དགའ་བདེ།
མིང་དང་བརྡ་ཡི་མཛའ་བརྩེ་ལས་བཞེངས་པའི་དུས་ཀྱི་ཆ།
སྲིད་པའི་མི་སྡུག་པ་མཐའ་དག་ཡལ་བར་དོར་རྗེས།
ཀུན་རྫོབ་ཀྱི་དགའ་བདེ་ཙམ་ལ་ཉེ་བར་བཅར།
ཞི་འཇམ་གྱི་ལོ་ཟླ་ལས་རྒས་པའི་མི་ནི་འགྱུར་བའི་རང་བཞིན།
ཟླ་འོད་ལས་དུས་འཇགས་ཀྱི་སེམས་བྱུང་རྙེད་ཙམ།
གཏན་བདེའི་ཚངས་དབྱངས་ལ་རྣམ་པར་རོལ་བའི་མི་ཚོགས།
ཀུན་རྫོབ་ཀྱི་དགའ་བདེ་ལས་རྟོག་བཟོ་བྱས།
མཚན་ལམ་རིང་མོ་དང་འདྲེས་པའི་རྨི་ལམ་ཟ་ཟི།
ཉིན་མོའི་ངལ་དུབ་དང་ལྷན་དུ་བསྡེབས།
དགའ་བདེ།
དབུགས་ཀྱི་རྒྱུ་བ་ལས་མངོན་པར་མཚོན་པའི་འཁྲུལ་གྱི་གར་མ།
ཟད་མི་ཤེས་པའི་ཁྲོ་བ་དག
སྙན་པའི་ཚིག་ལ་སྦྲུམ་པའི་བརྗོད་པ
ཁྱོད་ཀྱི་ངོ་བོར་བཙན་གྱིས་སྦྱར
སྒྲོ་འདོགས་མ་ཆོད་པའི་འཁྲུལ་བ་དག
རབ་ཏུ་གོམས་པའི་ཁྲོ་ལ་བསྒྱུར
ཉེས་སྤྱོད་ཐམས་ཅད་མེ་ཏོག་ཅིག་ཏུ་སྤྲུལ
ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ
ཆགས་དང་སྡང་པའི་གོམས་པ
ཡིད་ཀྱི་ཤེས་པའི་འཛིན་པ
འདུ་འཛོམས་དབུས་ཀྱི་མི་མོ
རྫ་བུམ་ནང་གི་མེ་ཏོག་དག་མཚུངས་ཨང
སྡིག་སྒྲིབ་ཀྱི་རྩྭ་ཆུ་རྣམ་པར་གཡོ།
དུས་ངེས་མེད་དུ་ངས་མུན་ནག་ལས་བདེན་དོན་བཙལ།
དངངས་འཚབ་ལངས་པའི་སེམས་ངོར་ཁ་རླངས་བཏབ།
གསལ་ལ་མི་གསལ་གྱིས་དགུན་ཁ་ཞིག་ཆགས་པ།
རི་ཆུ་ཐམས་ཅད་ཁ་བ་དང་དར་འཁྱག་གིས་བསྒྲིབས།
དབུགས་རྒྱུན་མ་ཆད་པར་འཚོ་བའི་རི་དྭགས་དགོ་བས།
རྩྭ་མགོའི་ཟིལ་བ་ལས་འཕྲོས་པའི་ཉི་འོད་ལ་སྐྱོ་གར་འཁྲབ།
རེ་ཞིག་ཉི་འོད་འཁྱིལ་བའི་མིག་ཟུང་དུ་མཆི་མའི་ཤྭ་འོད་བརྡོལ།
ལག་མཐིལ་གྱི་རྩྭ་ཐང་དང་ནམ་མཁའ་མེད་པའི་མི་དག
ཁྱོད་དང་འདྲ་བའི་སེམས་ཀྱི་ཉིན་སྲིབ་མཚམས་སུ་ཤི་ལ་ཉེ།
སྐྱོ་གར་གྱིས་ཁ་དོག་ནག་པོའི་སེམས་ཅན་ཐ་དག་གཅིག་ཏུ་བསྡུས།
རེ་རེ་བཞིན་གདུང་བས་མནར་ལ་རྡུལ་དུ་བརླགས།
ཝ་ཡེ།
ཁྱེད་ཀྱིས་རང་ཉིད་ཀྱི་རུམ་དུ་ནམ་མཁའ་ཞིག་ཡོད་པར་རློམ་ཡང་།
དོན་དུ་ངག་མི་སྨྲ་བའི་མི་ཞིག་མེད་པ་ཡིད་ཆེད་གྱིས་དང་།
སྤྲིན་ནག་གིས་ཁྱུར་མིད་བཏང་བའི་གཏམ་རྒྱུད་ཐ་དག
ང་ཆུང་དུས་ཀྱི་རྨི་ལམ་དང་ནམ་མཁའ་ཡིན་པར་སྒོམ་ཆོག
གཉེན་པོ།
སྨྲེང་སུན་གྱི་མཆི་མ་བསྙིལ་བའི་དུས་ཚིགས།
མི་ཚོགས་ཀྱི་སེམས་མཐིལ་བརྟོལ་ཏེ་བསླེབས།
བདེན་སྣང་ལས་བོར་བརླག་ཐེབས་པའི་བདེ་ཐང་།
གཞན་སྨོན་གྱི་འདུན་པ་ལས་མངོན་པའི་འཇིགས་དངངས།
གླུ་བྲོའི་དགའ་མགུ་ལ་བསྒྲོན་པའི་ཨུ་ཚུགས་མཐའ་སྐྱེལ།
རིགས་མཐུན་གྱི་ཞེན་ཆགས་དང་བསྡེབས་པའི་རྨི་ལམ།
གྲང་ངར་གྱིས་གཙེས་པའི་མཚན་ལམ་ཞེ་དགུ་དང་འདྲེས།
མཛའ་མཐུན་གྱི་ཚིག་རོ་དང་དམ་དུ་འཁྱུད་པའི་སྒྱུ་མ་མཁན།
མཚན་མོའི་ཁེར་ཧྲེང་ལ་ཞི་འཇམ་གྱི་འོ་ཞིག་བགྱིས།
ཞི་འཇམ་གྱི་འོ་དེ་རི་བོ་དང་རི་བོ་བརྒྱུད།
གཙང་བོ་དང་གཙང་བོ་བརྒྱུད་མཐར།
ཨ་ཅག་པ་སངས་བུ་ཁྲིད་ཀྱི་པང་དུ་གྲང་ཤུར་ཤུར་གྱིས་ལྷུངས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3800
དཔྱད་མཆན་སྤེལ།