བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།

ངའི་མིང་ལ་རྟ་མགྲིན་སྒྲོལ་མ་ཟེར། ཕ་ཡུལ་ཀན་ལྷོ་བསང་ཆུ་རྫོང་ཡིན། ད་ལྟ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་དང་རྩོམ་རིག་གི་ཆེད་ལས་སྦྱོང་བཞིན་ཡོད་ཅིང་ལོ་རིམ་བཞི་པ་ཡིན།

སྨིན་དྲུག ལེགས་སོ། །རང་ཉིད་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།

རྟ་མགྲིན་སྒྲོལ་མ། མཐོ་རྒྱུགས་བླངས་ཚར་རྗེས་ངའི་འཚོ་བར་འགྱུར་ལྡོག་དྲག་པོ་བྱུང་། ཁ་པར་ཉོས་པས་དེ་སྔོན་བལྟ་འདོད་པའི་བརྙན་འཕྲིན་དང་རྩེ་འདོད་པའི་རྩེད་འཇོ་ལ་རོལ་ཞིང་ཉན་འདོད་པའི་གླུ་དབྱངས་ཚང་མ་རང་གི་ཁམས་དང་མོས་པ་ལྟར་ཉན་པ་ཡིན། སློབ་ཆེན་ལོ་རིམ་དང་པོའི་སྐབས་སུ་སློབ་ཁྲིད་མེད་དུས་ཕར་ཞོག སློབ་ཁྲིད་ཀྱི་སྐབས་སུ་ཡང་ཁ་པར་ཏག་ཏག་ལ་གཡེངས་ནས་བསྡད། དེའི་སྐབས་ཀྱི་ང་ནི་སྒྲོག་ལས་ཤོར་བའི་རྟ་ཕོ་དང་འདྲ་བར་སྔར་ཤོར་ཟིན་པའི་དུས་ཚོད་དང་རང་དབང་ལ་ཧབ་ཐོབ་བྱས་ནས་ཡོང་། དེ་ལྟར་སོང་བར་སློབ་སྦྱོང་ཡང་གཞན་ལ་མི་དོ་བའི་ཚོར་བ་སྐྱེས་མོད། ཁ་ཡ་མ་བྱས་པར་དུས་འདའ་བར་བྱས། སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་རིམ་བཞིན་དུས་ཚོད་འདི་ལྟར་བསྐྱལ་བར་སྙིང་བོ་མེད་པ་རྟོགས་ནས་བྱ་འགུལ་སྣ་ཚོགས་ལ་ཞུགས་པ་དང་སྐོར་བྲོ་འཁྲབ་པ་གླུ་དབྱངས་འགྲན་སྡུར་ལ་ཞུགས་པ། རང་གི་གདོང་པ་དང་ལུས་པོ་ལ་དང་དོད་བྱེད་པ། གཟའ་མཇུག་གམ་ཡང་ན་སྒོར་མོ་ཡོད་དུས་གློག་བརྙན་ལ་བལྟ་རུ་འགྲོ་བ། གླིང་ག་འདྲ་མིན་འགྲིམ་པ་སོགས་ཀྱི་སྐྱིད་པོ་ཏག་ཏག་གཏོང་བཞིན་ཡོང་བ་ཡིན། ལོ་རིམ་གསུམ་པའི་སྐབས་སུ་རང་བློ་ནང་ལ་གཅུན་ནས་མཐར་ཕྱིན་ན་ཡང་སྙིང་ཅི་ཞིག་བྱེད་དགོས་སྐོར་ལ་བསམ་བློ་བཏང་ཞིང་གཞན་ལ་ཡང་བློ་དྲིས་མཐར། གཞི་ནས་དཔེ་ཆ་སྐོར་ཞིག་ལ་བལྟས་པ་ཡིན་ལ་དགེ་རྒན་གྱི་སློབ་ཁྲིད་ལ་ཡང་ནན་ཏན་གྱིས་ཉན་པ་ཡིན། སློབ་སྦྱོང་ཁྲོད་ནས་སྐད་བརྡ་རིག་པ་ལ་སྤྲོ་བ་ཆེན་པོ་སྐྱེས་ཤིང་། རྒྱལ་ཕྱི་ནང་གི་སྐད་རིགས་འདྲ་མིན་གྱི་གློག་བརྙན་དང་ལེ་ཚན་ལ་བལྟས་ཤིང་དྲ་ཚིགས་སོགས་ལས་སྐད་རིགས་གཞན་ལ་སློབ་སྦྱོང་ཡང་བྱས་པ་ཡིན། ལོ་རིམ་བཞི་བར་སླེབས་དུས་ཁྱིམ་མི་དང་དགེ་རྒན། ད་དུང་སློབ་གྲོགས་ཚོས་ཀྱང་ང་ཞིབ་འཇུག་ལ་སྤྲད་དེ་མུ་མཐུད་དུ་སློབ་སྦྱོང་བྱས་ན་ལེགས་ཚུལ་བཤད། རང་ཉིད་ཀྱང་དེ་ལ་མོས་པ་ཡོད་པ་དང་ཡང་སྤྱི་ཚོགས་སུ་གོམ་པ་སྤོ་མ་ཕོད་པ་བཅས་ཕྱི་ནང་གཉིས་ཀྱི་རྐྱེན་བྱས་ཏེ་སྐད་བརྡ་རིག་པའི་ཞིབ་འཇུག་ལ་རྒྱུགས་སྤྲོད་རྒྱུ་བྱས། ལོ་རིམ་བཞི་བར་སླེབས་པ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་གྲ་སྒྲིག་དང་ནན་ཏན་གྱིས་བསྐྱར་སྦྱང་བྱས་པས། སྐབས་རེར་ལུས་སེམས་གཉིས་ཀ་ངལ་དུབ་ནས་ཉིན་གཉིས་གསུམ་རེ་ལ་སྙོམས་སྒྲིག་བྱེད་དགོས་པའི་དུས་ཀྱང་བྱུང་།

