[ནང་དོན་གནད་བསྡུས།] ཆོས་གྲགས་ཀྱི་«རྣམ་འགྲེལ»དུ་ཕ་མའི་ཤེས་པ་དེ་བུའི་ཤེས་པའི་ཉེར་ལེན་ཡིན་པ་འགོག་པའི་རིགས་པ་དངོས་སུ་བཀོད་མེད་ཅིང་། དེའི་རྗེས་ཀྱི་«ལྷ་དབང་བློའི་འགྲེལ་པ»རུ་ཡང་བྱུང་མེད། «ཤཱཀྱ་བློའི་འགྲེལ་བཤད»དུ་མདོར་བསྡུས་ཙམ་བྱུང་ལ། དེ་ནས་ཆོས་མཆོག་གི«འཇིག་རྟེན་ཕ་རོལ་གྲུབ་པ»དང་། ཞི་འཚོ་ཡབ་སྲས་ཀྱི་«ཚད་ཆེན་རྩ་འགྲེལ»དང་། «རྒྱན་མཁན་པོའི་འགྲེལ་པ»དང་། གཞན་དེའི་སྔོན་གྱི་གཞུང་«རྟོག་གེ་འབར་བ»སོགས་སུ་ཡང་ཅི་རིགས་པ་འཁོད་ཡོད། དེ་དག་བསྡུ་ན། ཕ་མའི་ཤེས་པས་བུའི་ཤེས་པའི་ཉེར་ལེན་བྱས་ཏེ་སྐྱེས་ན། བུའི་ཤེས་པའི་རྒྱུད་ལ་ཕ་མའི་ཤེས་པ་ལ་ཡོད་པའི་མང་དུ་ཐོས་པ་སོགས་ཀྱི་འདུ་བྱེད་ཀྱི་ཁྱད་པར་སྐྱེ་བར་ཐལ་བ།  མ་གཅིག་ལས་སྐྱེས་པའི་གཟུགས་དང་དབང་པོ་དང་ལང་ཚོ་སོགས་མ་ཚང་བ་མེད་ཅིང་མངོན་པར་སྦྱོར་བ་དང་བཅས་པའི་མཚེ་མ་གཉིས་ལ་ཤེས་རབ་ཆེ་ཆུང་སོགས་མི་འཐད་པར་ཐལ་བ་དང་། ཕ་མས་བྱས་པའི་ལས་འགའ་ཞིག་དེ་ལས་སྐྱེས་པའི་བུ་འགའ་ཞིག་གི་ཤེས་པས་དྲན་པར་ཐལ་བ་དང་། དྲོད་གཤེར་ལས་སྐྱེས་པའི་སྲོག་ཆགས་ལ་ཕ་མ་མེད་པས་དེའི་ཚེ་འདིའི་ཐོག་མའི་བློ་སྐྱེ་བ་མེད་པར་ཐལ་བ་དང་། གལ་ཏེ་སྐྱེ་ན་ཚེ་འདིའི་ཐོག་མའི་བློ་དེ་ཕ་མའི་བློ་མེད་ཀྱང་སྐྱེ་བའི་ཕྱིར་དེའི་འབྲས་བུ་མིན་པར་ཐལ་བ་དང་། ཕ་མའི་བློ་ཐོས་པ་སོགས་ཀྱིས་གཞན་དུ་འགྱུར་ཡང་བུའི་བློ་དེ་ལྟར་དུ་མི་འགྱུར་ཞིང་། ཕ་མའི་བློ་སྙིང་རྗེ་ལ་གོམས་པ་སོགས་ཀྱིས་གཞན་དུ་མ་གྱུར་ཀྱང་བུ་སྐྱེས་ཙམ་ནས་སྙིང་རྗེ་ཆེ་བ་སོགས་སུ་འགྱུར་བས་དེའི་ཉེར་འབྲས་མིན་པ་བཅས་ཡིན།

[གནད་ཚིག] ཕ་མའི་ཤེས་པ།  སྐྱེ་བ་སྔ་མ། དྲོད་གཤེར་ལས་སྐྱེས་པ། ཉེར་ལེན།

དང་པོ། གླེང་སློང་བ།

བུའི་རྒྱུད་ཀྱི་ཚེ་འདིའི་རིག་པ་སྐད་ཅིག་མ་དང་པོ་དེ་རང་གི་ཉེར་ལེན་དུ་གྱུར་པའི་རིག་པ་ལས་སྐྱེས་པར་རྟོགས་ཀྱང་། རང་གི་ཉེར་ལེན་དུ་གྱུར་པའི་རིག་པ་དེ་རང་གི་ཚེ་སྔ་མའི་རིག་པ་ཡིན་ནམ། ཕ་མའི་རྒྱུད་ཀྱི་རིག་པ་ཡིན་སྙམ་པའི་དོགས་པ་མི་ལྡོག་པས་དེའི་ཕྱིར་ཕ་མའི་རྒྱུད་ཀྱི་ཤེས་པ་དེ་བུའི་རྒྱུད་ཀྱི་ཤེས་པའི་ཉེར་ལེན་ཡིན་པ་འགོག་པའི་གཞུང་བྱུང་ངོ་། །དེས་ན་རང་རེས་འགོད་བཞིན་པའི་ཚེ་འདིའི་ཐོག་མའི་རྣམ་ཤེས་ཆོས་ཅན། རང་གི་ཉེར་ལེན་རྣམ་ཤེས་སྔ་མ་སྔོན་དུ་སོང་སྟེ། རྣམ་ཤེས་ཡིན་པའི་ཕྱིར། དཔེར་ན་ད་ལྟ་བ་ཡི་རྣམ་ཤེས་བཞིན། ཞེས་པའི་རྟགས་དེའི་བསྒྲུབ་བྱ་རྟོགས་ཀྱང་ད་དུང་སྐྱེ་བ་སྔ་མ་ཡོད་པར་མི་རྟོགས་ཏེ། དེ་ལྟ་བུའི་རྣམ་ཤེས་དེ་ལ་ཉེར་ལེན་རྣམ་ཤེས་སྔོན་དུ་སོང་བ་རྟོགས་ཀྱང་དེ་ཙམ་གྱིས་རྣམ་ཤེས་དེ་ཉིད་ཚེ་སྔ་མའི་རྣམ་ཤེས་ཡིན་པར་མི་རྟོགས་པའི་ཕྱིར་ཏེ། དཔེར་ན་དུ་བ་ལ་རྒྱུ་ཡོད་པར་རྟོགས་ཀྱང་རྒྱུ་དེ་ཉིད་མེ་ཡིན་པར་རྟོགས་མི་དགོས་པ་བཞིན་ནོ། །ཚེ་འདིའི་ཐོག་མའི་རྣམ་ཤེས་ལ་རང་གི་ཉེར་ལེན་རྣམ་ཤེས་སྔོན་དུ་སོང་བ་ཁས་བླངས་ནས་དེའི་ཉེར་ལེན་གྱི་རྣམ་ཤེས་དེ་ཚེ་སྔ་མའི་རྣམ་ཤེས་མིན་པར་རང་གི་ཕ་མའི་རྣམ་ཤེས་ཡིན་པར་འཛིན་པའི་ལོག་རྟོག་ཅན་ཡང་ཡོད་དེ། ཆོས་མཆོག་གི«འཇིག་རྟེན་ཕ་རོལ་གྲུབ་པ»ལས། “བློ་གཞན་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ན་ཡང་བུའི་བློ་ནི་མའི་བློ་ལས་རབ་ཏུ་སྐྱེ་བ་ཅན་ཡིན་ནོ་ཞེས་གང་སྨྲ་བ་དེ་ཡང་ཡང་དག་པ་མ་ཡིན་ཏེ།”[1]ཞེས་གསུངས་ཤིང་། «ཚད་མ་རྒྱན»ལས་ཀྱང་། “འོན་ཏེ་སེམས་སེམས་ཉིད་ཀྱི་རྟེན་ཡིན་ལ་རག་མོད། དེ་ལྟ་ན་ཡང་འདོད་པ་མི་འགྲུབ་བོ། །འཇིག་རྟེན་ཕ་རོལ་པ་མ་ཡིན་པའི་སེམས་རྟེན་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཕ་མའི་སེམས་རྟེན་དུ་འདོད་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་པོའི་སེམས་རྟེན་ཡིན་ན་ནི་མ་ངེས་པ་ཡིན་ཏེ། ཕ་མའི་རང་བཞིན་གྱི་ཡང་རྗེས་སུ་འཇུག་པའི་ཕྱིར་རོ་ཞེ་ན།”[2] ཞེས་ཕྱོགས་སྔ་མ་བཀོད་པ་ལྟ་བུའོ། །འོ་ན་ཕ་མའི་ཤེས་པ་བུའི་ཤེས་པའི་ཉེར་ལེན་མ་ཡིན་པའི་རྒྱུ་མཚན་གང་ཞེ་ན། སློབ་དཔོན་རྒྱན་མཁན་པོས«རྣམ་འགྲེལ»རྩ་བའི་ཚིག་སྟེ། “དེ་ཕྱིར་ངེས་པར་གང་ཉིད་ཀྱི། །འདུ་བྱེད་ཀྱིས་ནི་རྗེས་འཇུག་པའི། །སེམས་ནི་དེ་མེད་མི་འབྱུང་བ། །དེ་ཕྱིར་སེམས་ལ་བརྟེན་པ་ཡིན། །”[3]ཞེས་པའི་སྐབས་སུ་དོན་གྱིས་ཕ་མའི་ཤེས་པ་བུའི་ཤེས་པའི་ཉེར་ལེན་ཡིན་པ་བཀག་པར་གསུངས་ཤིང་། གཞན«རྣམ་འགྲེལ»རྩ་བ་རང་དུ་དེའི་སྐོར་གསལ་པོར་བཀག་པ་གང་ཡང་མི་སྣང་ལ། ལྷ་དབང་བློའི་འགྲེལ་པར་ཡང་དེའི་སྐོར་མི་གསལ། སློབ་དཔོན་ཤཱཀྱ་བློའི་འགྲེལ་བཤད་ལས། “ཕ་དང་མའི་རྣམ་པར་ཤེས་པ་ཡང་ཉེ་བར་ལེན་པ་མ་ཡིན་ཏེ། དེ་ཉིད་དང་འདྲ་བར་དེའི་རྒྱུད་དང་འབྲེལ་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་དེའི་དྲན་པ་དང་ཡིད་གཞུངས་པ་ལ་སོགས་པ་དང་ལྡན་པར་ཐལ་བར་འགྱུར་རོ། །ལམ་འདི་དཔྱད་པ་མང་བས་རེ་ཞིག་གཞག་གོ །”[4]ཞེས་པ་ཙམ་གསུངས་ཏེ། འདིར་གསུངས་པའི་རིགས་པ་དེ་འོག་ཏུ་འགོད་འགྱུར་གྱི«ཚད་ཆེན»རྩ་འགྲེལ་དང་། «འཇིག་རྟེན་ཕ་རོལ་གྲུབ་པ།» «ཚད་མ་རྒྱན»བཅས་སུ་ཡང་གསུངས་པས་དེར་བཤད་པར་བྱའོ། །ཕ་མའི་ཤེས་པ་བུའི་ཤེས་པའི་ཉེར་ལེན་ཡིན་པ་འགོག་པ་དེའང་ཚེ་འདིའི་རིག་པ་ལ་རིག་པ་སྔ་མ་སྔོན་དུ་སོང་བ་གཞིར་བཅས་རིག་པ་སྔ་མ་དེ་རང་གི་ཚེ་སྔ་མའི་རིག་པ་ཡིན་ནམ་ཡང་ན་རང་ལས་རྒྱུད་གཞན་པའི་ཕ་མ་ལྟ་བུའི་རིག་པ་ཡིན་དཔྱད་པ་ཡིན་ཏེ་ཤེས་སླའོ། །

གཉིས་པ། «ཚད་ཆེན»རྩ་འགྲེལ་དུ་གསུངས་པ།

ཞི་བ་འཚོའི«ཚད་ཆེན»དང་དེའི«དཀའ་འགྲེལ»ཀ་མ་ལ་ཤཱི་ལས་མཛད་པ་རུ་ཕ་མའི་ཤེས་པ་དེ་བུའི་ཤེས་པའི་རྒྱུ་ཡིན་མིན་གྱི་དཔྱད་པ་བྱུང་ཞིང་། དེའི་བརྗོད་བྱ་གཙོ་བོ་ཁག་བསྡོམས་ན།  རྩ་བའི་ཆ་ནས་ཉེར་ལེན་ཡིན་པ་འགོག་པ་དང་། ལྷན་ཅིག་བྱེད་རྐྱེན་ཡིན་ན་གྲུབ་ཟིན་སྒྲུབ་པར་བསྟན་པ་གཉིས་བྱུང་ཞིང་། དང་པོ་ལ་ཕ་མའི་ཤེས་པ་བུའི་ཤེས་པའི་ཉེར་ལེན་ཡིན་ན་ཧ་ཅང་ཐལ་བ་འགོད་པ་དང་། དྲོད་གཤེར་ལས་སྐྱེས་པ་ལ་ཉེར་ལེན་མེད་པར་ཐལ་བ་གཉིས་སུ་གསུངས་ཤིང་། དང་པོ་ལ་ཡང་ཐལ་བ་འགོད་པ་དངོས་དང་། དེའི་ཁྱབ་པ་བསྒྲུབ་པ་དང་། དེའི་རྩོད་སྤོང་དགག་པ་བཅས་གསུམ་དུ་བྱུང་ངོ་། །

