མོའི་རྩར་ཕྱིར་འགྲོ་འདོད་ཆེ་མོད། འོན་ཀྱང་རྨོ་མོས་མིག་གཉིས་སྨན་བཅོས་བྱ་ཐུབ་ཚེ་ད་གཟོད་རྨོ་མོ་ལ་ལྟ་སྐྱོང་བྱ་ཐུབ་ཀྱི་རེད་ཅེས་བཤད་པའི་གཏམ་དེ་སེམས་སུ་དྲན་པས། རྒྱུ་མཚན་དེ་དག་གིས་སྡུག་རུས་དང་བཟོད་སྒོམ་བྱས་ནས་ཕྱིར་ཕ་ཡུལ་དུ་མ་ལོག

༤  ཨ་རི་སྨན་པ་ཞིག་དང་འཕྲད་པ།

  ཉིན་ཞིག་ཉི་མ་དབང་འདུས་ར་སྐོར་གྱི་ཟུར་ཞིག་ལ་རྩེད་མོར་གཡེང་སྐབས་ཕ་ཡུལ་དཀར་མཛེས་ནས་ཡིན་པའི་ཆོས་ཉིད་འོངས་ནས་ “ཨ་མ་གང་དུ་ཡོད་དམ་” དྲིས་པས། “ཨ་མ་ཁྱིམ་དུ་ཡོད་” ཅེས་ལན་བཏབ། ཆོས་ཉིད་ཁྱིམ་དུ་སོང་ནས་རིན་ཆེན་དབང་འཚོ་ལ་“བྱིས་པ་སྨན་པར་བསྟེན་རྒྱུ་ཡིན་ནམ། སེ་ར་དགོན་པའི་ཉེ་འགྲམ་དུ་ཨ་རི་ནས་ཡིན་པའི་སྨན་པ་ཡག་པོ་ཞིག་འབྱོར་འདུག་” ཅེས་བཤད། ཉིན་གསུམ་གྱི་ཞོགས་པར་རིན་ཆེན་དབང་འཚོས་ཉི་མ་དབང་འདུས་ཁྲིད་ནས་སྨན་པ་སར་ཕྱིན། དེར་ཡོད་ནད་པ་ཐམས་ཅད་ལོ་ན་རྒན་པ་ཤ་སྟག་ཡིན། ཆུ་ཚོད་ཕྱེད་ཙམ་རྗེས་སྨན་པས་ཉི་མ་དབང་འདུས་མིང་འབོད་བྱུང་བས་སྨན་པ་སར་བཅར། བརྟག་དཔྱད་ཀྱི་གོ་རིམ་མཇུག་གྲུབ་རྗེས་སྨན་པས་ “ཉི་མ་དབང་འདུས་ཀྱི་མིག་དུས་ཡུན་རིང་པོ་ཕྱིན་ཟིན་པས་བཅོས་ཐབས་མི་འདུག་” བཤད་པས། ཉི་མ་དབང་འདུས་ཀྱི་རེ་བ་རྣམས་གློ་བུར་སྟོང་ཟད་དུ་གྱུར་པ་དང་། རིན་ཆེན་དབང་འཚོ་ཡི་མིག་མཐའ་ནས་མིག་ཆུ་ཐིགས་པ་རེ་སར་ཟག་སོང་། ཁོང་མ་བུ་གཉིས་སེམས་སྐྱོ་སྣང་གིས་ཁེངས་བཞིན་ཕྱིར་རང་ཁྱིམ་དུ་གོམ་ཁ་སྒྱུར་སྐབས་སྨན་པས་འབོད་བྱུང་བས་སླར་སྨན་པའི་མདུན་དུ་ཕྱིན། སྨན་པས་“ལྷ་སར་ལོང་བའི་སློབ་གྲྭ་ཞིག་ཡོད། སློབ་གྲྭའི་སློབ་མ་ཐམས་ཅད་བྱིས་པ་ལོང་བ་ཤ་སྟག་ཡིན་པས་ཉི་མ་དབང་འདུས་དེར་སོང་ན་བཟང” ཞེས་བཤད་པར་