སྨིན་དྲུག སློབ་ཆེན་ལ་སླེབས་རྗེས། ལང་ཤོར་དུ་འགྲོ་བའི་བུ་དང་བུ་མོ་ཡོད་ཚུལ་གོ་གི་འདུག སློབ་རའི་ཁོར་ཡུག་ཏུ་ལྟོས་བཅས་སུ་རང་དབང་ཡོད་ལ་ཕ་མ་དང་ཡང་བར་ཐག་རིང་བས་ཁོང་ཚོས་ཇེ་གཏོགས་མི་ཐུབ་ཅིང་། སློབ་སྦྱོང་ལ་གནོན་ཤུགས་ཆེན་པོ་མེད་པ། ལག་དངུལ་ཅུང་ཟད་ཡོད་པ། དེ་སྔོན་ཁ་པར་དང་བརྙན་འཕྲིན་ལ་ལྟ་བར་བཀག་རྒྱ་ཆེ་བ། དེ་ནས་ཁ་པར་ཉོས་པ་དང་ལྟ་རྟོག་དམ་དྲག་བྱེད་མཁན་མེད་པ་སོགས་ཀྱིས….. ཁྱད་པར་དུ་སྒྲིག་ལམ་ཤིན་ཏུ་བཙན་པའི་ཁྱིམ་ཚང་དང་དམ་དྲག་ཧ་ཅང་ཆེ་བའི་སློབ་གྲྭ་ནས་ཐོན་པའི་སློབ་མ་ཚོ་ནི་རང་དབང་གི་ཁོར་ཡུག་ཅིག་ལ་སླེབས་ཙ་ན། རང་གཅུན་དང་རང་བདག་མི་ཐུབ་པ་གཞན་ལས་ཐུ་བ་ཡིན་ཚོད། སྨན་ཆུང་རང་གིས་སློབ་ཆེན་དུ་རྣམ་གཡེང་ཁྲོད་ནས་དུས་ཚོད་གང་ཡག་ཆུད་ཟོས་སུ་བཏང་བའི་ཆ་དེའང་དྲང་མོར་བརྗོད་པ་ནི་རང་བཞིན་དྲང་བའི་རྟགས་སུ་མཐོང་ནས་དགའ་ཡོད། རང་གི་ཁ་ཕྱོགས་རྙེད་དེ་མི་ཚེའི་ལམ་ཁ་ཇེ་ཡག་ཏུ་གཏོང་འདོད་ཀྱི་བསམ་ཚུལ་དེ་མཐོང་ནས་དེ་བས་ཀྱང་དགའ་སོང་། རང་རེ་ནི་མི་སེར་ཕལ་པའི་བུ་ཕྲུག་ཡིན་པས་ལྷག་ཏུ་སློབ་གྲྭ་ནས་སློབ་སྦྱོང་ཡག་པོ་མ་བྱས་ཚེ། མི་ཚེ་དོན་ལྡན་འབྱུང་མིན་བཤད་ཅི་དགོས་ཏེ། འུ་ཅག་གི་སྤྱི་ཚོགས་ནི་ངོ་ཆེན་བཙོང་བ་དང་འབྲེལ་བ་བཙལ་བ་ལྐོག་རྔན་བརྫངས་པ་སོགས་ཚུལ་མིན་ལུགས་མིན་གྱི་འབྲེལ་བའི་སྟེང་ནས་འགྲོ་བ་རྒྱུག་ཆེ་བ་ཞིག་ཡིན་པས་རང་གི་ནུས་པ་ངོ་མར་བརྟེན་ནས་རང་མགོ་མ་ཐོན་ན། ཁྱིམ་མིས་རྔུལ་ཆུས་བསགས་པའི་དངུལ་དངོས་བརླགས་པའི་དྲིན་ཡང་གསབ་ཐབས་མེད་ཁར། རང་གི་རིན་ཆེན་གསེར་ལས་བཟང་བའི་དུས་ཚོད་གྲོན་པར་སེམས་ཀྱིས་ག་ལ་བཟོད། ངའི་བུ་མོས་པེ་ཅིན་མི་རིགས་སློབ་ཆེན་དུ་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་སྦྱོང་གི་ཡོད། སློབ་རིན་མི་དགོས་ནའང་ཟླ་རེའི་ཟས་རིན(ཕྱུག་པོའི་བུ་ཕྲུག་ཚོས་ཟླ་རེར་ཟས་རིན་སྟོང་ལྔ་རེ་བཀོལ་གི་འདུག་ཟེར། ང་ཚོས་དེའི་ཕྱེད་ཀ་ཡང་ཀ་ལྷག་ལས་སྤྲོད་ཀྱི་མེད་ནའང་།)དང་ཁ་པར་བཏང་རིན། འཚོ་བའི་མཁོ་ཆས་སྣ་ཚོགས། ལོ་དང་པོར་ཉལ་ཆས་དང་དམག་སྦྱོང་གི་ལྭ་བ། ལོ་རེར་བསླབ་གཞིའི་དཔེ་རིན་དང་ཉལ་ཁང་གི་གླ་ཆ་དང་དྲོད་སྙོམས་དང་འཛིན་གྲྭའི་བསྡུས་དངུལ་ཉུང་ཉུང་། གནམ་གྲུའམ་མེ་འཁོར་པ་སེ་དང་ཉལ་ཁང་གི་གྲོགས་མོ་ཚོའི་སྐྱེས་སྐར་རོལ་དུས་དང་སློབ་གྲོགས་ཕན་ཚུན་མཚམས་རེར་མཉམ་འཛོམས་བྱེད་པའི་འགྲོ་སྒོ། ད་དུང་འོ་ཀྲིན་དང་ཁ་ཧྥེ། ཤ་སྐམ། མར་ཆུར་རྩམ་པ་སོགས་ཁ་ཟས་དང་མཁོ་ཆས་བསྐུར་བ་སོགས་བསྣན་ན། སློབ་ཡོན་མི་དགོས་པའི་གནས་སྟངས་འོག་ནས་ཀྱང་ལོ་བཞི་ལ་ཁྱོན་བསྡོམས་པས་སློབ་གྲྭ་རྐྱང་གི་འགྲོ་སྒོ་རགས་རྩིས་ལྟར་ན་ཧ་ལམ་སྒོར་ཁྲི་བཅུ་ཙམ་ལ་སླེབས།(དེའི་ནང་དུ་སྨན་ཁང་དུ་སྟོན་པའི་དམིགས་བསལ་གྱི་འགྲོ་སྒོ་དང་ལྭ་བ་དང་དེབ་སོགས་ཉོ་བ། ད་དུང་ཁྱིམ་དུ་སྡོད་དུས་ཀྱི་འགྲོ་གྲོན་དང་ཁྱིམ་མི་མཉམ་དུ་སྤྱད་པའི་འགྲོ་སྒོ་མི་ཐེ་བས་མི་སེར་ཕལ་པ་ཞིག་གིས་སློབ་ཆེན་སློབ་མ་གཅིག་རང་སྐྱེད་སྲིང་དགོས་ནའང་དཀའ་དཀའ་ཡིན་རྒྱུ་རེད་འདོད་ཡོང་། 

སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།

རྟ་མགྲིན་སྒྲོལ་མ།  ང་རང་གིས་བལྟས་ན་ལྟོས་བཅས་ཀྱིས་རང་གི་ཁྱིམ་གྱི་དཔལ་འབྱོར་གནས་ཚུལ་དང་བསམ་བློའི་གོ་རྟོགས་དང་འབྲེལ་བ་ཆེ་བར་སྙམ། ང་རང་ནི་མཐོ་འབྲིང་མཐར་ཕྱིན་ནས་སློབ་ཆེན་ལ་སླེབས་མ་ཐག་ནས་དྲ་སྒང་གི་བརྙན་འཕྲིན་དང་ཡག་ལས་ལ་མགོ་འཁོར་མྱོང་ཡང་རིམ་གྱིས་ཁོར་ཡུག་གི་ཤུགས་རྐྱེན་དང་བཅས་པའི་འོག་ནས་རང་ཉིད་ལ་ཤེས་བྱ་ཡོན་ཏན་འབྱོར་བའི་ཐད་ལ་འབད་པ་ཡིན། ང་ནི་ཞིང་པ་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐྱེས་པས་འཚོ་གནས་ཀྱི་དཀའ་སྡུག་གི་མྱོང་ཚོར་ཟབ་མོ་ཡོད། ངའི་ཁོར་ཡུག་ཏུ་སློབ་གྲྭ་མཐར་ཕྱིན་ན་བྱ་བ་ཡག་པོ་ཞིག་ལོན་དགོས་ཞེས་ཀུན་གྱིས་བཤད་པས་ང་ཡང་དེའི་དབང་དུ་སོང་ནས་བྱ་བ་རག་རྒྱུ་དེ་རང་གི་དམིགས་ཡུལ་ཉག་གཅིག་ཏུ་བརྩི་གི་ཡོད། དེ་བས་དགའ་ཕྱོགས་ངོ་མ་དང་རིང་དུ་བྲལ་ནས་རྒྱུགས་གཞི་ཁོ་ནར་འབད་པའི་འཕྲུལ་ཆས་ལྟ་བུར་གྱུར་ཡོད། ང་གཅིག་པུ་ཡང་མ་ཡིན་པར་ངའི་ཉེ་འཁོར་དུའང་དེ་འདྲའི་གནས་ཚུལ་མང་པོ་འདུག སློབ་ཆེན་འགྲིམས་ནས་རང་ཉིད་ཀྱི་མིག་རྒྱ་ཅུང་ཙམ་བསྐྱེད་པ་དེས་མི་གཞན་དག་ཅི་ལྟར་འཚོ་བ་དང་ཡང་ན་ཁོ་ཚོ་རང་ཉིད་མོས་པའི་ལས་ལ་ཞུགས་ཏེ་འབྲས་བུ་ཡང་ཐོན་པ་མཐོང་ནས་སྨོན་པ་ཤོར་ལ། རང་གི་བསམ་བློ་ལ་ཡང་འགྱུར་བ་བྱུང་ནས་འཚོ་ཚིས་ནི་འཚོ་བའི་རྨང་གཞི་ཙམ་ལས་ཡོད་ཚད་ལ་བརྩི་མི་ཉན་ཞེས་དྲན་སྐུལ་ཡང་བྱེད་ཀྱི་ཡོད། ད་ལྟའི་ང་ལ་མཚོན་ན་བྱ་དངོས་གསར་བ་དང་ཤེས་བྱ་གསར་བ་ལ་འཇུག་པའི་སྤྲོ་བ་ཡོད་ལ་མ་འོངས་པར་རེ་སྨོན་གྱིས་ཁེངས་ཡོད། འདི་ནི་བུ་དང་བུ་མོ་ལ་འབྲེལ་བ་མེད་པར་ཕལ་ཆེར་ཚང་མ་གཅིག་པ་ཡིན་ས་རེད་འདོད།

སྨིན་དྲུག གཞུང་ཞབས་ལོན་རྒྱུ་དེ་ནི་བོད་ཁུལ་ལ་མཚོན་ན་དར་སོ་འདྲ་ཞིག་ཏུ་ཆགས་ཡོད་པས་ཆུ་རྒྱུན་དྲག་པོ་དེ་འདྲའི་ཁྲོད་དུ་རང་ཚུགས་ཐུབ་མཁན་མང་པོ་མེད་པ་ལ་བསམ་ཤེས་བརྒྱ་ཆ་བརྒྱ་ཡོད། ཡིན་ཡང་འཚོ་ཚིས་ཁ་རྒྱབ་རྐྱང་ལ་དམིགས་པ་མིན་པའི་སྨན་བུ་མོ་རང་གི་དྲན་ཚུལ་དེ་ནི་ཁྱེད་རང་ཡར་སྐྱེད་འབྱུང་བྱེད་ཀྱི་རྒྱུ་རུ་འགྱུར་ངེས་པས་དངོས་གནས་དྲང་གནས་ཡག་པོ་རེད་འདུག

སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།

རྟ་མགྲིན་སྒྲོལ་མ།   ང་ནི་ཆུང་དུས་ནས་ཁྱིམ་མི་དང་དགེ་རྒན་གྱི་གཤོག་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས་གཞན་བརྟེན་གྱི་བསམ་པ་ཆེ་དྲགས་པས་སྤོབས་པ་ཆུང་ལ་རང་ཉིད་གཅིག་པུས་བསམ་གཞིགས་གཏོང་བའི་ནུས་པ་ལྟོས་བཅས་སུ་ཞན། དེ་དག་ནི་ཆུང་དུས་ཀྱི་འཚར་ལོངས་འབྱུང་སའི་ཁོར་ཡུག་དང་སློབ་གསོ་ལ་འབྲེལ་བ་ཆེན་པོ་འདུག་སྙམ། ང་ནི་ཆུང་དུས་བྱིས་པའི་སྐད་ཆ་ཞེས་སྣང་ཆུང་བྱེད་པ་དང་། ལག་ཆགས་དུས་བུ་མོ་ཚོས་ཅི་ཤེས་ཞེས་མཐོང་ཆུང་བྱེད་པ། ད་ལྟ་ཕ་ཡུལ་ལ་ལོག་ནའང་ཁྱོད་སློབ་མ་ཞིག་གིས་ཅི་ཤེས་ཟེར་ནས་ཅང་ལ་མི་བརྩི་བའི་ཁོར་ཡུག་ཅིག་ཏུ་སྐྱེས་པ་ཡིན། འོན་ཀྱང་སློབ་གྲྭའི་གླིང་ནས་བུ་བུ་མོ་ཚང་མ་ཕལ་ཆེར་ལྟ་སྟངས་གཅིག་པ་འཛིན་ཞིང་སུ་ལ་ནུས་པ་དང་གནས་ལུགས་ཡོད་ན་དེར་མཐོང་ཆེན་བྱེད་པས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ལྟར་བུ་མོ་ཚོར་མཚོན་ནའང་སློབ་ར་ནི་རང་ཉིད་མཐོར་འདེགས་གཏོང་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་པར་འདོད།

སྨིན་དྲུག ད་རེས་ཀྱི་ལེ་ཚན་ནང་དུ་ངའི་བློ་ཡུལ་ལས་འགོངས་པ་ཞིག་བྱུང་བ་ནི། བུ་མོ་ཕལ་མོ་ཆེས་རང་གི་གོ་བབ་དང་གནས་སྟངས་དམའ་བའི་ཚུལ་དེ་རྟོགས་འདུག་པ་དེའོ། །དེ་ནི་ཧ་ཅང་གལ་ཆེན་པོ་ཡིན། དཔེར་ན། མི་ཞིག་ལ་ནད་བྱུང་ཡང་རང་ལ་ན་ཚ་ཡོད་པའང་མ་ཤེས་ཚེ་ནད་བཅའ་ཐབས་མེད་པ་ལྟ་བུ་རེད། 

སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།

རྟ་མགྲིན་སྒྲོལ་མ།     ང་ཚོའི་འཛིན་གྲྭའི་ནང་གི་བུ་མོ་ཚོ་ནི་བུ་ལས་ཧུར་བརྩོན་ཆེ་ལ། ནམ་རྒྱུན་རྒྱུགས་འབྲས་བཟང་བར་འདུག་ཅིང་བྱེད་སྒོ་འདྲ་མིན་ལ་ཞུགས་མཁན་ཕལ་ཆེར་བུ་མོ་ཚོ་རེད་ལ་འཛིན་གྲྭའི་དོ་དམ་གྱི་བྱ་བ་བྱེད་པར་ཡང་བུ་མོ་ཚོ་མཁས་པར་འདུག དེའི་རྒྱུ་རྐྱེན་ང་ཚོའི་འཛིན་གྲྭར་མི༣༩ཡོད་པ་ལས་བུ༨མ་གཏོགས་མེད་པའི་རྐྱེན་གྱིས་ཡིན་ཡང་སྲིད།

སྨིན་དྲུག ཁྱེད་ཀྱི་འཛིན་གྲྭའི་ནང་དུའང་བུ་བུ་མོ་གཉིས་ཀྱི་གྲངས་ཀ་ཁྱད་པར་ཤོར་འདུག་ག ཆེད་ལས་ཤིག་དང་འབྲེལ་བ་ཡོད་པ་མིན་འགྲོ། ཀྲུང་དབྱང་མི་རིགས་སློབ་གླིང་ཡོངས་ལ་མཚོན་ན་སྤྱིའི་གྲངས་ཀ་བུ་མོས་མང་པོ་ཟིན་ཞིང་། བོད་ཀྱི་རྩོམ་རིག་དང་ཁྲིམས་ལུགས་ཀྱི་ཆེད་ལས་འཛིན་གྲྭའི་ནང་དུའང་བུ་ལས་བུ་མོ་མང་པོ་འདུག་སྐད།

སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།

རྟ་མགྲིན་སྒྲོལ་མ།  གྲངས་ཀ་མང་ཉུང་གི་ཐད་ནས་རང་ཉིད་ཀྱིས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ནུས་མོད། ཁ་ཕྱོགས་ཡིན་ན་ང་རང་ཉིད་ནི་སྲོལ་རྒྱུན་གྱི་དཔེ་དེབ་ཀློག་པར་དགའ། སྤྱི་ཚོགས་སུ་འབུར་དུ་ཐོན་ཐུབ་ཀྱི་མེད་པ་ནི་མི་སྒེར་གྱི་གནད་དོན་ལས་གཞན། སྤྱི་ཚོགས་སྤྱིའི་ཁོར་ཡུག་གིས་སྐྱེས་མ་ཚོར་གོ་སྐབས་འདྲ་མཉམ་སྤྲོད་གི་ཡོད་མེད་ལ་ཡང་རག་ལས་ཡོད་སྲིད་སྙམ།

སྨིན་དྲུག ལེགས་སོ། །སྤྱིར་བཏང་དཔེ་ཀློག་ལ་དགའ་བ་ནི་ངོ་སོ་དགུང་ལ་བསྟོད་འོས་པའི་གནས་ཤིག་ཡིན་མོད། རང་གི་ཉམས་མྱོང་ལྟར་ན། དཔེ་ཀློག་གི་ཁ་ཕྱོགས་ཅུང་རྒྱ་ཆེ་ན་ཕྱོགས་ཡོངས་ཀྱི་སྤུས་ཀ་ཡར་འཕགས་འབྱུང་བར་ཕན་ཆ་ཆེ་བར་འདོད། རང་ཅག་གི་སྲོལ་རྒྱུན་ཏེ་མེས་པོ་གོང་མའི་མཛད་རྣམ་དང་གདན་རབས་དང་ཆོས་འབྱུང་དང་ལོ་རྒྱུས་སོགས་མ་ཤེས་ན་ག་ལ་འགྲིག་ཅིང་། དེང་རབས་ཀྱི་ཤེས་བྱ་དང་འགྲོ་མི་སྤྱི་ལ་ཁྱབ་པའི་ཡོངས་ཁྱབ་རིན་ཐང་མ་ཤེས་ནའང་མགོ་རྨོངས་ཤིང་གླེན་རྟགས་བསྟན་འགྲོ་བ་མ་ཡིན་ནམ།

སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།

རྟ་མགྲིན་སྒྲོལ་མ། བསླབ་གཞིའི་ཆེད་ལས་ཀྱི་ཐད་ནས་ངའི་ཉེ་འགྲམ་གྱི་བུ་མང་ཆེ་བས་ནི་རང་གི་དགའ་ཕྱོགས་ལྟར་འདེམ་པ་དང་། བུ་མོ་མང་ཆེ་བས་ནི་གང་ཞིག་རང་ཉིད་ལ་ཕན་ན་དེ་འདེམ་གི་ཡོད་ཤས་ཆེ།

སྨིན་དྲུག མིག་སྔའི་ཁེ་ཕན་ཙམ་ལ་དམིགས་ནས་རང་ཉིད་མི་དགའ་བའི་ཆེད་ལས་བདམ་པ་ཡིན་ན་ལུས་ངག་ཡིད་གསུམ་དེའི་སྟེང་དུ་གཞོལ་མི་ཐུབ་པ་དཔེ་ཡིན་པས་འགྲོ་སྟངས་འདིའང་བསྒྱུར་རིགས།