དང་པོ་ནི། «དཀའ་འགྲེལ»ལས། “ད་ནི། གཞན་གྱི་ཤེས་པ་ཙམ་ལས་སྐྱེས། །ཞེས་བྱ་བའི་ཕྱོགས་འདི་བསལ་བར་བྱ་བའི་ཕྱིར་རྒྱུད་གཞན་གྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ལ་སོགས་པ་དང་འབྲེལ་པའི་རྒྱུད་གཞན་གྱི་སེམས་ཉེ་བར་ལེན་པའམ། ལྷན་ཅིག་བྱེད་པ་ཡིན། རེ་ཞིག་ཉེ་བར་ལེན་པའི་རྒྱུ་ནི་མ་ཡིན་ཏེ། བུའི་ཤེས་པའི་རྒྱུད་ལ་ཡང་ཕ་དང་མའི་ཐོས་པ་ལ་སོགས་པའི་འདུ་བྱེད་ལས་ཁྱད་པར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དཔེར་ན་ཕ་མ་ཉིད་ཀྱི་དང་པོ་དང་ཕྱི་མའི་བློ་དག་ལ་བཞིན་ནོ། །[5]ཞེས་སྨོས་ཏེ། གལ་ཏེ་མ་དང་ཕའི་རྒྱུད་ཀྱི་སེམས་དེ་གཞན་བུའི་རྒྱུད་ཀྱི་ཤེས་པའི་རྒྱུ་ཡིན་ན་ཉེར་ལེན་ཡིན་ནམ་ལྷན་ཅིག་བྱེད་རྐྱེན་ཡིན་ཞེས་དྲིས་སོ། །ཉེར་ལེན་ཡིན་ནོ་ཞེ་ན། ཕ་དང་མའི་ཤེས་པའི་སྟེང་དུ་ཡོད་པའི་ཐོས་པ་དང་བཟོའི་གནས་ལ་མཁས་པ་ལ་སོགས་པའི་འདུ་བྱེད་ལས་བུའི་རྒྱུད་ཀྱི་ཤེས་པ་ལ་ཡང་ཁྱད་པར་སྐྱེ་བར་འགྱུར་ཏེ། དེ་དེའི་ཉེར་ལེན་ཡིན་པའི་ཕྱིར་རོ། །དཔེར་ན་ཕ་མ་དག་གི་བློ་སྐད་ཅིག་མ་དང་པོ་དང་གཉིས་པ་དག་བཞིན་ནོ་ཞེས་སོ། །

གཉིས་པ་ནི། དེའི་འཕྲོར་ཐལ་འགྱུར་དེའི་ཁྱབ་པ་བསྒྲུབ་པ་ལ། གང་གི་ཕྱིར་སྐད་ཅིག་ཕྱི་མ་དག་ལ་སྐད་ཅིག་སྔ་མའི་འདུ་བྱེད་རྗེས་སུ་འཇུག་པ་གང་ཡིན་པ་འདི་ཉེ་བར་ལེན་པ་དང་ཉེ་བར་བླང་བའི་ཆོས་རྣམ་པར་གཞག་པ་ཡིན་ཏེ། རང་གི་རྒྱུད་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ངེས་པའི་ཕྱིར་རོ། །ཞེས་སྨོས་ཏེ། སྐད་ཅིག་མ་ཕྱི་མ་དག་ལ་ཐོས་པ་དང་བཟོའི་གནས་ལ་མཁས་པ་ལ་སོགས་པ་གོམས་པའི་འདུ་བྱེད་ཀྱི་ཁྱད་པར་སྐྱེ་བ་ནི་སྐད་ཅིག་མ་སྔ་མ་དག་ལ་ཐོས་པ་དང་བཟོའི་གནས་ལ་མཁས་པ་སོགས་ཀྱི་འདུ་བྱེད་ཀྱི་ཁྱད་པར་ལ་ལྟོས་པ་ནི་ཉེར་ལེན་དང་ཉེར་འབྲས་ཡིན་ཏེ། དེ་ལྟ་བུའི་རྗེས་སུ་འགྲོ་ལྡོག་དེ་རང་རྒྱུད་ཀྱི་ཤེས་པའི་སྟེང་དུ་ངེས་པའི་ཕྱིར་རོ་ཞེས་སོ། །འདིར་ཡང་ཡིད་བློ་སྐད་ཅིག་མ་སྔ་མ་ལ་ཁྱད་པར་དེ་ཡོད་ན་ཕྱི་མ་ལ་དེ་ཡོད་པར་མི་འགྱུར་གྱི། ཉམས་པའི་རྐྱེན་གཞན་མ་ཕྲད་ཅིང་བློ་ཁ་ཕྱོགས་ན་འགྱུར་བ་ཡིན་ནོ། །དེ་བཞིན་ཕྱི་མ་ལ་ཡོད་ན་སྔ་མ་ལ་ཡོད་པར་མི་འགྱུར་གྱི་ཕྱིས་ཀྱི་རྐྱེན་ལ་མ་ལྟོས་པ་ངང་གིས་མང་དུ་ཐོས་པ་སོགས་ཡིན་ན་སྔ་མ་ལ་གོམས་པ་ཤེས་ཐུབ་པ་ཡིན་ནོ། །

གསུམ། དེའི་འཕྲོར་གཞན་གྱིས་ཐལ་འགྱུར་དེ་ལ་རྩོད་སྤོང་འདི་ལྟར་བྱས་ཏེ། “ཅི་སྟེ་དཔེར་ན་སྒྲོན་མ་གཅིག་ལས་སྒྲོན་མ་གཞན་སྐྱེད་པ་ན་རས་ལ་སོགས་པའི་མཚན་ཉིད་ཀྱི་སྔ་མའི་སྒྲོན་མའི་འདུ་བྱེད་ཀྱིས་སྒྲོན་མ་ཕྱི་མ་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདུ་མི་བྱེད་པའི་སྒྲོན་མ་ཙམ་སྐྱེ་བ་ཡིན་ནོ། །བུད་ཤིང་དང་བཅས་པ་ལ་སོགས་པ་གཞན་ལས་སྒྲོན་མ་གཞན་དེ་ཁྱད་པར་ཅན་ཡིན་པ་དེ་བཞིན་དུ་བུའི་བློ་ཡང་ཡིན་ནོ་ཞེས་བྱ་བར་འདོད་ན།”ཞེས་སྨོས་ཏེ། ཅི་སྟེ་དཔེར་ན་སྒྲོན་མེ་གཅིག་ལས་སྒྲོན་མེ་གཞན་སྤར་བ་ན་རས་དང་སྣུམ་ལ་སོགས་པ་སྒྲོན་མེ་སྔ་མ་ལ་ཡོད་པའི་འདུ་བྱེད་ཀྱི་ཁྱད་པར་གྱིས་སྒྲོན་མེ་ཕྱི་མ་ལ་ཁྱད་པར་གང་ཡང་བསྐྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲོན་མེ་སྔ་མས་ཕྱི་མ་ལ་ཁྱད་པར་གང་ཡང་འདུ་མ་བྱས་པའི་སྒྲོན་མེ་ཙམ་སྐྱེ་བ་ཡིན་ནོ། །སྒྲོན་མེ་ཕྱི་མ་རང་གི་རས་དང་སྣུམ་དང་སྡོང་བུ་སོགས་ཀྱི་ཁྱད་པར་གྱིས་དེ་ཁྱད་པར་དུ་འགྱུར་རོ། །མདོར་ན་སྒྲོན་མེ་གཅིག་ལས་སྒྲོན་མེ་གཞན་སྤར་བ་ན་དེ་ལས་སྒྲོན་མེ་གཞན་དེ་སྤར་བ་ཙམ་ཡིན་གྱི་སྒྲོན་མེ་སྔ་མ་ལ་ཡོད་པའི་འོད་གསལ་བ་དང་། དྲི་མ་མེད་པ་སོགས་ཀྱི་ཁྱད་པར་གྱིས་སྒྲོན་མེ་ཕྱི་མ་ལ་འོད་གསལ་བ་སོགས་ཀྱི་ཁྱད་པར་གང་ཡང་མ་བསྐྱེད་དོ། །དེ་བཞིན་དུ་ཕ་མའི་རྒྱུད་ཀྱི་ཤེས་པ་ལས་བུའི་ཤེས་པ་སྐྱེ་བའི་ཚེ་ཡང་སྒྲོན་མེ་གཅིག་ལས་སྒྲོན་མེ་གཞན་སྤར་བ་དང་མཚུངས་པར་སྐྱེ་བས་དེ་ལས་ཤེས་པ་སྔ་མ་ལ་ཡོད་པའི་ཐོས་པ་དང་བཟོའི་གནས་ལ་མཁས་པ་སོགས་ཀྱི་འདུ་བྱེད་ཀྱི་ཁྱད་པར་གྱིས་ཤེས་པ་ཕྱི་མ་བུའི་ཤེས་པ་ལ་འདུ་བྱས་པའི་ཁྱད་པར་མི་སྐྱེའོ། །འོན་ཀྱང་ཕྱིས་ཀྱི་མང་དུ་ཐོས་པ་དང་གོམས་པ་སོགས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་སྐྱེའོ། །ཞེས་སོ། །

དེའི་འཕྲོར་རྩོད་པ་དེའི་ལན་བཏབ་ཅིང་དེ་ཡང་བསྡུ་ན་དོན་ཚན་གསུམ་དུ་འདུ་སྟེ། དང་པོ།དེ་ནི་མ་ཡིན་ཏེ། གང་གི་ཕྱིར་སྒྲོན་མ་ལ་སོགས་པའི་འདུ་བྱེད་རེ་ཞིག་རང་གི་རྟེན་ལ་ཡང་རྒྱུན་རྗེས་སུ་མི་འཇུག་སྟེ། དེ་ནི་མི་བརྟན་པའི་ཕྱིར་རོ། །འདི་ལྟར་བུད་ཤིང་འགྲིབ་པ་ན་སྒྲོན་མ་དེ་ཉིད་ཆུང་བར་མཐོང་ལ། དེ་ལྟར་ཐོས་པ་ལ་སོགས་པའི་འདུ་བྱེད་མི་བརྟན་པ་ནི་མ་ཡིན་ཏེ། དེ་ནི་དུས་ཡུན་རིང་དུ་གནས་པའི་ཕྱིར་རོ། །དེས་ན་སྒྲོན་མ་ལ་སོགས་པ་བཞིན་དུ་འདུ་བྱེད་མེད་པའི་བློ་ཙམ་འབྱུང་བར་མི་རིགས་སོ། །ཞེས་སྨོས་ཏེ། སྒྲོན་མེ་རང་གི་འདུ་བྱེད་ཀྱི་ཁྱད་པར་འོད་གསལ་བ་དང་བརྟན་པ་དང་། དྲི་མ་མེད་པ་སོགས་ཀྱི་ཁྱད་པར་ནི་རང་གི་རྟེན་སྒྲོན་མེ་དེ་རང་ལ་ཡང་རྒྱུན་མི་ཆད་པར་རྗེས་སུ་མི་འཇུག་སྟེ། རྟེན་སྒྲོན་མེ་དེ་ནི་མི་བརྟན་པའི་ཕྱིར་རོ། །འདི་ལྟར་སྣུམ་དང་སྡོང་བུ་སོགས་འགྲིབ་ན་སྒྲོན་མེ་དེ་ཉིད་འགྲིབ་པར་མཐོང་ངོ་། །ཐོས་པ་ལ་སོགས་པའི་སེམས་ཀྱི་འདུ་བྱེད་ནི་མི་བརྟན་པ་མ་ཡིན་ཏེ། དེའི་རྟེན་སེམས་དེ་ནི་དུས་རིང་དུ་གནས་པའི་ཕྱིར་རོ། །དེས་ན་སྒྲོན་མེ་གཅིག་ལས་སྒྲོན་མེ་གཞན་སྤར་བ་བཞིན་དུ་བློ་སྔ་མ་མང་དུ་ཐོས་པ་དང་བཟོའི་གནས་ལ་མཁས་པ་སོགས་ལས་བློ་ཕྱི་མ་མང་དུ་ཐོས་པ་སོགས་ཀྱི་འདུ་བྱེད་ཀྱི་ཁྱད་པར་མེད་པ་སྐྱེ་བ་མ་ཡིན་ནོ། །ཞེས་སོ། །