མ་ཟད། སློབ་གྲྭའི་ཁ་པར་ཨང་གྲངས་བྱིན། སྐབས་དེའི་ཁ་པར་ཨང་གྲངས་དེ་ལོ་མང་རྗེས་སུ་ཉི་མ་དབང་འདུས་ཀྱི་གཞུང་ལས་ཁང་གི་ཁ་པར་ཨང་གྲངས་གྱུར་པ་སུས་ཀྱང་བློ་ལ་འཁོར་མྱོང་མེད། འོན་ཀྱང་། ཉི་མ་དབང་འདུས་ཀྱི་མིག་གཉིས་སྨན་བཅོས་བྱེད་མ་ཐུབ་ཀྱང་ཤེས་རབ་ཀྱི་བློ་སྒོ་འབྱེད་མགོ་བརྩམས་བྱུང་།

༥  སློབ་གྲྭ་ནས་འོད་སྣང་རྙེད་པ།

 སྤྱི་ལོ་2002ཟླ་བ8ཚེས9ཉིན་གནམ་གཤིས་གྲང་ངར་ཆེ་བར་མ་ཟད། རླུང་འཚུབ་ཀྱང་ཡང་ཡང་ལྡང་གི་ཡོད། བྱམས་པ་དགེ་ལེགས་ཀྱིས་ཁ་པར་བརྒྱུད་ནས་སློབ་གྲྭ་རང་ཁྱིམ་དང་བར་ཐག་ཉེ་ས་ཞིག་ལ་ཡོད་པར་ཤེས་རྟོགས་བྱུང་། ཉིན་དེའི་ཞོགས་པར་ཉི་མ་དབང་འདུས་ཀྱིས་གྱོན་པ་གཙང་དག་ཅིག་བརྗེས་ནས་བྱམས་པ་དགེ་ལེགས་དང་ལྷན་དུ་ལོང་བའི་བྱིས་སློབ་ཁང་དུ་ཕྱིན། སློབ་གྲྭ་འདི་ནི་སྐྱེ་ཁུངས་འཇར་མན་(德国)(Germany)ནས་ཡིན་པའི་ས་པོའི་རོའུ་ཡ. ཐཱན་པཱེ་ཁུ་ (sabriye Tenberken) (萨布瑞亚 .田贝肯)ཡིས་སྤྱི་ལོ1999ལོར་ལྷ་སར་སློབ་གྲྭ་གསར་འཛུགས་བྱས། སྐབས་དེར་ས་གནས་མི་འདྲ་བའི་སློབ་མ་དྲུག་ཙམ་ཡོད། ས་པོའི་རོའུ་ཡ་ལོ་བཅུ་གཉིས་ལ་སོན་སྐབས་མིག་གཉིས་ལོང་བར་གྱུར་པ་ཞིག་ཡིན། ཉི་མ་དབང་འདུས་རང་ཉིད་སློབ་ཞུགས་བྱེད་སའི་སློབ་གྲྭ་དེ་མིག་གཉིས་ཀ་ལོང་བར་གྱུར་པ་ཞིག་གིས་བཙུགས་པ་རེད་ཅེས་བཤད་སྐབས་བློ་ཡུལ་དུ་མ་ཤོང་བར་མ་ཟད། ཉིན་དེར་ཉི་མ་དབང་འདུས་སློབ་གྲྭའི་སྒོ་རའི་ནང་འབྱོར་སྐབས་སློབ་ཚན་བར་གསེང་ཁེལ་ཡོད་པས། དེ་ཡོད་ཀྱི་བྱིས་པ་དག་སྒོ་རའི་ནང་འཕག་འཚག་གི་སྒྲ་དག་ཉི་མ་དབང་འདུས་ཀྱི་རྣ་ལམ་ཐོས་པས། དེ་ཡོད་ཀྱི་བྱིས་པ་དག་ལོང་བ་རེད་བཤད་པ་དག་ཀྱང་རྫུན་དུ་སེམས། སྐད་སྒྱུར་བློ་གྲོས