བུ་མོ་ཚོ་སློབ་གྲྭ་ནས་ཐོན་ཞིང་སྤྱི་ཚོགས་སུ་ཞུགས་རྗེས་གཟེངས་སུ་ཐོན་ཐུབ་ཀྱི་མེད་པ་ལ་རྒྱུ་རྐྱེན་མང་པོ་ཡོད་སྲིད་མོད། གཅིག་ནི་རང་གི་དགའ་ཁ་འཁྱེར་ཕྱོགས་ལྟར་ཆེད་ལས་མ་བདམ་པས་ཡིན་གྱི་རེད། ལས་གང་ཞིག་ཡིན་རུང་ཐོག་མར་དེ་ལ་དགའ་སྣང་ཡོད་དགོས་པའི་ཁ་ལ་རང་གི་འཇོན་ཐང་དང་ནུས་པ་ལ་ཡང་མཐུན་དགོས། རང་ཉིད་དགའ་བའི་ལས་གང་དེར་ཞུགས་ན་ད་གཟོད་དམིགས་པ་རྩེ་གཅིག་ཏུ་གཏོད་ཐུབ། རྩེ་གཅིག་དང་རྣམ་དག་གིས་འཇུག་པ་ལས་ཐུན་མིན་གྱི་རྣམ་དཔྱོད་དང་གསར་རྙེད་འབྱུང་བ་ནུབ་གླིང་པ་ཚོའི་ཁྲོད་ན་བདེན་དཔང་བྱས་དང་བྱེད་མུས་ཡིན་པ་མཐོང་ཆོས་སུ་གྲུབ་ཡོད། དེ་ག་ནང་བཞིན་རང་གི་ལྷན་སྐྱེས་ཀྱི་ཤེས་རབ་དང་འཇོན་ཐང་ལ་འགལ་བ་ལྟག་སྤྲོད་དུ་མ་སོང་ཚེ་བག་ནུས་ཐོན་སླ་བ་རྒྱུན་ལྡན་ཡིན། ཡང་ལས་རིགས་ལ་ལ་ཞིག་ལ་དགའ་བ་ཙམ་གྱིས་ཀྱང་མི་ཆོག་སྟེ། དཔེར་ན། ལྷན་སྐྱེས་སུ་མཛུབ་མོ་ཐུང་བའི་མི་ཞིག་རྣོ་སྦྲེང་ལ་དགའ་སྟེ་སྦྱངས་ན་ཡང་མཛུབ་མོའི་ཆ་རྐྱེན་ཞན་པའི་དབང་གིས་གཞན་ལས་དཀའ་ངལ་ཆེ་བ་ཡིན། སྐད་ངག་མེད་མཁན་ཞིག་གཞས་གཏོང་བར་དགའ་ཡང་སྙན་ཞིང་འཇེབས་པ་གཏོང་མི་ཐུབ་པ། གཟུགས་སྦོམ་ལ་ལྟིག་པ་ཞིག་གིས་ཞབས་བྲོ་འཁྲབ་ན་ལྡེམ་མྱུར་མེད་པས་གཟུགས་སྐྱེས་ལེགས་པ་ཚོ་ལས་ལྡབ་འགྱུར་གྱིས་རྔུལ་ཆུ་འདོན་དགོས་གཤིས་དགའ་བ་ཙམ་གྱིས་ཡོད་ཚད་ཡོང་བ་མིན། དེ་རྣམས་རིགས་བསྒྲེ་བགྱིས་ན་མང་པོ་ཞིག་ཞོར་ལ་ཤེས་ཡོང་བས་སྤྲོས་པར་མི་བཤད།

སྨིན་དྲུག ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།

རྟ་མགྲིན་སྒྲོལ་མ།     འདི་ལ་ད་སྔ་ངས་ཁྱད་པར་ཡོད་པ་ཚོར་མ་བྱུང་།

སྨིན་དྲུག སྤྱིར་བཏང་ལྷན་སྐྱེས་སུ་ཁྱད་པར་ཡོད་ཀྱི་མ་རེད་དེ། ཁྱད་པར་ཤོར་བའང་སློབ་གསོའི་བག་ཆགས་དང་སྤྱི་ཚོགས་ཀྱི་འཚོ་བའི་ཤུགས་རྐྱེན་ཏེ། སྐྱེས་མ་ཚད་ལྡན་ཞིག་འཁྱུང་མིན་གྱི་ཚད་གཞི་ནི་ཁྱིམ་འཛིན་མ་བཟང་པོ་ཞིག་ཡོང་མིན་དེ་ཡིན་པ་ལས། ལས་དོན་རྒྱ་ཆེན་པོ་གཏིང་ཟབ་པོ་སྒྲུབ་པ་དང་མིག་རྒྱང་རིང་བོ་འཛིན་པའི་རེ་བ་རང་གཞན་ཀུན་གྱིས་མི་འཇོག་པ་དང་འབྲེལ་བ་མེད་པ་ག་ལ་ཡིན་ནོ། །

སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།

རྟ་མགྲིན་སྒྲོལ་མ།     ངའི་མི་ཚེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་ནི་ངའི་ཕུ་བོ་ཡིན། ངེད་ཚང་ལ་ཕྲུ་གུ་ཕུ་བོ་ངེད་གཉིས་ལས་མེད། ཕུ་བོས་རང་ཉིད་ཀྱི་ཧུར་བརྩོན་ལ་བརྟེན་ནས་རང་གི་ལས་དབང་ལ་ཁ་ལོ་བསྒྱུར་བར་མ་ཟད། བཟའ་མི་གང་བོ་ཁ་རྒྱབ་འཕྱིད་ཐབས་ཙམ་ལས་འགོངས་སུ་བཅུག་སྟེ། ང་ལ་ཡང་སློབ་སྦྱོང་གི་གོ་སྐབས་བཟང་པོ་འདི་བྱུང་བ་ཡིན།

སྨིན་དྲུག དེ་འདྲའི་མིང་སྲིང་ཡོད་ན་བསོད་ནམས་རེད། ལྷག་ཏུ་ཁྱོད་ལ་རིག་གནས་ཡོན་ཏན་སྦྱོང་བར་མཐུན་རྐྱེན་སྦྱོར་མཁན་གྱི་ཕུ་བོ་ཞིག་ཡོད་པ་རང་གི་བསོད་ནམས་ཀྱི་ཚོགས་བསགས་ཡིན་པས་གཅེས་སྤྲས་གནང་རོགས།

སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།

རྟ་མགྲིན་སྒྲོལ་མ། ལས་ཡག་པ་ཞིག་ལ་ད་སྔ་བར་དུ་རང་ཉིད་དངོས་སུ་དོན་དག་དེ་འདྲར་ཐུག་མ་མྱོང་ཡང་། ངའི་གྲོགས་མོ་ཞིག་དམའ་འབྲིང་འགྲིམ་དུས་བུད་མེད་དགེ་རྒན་ཞིག་ཡོད་པ་དེས་རྒྱུན་པར་བུ་མོ་ཚོར་ཉལ་རུལ་དང་རུལ་མ་ཞེས་སྡིགས་མོ་བྱེད་པས་མི་ཚད། ད་དུང་ཆད་པ་ཡང་བུ་ཚོ་དང་བསྡུར་ན་བུ་མོ་ཚོར་མང་ཙམ་གཅོད་ཀྱི་ཡོད་པ་དངོས་སུ་གོ་མྱོང་།

སྨིན་དྲུག བུད་མེད་དགེ་རྒན་དེ་ལ། ཝ་སྐྱེས་རྒྱལ་པོར་བསྐོས་པ་ན། རང་གི་རིགས་ལ་ལྷག་ཏུ་སྡང་། ཞེས་པའི་ང་ཚོའི་གཏམ་དཔེ་དེ་མཛའ་འདུག་པས་བསྐུར་པ་ཡིན།

སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།

རྟ་མགྲིན་སྒྲོལ་མ། དོན་དག་དེ་འདྲར་ད་སྔ་ཐུག་མ་མྱོང་ལ་སླད་ཕྱིན་ཡང་མི་ཐུག་པར་སྨོན། ང་རང་བུ་ལས་བུ་མོ་ཚོར་བློ་ཉེ་བར་འདུག བུ་མོ་ཚོས་ཕན་ཚུན་གྱི་སེམས་རྟོགས་ཐུབ། བུ་ཚ་ཚོ་ནི་འགྲོགས་ཡུན་ཅི་འདྲ་རིང་ཡང་སེམས་ཐག་རིང་བའི་མི་ཞིག་ཏུ་བརྩི་ཡི་ཡོད།

སྨིན་དྲུག བུ་ཚ་ཚང་མ་ལ་རྒྱང་བཀྱེད་དགོས་པའི་ངེས་པའང་ཡོད་ཀྱི་མ་རེད་འདོད། སྤྱིར་ཕོ་མོ་སུ་ཡིན་རུང་བཟང་ངན་གཉིས་ཀ་ཡོད་རེད། སྐྱེས་པའི་ནང་དུའང་མི་ཡག་པོ་ཞེ་དྲང་ཡིན་རྟོན་རུང་བ་མང་པོ་ལ་ང་རང་ཕྲད་མྱོང་། ང་ལ་མདོ་དབུས་ཁམས་གསུམ་ན་སྐུ་ཞབས་གྲོགས་པོ་བློ་གཏོད་རུང་བ་ཕྱི་ཐག་རིང་བའང་སྐོར་ཞིག་ཡོད།

སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་ལ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ་སོགས་ཀྱིས་རེད། 

རྟ་མགྲིན་སྒྲོལ་མ།     དཀའ་ངལ་ཆེས་ཆེ་བ་ནི། རང་རྒྱུས་རང་གིས་མི་ལོན་པར་མ་འོངས་པར་ཁ་ཕྱོགས་ཡག་པོ་ཞིག་མ་རྙེད་ན་ཅི་བྱེད་ཅེས་པ་དེ་རེད། དེ་མིན་གཞན་དང་བསམ་བློ་བརྗེ་རེས་བྱེད་མ་ཐུབ་པ་དང་རང་ཉིད་ཀྱི་གནད་དོན་ཕྱིར་འདོན་མ་ཐུབ་པའི་དཀའ་ངལ་ཡང་འདུག་སྙམ།