གཉིས་པ། གཞན་ཡང་སྒྲོན་མ་ལ་སོགས་པ་ལ་ཆོས་མང་བ་དང་ཉུང་བའི་རྡུལ་ཕྲ་རབ་བསགས་པ་སྐྱེ་བའི་ཕྱིར་ཁྱད་པར་དང༌། ཁྱད་པར་མེད་པ་བརྟགས་པ་ཡིན་གྱི། དངོས་པོའི་སྐད་ཅིག་གཅིག་པོ་དེ་ལ་ཁྱད་པར་དང་ཁྱད་པར་མེད་པ་ཡོད་པ་མ་ཡིན་ནོ། །འདིར་དངོས་པོ་སྐད་ཅིག་གཅིག་ལ་ནི་མའི་བློ་ཐོས་པ་ལ་སོགས་པའི་འདུ་བྱེད་ཀྱི་ཁྱད་པར་དུ་འཇུག་ལ། བུའི་བློ་ནི་ཁྱད་པར་མེད་པར་འཇུག་པའི་ཕྱིར། གང་ཞིག་གང་དང་མཚུངས་པ་ཡིན།ཞེས་སྨོས་ཏེ། གཞན་ཡང་སྒྲོན་མེ་ལ་སོགས་པར་སྔ་མ་ལ་སྡོང་བུ་དང་སྣུམ་ལ་སོགས་པའི་རྡུལ་ཕྲ་རབ་མང་བ་དང་དེས་སྤར་བའི་སྒྲོན་མེ་ཕྱི་མ་ལ་རང་གི་རྒྱུ་དེ་དག་ཉུང་བར་སྐྱེ་བའི་ཕྱིར་སྔ་མ་གསལ་བ་སོགས་ཀྱི་ཁྱད་པར་དུ་འགྱུར་ཞིང་། ཕྱི་མ་ཁྱད་པར་དུ་མི་འགྱུར་བ་ཡིན་ནོ། །མདོར་ན་སྒྲོན་མེ་གཅིག་གིས་གཞན་སྤར་བའི་ཚེ་དེ་གཉིས་ཀྱི་ཉེར་ལེན་གྱི་རྒྱུའི་རྡུལ་དག་མི་འདྲ་བས་འབྲས་བུ་ལ་མི་འདྲ་བ་ཡོང་བ་ཡིན་ནོ། །འོན་ཀྱང་དངོས་པོ་སྐད་ཅིག་མ་གཅིག་གིས་ཉེར་འབྲས་བྱས་ཏེ་སྐྱེས་པ་གཉིས་ལ་གཅིག་ཐོས་པ་སོགས་ཀྱི་ཁྱད་པར་དང་བཅས་ལ་གཞན་དེ་དེ་ལྟ་བུའི་ཁྱད་པར་མེད་པར་འགྱུར་བ་མི་རིགས་སོ། །འདིར་ནི་མའི་ཡིད་བློ་སྐད་ཅིག་མ་གཅིག་གིས་དངོས་ཀྱི་ཉེར་འབྲས་བྱས་པར་འདོད་པའི་མའི་ཡིད་བློ་སྐད་ཅིག་མ་ཕྱི་མ་ནི་ཐོས་པ་སོགས་ཀྱིས་ཁྱད་པར་དུ་འཇུག་ལ། བུའི་ཡིད་བློ་ནི་དེ་ལྟ་བུའི་ཐོས་པ་སོགས་ཀྱིས་ཁྱད་པར་མེད་པར་འཇུག་སྟེ་དེས་ན་སྒྲོན་མེ་དང་ག་ལ་མཚུངས་ཏེ་མི་མཚུངས་སོ། །ཞེས་སོ། །

གལ་ཏེ་མའི་ཡིད་བློ་གཉིས་ཀྱིས་སོ་སོར་དངོས་ཀྱི་ཉེར་ལེན་བྱས་ཏེ་མའི་ཡིད་བློ་ཕྱི་མ་དང་བུའི་ཡིད་བློ་ཕྱི་མ་གཉིས་སྐྱེ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་རྒྱུད་གཅིག་ལ་ཡིད་བློ་གཉིས་ཅིག་ཅར་སྐྱེ་དགོས་པ་ལ། དེ་མི་སྐྱེ་བ་ནི་རང་རྒྱུད་ལ་མྱོང་བས་གྲུབ་པའི་ཕྱིར་རོ། །འོན་ཀྱང་འདིར་བུའི་ཡིད་བློ་སྐད་ཅིག་མ་དེ་ཐོས་པ་སོགས་ཀྱི་ཁྱད་པར་མེད་ཅིང་མའི་ཡིད་བློ་སྐད་ཅིག་མ་དེ་དེ་ལྟ་བུའི་ཁྱད་པར་དང་བཅས་པ་དེ་ཚད་མ་གང་གིས་ཇི་ལྟར་རྟོགས་དཔྱད་པར་བྱའོ། །

གསུམ་པ།  “གཞན་ཡང་ཉེ་བར་ལེན་པའི་རྒྱུ་ཉིད་ཡིན་ན་ཐལ་བར་འགྱུར་བ་འདི་བརྗོད་ཀྱི། སྒྲོན་མ་གཞན་ནི་སྒྲོན་མ་གཞན་གྱི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཏེ། རྒྱུ་ཐ་དད་པའི་ཕྱིར་དེ་ནི་ཅི་ཡང་མ་ཡིན་ནོ། །ཞེས་སྨོས་ཏེ། གཞན་ཡང་ཁོ་བོས་ཕ་མའི་ཤེས་པ་དེ་བུའི་ཤེས་པའི་ཉེ་བར་ལེན་པའི་རྒྱུ་ཡིན་ན་ཐལ་བ་འདི་བརྗོད་པ་ཡིན་པ་ལ། སྒྲོན་མེ་གཅིག་ལས་སྒྲོན་མེ་གཞན་སྤར་བ་ན་སྒྲོན་མེ་སྔ་མ་དེ་སྒྲོན་མེ་ཕྱི་མའི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཏེ། དེ་གཉིས་ཉེར་ལེན་གྱི་རྒྱུ་ཐ་དད་པའི་ཕྱིར་དེ་ནི་དཔེ་རུ་རུང་བ་མ་ཡིན་ནོ་ཞེས་སོ། །

དེའི་འཕྲོར། དྲོད་གཤེར་ལས་སྐྱེས་པ་ལ་ཉེར་ལེན་མེད་པར་ཐལ་བ་བརྗོད་པ་ནི། གཞན་ཡང་གང་དག་དྲོད་གཤེར་ལས་སྐྱེས་པ་མ་ཉིད་མེད་པ་དེ་དག་ནི་བློ་ཅི་ལྟར་བློ་གཞན་ལས་སྐྱེས་པ་ཡིན། ཞར་ལ་འོངས་པས་ཆོག་གོ །ཞེས་སྨོས་ཏེ། གཞན་ཡང་དྲོད་གཤེར་ལས་སྐྱེས་པའི་སྲོག་ཆགས་མ་ཉིད་མེད་པ་དེ་དག་གི་བློ་གཞན་ལས་ཇི་ལྟར་སྐྱེ་སྟེ། དེའི་ཕ་མ་མེད་པའི་ཕྱིར་རོ། །དེས་ན་ཚེ་སྔ་མའི་རིག་པ་མེད་ན་དེའི་ཉེར་བ་ལེན་པ་མེད་པར་འགྱུར་རོ། །ཞེས་སོ། །

གཉིས་པ། ལྷན་ཅིག་བྱེད་རྐྱེན་ཡིན་ན་གྲུབ་ཟིན་སྒྲུབ་པར་བསྟན་པ་ནི། ཅི་སྟེ་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཞེས་སྨོས་ཏེ། ཕ་མའི་ཤེས་པ་དེ་བུའི་ཤེས་པའི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཡིན་ནོ་ཞེ་ན་དེ་ནི་ཁོ་བོ་ཅག་གིས་ཀྱང་འདོད་པས་གྲུབ་ཟིན་བསྒྲུབས་པ་ཡིན་ནོ་ཞེས་སོ། །

འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ། གལ་ཏེ་ཕ་མའི་ཤེས་པ་དེ་བུའི་ཤེས་པའི་ཉེར་ལེན་ཡིན་ན་དེ་མང་དུ་ཐོས་པ་སོགས་ཡིན་ན་གདོན་མི་ཟ་བར་བུའི་ཤེས་པ་ཡང་དེ་ལྟར་ཡིན་དགོས་སམ། དགོས་ན་ཉེར་ལེན་ཤེས་པ་དེ་མང་དུ་ཐོས་པ་དང་བཟོའི་གནས་ལ་མཁས་པ་སོགས་ཡིན་ན་དེའི་ཉེར་འབྲས་ལ་ཡང་དེ་ལྟར་ཡིན་དགོས་པར་ཐལ་ལོ། །འདོད་ན་ཚེ་སྔ་མའི་ཤེས་པ་བཟོའི་གནས་ལ་མཁས་པ་ཡིན་ན་ཚེ་ཕྱི་མའི་ཤེས་པའང་དེ་ལྟར་ཡིན་དགོས་པ་དང་། ཚེ་སྔ་མའི་ཤེས་པ་སྙིང་རྗེ་ཆེ་བ་སོགས་ཡིན་ཚེ་འདིར་ཡང་དེ་ལྟར་ཡིན་དགོས་པར་འགྱུར་རོ། །འདོད་མི་ནུས་ཏེ། ཚེ་སྔ་མ་བཟོའི་གནས་ལ་མཁས་ཀྱང་ཚེ་འདིར་བརྗེད་པ་དང་ཚེ་སྔ་མའི་སྙིང་རྗེ་ཚེ་འདིར་ཉམས་པ་སོགས་ཡོད་པའི་ཕྱིར་རོ། །«ཚད་མ་རྒྱན»དུ། “འོ་ན་འཇིག་རྟེན་ཕ་རོལ་སྨྲ་བ་ལ་ཡང་སྔོན་གྱི་རང་བཞིན་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ་ཞེ་ན།”ཞེས་ཕྱོགས་སྔ་མས་གལ་ཏེ་བུའི་ཤེས་པ་དེ་ཕ་མའི་ཤེས་པས་ཉེར་ལེན་བྱས་ཏེ་སྐྱེས་ན་ཆ་ཐམས་ཅད་ནས་ཕ་མའི་ཤེས་པའི་འདུ་བྱེད་ཀྱི་རྗེས་སུ་འཇུག་དགོས་ན། ཚེ་འདིའི་ཤེས་པའང་ཐམས་ཅད་ནས་ཚེ་སྔ་མའི་ཤེས་པའི་རྗེས་སུ་འཇུག་པར་འགྱུར་རོ་ཞེས་བརྩད་པ་ལ། “མ་ཡིན་ཏེ། རྣམ་པར་གཡེངས་པའམ། མངལ་གྱི་གནས་ཀྱི་སྡུག་བསྔལ་གྱིས་འགའ་ཞིག་བརྗེད་པའི་ཕྱིར་རོ། །འདུ་བྱེད་པའི་རྗེས་སུ་འཇུག་པ་འགའ་ཞིག་ནི་ཡོད་པ་ཉིད་དེ་སྐྱེ་བ་དྲན་པ་ཡང་མཐོང་བའི་ཕྱིར་རོ། །སྔོན་མེད་པ་སྐྱེས་པ་ལ་སྡུག་བསྔལ་ཡོད་པ་མ་ཡིན་ཏེ། དེའི་གནས་སྐབས་ནི་དེ་ཉིད་ཡིན་གྱི་གཞན་ནི་མེད་པའི་ཕྱིར་རོ། །”ཞེས་ཚེ་སྔ་མའི་མང་དུ་ཐོས་པ་སོགས་མངལ་གྱི་སྡུག་བསྔལ་སོགས་ཀྱིས་བརྗེད་པ་ཡོད་ཀྱང་། ཚེ་འདིའི་ཕ་མའི་ཤེས་པས་ཉེར་ལེན་བྱས་ནས་བུའི་ཤེས་པ་སྐྱེས་ན་སྡུག་བསྔལ་སོགས་ཀྱིས་བརྗེད་པ་དེ་མི་སྲིད་པའི་རྩོད་སྤོང་མཛད་མོད། འོན་ཀྱང་ཚེ་འདིའི་མའི་ཤེས་པས་བུའི་ཤེས་པའི་ཉེར་ལེན་བྱེད་དུ་ཆུག་མོད་དེའང་བརྗེད་པའི་རྐྱེན་མེད་པར་ཇི་ལྟར་བསྒྲུབ་བསམ་པར་བྱའོ། །«ཚད་མ་རྒྱན»་དུ་ཕ་མའི་ཤེས་པས་བུའི་ཤེས་པའི་ཉེར་ལེན་བྱས་ཏེ་སྐྱེས་ན་ཚེ་སྔ་མ་ནས་འདིར་སྐྱེ་བར་བླངས་པ་དང་མི་འདྲ་བར་སྡུག་བསྔལ་བ་མེད་པའི་རྒྱུ་མཚན་དང་དེའི་དཔེ་རུ་གསུངས་པ་དག་ཤིན་ཏུ་གོ་དཀའ་བར་འདུག་པས་བདག་གིས་ཇི་བཞིན་མ་གོ་ཞིང་བློ་གྲོས་དང་ལྡན་པ་དག་གིས་བཀྲལ་བར་ཞུ།