་ཀྱིས་ཁོང་གཉིས་ས་པོའི་རོའུ་ཡ་ཡི་རྩར་ཁྲིད་བྱུང་། བློ་གྲོས་ཀྱིས་དབྱིན་སྐད་ལམ་ནས་ངོ་སྤྲོད་ཉུང་བསྡུས་ཤིག་བྱས་རྗེས་ས་པོའི་རོའུ་ཡ་ཡིས་བོད་སྐད་ཀྱི་ལམ་ནས། “ཁྱེད་རང་བདེ་མོ། ཁྱེད་རང་གི་མིང་ག་རེ་ཞུ་གི་ཡོད།” ཅེས་དྲིས་བྱུང་བས། ལན་དུ། “ངའི་མིང་ལ་ཉི་མ་དབང་འདུས་དང་ཕ་ཡུལ་དཀར་མཛེས་ནས་ཡིན་” ཞེས་བཤད། ཡང་སྐྱེས་པ་ཞིག་གིས་བོད་སྐད་ཀྱི་ལམ་ནས་ “ཅུང་སྒུག་གྱིས་དང་” ཟེར་བས། “ཁྲ་ཁྲ་” ཟེར་བའི་སྒྲ་གཉིས་གྲགས་བྱུང་བས་ཉི་མ་དབང་འདུས་ཀྱིས་སྐྱེས་པ་དེས་རང་ཉིད་པར་ལེན་གྱི་ཡོད་པར་རྟོགས། ཁོང་ཚོ་ཕན་ཚུན་སྐད་ཆ་མང་ཙམ་བཤད་རྗེས་བྱམས་པ་དགེ་ལེགས་ཀྱིས་ས་པོའི་རོའུ་ཡ་དང་ཁྱོ་བོ་བག་ལོ་གཉིས་ལ་བཀའ་དྲིན་མཚོན་བྱེད་ཁ་དར་དཀར་པོ་ཞིག་ཕུལ། བློ་གྲོས་ཀྱིས་ཉི་མ་དབང་འདུས་སློབ་ཁང་ཞིག་གི་ནང་དུ་ཁྲིད་ནས་སོང་།
  སློབ་ཁང་དུ་འཛུལ་རྗེས་སློབ་མ་དག་གིས་སློབ་ཚན་བཀླག་མཚམས་བཞག་བྱུང་བས་སློབ་ཁང་ཁུ་སིམ་མེར་གྱུར། དགེ་རྒན་གྱིས་ “སློབ་མ་རྣམ་པ། དེ་རིང་སློབ་མ་གསར་པ་ཞིག་འབྱོར་བྱུང་”ཞེས་བཤད་རྗེས། ཉི་མ་དབང་འདུས་ལ་ཁྱེད་ཀྱིས་ཁོང་ཅག་ལ་རང་ཉིད་ངོ་སྤྲོད་ཅིག་བྱ་རོགས་”ཟེར། “ཚང་མ་ཁམས་བཟང་། ངའི་མིང་ལ་ཉི་མ་དབང་འདུས་ཟེར།” སློབ་མ་ཚང་མས་ཐལ་མོ་བརྡབས་བྱུང་། བློ་གྲོས་ཀྱིས་ཉི་མ་དབང་འདུས་རྐུབ་སྟེགས་ཤིག་གི་སྟེང་དུ་འདུག་བཅུག་རྗེས་ཕྱིར་ལོག དགེ་རྒན་གྱིས་སློབ་ཚན་བསླབ་མགོ་བརྩམས་བྱུང་། “A , Apple , B , Boy , C , Cat , D , Dog , E , Egg , F , Fan ,” དེ་དག་དགེ་རྒན་གྱིས་ཚར་གཅིག་བཀླགས་རྗེས། ཡང་སློབ་མ་དག་གིས་ཚར་རེ་བཀླགས། ཉི་མ་དབང་འདུས་ཀྱིས་ཅི་ཞིག་བཀླགས་ཀྱི་ཡོད་པར་མ་ཤེས་ཀྱང་ལྷན་དུ་རྗེས་ཟློས་བྱས། ཉིན་དེར་ཉི་མ་དབང་འདུས་ཀྱིས་དབྱིན་ཡིག་གསལ་བྱེད་བློ་རྒྱུགས་འཕྲོད་པས་དགེ་རྒན་གྱིས་བསྟོད་བསྔགས་བྱས། དགེ་རྒན་བཟང་པོ་ནི་དབྱིན་ཡིག་དགེ་རྒན་ཡིན་ཞིང་། གཤིས་ཀ་ཅུང་གཟབ་ནན་ཡིན། ཉི་མ་དབང་འདུས་ཇི་བཞིན་མིག་གཉིས་ཀྱང་ལོང་བ་ཡིན། དགེ་རྒན་བཟང་པོ་ནི། ཉི་མ་དབང་འདུས་ཀྱི་ཆེས་དགའ་མོས་ཆེ་བའི་དགེ་རྒན་ཞིག་ཀྱང་ཡིན། ཉི་མ་དབང་འདུས་ཀྱི་ཆེས་སྤྲོ་སྣང་འཕེལ་བའི་སློན་ཚན་ནི་དབྱིན་ཡིག་དང་གྲངས་རྩིས་གཉིས་ཡིན། ཆེས་སྦྱོང་འདོད་མེད་པའམ་སུན་སྣང་སྐྱེ་ས་ནི་རི་མོ་དང་རོལ་དབྱངས་སློབ་ཚན་གཉིས་ཡིན་ལ། བོད་སྐད་སློབ་ཚན་དང་རྒྱ་སྐད་སློབ་ཚན་གཉིས་ལའང་དེ་ཙམ་སྤྲོ་སྣང་མེད། སྤྱིར་ཉི་མ་དབང་འདུས་ནི་བྱིས་པ་ཤེས་རབ་ཅན་ཞིག་དང་སློབ་སྦྱོང་ལ་བརྩོན་སེམས་ཅན་ཞིག་ཡིན་པས་སློབ་གྲྭ་འདི་ནས་ཉི་མ་དབང་འདུས་ཕུགས་བསམ་དང་རེ་འདུན་མང་པོ་མངོན་འགྱུར་འབྱུང་བ་མགོ་བརྩམས་བྱུང་། ཉི་མ་དབང་འདུས་ལ་དར་རྒྱས་སོགས་ནང་གྲོགས་སྤུན་ཟླ་དང་མཚུངས་པ་དག་འདི་ནས་འཕྲད་བྱུང་ལ། བཟའ་ཟླ་སྙིང་གི་ཚིལ་ལུ་ལྟ་བུ་གཡང་སྒྲོན་དང་ལས་དབང་གིས་མཛའ་མཐུན་མདུད་པ་དམ་པོ་ཡང་འདི་ནས་སྦྲེལ་བྱུང་། ཤེས་རིག་གི་གནམ་འཕང་གཅོད་པའི་ནུས་སྟོབས་ཕྱི་འགྲིམས་སློབ་སྦྱོང་གི་གོ་སྐབས་བཟང་པོའང་འདི་ནས་རག་ཡོད། ཉི་མ་དབང་འདུས་དབྱིན་ཇིའི་ཡུལ་དུ་ཕྱི་འགྲིམ་སློབ་སྦྱོང་གི་གོ་སྐབས་རག་པའི་སྐབས་དེར་ལོ་གཉིས་ཙམ་ལ་འབད་བརྩོན་ལྷོད་མེད་ངང་སློབ་སྦྱོང་ལ་འབད། དབྱིན་ཡུལ་ནས་སློབ་མཐར་ཕྱིན་རྗེས་ཕྱིར་ལྷ་སར་ལོག་ནས་ལོང་བའི་སློབ་གྲྭའི་དགེ་རྒན་བྱས། ཉེ་ལམ་སློབ་གྲྭ་དེའི་སློབ་སྤྱི་ཡི་འགན་ཁུར་གྱི་ཡོད། ཕ་ཡུལ་མལ་གྲོ་གུང་དཀར་ནས་ཡིན་པའི་གཞོན་ནུ་མ་གཡང་སྒྲོན་དང་ཁྱིམ་ཐབ་འཛིན་ནས་བྱིས་པ་གཉིས་ཡོད། གཡང་སྒྲོན་ནི་ཉི་དབང་འདུས་དང་སློབ་གྲོགས་ཡིན་ལ། མིག་གཉིས་ཀྱང་ཕལ་ཆེར་ཉི་མ་དབང་འདུས་དང་མཚུངས། ཉི་མ་དབང་འདུས་ནི་རྒྱལ་ཁབ་མི་མཚུངས་པ་དང་། ཡུལ་ལུང་མི་འདྲ་བར་འཆད་ཁྲིད་སྣ་ཚོགས་བྱེད་པར་སྐྱོད་བཞིན་ཡོད། དཔེར་ན། ཕྱི་ཕྱོགས་རྒྱལ་ཁབ་ཀྱི་མཚན་སྙན་འཛམ་གླིང་དུ་གྲགས་པའི་ཧ་ཝར་ཊི་གཙུག་ལག་སློབ་ཆེན།(哈佛大学)ཀུ་ལམ་བྷིའི་གཙུག་ལག་སློབ་ཆེན།(哥伦比亚大学)ཆབ་ཀྲུ་སྟོན་གཙུག་ལག་སློབ་ཆེན། (乔治敦大学)དང་། ནང་རྒྱལ་ནས་རིམ་པ་ཆེས་མཐོ་བའི་སློབ་ཆེན་ཆིང་ཧྭ་གཙུག་ལག་སློབ་ཆེན་དང་།(清华大学)ཀྲུང་གོ་མི་རིགས་གཙུག་ལག་སློབ་ཆེན་(中国人民大学)སོགས་སུ་འཆད་ཁྲིད་དུ་སྐྱོད་མྱོང་བར་མ་ཟད། བརྙན་འཕྲིན་ཁང་དང་མིང་གྲགས་ཆེ་བའི་གསར་ཤོག་ཁག་གིས་ཀྱང་ཉི་མ་དབང་འདུས་ཀྱི་མི་ཚེའི་ལོ་རྒྱུས་དང་བཅར་འདྲི་ལེའུ་ཚན་སོགས་འགོད་བཞིན་ཡོད། ཉི་མ་དབང་འདུས་ལ་བོད་ཀྱི་ནིའུ་ཁུ་འབོད་ཀྱང་ངོ་ཚ་མི་དགོས་པའི་ཚད་དུ་སླེབས་ཡོད།
གསལ་བཤད།
  ཉི་མ་དབང་འདུས་ཀྱི་མི་ཚེའི་བྱུང་བ་རག་བསྡུས་འདི་བློ་བཟང་དགེ་ལེགས་ཀྱིས་བརྩམས་པའི་ཉི་མ་དབང་འདུས་ཀྱི་མི་ཚེའི་བྱུང་བ་《ང་ལ་ཉིན་གསུམ་གྱི་འོད་སྣང་མི་དགོས།》《三天的光明我不要》དཔེ་དེབ་ལས་སྒྲིག་བསྒྱུར་བྱས་པ་ཡིན། གལ་སྲིད་ཉི་མ་དབང་འདུས་ཀྱི་མི་ཚེའི་བྱུང་བ་ཞིབ་ཕྲ་ཤེས་དགོས་མཁན་དག་གིས་ང་ལ་ལེ་ཁག་མི་དཀྲི་བར་ 《ང་ལ་ཉིན་གསུམ་གྱི་འོད་སྣང་མི་དགོས།》《三天的光明我不要》ཞེས་པའི་དཔེ་དེབ་དེ་འཚོལ་རོགས།། །།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3926