སྨིན་དྲུག ཁ་ཕྱོགས་མི་རྙེད་འདོད་དེ་སེམས་ཁྲལ་ཆེ་བ་ལ་ཁག་མི་འདུག ལོ་ཆུང་རེད་མོ། ད་ནས་དེ་འདྲའི་སེམས་འཚབ་ཡོད་ན་ག་ལེར་ཁ་ཕྱོགས་རྙེད་པར་དོགས་སྣང་མི་དགོས། གང་ལྟར་ཁྱེད་ཀྱིས་དེ་ཕྱོགས་ལ་འདང་བརྒྱབ་ཚར་བས་ཡག་པོ་ཡོང་ངེས་རེད།

སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲེས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།

རྟ་མགྲིན་སྒྲོལ་མ། འདི་ནི་བུ་དང་བུ་མོ་ཞེས་དགར་དུ་མི་རུང་བར་རང་རང་གི་གཤིས་ཀར་ཐུག་པ་ཞིག་རེད་འདོད། ད་ལྟར་མི་སྤྱིའི་ཀུན་སྤྱོད་དང་ཤེས་ཡོན་གྱི་ཆུ་ཚད་མཐོར་འགྲོ་བཞིན་པས་དོན་དག་ཆུང་ཆུང་ལ་དོ་སྣང་དེ་འདྲ་བྱེད་མཁན་མེད་ཚོད་རེད། གལ་ཏེ་ཁྱད་པར་ཡོད་ན་དེ་ནི་སློབ་གསོའི་ཁོར་ཡུག་གི་རྐྱེན་ཨེ་ཡིན་སྙམ།

སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།

རྟ་མགྲིན་སྒྲོལ་མ། སློབ་ཁྲིད་བྱེད་སྟངས་ཐད་ནས་ཅུང་ཙམ་ཆེད་ལས་རང་བཞིན་ཤུགས་ཆེ་ན་བཟང་སྙམ། སློབ་གྲྭའི་དོ་དམ་ཐད་ནས་མི་ཤེས། ཉལ་ཁང་གི་ཆ་རྐྱེན་འདི་ལས་ཅུང་བཟང་ན་ཅི་མ་རུང་སྙམ། ད་དུང་དཔེ་མཛོད་ཁང་ཡང་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བསྡུར་ན་ཅུང་ཞན་ཚོད་རེད།

སྨིན་དྲུག བོད་ཀྱི་སློབ་ཆེན་སྐོར་ཞིག་གི་དཔེ་མཛོད་ཁང་གི་ཆ་རྐྱེན་མི་ལེགས་ཚུལ་བཤད་མཁན་འདུག གལ་སྲིད་ལམ་ལུགས་ཡག་པོ་ཡོད་པའི་ཡུལ་ལུང་ཞིག་ཡིན་ཚེ། ང་ཚོ་སྤྱི་དམངས་ཕལ་པའི་བསམ་ཚུལ་ཡང་རང་གར་སྣང་མེད་དུ་མི་འཇོག་ཚོད་རེད། ང་ཚོར་སྒྲིག་གཞི་གང་ཞིག་ལ་ལེགས་བཅོས་གཏོང་བའི་དབང་ཆ་མེད་པ་བདེན་མོད། ཡིན་ཡང་རང་ཉིད་འཚོ་སའི་ཁོར་ཡུག་གི་མ་འདང་ས་དང་ཞན་ཆའང་མ་རྟོགས་པ་ཡིན་ན་དེ་བས་ཇེ་ངན་ཇེ་ལོད་དུ་འགྲོ་བ་མ་ཡིན་ནམ།

སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།

རྟ་མགྲིན་སྒྲོལ་མ།     ཆེས་བརྗེད་དཀའ་བ་ནི་ལྷིང་འཇགས་དང་དྭངས་གཙང་གི་སློབ་སྦྱོང་གི་ཁོར་ཡུག ལྷག་བསམ་ཟོལ་མེད་ཀྱི་སློབ་གྲོགས་ཕན་ཚུན་གྱི་བརྩེ་བ། ཆ་འཕྲིན་གྱི་ཐོན་ཁུངས་མོད་པ་དེ་དག་རེད།

སྨིན་དྲུག  དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།  

རྟ་མགྲིན་སྒྲོལ་མ།     དེ་སྔོན་གོ་ཐོས་ལྟར་ན། བུ་མོ་འགར་གནས་ཚུལ་སྡུག་པོ་དེ་འདྲ་བྱུང་ཡང་དགའ་རོགས་ཀྱིས་རོགས་རམ་བྱས་ཚུལ་གཅིག་ཀྱང་མ་ཐོས་ལ། ཚང་མ་བུ་མོ་རང་ཚོས་གོ་མེད་ཚོར་མེད་ངང་སྐྱེས་ནས་མར་འཕངས་ཟེར།

སྨིན་དྲུག ང་རང་མཐོ་འབྲིང་འགྲིམ་དུས་སུ། ཐང་བུ་འཁོར་ཏེ་སློབ་བྱོལ་བྱས་པའི་བུ་མོ་ཡོད་ལ་མཐར་ཕྱིན་ལ་ཡོད་དུས་མངལ་འཁོར་བར་སློབ་གྲྭས་མ་ཤེས་པའང་ཡོད། བུ་མོ་ཞིག་གིས་བཙའ་མ་རན་པའི་དམར་འབྱར་སྤྱོད་ཁང་དུ་བུད་རྗེས། སློབ་གྲོགས་བུ་མོ་ཚོས་བཤད་པ་ཡིན་རྒྱུ་རེད་སློབ་གྲྭས་ཤེས་ཤིང་དོན་དག་དེ་ཐག་གཅོད་དུས། ཐང་བུའི་ཨ་ཕ་སུ་ཡིན་མིན་གསང་བ་བྱས་ཏེ་འགན་ཡོད་ཚད་རང་གིས་ཁུར་བར་བུ་མོ་དེ་སློབ་གྲྭ་ནས་ཕྱིར་འབུད་བཏང་བ་རེད།

སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།

རྟ་མགྲིན་སྒྲོལ་མ།     མཐར་ཕྱིན་རྗེས་མུ་མཐུད་ཞིབ་འཇུག་བཏོན་ནས་ནུས་པ་མཐོར་འདེགས་དང་རང་ཉིད་ཀྱི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ། གཉེན་སྒྲིག་གི་ལྟ་བ་བཅས་ཆ་འདྲ་བ་ཞིག་ཆགས་ན་གཞི་ནས་སྤྱི་ཚོགས་ལ་ཞུགས་ནས་ལག་ལེན་ལ་འབད་རྒྱུ་ཡིན།

སྨིན་དྲུག དེ་རྣམ་དཔྱོད་ཅན་གྱི་བསམ་ཚུལ་ཞིག་རེད་འདུག སྤྱིར་བཏང་ནུབ་ཕྱོགས་སུ་ལོ་ན་སོན་དུས་གཉེན་སྒྲིག་བྱེད་པ་དེ་ཡང་གཙོ་བོ་སློབ་གསོ་ཡག་པོ་ཐོབ་ཅིང་རང་རྐྱ་འཕེར་བ་ཡིན་ན་ཁྱིམ་ཚང་གི་འཚོ་ཚིས་དང་བྱིས་པའི་སློབ་གསོ་སོགས་ཁྱིམ་སྲིད་ཐད་ནས་དཀའ་ངལ་མི་འབྱུང་བ་སོགས་ཀྱི་ཆེད་དུའང་ཡིན་ས་རེད།

སྨིན་དྲུག  ཁྱོད་ལ་མཚོན་ན། འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བ་ཅི་ཞིག་རེད། གལ་སྲིད་རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།

རྟ་མགྲིན་སྒྲོལ་མ།     ཆེས་མེད་དུ་མི་རུང་བ་ནི་དངོས་པོའི་འཚོ་རྟེན་ཡིན་པར་འདོད། འཚོ་རྟེན་ལ་རྦད་དེ་སེམས་ཁྲལ་མི་དགོས་ཚེ་གཞི་ནས་རང་ཉིད་ཀྱི་བདག་པོ་རང་གིས་བྱེད་ཆོག་པར་སྙམ། ངའི་ཕུགས་བསམ་ཁྲོད་ཀྱི་མ་འོངས་པ་ནི་མི་གཞན་གྱི་ཁ་ངོ་ལ་བལྟ་མི་དགོས་པར་རང་ཉིད་ཀྱི་བདག་པོ་རང་ཉིད་ཀྱིས་བྱེད་ཆོག་པ་དེ་འདྲ་ཞིག་ཡིན།

སྨིན་དྲུག ངོ་མ་རེད། རང་མགོ་ཐོན་ཞིང་རང་རྐྱ་འཕེར་བ། འཚོ་ཚིས་ཁ་རྒྱབ་ལ་འདང་རྒྱག་མེད་ན། རང་ལ་བདག་པའི་ཁང་མིག་ཅིགལས་གུ་ཡངས་སོས་དལ་ངང་ནས་འཕེན་པ་ལས་དོན་གཞན་ལ་གཏད་ཆོག་ཆོག་ཡིན། འཇིག་རྟེན་འདིའི་སྐྱོ་གར་ཆེ་ཤོས་ནི། གཞན་གྱི་ངོ་འཚོ་ཞིང་སྤྲེལ་ལད་ཁྲོད་དུ་མི་ཚེ་རྫོགས་པ་ལས་གཞན་ཅི། དེ་འདྲ་ཡིན་ཙང་། དཔལ་འབྱོར་སྒེར་ཚུགས་དང་བསམ་བློ་སྒེར་ཚུགས་ཡོང་རྒྱུ་ནི་རང་གི་སྣ་དིག་རང་གི་ལག་ཏུ་ཡོང་བའི་སྔོན་འགྲོ་མཐུན་རྐྱེན་གཅིག་པུ་ལྟ་བུ་ཡིན། འདི་འདྲའི་བསམ་ཚུལ་ཅན་སྐོར་ཞིག་ཡོད་པ་ད་རེས་ཀྱི་ཁ་བརྡ་ལས་ཀྱང་མཐོང་བས་ཧ་ཅང་དགའ། འདིའང་འུ་ཅག་ལ་མཚོན་ན་རྟགས་དང་རྟེན་འབྲེལ་བཟང་པོའི་སྔ་ལྟས་ཤིག་ཡིན་པ་སྨོས་མི་དགོས། དེས་ན་དེ་ལྟར་ཡོང་བའི་སྨོན་ལམ་སྨན་ཆུང་ཁྱེད་ཀྱིས་གཙོས་པའི་དེང་རབས་བུ་མོ་བྱིངས་ལ་འདེབས་གི་ཡིན།

སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།

རྟ་མགྲིན་སྒྲོལ་མ།     མ་འོངས་པར་རང་ཉིད་ཀྱི་ཤེས་ཡོན་ལ་བརྟེན་ནས་འཚོ་རྟེན་ཞིག་བཙལ་རྗེས་བརྩེ་དུང་ཅན་གྱི་མི་ཞིག་དང་ཕྲད་ན་ཁྱིམ་ཚང་ཞིག་བཅས་ནས་འཚོ་བ་ཡག་པོར་རོལ་བ་དང་མ་མཐུན་ན་རང་རང་སར་སོང་སྟེ་རང་གཅིག་པུས་འཚོ་བ་སྐྱེལ་བའི་བསམ་པ་ཡོད། སྐད་ཡིག་དང་རིག་གནས་ཐད་ནས་བཤད་ན། གང་ནུས་ཀྱིས་དེ་ལ་ཞབས་འདེགས་ཞུ་བའི་བསམ་པ་ཡོད།

སྨིན་དྲུག ད་ནི་དམིགས་བསལ་གྱི་དུས་ཤིག་ལ་སླེབས་ཡོད་ཙ་ན། རང་གི་སྐད་དང་ཡི་གེ་ལ་ནུས་ཚོད་ཀྱིས་ཞབས་ཞུ་རེ་བྱེད་རྒྱུ་ནི། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་གཡོལ་དུ་མེད་པའི་དོན་དག་ཅིག་ཏུ་གྱུར་ཡོད། མི་རིགས་དང་མི་སྒེར་གྱི་རྩིས་ཐང་ནི་སྣམ་བུའི་རྒྱུ་དང་སྤུན་ལྟར་དུ་འདྲེས་ཡོད་པས་འགར་ས་འགྲོ་གི་མ་རེད། སྣུམ་བག་ཅན་གྱི་སྐད་དང་ཡི་གེ་འདི་ནུབ་ཚར་དུས། ང་ཚོ་ཕྲེང་ཐག་བཤངས་པའི་ཕྲེང་རྡོག་ལྟར་དུ་གང་སར་ཐོར་འགྲོ་བ་ངེས་ཅན་ཡིན། དེ་དུས་གཅིག་ནས་རིག་གནས་ངོས་འཛིན་ས་མེད་པ་དང་གཉིས་ནས་རིགས་ཁྱུའི་འདུ་ཤེས་མེད་པར་གྱུར་ཏེ་ལུང་པ་རེ་ན་ཁྱི་ལྡོམ་རེའི་དཔེ་རུ་འགྲོ་བ་སྒོས་སུ་རྣམ་དཔྱོད་ཅན་གྱི་གཞོན་སྐྱེས་དག་དང་ཕ་མ་དག་གིས་ཡིད་ལ་འཇགས་དགོས་སྙམ།

སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།

རྟ་མགྲིན་སྒྲོལ་མ། སེམས་ནང་གི་བཟའ་ཟླ་ནི་འགན་འཁྲི་ཡོད་པ་སྟེ་ཐོག་མར་རང་ཉིད་ལ་འགན་ཁུར་བའི་རྨང་གཞིའི་སྟེང་ཁྱིམ་མི་ལ་འགན་ཁུར་བ། ལས་གནས་ལ་འགན་འཁུར་བ། བྱ་བ་ཅི་དང་གང་ལ་ཐུག་ཀྱང་གྲོས་བསྡུར་ནས་སྒམ་བརླིང་གིས་ཐག་གཅོད་ཐུབ་པ་ཞིག་ཡིན་ན་བཟང་བར་སེམས།

སྨིན་དྲུག གྲོས་མི་ལ་དྲིས། གྲོས་ཐག་རང་གིས་གཅོད། ཅེས་གྲོས་མི་ལ་འདྲི་བ་དེ་བཟང་མོད་ཀྱང་། གྲོས་ཐག་གཅོད་པའི་ཆ་ཤས་རྩ་བ་ནས་མི་ལེན་པ་དེ་ཧ་ཅང་མི་ལེགས། དེས་ན་དེང་དུས་ཀྱི་སྐྱེས་མ་རྣམས་ཁྱིམ་ཚང་དང་སྡེ་བ་དང་རུ་བ་དང་ཚོ་བ་དང་མཐོ་རིམ་གྱི་གྲོས་ཆེ་ཆུང་ཀུན་ཏུ་ཞུགས་པར་ཉེར་བསྡོགས་བྱེད་རན་མི་འདུག་གམ། ལེའུ་སྔོན་མའི་ནང་གླེང་ཡོད་པ་ལྟར། གལ་སྲིད་དེའི་སྐོར་གྱི་ནུས་པའང་སྔོག་འདོན་མ་ཐུབ་ཚེ་བག་ལ་ཞ་འགྲོ་བ་ཆོས་ཉིད་ཡིན།

སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།

རྟ་མགྲིན་སྒྲོལ་མ།     ཁྱིམ་ནི་འཇུ་སྐལ་བཟང་གི༼རང་ཁྱིམ༽ཞེས་པར། མི་ཡུལ་ན་ཆེས་བྱམས་བརྩེ་ལྡན་པའི་དབུ་སྐྲ་དཀར་པོ་ཅན་ཞིག་གིས་འདི་ག་ནས་ཁྱོད་ཀྱི་གོམ་སྒྲ་ལ་ཞིབ་ཉན་བྱེད་བཞིན་ཡོད་ཅིང་། ས་སྟེང་ན་ཆེས་སྙིང་དུ་སྡུག་པའི་མིག་འབྲས་དྭངས་མོ་ཞིག་འདི་ག་ནས་ཁྱོད་ལ་སྔོན་བསུ་བྱེད་པར་རྒྱུག་འོང་ལ། འཇིག་རྟེན་ན་ཆེས་ཡི་གར་འོང་བའི་འཛུམ་དཀར་གསར་བ་ཞིག་འདི་ག་ནས་ཁྱོད་ལ་སྒོ་གླེགས་ཕྱེ་བར་ཕེབས་འོང་། ཁྱོད་ཀྱིས་ངལ་དུབ་དང་སུན་སྣང་རྒྱབ་གང་ཁུར་ཏེ་རང་ཁྱིམ་གྱི་སྒོ་དྲུང་དུ་ལྕིད་ལྟིག་གེར་དབོར་ཆོག་ལ། གླེང་བརྗོད་དང་འཁང་ར་རུམ་གང་ཁྱེར་འོངས་ཏེ་རང་ཁྱིམ་གྱི་གྲུ་ག་རུ་རྡུལ་ཉིལ་ལེར་བྱོ་ཆོག་ཆོག་ཡིན་ཏེ། ཁྱོད་ནི་རང་ཁྱིམ་གྱི་ཆེས་དྲོ་སའི་སྒྱེད་རྩ་རུ་སྐྱིལ་ཀྲུང་དུ་སྡོད་པའམ། ཆེས་བདེ་སའི་འབོལ་ཁྲི་རུ་བྱམས་འདུག་ཅིག་བྱས་ཏེ། གསོལ་ཇ་ཚ་མོ་ཕོར་བ་གང་མ་འཐུང་བའི་ཞར་ལ་དེ་རིང་གི་བྱུང་བ་ཐམས་ཅད་ལྷག་མེད་དུ་ཐེངས་ཤིག་བརྗོད་ཚེ། མིག་ཟུར་གྱིས་གོས་པའི་མནོལ་གྲིབ་ཡོད་ཚད་རང་ཤུགས་ཀྱིས་སངས་ཏེ་འགྲོ་ཞིང་། ཚིག་ཟུར་གྱིས་བཟོས་པའི་རྨ་ཁ་ཡོད་ཚད་རང་ཤུགས་ཀྱིས་སོས་ཏེ་འགྲོ། ཞེས་པ་ལྟར་ང་ཚོས་འཁོར་བ་འདི་ལ་ཨུ་ཚུགས་བྱས་པ་ལས་ཐོབ་པའི་རང་དབང་གི་གནས་མལ་ཆུང་ཆུང་དེ་བརྩེ་བས་སྐྱོང་ཞིང་། ཁྱིམ་ཚང་སློབ་གསོ་ནི་མི་རབས་རྗེས་མ་ལ་མཚོན་ན་ཐོག་མའི་སློབ་གསོ་ཡིན་པས་མ་འོངས་པར་མི་ག་འདྲ་ཞིག་ཏུ་འགྱུར་བར་འབྲེལ་བ་དམ་པོ་ཡོད། ཏག་ཏག་བཟའ་ཟླ་གཉིས་ཀའི་འཚོ་བ་རོལ་སྟངས་ནི་བྱིས་པའི་མིག་དཔེ་གསོན་པོ་ཡིན་པས་ན། ཕྱོགས་གཉི་གས་ཁྱིམ་ཚང་གི་སློབ་གསོ་དང་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པ་ལས། ཕྱོགས་གཅིག་གིས་འགྲུབ་ཐུབ་པ་ཞིག་མིན། དེ་བས་གལ་ཏེ་བཟའ་ཚང་བར་ལ་གནད་དོན་བྱུང་ན། ཐོག་མར་ཁྱོ་ག་དང་གྲོས་ལེགས་པོ་བྱས་ཀྱང་མི་ཉན་པར་རང་གཅིག་པུ་གཙིགས་སུ་བཟུང་ན་མུ་མཐུད་དུ་འདུག་དགོས་དོན་གང་ཡང་མེད་པས་འཐོར་ན་བཟང་སྙམ།