གལ་ཏེ་ཤེས་པ་དེའི་ཉེར་འབྲས་ཙམ་ལ་ཉེར་ལེན་དེའི་རྗེས་སུ་འཇུག་པ་མི་དགོས་ཀྱི། དངོས་ཀྱི་ཉེར་འབྲས་ལ་དགོས་ཏེ། གོང་དུ། “དངོས་པོའི་སྐད་ཅིག་གཅིག་པོ་དེ་ལ་ཁྱད་པར་དང་ཁྱད་པར་མེད་པ་ཡོད་པ་མ་ཡིན་ནོ། །”ཞེས་གསུངས་པས་སོ། །ཞེ་ན། དེ་ལྟ་ནའང་ཡུལ་དེ་བརྗེད་ཁ་མའི་ཤེས་པ་སྐད་ཅིག་མ་དང་དེའི་ཉེར་འབྲས་གཉིས་དངོས་ཀྱི་ཉེར་ལེན་དང་ཉེར་འབྲས་ཡིན་ཡང་སྔ་མས་གང་ཤེས་པ་ཕྱི་མས་མི་ཤེས་པའི་ཕྱིར་དང་། ཉམས་ཁ་མའི་སེམས་བསྐྱེད་ལྟ་བུ་དེ་རང་ཉིད་སེམས་བསྐྱེད་ཡིན་ཡང་དེའི་དངོས་ཀྱི་ཉེར་འབྲས་ཕྱི་མ་དེ་མིན་པའི་ཕྱིར་རོ་ཞེ་ན་དཔྱད་དོ། །གལ་ཏེ་སེམས་བསྐྱེད་ལྟ་བུ་ཉམས་ཀྱང་དེ་གོམས་པའི་བག་ཆགས་ད་དུང་ཡོད་པས་ཕྱིས་དེའི་རྒྱུན་ལ་སེམས་བསྐྱེད་པ་ལ་བློ་སྦྱངས་པ་ན་སྐྱེ་སླ་བ་སོགས་སྔར་མ་གོམས་པའི་གང་ཟག་གཞན་དང་མི་འདྲ་བ་འབྱུང་བ་མཐོང་ཞིང་། ཕ་མ་དང་བུའི་ཤེས་པ་ལ་དེ་ལྟ་བུ་མ་མཐོང་ངོ་ཞེ་ན། བུའི་ཤེས་པ་འགའ་ཞིག་ཀྱང་ཕ་མའི་ཤེས་པའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པ་ལྟ་བུར་མཐོང་སྟེ། ཕ་མ་སེམས་རྒྱུད་འཇམ་པ་ལ་བུའང་འཇམ་པ་དང་། ཕ་མ་ཤེས་རབ་ཆེ་བ་ལ་བུའང་ཤེས་རབ་ཆེ་བ་སོགས་སུ་མཐོང་བའི་ཕྱིར་རོ། །ཕ་མ་ཤེས་རབ་ཆེ་བས་བུ་ཆེ་བ་སོགས་སུ་མ་ངེས་སོ་ཞེ་ན། ཚེ་སྔ་མ་ལའང་མ་ངེས་ཏེ། ཚེ་སྔ་མ་ཤེས་རབ་ཅན་ཡིན་ཡང་ཚེ་འདིར་གླེན་ལྐུག་ཏུ་སོང་བ་ཡོད་པའི་ཕྱིར་རོ། །གལ་ཏེ་ཚེ་སྔ་མ་ཤེས་རབ་ཆེ་བ་དང་མང་དུ་ཐོས་པ་སོགས་ཡིན་ཡང་ཚེ་འདིར་དེ་ལྟར་མིན་པ་དེ་འགའ་ཞིག་མངལ་གྱི་སྡུག་བསྔལ་སོགས་ཀྱིས་བརྗེད་ཅིང་། ལྷན་ཅིག་བྱེད་པའི་རྐྱེན་ལུས་ཀྱི་ཁྱད་པར་ལས་ཀྱང་གཞན་དང་གཞན་དུ་འགྱུར་རོ་ཞེ་ན། ཕ་མའི་ཤེས་པ་བུའི་ཤེས་པའི་ཉེར་ལེན་ཡིན་དུ་ཆུག་ཀྱང་ལྷན་ཅིག་བྱེད་པའི་དབང་གིས་བརྗེད་པ་དང་གཞན་དུ་འགྱུར་བ་སོགས་སྲིད་དོ་ཞེས་འགྲེ་ན་དེ་ལྟར་མི་སྲིད་པའི་རྒྱུ་མཚན་བཙལ་བར་བྱའོ། །

ཡང་གོང་གི«དཀའ་འགྲེལ»དུ་གསུངས་པ་ནི་ཕ་མའི་ཤེས་པས་བུའི་ཤེས་པའི་ཉེར་ལེན་བྱེད་ན་བུའི་ཤེས་པའི་རྒྱུད་ལ་ཕ་མའི་མང་དུ་ཐོས་པ་སོགས་འདུ་བྱས་པའི་ཁྱད་པར་འབྱུང་བར་འགྱུར་རོ་ཞེས་བརྗོད་པ་ཡིན་གྱི། ཕ་མའི་ཤེས་པ་ལ་ཁྱད་པར་དེ་དང་དེ་ཡོད་ན་བུའི་ཤེས་པ་ལའང་གདོན་མི་ཟ་བར་དེ་དང་མཐུན་པར་འབྱུང་ངོ་ཞེས་མ་སྨྲས་སོ། །ཞེ་ན། དེ་ལྟ་ན་ཡང་བུའི་ཤེས་པ་འགའ་ཞིག་ལ་ཕ་མའི་ཤེས་པའི་རྗེས་སུ་བྱེད་པ་ལྟ་བུར་སྣང་སྟེ། གོང་དུ་བཤད་ཟིན་ཏོ། །«ཚད་མ་རྒྱན»ལས་ཀྱང་། “འོན་ཏེ་སེམས་སེམས་ཉིད་ཀྱི་རྟེན་ཡིན་ལ་རག་མོད། དེ་ལྟ་ན་ཡང་འདོད་པ་མི་འགྲུབ་བོ། །འཇིག་རྟེན་ཕ་རོལ་པ་མ་ཡིན་པའི་སེམས་རྟེན་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཕ་མའི་སེམས་རྟེན་དུ་འདོད་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་པོའི་སེམས་རྟེན་ཡིན་ན་ནི་མ་ངེས་པ་ཡིན་ཏེ། ཕ་མའི་རང་བཞིན་གྱི་ཡང་རྗེས་སུ་འཇུག་པའི་ཕྱིར་རོ་ཞེ་ན། འདིར་བརྗོད་པ་ནི། དེ་ཕྱིར་ངེས་པ་གང་ཉིད་ཀྱི། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཕ་དང་མའི་རང་བཞིན་གྱི་རྗེས་སུ་ནི་ངེས་པར་འཛིན་པ་མ་ཡིན་ཏེ། དེ་རྣམ་པར་འགྱུར་བ་མེད་ཀྱང་འགྱུར་བར་མཐོང་བའི་ཕྱིར་དང༌། དེ་འགྱུར་ཡང་མི་འགྱུར་བར་མཐོང་བའི་ཕྱིར་རོ། །”[6]ཞེས་ཕ་དང་མའི་རང་བཞིན་གྱི་རྗེས་སུ་ནི་ངེས་པར་འཛིན་པ་མ་ཡིན་ཏེ་ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན་དཔྱད་དོ། །

ཁོ་བོའི་བསམ་པ་ནི། ཕ་མའི་ཤེས་པ་དེ་བུའི་ཤེས་པའི་ཉེར་ལེན་ཡིན་ན་ཡང་ཕ་མའི་ཤེས་པ་ལ་མང་དུ་ཐོས་པ་སོགས་ཀྱི་ཁྱད་པར་དེ་ཡོད་ན་བུའི་ཤེས་པ་ལ་ཁྱད་པར་དེ་གདོན་མི་ཟ་བར་ཡོད་པར་མི་འགྱུར་གྱི་ཉམས་པའི་རྐྱེན་སོགས་ཀྱིས་གཞན་དུ་མ་བསྒྱུར་ཞིང་བློ་ཁ་ཕྱོགས་ན་ཡོད་པར་འགྱུར་རོ། །འོ་ན་བུའི་ཤེས་པ་འགའ་ཞིག་ཕ་མའི་ཤེས་པའི་ཁྱད་པར་གྱི་རྗེས་སུ་འཇུག་སྟེ། ཕ་མ་ཤེས་རབ་ཆེ་བ་ལ་བུའི་ཤེས་རབ་ཆེ་བ་དང་ཕ་མ་གླེན་པ་ལ་བུའང་གླེན་པ་སོགས་སུ་མཐོང་བས་སོ་ཞེ་ན། དེ་ནི་བུའི་ཡིད་བློ་ཕ་མའི་ཡིད་བློའི་ཉེར་འབྲས་ཡིན་པས་མིན་གྱི་། ཕ་མའི་ལུས་ཀྱིས་བུའི་ལུས་ཀྱི་ཉེར་ལེན་བྱེད་ཅིང་། ཉེར་འབྲས་བུའི་ལུས་དེ་ཉིད་ཀྱིས་རྒྱུན་གྱི་སྒོ་ནས་རང་གི་བློའི་ལྷན་ཅིག་བྱེད་པའི་རྐྱེན་བྱེད་དེ་དེའི་ཕྱིར་ཁྱད་པར་དེ་འབྱུང་བ་ཡིན་ནོ། །

ཡང་བུའི་ཤེས་པ་ལ་སྐྱེས་ཙམ་ནས་སྙིང་རྗེ་དང་འདོད་ཆགས་ཆེ་བ་དང་བཟོའི་གནས་ལ་མཁས་པ་སོགས་ཀྱི་ཁྱད་པར་མཐོང་ན་ཕ་མའི་ཤེས་པའི་རྒྱུན་ལ་ཡང་ཁྱད་པར་དེ་དག་མཐོང་བར་འགྱུར་ཏེ། དེ་དེའི་ཉེར་འབྲས་ཡིན་པར་འདོད་པའི་ཕྱིར་དང་། ཁྱད་པར་དེ་བུའི་ཚེ་འདིར་སྙིང་རྗེ་སོགས་སྒོམ་པ་དང་ཐོས་པ་སོགས་ཀྱི་རྐྱེན་གྱིས་གསར་དུ་སྐྱེ་བ་མིན་པའི་ཕྱིར་རོ། །མ་ངེས་པ་ཡང་མིན་ཏེ།  ཚེ་འདིའི་རིག་པའི་རྒྱུད་ལ་འདོད་ཆགས་སོགས་ཆེ་བ་དང་བཟོའི་གནས་ལ་མཁས་པ་སོགས་ནི་སྔ་མའི་གོམས་པའི་རྗེས་སུ་འཇུག་པ་མཐོང་བའི་ཕྱིར་རོ། །འོན་ཀྱང་བུ་ལ་ཚེ་འདིའི་རྐྱེན་གྱི་ཁྱད་པར་ལ་མི་ལྟོས་པར་བློའི་ཁྱད་པར་དེ་དག་ཡོད་ཀྱང་དེའི་ཕ་མའི་ཤེས་པའི་རྒྱུན་ལ་ཁྱད་པར་དེ་ལྟ་བུའི་མ་མཐོང་ཞིང་། དེའི་ཕྱིར་རང་གི་ཚེ་སྔ་མའི་གོམས་པ་སྔོན་དུ་སོང་བ་གྲུབ་བོ། །གལ་ཏེ་བུའི་ཤེས་པ་ལ་དེ་ལྟར་བློའི་ཁྱད་པར་མཐོང་ཞིང་དེའི་ཚེ་འདིའི་ཕ་མའི་ཤེས་པ་ལ་དེ་མ་མཐོང་ཡང་དེ་གཉིས་ཉེར་ལེན་ཉེར་འབྲས་ཀྱི་རྒྱུད་གཅིག་མིན་པར་མི་འགྱུར་ཏེ། ཕ་མ་དེ་ཉིད་ཀྱི་ཚེ་སྔ་མའི་གོམས་པ་ཡང་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་སྐྱེ་བ་སྔ་མ་མེད་པའི་དམ་བཅའ་ཉམས་པ་ཡིན་ནོ། །གཞན་ཡང་ཕ་མ་ལ་ཚེ་སྔ་མའི་གོམས་པ་དེ་ལྟ་བུ་སྔོན་དུ་སོང་ན་ཚེ་དེར་ཡང་བློ་ཁ་ཕྱོགས་ན་བློའི་ཁྱད་པར་དེ་ལྟ་བུ་མཐོང་དགོས་པ་ལ་མ་མཐོང་བའི་ཕྱིར་རོ། །གཞན་ཡང་ཚེ་སྔ་མའི་ཡུལ་དུས་བྱ་བ་རྣམས་ཚེ་འདིའི་གང་ཟག་གིས་དྲན་པ་འགའ་ཞིག་མཐོང་ལ། ཕ་མའི་ཡུལ་དུས་བྱ་བ་དག་བུས་དྲན་པ་ནི་གཅིག་ཀྱང་མ་མཐོང་སྟེ། འདི་ནི་ཕ་མའི་ཤེས་པ་བུའི་ཤེས་པའི་ཉེར་ལེན་མིན་པའི་རིགས་པ་ཡག་ཤོས་ཤིག་ཏུ་སྙམ་མོ། །ཚད་མ་རྒྱན་དུ་ཡང་ཕ་མའི་ཤེས་པ་བུའི་ཤེས་པའི་ཉེར་ལེན་ཡིན་ན་བུས་ཕ་མའི་གནས་ཚུལ་དྲན་པར་ཐལ་བར་གསུངས་ཏེ། འོག་ཏུ་འབྲི་བར་འགྱུར་རོ། །