སྨིན་དྲུག འཇུ་སྐལ་བཟང་ལགས་ཀྱི<<རང་ཁྱིམ>>དྲོན་མོའི་སྙན་རྩོམ་མཉམ་རོལ་བྱས་པར་ཐུགས་རྗེ་ཆེ།

སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།  

རྟ་མགྲིན་སྒྲོལ་མ། དོན་དག་འདི་འདྲ་བྱུང་ན་ཐད་ཀར་གཉེན་འཐོར་ནས་མགྱོགས་པོར་ཁ་བྲལ་ན་བཟང་། དེ་འདྲ་མིན་ཚེ་རང་ཉིད་ཀྱང་སྦགས་བཙོག་བཟོ་སྲིད།

སྨིན་དྲུག ལགས་སོ། །མཇུག་སྡུད་པའི་སྐད་ཆའི་ནང་དུ། གོ་ལོག་ཐེབས་འདུག་པའི་དོན་དག་ཅིག་ལ་གསལ་བཤད་ཙམ་བྱས་ན། དེ་ཡང་། སྐྱེས་མའི་བདེ་སྡུག་གླེང་ཞིང་ཐོབ་ཐང་སྲུང་དགོས་ཚུལ་བཤད་ན། ཁ་ཤས་ཤིག་གིས་སྐྱེས་མ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་འཛོམས་ཤིག་ཏུ་ང་རང་གིས་ངོས་འཛིན་གྱི་ཡོད་པར་མཐོང་གི་འདུག དེ་འདྲ་ག་བ་ག་བ། 