གསུམ་པ། ཆོས་མཆོག་གི«འཇིག་རྟེན་ཕ་རོལ་གྲུབ་པ།»རུ་གསུངས་པ།

ཆོས་མཆོག་གིས་མཛད་ཅིང་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དབུས་རཏྣ་ར་སྨིའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེའི་སྐུ་རིང་ལ་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའི«འཇིག་རྟེན་ཕ་རོལ་གྲུབ་པ»ཞེས་པ་གཞུང་ཉུང་ངུ་ཞིག་སྡེ་བསྟན་ཚད་མ<ཞེ>འི་ནང་དུ་བཞུགས་པར་ཡང་ཕ་མའི་ཤེས་པ་བུའི་ཤེས་པའི་ཉེར་ལེན་ཡིན་པ་འགོག་པའི་གཞུང་དུམ་བུ་གསུངས་པ་འདིར་འགོད་ན།  ཐོག་མར། བློ་གཞན་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ན་ཡང་བུའི་བློ་ནི་མའི་བློ་ལས་རབ་ཏུ་སྐྱེ་བ་ཅན་ཡིན་ནོ་ཞེས་གང་སྨྲ་བ་དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར་ཤེས་རབ་ཕུལ་དུ་བྱུང་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་སྔར་གྱི་གོམས་པའི་རྒྱུ་ཅན་དུ་འགྱུར་ཞིང་གཞན་གྱི་རྒྱུ་ཅན་དུ་བརྟགས་པར་མི་ནུས་སོ། །”[7]ཞེས་སྨོས་ཏེ། ཕྱོགས་སྔ་མས་ཚེ་འདིའི་ཐོག་མའི་བློ་དེ་འབྱུང་བའི་ཁྱད་པར་ལས་སྐྱེ་བ་མིན་པར་རང་གི་ཉེར་ལེན་བློ་གཞན་སྔོན་དུ་སོང་ན་ཡང་། དེ་ལྟ་བུའི་བློ་དེ་ཚེ་རབས་སྔ་མའི་བློ་མིན་གྱི། མའི་བློས་ཉེར་ལེན་བྱས་པ་ལས་སྐྱེ་བ་ཡིན་ནོ་ཞེས་སྨྲས་པ་ལ། འདི་ལྟར་སྨྲས་ཏེ། འགའ་ཞིག་ལ་སྔར་གོམས་པ་ཡོད་ན་ཤེས་རབ་ཕུལ་དུ་བྱུང་བར་འགྱུར་ཞིང་། མེད་ན་མི་འབྱུང་བའི་ཕྱིར་དེ་ནི་སྔར་གྱི་གོམས་པའི་རྗེས་སུ་འགྲོ་ལྡོག་བྱེད་པས་དེའི་རྒྱུ་ཅན་དུ་གྲུབ་ཀྱི། དེ་ལས་གཞན་པའི་ཤེས་རབ་ཕུལ་དུ་བྱུང་བའི་རྒྱུ་གཞན་འཇོག་ཏུ་མེད་དོ་ཞེས་གསུངས་སོ། །འདིར་ཤེས་རབ་ཕུལ་དུ་བྱུང་བ་དེ་གོམས་པའི་རྒྱུ་ཅན་དུ་གསུངས་པ་ནི་འོག་གི་རྟགས་ཀྱི་ཁྱབ་པ་གྲུབ་པར་གསུངས་པ་ཡིན་ལ། དེ་ལྟར་གོམས་པའི་རྒྱུ་ཅན་དུ་གང་གི་རྟོགས་པའི་ཤེས་པ་ཡང་མངོན་སུམ་ཡིན་ཏེ། གཞན་དུ་འོག་གི་རྟགས་ཀྱི་ཁྱབ་པ་མངོན་སུམ་གྱིས་མི་འགྲུབ་པར་འགྱུར་རོ། །འོ་ན་དེ་རྟོགས་པའི་མངོན་སུམ་གང་ཞེ་ན། ཚེ་འདིའི་རང་གི་རྒྱུད་ཀྱི་རང་རིག་སྟེ་དེས་ཚེ་འདིའི་རང་རྒྱུད་ལ་ཤེས་རབ་ཕུལ་དུ་བྱུང་བ་སྐྱེ་བ་དེ་སྔར་གྱི་གོམས་པའི་རྗེས་སུ་འགྲོ་བ་དང་ལྡོག་པར་རྟོགས་པ་ཡིན་ནོ། །

དེའི་འཕྲོར། མ་གཅིག་ལས་སྐྱེས་ཤིང་གཟུགས་དང་ལང་ཚོ་དང་དབང་པོ་མ་ཚང་བ་མེད་ལ་མངོན་པར་སྦྱོར་བ་དང་བཅས་པར་འདོད་པ་དག་ལས་གཅིག་ནི་ཤེས་རབ་ཕུལ་དུ་བྱུང་བ་ཡིན་ལ། གཞན་ནི་མ་ཡིན་ནོ། །ཞེས་མ་གཅིག་ལས་སྐྱེས་པའི་མཚེ་མ། གཟུགས་དང་ལང་ཚོ་དང་དབང་པོ་མ་ཚང་བ་མེད་པ། མངོན་པར་སྦྱོར་བ་དང་བཅས་པའི་བུ་གཉིས་ལས་གཅིག་ལ་ཤེས་རབ་ཕུལ་དུ་བྱུང་བ་མཐོང་ལ། གཞན་ལ་ཤེས་རབ་དམན་པར་མཐོང་ངོ་ཞེས་གསུངས་ཏེ། འདིར་གཟུགས་དང་ལང་ཚོ་དང་དབང་པོ་མ་ཚང་བ་མེད་པ་ཞེས་པས་ནི་དེ་གཉིས་ཀྱི་གཟུགས་དང་ལང་ཚོ་སོགས་ལ་ཁྱད་པར་མེད་པས་ཚེ་འདིའི་ལྷན་ཅིག་བྱེད་པའི་རྐྱེན་ལུས་ཀྱི་དབང་གིས་དེ་གཉིས་ཤེས་རབ་དམན་མཆོག་ཏུ་སོང་བ་མིན་པར་གོ་བར་བྱས་པར་སྣང་ངོ་། །མངོན་པར་སྦྱོར་བ་དང་བཅས་པ་ཞེས་པའི་དོན་ཇི་ལྟར་ཡིན་གསལ་པོར་མི་མངོན་ཡང་གང་ཤེས་པར་བྱ་བའི་ཡུལ་ལ་བརྩོན་པ་དང་བཅས་པ་ཞེས་པ་ཡིན་ནམ་སྙམ་ཏེ། དེ་ལྟར་ཡིན་ན་གཉིས་ཀ་བརྩོན་པ་དང་བཅས་པའི་ཕྱིར་གཅིག་ཤོས་བརྩོན་པ་དང་བཅས་ཤིང་གཞན་དེ་དེ་ལྟར་མིན་པས་ཤེས་རབ་མཆོག་དམན་དུ་སོང་བ་མིན་པར་བསྟན་ཏོ། །

གལ་ཏེ་དེ་གཉིས་ལ་ཤེས་རབ་མཆོག་དམན་ཡོང་བ་དེ་དེ་གཉིས་ཀྱི་རྒྱུ་མའི་གོམས་པའི་དབང་གིས་སོ་ཞེ་ན།  མ་ལ་ཡོད་པའི་གོམས་པ་ནི་གཉི་ག་ལ་ཁྱད་པར་མེད་དེ། དེ་ནི་ཁྱད་པར་འཇོག་པའི་རྒྱུ་མ་ཡིན་ནོ། །ཞེས་གསུངས་ཏེ། མ་ལ་ཡོད་པའི་གོམས་པ་ནི་གཉིས་ཀའི་རྒྱུ་ལ་ཡོད་པར་ཁྱད་པར་མེད་དེ། གཉིས་ཀ་མ་གཅིག་ལས་སྐྱེས་པས་སོ། །དེའི་ཕྱིར་མའི་གོམས་པ་ནི་དེ་གཉིས་ཀྱི་ཤེས་རབ་ལ་ཕུལ་དུ་བྱུང་བ་དང་དེ་མིན་པའི་ཁྱད་པར་འཇོག་པའི་རྒྱུ་མ་ཡིན་ནོ་ཞེས་སོ། །

དེའི་འཕྲོར། དེའི་ཕྱིར་དེ་དག་ནི་རྒྱུད་སོ་སོ་ལ་ཤེས་རབ་ཕུལ་དུ་བྱུང་བའི་ཤེས་པའི་བདག་ཉིད་ཅན་གྱི་གོམས་པ་ནི་ཐ་དད་པའི་ཕྱིར་གཉི་ག་ཡང་རྒྱུད་ཐ་དད་པ་དང་ལྡན་པར་གྲུབ་བོ། །ཞེས་སྨོས་ཏེ། དེས་ན་ལྷན་ཅིག་བྱེད་པ་ལ་ཁྱད་པར་མེད་པའི་ཕྱིར་གཅིག་ཤོས་ཤེས་རབ་ཕུལ་དུ་བྱུང་ལ་གཞན་ནི་དེ་ལྟར་མིན་པ་དེ་ཉེ་བར་ལེན་པའི་རྒྱུ་སྔོན་གྱི་གོམས་པའི་འབྲས་བུ་ཡིན་པ་ལས་འོས་མེད་ལ། མའི་གོམས་པ་ནི་དེ་གཉིས་ཀྱི་ཁྱད་པར་འཇོག་པའི་རྒྱུ་མིན་པའི་ཕྱིར་རང་རང་གི་ཚེ་རབས་སྔ་མའི་གོམས་པ་ཆེ་བ་དང་ཞན་པའི་སྒོ་ནས་ཐ་དད་པར་གྲུབ་པས། དེ་གཉིས་ཀ་ཚེ་སྔ་མའི་རྒྱུད་ཐ་དད་པ་དང་ལྡན་པར་གྲུབ་བོ་ཞེས་སོ། །

གོང་ཞུས་གཞུང་དེ་དག་གི་རིགས་པ་བསྡུ་ན། མཚེ་མ་གཅིག་ལས་སྐྱེས་པའི་གཟུགས་དང་ལང་ཚོ་དང་དབང་པོ་མ་ཚང་བ་མེད་ཅིང་མངོན་པར་སྦྱོར་བ་དང་བཅས་པའི་བྱིས་པ་གཉིས་ཆོས་ཅན།  གཅིག་ཤེས་རབ་ཕུལ་དུ་བྱུང་ལ་གཞན་དེ་ལྟར་མིན་པ་མི་འཐད་པར་ཐལ། གཟུགས་དང་ལང་ཚོ་དང་དབང་པོ་སོགས་རྐྱེན་ལ་ཁྱད་པར་མེད་ཅིང་། ཉེར་ལེན་མའི་བློ་གཅིག་ལས་སྐྱེས་པ་ཡང་མཚུངས་པའི་ཕྱིར། ཁྱབ་སྟེ་ལྷན་ཅིག་བྱེད་པའི་རྐྱེན་ལ་ཁྱད་པར་མེད་ཅིང་ཉེར་ལེན་ཡང་མའི་བློ་གཅིག་ལས་སྐྱེས་ན་འབྲས་བུ་ལ་ཁྱད་པར་ཡོང་མི་རིགས་པའི་ཕྱིར་རོ། །འདོད་ན་མངོན་སུམ་དང་འགལ་ལོ། །དེས་ན་དེ་གཉིས་ཆོས་ཅན། ཚེ་རབས་སྔ་མའི་གོམས་པ་མི་འདྲ་བ་སྔོན་དུ་སོང་སྟེ། ཚེ་འདིའི་རྐྱེན་ལ་ཁྱད་པར་མེད་ཀྱང་། གཅིག་ཤེས་རབ་ཕུལ་དུ་བྱུང་ལ་གཞན་དེ་ལྟར་མིན་པའི་ཕྱིར། དཔེར་ན་ཚེ་འདིའི་ཕྱིས་ཀྱི་ཤེས་རབ་ཕུལ་དུ་བྱུང་བ་དེ་རང་གི་རྒྱུ་སྔར་གྱི་གོམས་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་བཞིན་ནོ། །ཞེས་པའོ། །

འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ། ཆོས་ཅན་དུ་བཟུང་བའི་ཕ་མ་གཅིག་ལས་སྐྱེས་པའི་མཚེ་མ་གཉིས་དེ་མངལ་དུ་ཉིང་མཚམས་སྦྱར་མ་ཐག་པ་ལ་བྱེད་དམ། ཕྱིས་སུ་བྱེད། དང་པོ་ལྟ་ན་གོང་དུ་མངོན་པར་སྦྱོར་བ་དང་བཅས་པ་ཞེས་གསུངས་པའི་དོན་ཇི་ལྟར་ཡིན་དཔྱད་པར་བྱ་ཞིང་། གཟུགས་དང་ལང་ཚོ་དང་དབང་པོ་མ་ཚང་བ་མེད་ལ་ཞེས་པའང་མི་འཐད་དེ། མངལ་དུ་ཉིང་མཚམས་སྦྱར་མ་ཐག་པ་དང་དབང་པོ་མ་ཚང་བ་མེད་པ་གཉིས་འགལ་བའི་ཕྱིར་རོ། །གཞན་ཡང་ཞིབ་ཏུ་ཕྱེ་ན་དེ་གཉིས་ཀྱི་ལུས་ཀྱི་ཉེར་ལེན་མི་འདྲ་སྟེ། གཟུགས་ཅན་རྣམས་ཆ་བསིལ་ནས་མཐར་གཏུགས་ན་རྡུལ་ཕྲ་རབ་སིལ་བུར་གནས་པ་ཙམ་དུ་ཟད་ལ། དེས་ན་གང་མཚེ་མ་གཅིག་གི་ལུས་ཀྱི་རྡུལ་གྱི་ངོ་བོར་སོང་བ་དེ་མཚེ་མ་གཞན་གྱི་ལུས་ཀྱི་རྡུལ་གྱི་ངོ་བོར་འགྲོ་བ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དངོས་ཀྱི་ཉེར་ལེན་མི་འདྲ་བས་དངོས་ཀྱི་འབྲས་བུ་ལུས་ལ་ཡང་མི་འདྲ་བར་ཡོང་སྟེ། འབྲས་བུ་འདྲ་བ་དང་མི་འདྲ་བ་དེ་དངོས་ཀྱི་རྒྱུ་འདྲ་བ་དང་མི་འདྲ་བའི་དབང་གིས་ཏེ།  གཞན་དུ་འབྲས་བུ་འདྲ་བ་དང་མི་འདྲ་བ་འབྱུང་བའི་རྒྱུ་མེད་པས་ཐམས་ཅད་འདྲ་བའམ་ཡང་ན་ཐམས་ཅད་མི་འདྲ་བར་ཐལ་བར་འགྱུར་རོ། །ལུས་ཀྱི་རྒྱུ་ལ་མི་འདྲ་བ་ཡོད་ན་བློ་ཁྱད་པར་དུ་འགྱུར་བའི་རྐྱེན་ལ་མི་འདྲ་བ་མེད་པར་བསྒྲུབ་མི་ནུས་སོ། །ཕྱི་མ་ལྟར་ན་དེ་བས་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་ཁྱད་པར་མེད་པར་བསྒྲུབ་པར་མི་ནུས་ཏེ། ཕྱིས་ཀྱི་ཟས་དང་ཕྱི་རོལ་གྱི་འབྱུང་བ་སོགས་ཀྱི་རྐྱེན་ཤིན་ཏུ་མི་འདྲ་བས་དེ་གཉིས་ཀྱི་ལྷན་ཅིག་བྱེད་པའི་ལུས་ལ་ཁྱད་པར་མེད་པར་བསྒྲུབ་མི་ནུས་ཤིང་། དེའི་ཕྱིར་ཉེར་ལེན་སེམས་གཅིག་ལས་སྐྱེས་ཀྱང་ལྷན་ཅིག་བྱེད་པའི་ལུས་ཀྱི་དབང་གིས་ཤེས་རབ་དམན་མཆོག་སོགས་གཞན་དུ་འགྱུར་སྲིད་པའི་ཕྱིར་རོ་ཞེ་ན་དཔྱད་དོ། །

ཡང་ཤེས་རབ་དང་སྙིང་རྗེ་སོགས་ཤས་ཆེ་ཆུང་རྣམས་གོམས་པའི་རྗེས་སུ་འཇུག་པ་ཚེ་འདིའི་རང་རྒྱུད་ཀྱི་ཤེས་པའི་སྟེང་དུ་རྟོགས་པར་གསུངས་ཀྱང་། དེས་ཤེས་པ་བྱེ་བྲག་པ་ཞིག་གོམས་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་རྟོགས་ཀྱི་ཤེས་རབ་ཆེ་བ་དང་སྙིང་རྗེ་ཆེ་བ་སོགས་གང་ཡིན་གོམས་པའི་རྗེས་སུ་འགྲོ་བ་ཇི་ལྟར་རྟོགས། རྟོགས་ན་ཚེ་འདིའི་རིག་པ་ཕྱི་མ་དེ་རིག་པ་སྔ་མའི་རྗེས་སུ་འགྲོ་ལྡོག་བྱེད་པར་རྟོགས་ན་རིག་པ་གང་ཡིན་ལ་རིག་པ་སྔ་མ་སྔོན་དུ་སོང་བས་ཁྱབ་པར་རྟོགས་པར་འགྱུར་རོ། །གལ་ཏེ་དེ་འདོད་དེ། ཚད་ཆེན་ལས། “དེ་ཕྱིར་ཐོག་མའི་རྣམ་ཤེས་ནི། །རང་གི་ཉེར་ལེན་སྟོབས་ལས་བྱུང༌། །རྣམ་ཤེས་ཉིད་སོགས་གཏན་ཚིགས་ཀྱིས། །ད་ལྟར་བ་ཡི་རྣམ་ཤེས་བཞིན། །”[8]ཞེས་ཚེ་འདིའི་ད་ལྟ་བའི་རྣམ་ཤེས་དཔེ་རུ་གསུངས་པས་སོ་ཞེ་ན། འོ་ན་ཚེ་འདིའི་རྣམ་ཤེས་ཐོག་མ་དེ་བེམ་པོ་ལས་ཅིག་ཅར་སྐྱེས་པས་རིག་པ་གང་ཡིན་ལ་རིག་པ་སྔ་མ་སྔོན་དུ་སོང་བས་མ་ཁྱབ་པ་དང་།  དེའི་ཕྱིན་ཆད་ཀྱི་རིག་པ་རྣམས་རིག་པ་སྔ་མ་སྔ་མས་ཉེར་ལེན་བྱས་ནས་ཕྱི་མ་ཕྱི་མ་སྐྱེས་པར་འདོད་པའི་རྒོལ་བར་མེད་པར་འགྱུར་རོ། །འདོད་པར་མི་ནུས་ཏེ། རྣམ་འགྲེལ་རྩ་བ་ལས། “གལ་ཏེ་ལུས་ལས་ཅིག་ཅར་བློ། །སྐྱེས་ཤིང་ཕྱིས་ནི་རང་རིག་ལས། །ངེས་ན་ལུས་ཀྱིས་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན། །” [9]ཞེས་གསུངས་པས་སོ་ཞེ་ན་དཔྱད་དོ། །

དཀྱུས་ཀྱི་དོན་ལ་འཇུག་ན། གོང་གི་དེའི་འཕྲོར།“དྲོད་གཤེར་ལས་སྐྱེས་པ་ལ་སོགས་པའི་སྲོག་ཆགས་ཀྱི་རབ་ཏུ་སྐྱེ་བ་ལ་ནི་མའི་བློ་རྒྱུར་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རང་གི་རྒྱུད་རིག(རིགས)་པ་དང་ལྡན་པ་ཡིན་ནོ། །”ཞེས་གསུངས་ཏེ། རིགས་པ་འདི་«ཚད་ཆེན་དཀའ་འགྲེལ»་དང་«ཚད་མ་རྒྱན»་གཉིས་སུ་ཡང་གསུངས་སོ། །

 བཞི་བ། «ཚདམ་རྒྱན»དུ་གསུངས་པ།

«ཚད་མ་རྒྱན»ལས་གསུངས་པའི་གཞུང་རྣམས་འགོད་ན་ཚིགས་ཚོགས་མང་བར་འགྱུར་ཞིང་། ལ་ལ་གོ་ཡང་ཤིན་ཏུ་དཀའ་བར་འདུག་སྟེ། འདིར་གང་གོ་བ་འགའ་གཞུང་རང་གི་འགྲོས་དང་བསྟུན་ཏེ་ཉིང་བསྡུས་སུ་འབྲི་ན། དང་པོ་ཕྱོགས་སྔ་མས་ཚེ་འདིའི་ཐོག་མའི་བློ་དེ་རང་གི་ཉེར་ལེན་བློ་ལས་སྐྱེས་སུ་ཆུག་མོད། དེ་ལྟ་ན་ཡང་ཚེ་རབས་སྔ་མ་མི་འགྲུབ་བོ། །དེ་ཡང་ཚེ་སྔ་མའི་བློ་མ་ཡིན་པའི་བློ་གཞན་ཞིག་ལས་སྐྱེ་བར་སྒྲུབ་ན་གྲུབ་ཟིན་སྒྲུབ་པ་ཡིན་ཏེ། རང་གི་ཕ་མའི་བློ་ལས་སྐྱེས་པའི་ཕྱིར་རོ། །ཚེ་སྔ་མའི་བློ་ལས་སྐྱེས་པར་སྒྲུབ་ན་མ་ངེས་པ་ཡིན་ཏེ། ཕ་མའི་བློའི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་སོ། །དེ་འགོག་པ་ལ། བུའི་བློའི་ཁྱད་པར་ནི་ངེས་པར་ཕ་མའི་བློའི་རྗེས་སུ་འཇུག་པ་མ་ཡིན་ཏེ། ཕ་མའི་བློ་ལ་མང་དུ་ཐོས་པ་དང་སྙིང་རྗེ་ཆེ་བ་སོགས་ཀྱི་འགྱུར་བ་མེད་ཀྱང་བུའི་བློ་དེ་ལྟར་འགྱུར་བ་མཐོང་བའི་ཕྱིར་དང་། ཕ་མའི་བློ་ལ་མང་དུ་ཐོས་པ་དང་སྙིང་རྗེ་ཆེ་བ་སོགས་ཀྱི་འགྱུར་བ་བྱུང་ཡང་བུའི་བློ་དེ་ལྟར་མི་འགྱུར་བ་མཐོང་བའི་ཕྱིར་རོ། །གལ་ཏེ་བུའི་བློའི་ཐོས་པ་དང་སྙིང་རྗེ་དང་ཤེས་རབ་སོགས་ཀྱི་ཁྱད་པར་དེ་ཕ་མའི་བློའི་རྗེས་སུ་བྱེད་པ་ཡིན་ན་ཕ་མ་མཁས་པ་སོགས་ཡིན་པས་བུ་ཡང་མཁས་པ་སོགས་སུ་འགྱུར་ཏེ། དཔེར་ན་ཤིང་ཝཱ་ཏའི་ས་བོན་ལས་སྐྱེས་པ་ཤིང་ཝཱ་ཏའི་རང་བཞིན་ཉིད་དུ་འགྱུར་བ་བཞིན་ནོ། །

ཕྱོགས་སྔ་མས། གལ་ཏེ་ཕ་མའི་བློ་དེ་ཡང་རང་ཉིད་ཡོད་ཙམ་གྱིས་ངེས་པར་མང་དུ་ཐོས་པ་སོགས་སུ་མི་འགྱུར་གྱི། འདོན་དུ་འཇུག་པ་པོ་དང་འཆད་པ་པོ་སློབ་དཔོན་ལ་སོགས་པའི་ལྷན་ཅིག་བྱེད་པ་ལ་བརྟེན་ནས་མང་དུ་ཐོས་པ་སོགས་སུ་འགྱུར་རོ། །དེ་བཞིན་དུ་བུའི་བློ་ཡང་ཕ་མའི་བློ་བཞིན་དུ་ངེས་པར་མང་དུ་ཐོས་པ་སོགས་སུ་མི་འགྱུར་གྱི། འདོན་དུ་འཇུག་པ་སོགས་ཀྱི་ལྷན་ཅིག་བྱེད་པ་ཡོད་ན་རེས་འགར་ཕ་མའི་བློའི་རྗེས་སུ་བྱེད་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ཕ་མ་བཞིན་དུ་འདོན་དུ་འཇུག་པ་སོགས་ཀྱི་ལྷན་ཅིག་བྱེད་པས་འདུས་བྱས་ཀྱང་རེས་འགའ་ཕ་མའི་བློ་བཞིན་དུ་མང་དུ་ཐོས་པ་སོགས་སུ་འགྱུར་བ་མེད་པའི་ཕྱིར་དང༌། ལ་ལ་སློབ་དཔོན་སོགས་ཀྱིས་འབད་པ་མེད་པར་ཡང་ཤེས་རབ་ཕུལ་དུ་བྱུང་བ་དང་སྙིང་རྗེ་དང་ལྡན་པ་སོགས་སུ་འགྱུར་བ་མཐོང་བའི་ཕྱིར་རོ། །འོ་ན་མང་དུ་ཐོས་པ་སོགས་ཀྱི་ཁྱད་པར་རང་གི་རྒྱུད་ཀྱི་བློའི་གོམས་པའི་རྗེས་སུ་འཇུག་གི་རང་གི་བློ་སྔ་མ་ལ་མ་ལྟོས་པར་རྒྱུད་གཞན་གྱི་བློའི་རྗེས་སུ་མི་འཇུག་པ་ཇི་ལྟར་ཤེས་ཤེ་ན། ཚེ་འདིར་ཡང་སྙིང་རྗེ་ཆེ་བ་དང་མང་དུ་ཐོས་པ་སོགས་ནི་རང་གི་རྒྱུད་ལ་ཡོད་པའི་རྣམ་པར་ཤེས་པ་སྔ་མའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པར་མཐོང་བའི་ཕྱིར་དང༌། རྒྱུད་གཞན་གྱི་རྗེས་སུ་འཇུག་པ་མ་མཐོང་བའི་ཕྱིར་རོ། །

ཕྱོགས་སྔ་མས། གལ་ཏེ་རྒྱུད་གཞན་གྱི་རྗེས་སུ་འཇུག་པ་མ་མཐོང་བ་རྟགས་མ་གྲུབ་སྟེ། སློབ་མ་དག་གི་ཤེས་རབ་སོགས་ནི་མཁན་པོའི་སློབ་ཁྲིད་སོགས་ཀྱི་འདུ་བྱེད་པའི་རྗེས་སུ་འཇུག་པར་དམིགས་སོ་ཞེ་ན། དེ་ཡང་རང་གི་རྒྱུད་ཀྱི་བློ་སྔ་མ་ལ་མ་ལྟོས་པར་མཁན་པོའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པ་མ་ཡིན་ཏེ། སློབ་པར་འདོད་པ་སོགས་རང་གི་རྒྱུད་ཀྱི་བློ་སྔ་མ་དེ་མེད་ན་མཁན་པོའི་འབད་པ་ཡོད་ཀྱང་མང་དུ་ཐོས་པ་སོགས་སུ་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་དེ་ནི་རང་གི་རྒྱུད་ཀྱི་བློ་སྔ་མའི་འདོད་པའི་ཁྱད་པར་ལས་སྐྱེ་བ་ཡིན་པས། དེ་ཡང་བརྒྱུད་ནས་རང་གི་རྒྱུད་ཉིད་ལས་སྐྱེས་པ་ཡིན་ནོ། །

ཕྱོགས་སྔ་མས་གལ་ཏེ་རང་གི་རྒྱུད་ཀྱི་སློབ་པར་མངོན་པར་འདོད་པ་དང་མཁན་པོའི་འདུ་བྱེད་པ་གཉིས་ཀ་ལྷན་ཅིག་ཏུ་འདུས་པ་ལས་སྐྱེས་པ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་མོད། དེ་ལྟ་ན་ཡང་རང་གི་རྒྱུད་ཀྱི་རིག་པ་སྔ་མ་སྔོན་དུ་སོང་བ་མེད་པར་རྒྱུད་གཞན་ཁོ་ནའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ནི་མ་ཡིན་ནོ། །དེས་ན། འཇིག་རྟེན་ཕ་རོལ་མེད་པར་ནི། །འདུ་བྱེད་རྗེས་འཇུག་འགྱུར་མ་ཡིན། །ཕ་མའི་རང་བཞིན་རྗེས་འཇུག་པ། །འཇིག་རྟེན་གཞན་ལྡན་འགལ་བ་མེད། །

ཕྱོགས་སྔ་མས། གལ་ཏེ་བུའི་རྒྱུད་ཀྱི་མང་དུ་ཐོས་པ་སོགས་ཀྱི་བློའི་ཁྱད་པར་རྣམས་ངེས་པར་རང་གི་རྒྱུད་སྔ་མ་ལ་ཡོད་པའི་སེམས་ཀྱི་འདུ་བྱེད་པའི་ཁྱད་པར་གྱི་རྗེས་སུ་འཇུག་པ་ཡིན་ན། འོ་ན་ཇི་ལྟར་བུ་འགའ་ཞིག་ལུས་ཀྱི་མདོག་དང་སྤྱོད་ལམ་སོགས་དང་སེམས་ཀྱི་ཁྱད་པར་སྙིང་རྗེ་དང་ཞེ་སྡང་སོགས་འགའ་ཞིག་ཕ་མའི་རང་བཞིན་གྱི་རྗེས་སུ་འཇུག་ཅེ་ན། དེ་ལ་ལན་དུ་འདི་ལྟར་སྨྲས་ཏེ། གལ་ཏེ་ཕ་མའི་སེམས་ཀྱིས་བུའི་སེམས་ཀྱི་ཉེར་ལེན་བྱས་པས་བུའི་སེམས་ཕ་མའི་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་ན་ཕ་མ་དང་བཅས་པའི་སྲོག་ཆགས་ཐམས་ཅད་ཀྱི་མདོག་དང་སྤྱོད་ལམ་དང་སེམས་ཀྱི་ཁྱད་པར་སོགས་ཕ་མའི་རྗེས་སུ་འཇུག་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ན། དེ་ཐམས་ཅད་ཀྱི་བློ་ནི་རང་གི་ཕ་མའི་བློས་ཉེར་ལེན་བྱས་ཏེ་སྐྱེས་པའི་ཕྱིར་རོ། །འོན་ཏེ་ཕ་མའི་རྗེས་སུ་མི་འཇུག་པ་ཡང་མཐོང་ངོ་། །

ཕྱོགས་སྔ་མས། འོ་ན་སྲོག་ཆགས་ཐམས་ཅད་ཀྱི་ཚེ་འདིའི་བློའི་ཁྱད་པར་སོགས་འཇིག་རྟེན་ཕ་རོལ་གྱི་བློའི་ཁྱད་པར་སོགས་ཀྱི་རྗེས་སུ་འཇུག་པར་སྨྲ་བའི་ལུགས་ལ་ཡང་། སྲོག་ཆགས་ཀྱི་བློའི་ཁྱད་པར་ཐམས་ཅད་ཕ་མའི་བློའི་ཁྱད་པར་གྱི་རྗེས་སུ་མི་འཇུག་པར་ཐལ་ཏེ། དེ་ནི་ཕ་མའི་བློས་ཉེར་ལེན་བྱས་པ་ལས་སྐྱེས་པ་མིན་གྱི་ཚེ་སྔ་མའི་རྒྱུད་ཀྱི་ཁྱད་པར་ལས་སྐྱེས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེས་འཇིག་རྟེན་གཞན་དུ་དེའི་རང་བཞིན་གོམས་པར་བྱ་བའི་ཕྱིར་མཁན་པོའི་རང་བཞིན་གྱི་རྗེས་སུ་འཇུག་པ་བཞིན་ནོ། །

ཕྱོགས་སྔ་མས། གལ་ཏེ་ཇི་ལྟར་ཤིང་ཝ་ཊ་གཅིག་ལས་དབྱིབས་སོགས་མི་འདྲ་བའི་ཤིང་ཝ་ཏྲ་དུ་མ་འབྱུང་བ་དེ་བཞིན་དུ་ཕ་མའི་རྒྱུད་ཀྱི་རྣམ་པར་ཤེས་པ་གཅིག་ལས་ཕ་མའི་བློའི་རྗེས་སུ་བྱེད་པ་དང་མི་བྱེད་པའི་རྣམ་པར་ཤེས་པ་དུ་མ་འབྱུང་བ་ཡིན་ནོ། །དེས་ན་བུའི་ཐོག་མའི་བློ་ནི་ཕ་མའི་བློ་ལས་སྐྱེས་ཀྱང་དེ་ཐམས་ཅད་ཤེས་རབ་ཆེ་ཆུང་སོགས་ཕ་མའི་བློའི་རྗེས་སུ་བྱེད་པ་ཐལ་བ་མེད་དོ་ཞེ་ན། དེ་ལ་ལན་ནི་འདི་ཡིན་ཏེ། འདི་ལྟར་ཤིང་ཝ་ཊ་གཅིག་ལས་ཤིང་དུ་མ་འབྱུང་ཡང་ཤིང་དེ་རྣམས་ཝ་ཊའི་རང་གི་རང་བཞིན་མ་ཡིན་པར་མི་འགྱུར་རོ། །དེ་བཞིན་དུ་ཕ་མའི་ཤེས་པ་གཅིག་ལས་བུའི་ཤེས་པ་དུ་མ་སྐྱེ་ན་དེ་རྣམས་ཕ་མའི་ཤེས་པ་དེའི་རང་བཞིན་མ་ཡིན་པར་མི་འགྱུར་ཏེ། དེས་ན་སྔར་གྱི་ཕ་མའི་ཤེས་པ་གཅིག་གི་ཤེས་རབ་དང་ཆགས་པ་ཆེ་ཆུང་སོགས་ཀྱི་རང་བཞིན་གྱི་རྗེས་སུ་འཇུག་པར་ཐལ་བ་བཟློག་པར་དཀའོ། །

ཕྱོགས་སྔ་མས། འོ་ན་འཇིག་རྟེན་ཕ་རོལ་སྨྲ་བའི་ལུགས་ལ་ཡང་ཚེ་འདིའི་ཤེས་པ་ཐམས་ཅད་ཚེ་སྔོན་མའི་མང་དུ་ཐོས་པ་སོགས་ཀྱི་རང་བཞིན་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། །འདོད་པར་ཡང་མི་ནུས་ཏེ། འགའ་ཞིག་ཚེ་སྔ་མ་ལ་མང་དུ་ཐོས་པ་ཡིན་ཡང་ཚེ་འདིར་དེ་དག་གང་ཡང་མི་ཤེས་པར་མཐོང་བའི་ཕྱིར་རོ་ཞེ་ན།  མ་ཡིན་ཏེ། འགའ་ཞིག་ཚེ་སྔ་མ་ལ་མང་དུ་ཐོས་པ་སོགས་ཡིན་དུ་ཆུག་ཀྱང་ཚེ་འདིར་རྣམ་པར་གཡེངས་པའམ། མངལ་གྱི་གནས་ཀྱི་སྡུག་བསྔལ་གྱིས་སྐྱེ་བོ་ཁྱད་པར་འགའ་ཞིག་ལ་སྔར་ཤེས་པའི་དོན་དེ་རྣམས་བརྗེད་པ་དང་ཉམས་པ་སྲིད་པའི་ཕྱིར་རོ། །འོན་ཀྱང་ཚེ་འདིའི་མང་དུ་ཐོས་པ་སོགས་ཀྱི་ཁྱད་པར་ཚེ་སྔ་མའི་བློའི་འདུ་བྱེད་པའི་རྗེས་སུ་འཇུག་པ་འགའ་ཞིག་ནི་ཡོད་པ་ཉིད་དེ། རང་གི་ཚེ་སྔ་མའི་སྐྱེ་བ་ཅི་ཞིག་ཡིན་པ་དང་དེས་ལས་ཅི་ཞིག་བྱས་པ་སོགས་དྲན་པའི་སྐྱེ་བོ་ཡང་མཐོང་བའི་ཕྱིར་རོ། །

རང་གི་ཚེ་རབས་སྔ་མའི་རྒྱུད་མེད་པར་ཚེ་འདིར་གསར་དུ་སྐྱེས་པ་ལ་དེ་ལྟ་བུའི་སྡུག་བསྔལ་ཡོད་པ་མ་ཡིན་ཏེ།[10]བུའི་རྒྱུད་ཀྱི་གནས་སྐབས་དེ་ནི་ཚེ་འདིའི་རྒྱུད་དེ་ཉིད་ཡིན་གྱི་རང་གི་ཚེ་རབས་སྔ་མའི་རྒྱུད་གཞན་ནི་མེད་པའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་ཕ་མའི་རྒྱུད་ཀྱི་ཤེས་པས་ཉེ་བར་ལེན་པ་བྱས་ཏེ་བུའི་རྒྱུད་ཀྱི་ཤེས་པ་སྐྱེས་པ་ཡིན་ན་ནི། ཕ་མ་དེ་ཉིད་ཀྱི་ལུས་རྟེན་ལ་རང་གིས་སྔར་བྱས་པ་དང་མྱོང་བ་དག་དྲན་པ་བཞིན་དུ་བུ་དང་འབྲེལ་བའི་ལུས་གཞན་ལ་ཡང་དྲན་པར་ཐལ་བར་འགྱུར་རོ། །གལ་ཏེ་སྡུག་བསྔལ་བས་དེ་མ་དྲན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ཚེ་སྔ་མ་ནས་ཤི་སྟེ་ཚེ་གཞན་དུ་བརྗེས་པ་ལ་སྡུག་བསྔལ་བ་སོགས་ཀྱིས་བརྗེད་པ་སྲིད་ཀྱི་ཕ་མ་དེ་ཉིད་ཀྱི་ཚེ་དེར་དེའི་ཤེས་པའི་རྒྱུན་སྐྱེས་པ་ལ་ནི་སྡུག་བསྔལ་བ་ཡོད་པ་མ་ཡིན་ནོ། །དེས་ན་སྔར་བྱས་པ་དྲན་པ་ཉིད་དུ་འགྱུར་ཏེ། མི་དྲན་པའི་རྐྱེན་འདི་ཡོད་ཅེས་བཤད་དུ་མེད་པའི་ཕྱིར་རོ། །དྲོད་གཤེར་ལས་སྐྱེས་པའི་སྲོག་ཆགས་དག་ལ་བློ་མེད་པ་ཡང་འགྱུར་ཏེ། མ་ལ་སོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་བདག་ཏུ་འཛིན་པ་ལ་སོགས་པའི་བློ་ནི་མ་ལ་སོགས་པའི་བློ་མེད་པར་ཡང་དྲོད་གཤེར་ལས་སྐྱེས་པའི་སྐྱེ་བོ་རྣམས་ལ་མཐོང་བ་ཡིན་ནོ། །དེས་ན་མ་ལ་སོགས་པའི་བློ་ནི་སེམས་ཅན་རྒྱུད་གཞན་གྱི་བློའི་རྒྱུ་མ་ཡིན་ཏེ། དེ་མེད་ཀྱང་རྒྱུད་གཞན་གྱི་བློ་སྐྱེ་བ་ཡོད་པའི་ཕྱིར་རོ། །དེ་བས་ན་ཡིད་ཀྱི་རྣམ་པར་ཤེས་པ་དང༌། གཞན་ལུས་ལ་སོགས་པའི་གཡོ་བ་ནི་རང་གི་རྒྱུད་ལ་ཡོད་པའི་བློ་སྔ་མས་བསྐྱེད་པ་ཡིན་ནོ། །[11]ཞེས་སོ། །