བོད་ཀྱི་སྐྱེས་མའི་ཐོབ་ཐང་གླེང་དགོས་པའི་རྒྱུ་མཚན་མདོར་བསྡུས་ཤིག་བཤད་ན། ང་ཚོའི་རིག་གནས་དང་གོམས་སྲོལ་དང་ཆོས་ལུགས་དང་ལོ་རྒྱུས་དང་རྣམ་ཐར་དང་གླིང་སྒྲུང་དང་གཏམ་རྒྱུད་དང་ངག་རྒྱུན། དམངས་ཁྲོད་སོགས་ཧ་ལམ་ཐམས་ཅད་དུ། བུད་མེད་ལ་ནི་མ་ལག་ཚང་བའི(系统化)སྒོ་ནས་ཕྱོགས་ཞེན་གྱི་ལྟ་ཚུལ་ཞིག་རྒྱུན་འཇགས་སུ་གནས་ཡོད་པ་ཡིན། དེས་ནི་ངང་ངམ་ཤུགས་ཀྱིས་བུད་མེད་དང་བུ་མོ་ཚོའི་མི་ཚེ་དང་འཚོ་བ་དང་ལུས་སེམས་ཀུན་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། དེ་ཡང་། བུད་མེད་ལ་དམའ་འབེབས་བྱེད་སྟངས་སྣ་ཚོགས་ཡོད་པ་ལས། རྣམ་ཤེས་ཀྱི་སྐོར་ནས་བཤད་ན། མོ་ལུས་བླངས་ན་མི་བཟང་བ་དང་རྟེན་སྐྱེས་མ་ཡིན་ན་སྐྱེས་པ་ལས་རིམ་པ་དམའ་བའི་རིན་ཐང་ཞིག་འུ་ཅག་གི་ཆོས་རིག་དང་དམངས་ཁྲོད་ཀུན་ཏུ་ཁྱབ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་འགྲོ། གསོ་བ་རིག་པའི་ཐད་ནས་གླེང་ན། རིན་ཆེན་རིལ་བུ་སོགས་བཟོ་དུས་སྐྱེས་མ་དང་སྒོ་ཁྱི་གམ་དུ་བཏུད་ན་མི་ཉན་པ། (དང་ཐོག་སྲོལ་རྒྱུན་གྱི་ལྷ་རྗེའི་ལས་རིགས་ཁྲོད་དུ་སྐྱེས་མ་ཉུང་བ་དེའི་རྐྱེན་གྱིས་ཡིན་ཡང་སྲིད།) བླ་ཆེན་དཔོན་ཆེན་ཆིབས་བསུ་མཁན་ཁྲོད་དུ་བུད་མེད་ཡོད་པ་མིན། མདོ་དབུས་ཁམས་གསུམ་གྱི་དགོན་པ་མང་པོ་ཞིག་གི་མགོན་ཁང(རྫ་སེར་ཤུལ་དགོན་པས་བཅོས་བསྒྱུར་བཏང་ནས་བུད་མེད་ཀྱང་འགྲོ་ཆོག་གི་འདུག)དུ་བུད་མེད་མཆོད་མཇལ་ཞུ་མི་ཆོག་པ། མདའ་འཕེན་དུས་བུད་མེད་དེའི་ཉེ་སར་བཏུད་ན་རླུང་རྟ་མི་རྒྱུག་ཚུལ་བཤད་པ། མི་ཚོགས་འདུ་ས་རུ་ཡང་བུད་མེད་ནི་གྲལ་རྔ་འཛིན་མཁན་ཡིན་པ། བུ་བཙས་ན་ཆོ་ག་མང་ཞིང་བུ་མོ་བཙས་ན་དེ་དག་མེད་པ། ཐ་ན་དེ་གཉིས་ཀྱི་མིང་འདོགས་སྟངས་ཐད་ནས་ཀྱང་ཕོ་མོ་དབྱེ་འབྱེད་ཀྱི་རྣམ་པ་མངོན་གསལ་དོད་པོ་ཡིན་པ། དཔེར་ན། དབུས་གཙང་ཁུལ་ནས་བུ་ཁྲིད་དང་མཚམས་གཅོད། ཨ་མདོ་ཁུལ་དུ་བུ་མཚམས་སྐྱིད་དང་བུ་མོ་ཆོག་སོགས་ཡོད་པ་ལྟ་བུ། (བུ་མཚམས་གཅོད་དང་བུ་མོ་ཁྲིད་སོགས་ཀྱི་མིང་འདོགས་ཚུལ་ཀློག་མཁན་ཁྱོད་ཀྱི་ས་ན་ཡོད་དམ།) མིང་འདོགས་སྟངས་ཐད་ནས་ཀྱང་དམངས་སེམས་ཀྱི་འདོད་མོས་མངོན་གྱི་ཡོད་པ་ཡིན། དེ་མིན་ང་རང་གིས་བཀླགས་པའི་སྲོལ་རྒྱུན་གྱི་དཔེ་ཆ་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་ཆད་དུ་བུད་མེད་ལ་སྨད་ཚིག་སྤྱད་འདུག་ཟེར་ན་རྫུན་དུ་མི་འགྲོ་བའི་ཚོད་རེད། ཐ་ན་རང་རེའི་ཆོས་ཀྱི་གཞུང་ལ་མཁས་པའི་མཛོད་འཛིན་མཁན་མ་ཅིག་ལབ་སྒྲོན་དང་ཡེ་ཤེས་མཚོ་རྒྱལ། དབུས་བཟའ་མཁའ་འགྲོ་སོགས་ཀྱི་རྣམ་ཐར་དུའང་བུད་མེད་ལ་འཇུངས་པ་མེད་པར་སྨད་ཅིང་རང་གི་ལུས་རྟེན་ལ་འཁང་ར་བྱེད་པ་ནི་ཚེགས་མེད་དུ་མཐོང་ཡོང་། ཁག་ཅི། ཁོང་ཅག་ཀྱང་བུད་མེད་ལ་སྨད་ཅིང་སྡང་བའི་རིག་གནས་ཤིག་གིས་བསྐྱེད་པའི་ཐོན་འབྲས་རེད་མོ། བློ་ལ་མི་ཤོང་བ་ཞིག་ནི་བུ་མོའི་ལུས་ལ་རྟེན་ནས་ཆོས་པ་མང་པོའི་ཁྲོད་དུ་གཟེངས་སུ་ཐོན་པ་ཡིན་ནའང…..  ད་རུང་ངག་རྒྱུད་དང་སྒྲུང་གཏམ་སོགས་ཀྱི་ནང་དུ་མི་ཐ་ཤལ་དང་གདུག་རྩུབ་ཅན་དང་ངན་པ་དགུ་འཛོམས་དག་བུད་མེད་འཇོག་ལ། སྡིགས་མོ་བྱེད་སྟངས་ཐད་ནས་ཀྱང་། བདུད་མོ། སྲིན་མོ། འདྲེ་མོ། སྣ་ནག་མ། ནག་མོ་དང་སྐྱེས་དམན། སྨད་འཚོང་མ། གཡེམ་མ། འཕྱོན་མ་ཡུགས་ས་མ་སོགས་སྨད་ཚིག་རྫོགས་མཐའ་མེད་པ་ཡོད། དཔེར་ན། གཏམ་དཔེ་ཞིག་འཇོག་དུས་སུའང་མི་ལེགས་པ་ཐམས་ཅད་ཀྱི་ཚབ་ཏུ་བུད་མེད་འཇོག་པ་ལྟ་བུ། (སྐྱེས་པ་ལ་སྨད་ཚིག་དེ་འདྲ་མང་པོ་སྤྱོད་པ་མཐོང་སོང་ངམ།) ད་རུང་མང་སྟེ། ཁྱིམ་ཚང་ཞིག་ལ་ཆག་སྒོ་བྱུང་ན་བུད་མེད་ཀྱི་བྱས་ཉེས་སུ་བརྩི་བ་ཡོད་ལ། རྒྱལ་ཁབ་ཅིག་ཉམས་རྒུད་དུ་ཕྱིན་པ་ལ་ཡང་བུད་མེད་ལན་སོང་ཚུལ་བརྗོད། དེང་སྐབས་བོད་པ་ཅོལ་ཆུང་ཁ་ཅིག་གིས། ཐ་ན། བཙན་པོ་རྒྱལ་རབས་ཉམས་པའི་ཉམས་རྐྱེན་ཡང་བཙུན་མོ་ཁ་ཤས་སྟེང་ལ་འགེལ་གྱི་ཡོད་པ་མིན་ནམ། དེ་ནི་གང་གི་ཕྱོགས་ཞེན་གྱིས་གཙེས་པའི་ལྟ་བ་སྟེ་བུད་མེད་ལ་སྡང་བའི་སེམས་པ་ནད་ཅན་དེས་ངན་ཁག་བུད་མེད་ཀྱི་སྟེང་ལ་དཀྲི་བའམ་ཁ་འཕངས་ལག་ཕྱིས་བྱེད་པ་ཙམ་ལས་ཅང་མིན་པས་གླེང་རིན་མེད་མོད། ཡིན་ཡང་དེ་འདྲ་བའི་བཤད་ཡམས་དང་འགྲེལ་ལོག་དག་གིས་ཀྱང་ལྟ་རྒྱ་མཐོང་རྒྱ་མེད་པའི་གཞོན་རབས་དག་ལོག་པའི་ལམ་དུ་མི་འཁྲིད་པའི་ངེས་པ་ག་ལ་ཡོད། དེ་བཞིན་རིས་གཅོད་དང་འཐེན་འཁྱེར་གྱི་ལྟ་བ་རབ་དང་རིམ་པ། ཆ་ལག་དང་ཉིང་ལག་ཚང་བའི་དམའ་ཕབ་སྟངས་རྫོགས་མེད་ཡོད་པ་ནི་ཏན་ཏན་སྤྱི་ཚོགས་གང་དེར་འཚོ་བའི་བུད་མེད་ལ་གོ་བབ་དང་དབང་ཐང་དང་སྐད་བརྡའི་དབང་ཆ་རྩ་བ་ནས་མེད་པ་མཚོན་གྱི་ཡོད། བུད་མེད་ལ་ཕྱོགས་ཀུན་ནས་མནར་བ་དང་སྨད་པ་དང་འཕྱ་བ་སོགས་ནི་ཐག་རིང་ཡུལ་དུ་འཚོལ་མི་དགོས་པར་མཉམ་འཇོག་ཐུབ་ན་རང་གི་ཉེ་འཁོར་དང་ནང་ཚང་དུའང་ཁ་དར་ནས་ཡོད། དེ་ནི་མི་རབས་ནས་མི་རབས་བརྒྱུད་ཡོང་བའི་མིའི་འདུ་ཤེས་སུ་ཁྲིགས་ཆགས་སུ་སོང་བའི་བསམ་བློའི་ཕྱོགས་ཞེན་ཞིག་ཡིན་པས་བཟང་བཟང་ཐམས་ཅད་དབང་ཡོད་ཚོའི་ཕྱག་རྗེས་སུ་བརྩི་ལ། མ་བྱུང་མ་ཚང་བ་ཐམས་ཅད་ཁ་ཆུང་དབང་ཆུང་ཚོའི་བྱས་ཉེས་སུ་བརྩི་བ་ནི་ཆོས་ཉིད་ཡིན། དེ་དག་རྐྱེན་བྱས་ནས། འབྲོག་དང་རོང་ན་ལྷག་ཏུ་ལས་ཀ་ཚེགས་ཆེ་ཞིང་འཁུར་ལྕི་བ་གྲངས་ཀ་མང་བ་བྱེད་མཁན་བུད་མེད་ཚོ་ཡིན། ཅ་དངོས་རྩ་ཆེན་པོ་དང་རླངས་འཁོར་དང་སྦག་འཁོར། ཁ་པར་སོགས་ཡག་རིགས་སྤྱོད་མཁན་སྐྱེས་པ་ཚོ་ཡིན། ཤུལ་ནོར། རྒྱུ་དངོས། ཁང་ཁྱིམ་ར་བ་སོགས་བགོ་བཤའ་རྒྱག་སྟངས་ཐད་ནས་ཀྱང་གྱོང་རག་མཁན་སྤྱིར་བཏང་སྐྱེས་མ་ཚོ་ལས་སྐྱེས་པ་ཚོ་ཡིན་མི་སྲིད། དེའི་རིགས་བགྲང་ན་ཚར་རྒྱུ་མེད། དེ་བཞིན་བོད་པའི་བུད་མེད་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པས་མ་བཤད་ཐུ་མེད་དུ་གྱུར་བ་ལས། ལས་ཀ་མེད་དེ་དོན་མེད་རྩོད་ཉོག་བསླངས་ནས་སྐྱེས་མའི་ཐོབ་ཐང་དང་ཁེ་ཕན་སྲུང་བ་ག་ལ་ཡིན། དངོས་ཚུལ་དེ་འདྲ་ཡིན་མོད། མི་ལ་ཤེས་འདོད་མེད་པ་ཡིན་ཚེ། བཙན་གྱིས་མིག་ཁར་བསྟར་ཡང་མིག་གཡོར་གི་མ་རེད། གལ་སྲིད་ཤེས་འདོད་པ་ཡིན་ན། གོང་གི་དུམ་ཚན་འདིས་ཀྱང་བུད་མེད་ཀྱི་གནས་སྟངས་མང་པོ་གཅིག་ཤེས་ཀུན་གྲོལ་ལྟ་བུར་འགྲོ་བ་ཡིན་ནོ། །

མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ།  རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།

                                2023/08/23ཉིན་གྲུབ།


མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།  ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། དྲུག་པ། ཆུ་ཆེན་བདེ་གསལ་ལྷ་མོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བདུན་པ། ནག་ཆུ་སྐྱིད་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བརྒྱད་པ། ཁྲི་ཀ་བན་དེ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་པ། བྲག་དཀར་ཚེ་དབང་རྡོ་རྗེ་མཚོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་གཅིག ཡུལ་ཤུལ་ཟླ་མཛེས།

འཕྲིན་སྟེགས་འདི་ནི་གཙོ་བོ།
      མི་མོའི་སྐྱིད་སྡུག མི་སྐྱའི་སློབ་གསོ། འཚོ་བའི་རང་མདངས། ཕོ་མོའི་བརྩེ་དུང་།
     སྤྱི་ཚོགས་ཤེས་བྱ། མི་ཚེའི་བྱུང་བ། ལེགས་རྩོམ་འོས་སྦྱོར་བཅས་ས་བཅད་བདུན་ལས་གྲུབ་པ་ཞིག་ཡིན།  

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3920