ལྔ་བ།  གཞུང་གཞན་དུ་གསུངས་པ།

«རྟོག་གེ་འབར་བ»ལས། “ཚེ་རབས་གཞན་གྱི་ལས་ཐུན་མོང་མ་ཡིན་པ་ཡོད་པའི་ཕྱིར་ཡང་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ངེས་པར་གཟུང་ངོ༌། །གལ་ཏེ་ལས་མེད་པར་གྱུར་ན་ཕ་མ་མཚུངས་པའི་རྐྱེན་རིགས་མཐུན་པས་བསྐྱེད་པའི་བུ་སྤུན་དག །ཚུལ་ཁྲིམས་དང་བཟོད་པ་དང་བདེན་པ་ལ་སོགས་པའི་དབྱེ་བས་ཐ་དད་པ་དག་ཏུ་འགྱུར་བའི་མི་རིགས་པས་དེའི་ཕྱིར། གང་དུ་དེ་དག་གིས་བདེན་པ་དང་གཏང་བ་ལ་སོགས་པ་གོམས་པར་བྱས་པ་དེ་ཉིད་འཇིག་རྟེན་ཕ་རོལ་སྔ་མ་ཡིན་ནོ། །སྐྱེ་བ་དག་ནི་རྐྱེན་ཐུན་མོང་བ་ཉིད་ཉི་ཚེ་དང་འབྲེལ་པ་མ་ཡིན་ཏེ། སྤུན་ལུས་དང་དབང་པོ་དང་བློ་ལ་སོགས་པའི་དབྱེ་བས་ཐ་དད་པ་དག་ཐ་དད་པའི་ཕྱིར་འབྲས་སཱ་ལུ་དང་ནས་ལ་སོགས་པའི་མྱུ་གུ་བཞིན་ནོ། །”[12]ཞེས་གསུངས་ཏེ་གཞན་རྣམས་གོ་སླ་ལ། འདིའི་བདེན་པ་ནི་མི་རྟག་པ་དང་བདག་མེད་པ་སོགས་ཇི་བཞིན་རྟོགས་པ་ལ་བྱའོ། །གཏང་བ་ནི་སྦྱིན་པའོ། །སྐྱེ་བ་དག་ནི་རྐྱེན་ཐུན་མོང་བ་ཉིད་ཉི་ཚེ་དང་འབྲེལ་པ་མ་ཡིན་ཏེ། ཞེས་སོགས་ཀྱི་དོན་ནི། བུ་སྤུན་གཉིས་སྐྱེ་བའི་རྐྱེན་ཐུན་མོང་བ་ཉི་ཚེ་བ་དེ་ཙམ་དང་འབྲེལ་པ་མ་ཡིན་གྱི་ད་དུང་རྒྱུ་གཞན་ཡོད་དོ། །ཅིའི་ཕྱིར་ཞེ་ན། རྐྱེན་ཉི་ཚེ་བ་དེ་ཐུན་མོང་དུ་ཡོད་ཀྱང་འབྲས་བུ་ལུས་དང་དབང་པོ་སོགས་ཀྱི་དབྱེ་བས་ཐ་དད་པའི་ཕྱིར་རོ། །ཁྱབ་སྟེ། འབྲས་བུ་མི་འདྲ་བ་འབྱུང་བ་ནི་རྒྱུ་མི་འདྲ་བ་ལས་ཡིན་པའི་ཕྱིར་རོ། །དཔེར་ན་འབྲས་ཀྱི་མྱུ་གུ་དང་ནས་ཀྱི་མྱུ་གུ་བཞིན་ནོ། །དེས་ན་རྒྱུ་གཞན་དེ་ནི་ཚེ་སྔ་མར་གོམས་པའི་ཁྱད་པར་དང་ལས་ཉིད་ཡིན་ནོ་ཞེས་པའོ། །«སྐྱེས་རབས»་ལས་ནི། སྐྱེ་དགུ་ཚུལ་ཁྲིམས་ལ་སོགས་བྱེ་བྲག་རྣམས། །ཕ་མའི་རང་བཞིན་དག་དང་མི་མཐུན་སྣང་། །གློ་བུར་གྱུར་པ་གང་ཡང་གྲུབ་པ་མེད། །དེ་བས་ཚེ་རབས་གཞན་ལ་གོམས་དེ་ཡིན། །[13]ཞེས་གསུངས་ཏེ། སྐྱེ་དགུ་ནི་སྐྱེ་བོ་ཡོད་དོ་ཅོག་གོ །སོགས་པའི་སྒྲས་ནི་སྦྱིན་པ་དང་སྙིང་རྗེ་དང་འདོད་ཆགས་སོགས་བསྡུས་སོ། །བྱེ་བྲག་ནི་ཁྱད་པར་རོ། །ཕ་མའི་རང་བཞིན་དག་དང་མི་མཐུན་པ་ནི་ཕ་མ་འདོད་ཆགས་ལ་གོམས་པ་ཆེ་ཡང་བུའི་ཤེས་པ་དེ་ལྟར་མིན་པ་དང་། བུའི་ཤེས་པ་སྙིང་རྗེ་ཆེ་ཡང་ཕ་མའི་ཤེས་པ་དེ་ལྟར་མིན་པ་སོགས་ཀྱིས་བུའི་ཤེས་པའི་ཁྱད་པར་སྐྱེ་བ་ནི་ཕ་མའི་ཤེས་པའི་ཁྱད་པར་གྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའོ། །སྣང་བ་ནི་མངོན་སུམ་དུ་མཐོང་བ་བསྟན་པའོ། ། གློ་བུར་གྱུར་པ་གང་ཡང་གྲུབ་པ་མེད། །ཅེས་པས་ནི་ཁྱད་པར་དེ་རྒྱུ་མེད་དུ་སྐྱེ་བ་བཀག་པའོ། །དེས་ན་དེའི་རྒྱུ་ཡོད་ལ་ཕ་མའི་ཤེས་པའང་མི་འཐད་པའི་ཕྱིར་རྒྱུ་གཞན་ཞིག་དགོས་ལ། དེ་ནི་ཚེ་སྔ་མའི་གོམས་པ་ལས་འོས་མེད་དོ་ཞེས་པའོ། །

དྲུག་པ། གྲུབ་དོན།

གོང་གི་གཞུང་དེ་དག་གིས་བསྟན་པའི་རིགས་པ་དག་སྡོམ་ན་འདི་ལྟར་ཏེ། ཕ་མའི་ཤེས་པས་བུའི་ཤེས་པའི་ཉེར་ལེན་བྱས་ཏེ་སྐྱེས་ན། གཅིག །བུའི་ཤེས་པའི་རྒྱུད་ལ་ཕ་མའི་ཤེས་པ་ལ་ཡོད་པའི་མང་དུ་ཐོས་པ་སོགས་ཀྱི་འདུ་བྱེད་ཀྱི་ཁྱད་པར་སྐྱེ་བར་ཐལ་བ། གཉིས། མ་གཅིག་ལས་སྐྱེས་པའི་གཟུགས་དང་དབང་པོ་དང་ལང་ཚོ་སོགས་མ་ཚང་བ་མེད་ཅིང་མངོན་པར་སྦྱོར་བ་དང་བཅས་པའི་མཚེ་མ་གཉིས་ལ་ཤེས་རབ་ཆེ་ཆུང་སོགས་མི་འཐད་པར་ཐལ་བ། གསུམ། ཕ་མས་བྱས་པའི་ལས་འགའ་ཞིག་དེ་ལས་སྐྱེས་པའི་བུ་འགའ་ཞིག་གི་ཤེས་པས་དྲན་པར་ཐལ་བ། བཞི། དྲོད་གཤེར་ལས་སྐྱེས་པའི་སྲོག་ཆགས་ལ་མ་མེད་པས་དེའི་ཚེ་འདིའི་ཐོག་མའི་བློ་སྐྱེ་བ་མེད་པར་ཐལ་བ་དང་། གལ་ཏེ་སྐྱེ་ན་ཚེ་འདིའི་ཐོག་མའི་བློ་དེ་མའི་བློ་མེད་ཀྱང་སྐྱེ་བའི་ཕྱིར་དེའི་འབྲས་བུ་མིན་པར་ཐལ་བ། ལྔ། ཕ་མའི་བློ་ཐོས་པ་སོགས་ཀྱིས་གཞན་དུ་འགྱུར་ཡང་བུའི་བློ་དེ་ལྟར་དུ་མི་འགྱུར་ཞིང་། ཕ་མའི་བློ་སྙིང་རྗེ་ལ་གོམས་པ་སོགས་ཀྱིས་གཞན་དུ་མ་གྱུར་ཀྱང་བུ་སྐྱེས་ཙམ་ནས་སྙིང་རྗེ་ཆེ་བ་སོགས་སུ་འགྱུར་བས་དེའི་ཉེར་འབྲས་མིན་པ་བཅས་སོ། །

 


མཆན་དང་ལུང་ཁུངས།

[1] ཆོས་མཆོག །«འཇིག་རྟེན་ཕ་རོལ་གྲུབ་པ།» «སྡེ་བསྟན»ཚད་མ།  <ཞེ>ཤ 0497

[2] ཤེས་རབ་འབྱུང་གནས་སྦས་པ། «ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན།» «སྡེ་བསྟན»ཚད་མ།  <ཏེ>ཤ 0156

[3] ཆོས་ཀྱི་གྲགས་པ། «ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།» «སྡེ་བསྟན»ཚད་མ།  <ཅེ>ཤ 0220

[4] ཤཱཀྱ་བློ། «ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད།» «སྡེ་བསྟན»ཚད་མ།  <ཉེ> ཤ 0251

[5] ཀ་ལ་ཤཱི་ལ། «ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ།» «སྡེ་བསྟན»ཚད་མ། <འེ> ཤ 0200-0201

[6] ཤེས་རབ་འབྱུང་གནས་སྦས་པ། «ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན།» «སྡེ་བསྟན»ཚད་མ།  <ཏེ>ཤ 0156

[7] ཆོས་མཆོག །«འཇིག་རྟེན་ཕ་རོལ་གྲུབ་པ།» «སྡེ་བསྟན»ཚད་མ།  <ཞེ>ཤ 0497

[8] ཞི་བ་འཚོ། «དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ།» «སྡེ་བསྟན»ཚད་མ། <ཟེ> ཤ 0137

[9] ཆོས་ཀྱི་གྲགས་པ། «ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།» «སྡེ་བསྟན»ཚད་མ།  <ཅེ>ཤ 0156-0158

[10] འདིར་ཕ་མའི་ཤེས་པས་བུའི་ཤེས་པའི་ཉེར་ལེན་བྱས་ཏེ་སྐྱེས་པ་ལ་ཇི་ལྟར་སྡུག་བསྔལ་མེད་པའི་རྒྱུ་མཚན་གསུངས་པ་དག་ཞིབ་ཏུ་མ་གོ་བས་དཔྱད་པར་བྱ།

[11] ཤེས་རབ་འབྱུང་གནས་སྦས་པ། «ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་མན་ཆད་ཀྱི་འགྲེལ་པ་རྣམ་འགྲེལ་གྱི་རྒྱན།» «སྡེ་བསྟན»ཚད་མ།  <ཏེ>ཤ 0156-0159

[12] ལེགས་ལྡན་འབྱེད། «དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ཞེས་བྱ་བ།» «སྡེ་བསྟན»དབུ་མ། <ཛ> ཤ 0218

[13] སློབ་དཔོན་དཔའ་བོ། «སྐྱེས་པའི་རབས་ཀྱི་རྒྱུད།» «སྡེ་བསྟན»སྐྱེས་རབས། <ཧུ> ཤ0221


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3804