ངའི་མིང་ལ་ཚེ་དབང་རྡོ་རྗེ་མཚོ་ཟེར། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཡིན། ད་ཆར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་རབ་འབྱམས་འདོན་ཞོར་དུ་སྐད་བརྡ་རིག་པའི་ཆེད་ལས་ཀྱང་སྦྱོང་གིན་ཡོད།
སྨིན་དྲུག རང་ཉིད་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། མུ་མཐུད་ནས་སློབ་གཉེར་བྱེད་པ་ནི་རང་ཉིད་ཀྱི་ཆུ་ཚད་ཡར་འདེགས་གཏོང་བ་ཡིན་པས་ཤིན་ཏུ་ལེགས། རྗེས་སུ་ཡི་རང་ཡོད་དང་ཡོད།
སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།
ཚེ་དབང་རྡོ་རྗེ་མཚོ་མོ། ན་ཚོད་རྒྱས་པ་དང་བསྟུན་ནས་རང་དབང་ཞེས་པ་ཡང་ངོས་ཟིན་སོང་། དེ་བས་རང་དབང་གི་སྟབས་ཀྱིས་དུས་འདིར་ཡ་རབས་དང་མ་རབས་འདྲ་མིན་ཞིག་ཡིད་ལ་དྲན་ཡོང་གི་འདུག འོན་ཀྱང་ལག་ལེན་དུ་བསྟར་མྱོང་མེད། སློབ་སྦྱོང་གཅིག་པུར་མགོ་འཁོར་བའི་སློབ་མའི་གྲས་ཀྱང་མིན། རེད་དེ་དམའ་འབྲིང་གི་དུས་ནས་སློབ་དེབ་ལས་སློབ་ཕྱིའི་དེབ་ཀློག་པར་ཅུང་ཙམ་དགའ་བོ་ཡོད། དཔེར་ན། གཙུག་གཡུ། རྣམ་ཐར་བརྒྱད། མཱ་ལཱ་ལཱའི་ཉིན་ཐོ། གལ་སྲིད་ང་ལ་ཉིན་གསུམ་རིང་གི་འོད་བསྩལ་ན། ལམ་གྱི་ཉི་འོད་སོགས་གོ་མི་གོ་གང་གི་བར་ནས་རགས་ལྟ་བྱས་པ་ལྟ་བུ། རིམ་བཞིན་དེབ་ཀློག་རྒྱུར་དགའ་བའི་ཚོར་བ་བྱིན། གཞན་གྱི་ལྟ་རྟོག་དང་དམ་དྲག་མེད་པའི་ཁོར་ཡུག་ནི་ལྷག་པར་དེབ་ཀློག་པའི་ཁོར་ཡུག་ཡག་ཤོས་སུ་མཐོང་།
སྨིན་དྲུག བདེན་པ་རེད། འཚོ་བ་རོལ་བ་དང་དེབ་ཀློག་པ། ཐ་ན་གཞུང་ལས་ཡིན་རུང་རང་དབང་དགོས། རང་དབང་ཡོད་པ་ཡིན་ན་ད་གཟོད་ལས་གང་ཡིན་ལ་དགའ་སྣང་གིས་འཇུག་ཐུབ།
སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།
ཚེ་དབང་རྡོ་རྗེ་མཚོ་མོ། རང་ཉིད་ལ་མཚོན་ན་མུ་འབྲེལ་གློག་བརྙན་ཟློས་གར་ཙམ་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་བ་མི་དྲན་གི ཡང་ན་དེ་དག་ལ་མི་དགའ་བས་ཡིན་ནའང་ཐང་། སློབ་ཆེན་དུ་དགའ་རོགས་སྒྲིག་མྱོང་ཡོད་ལ། དེའི་སླད་དུ་སེམས་ཁུར་དང་འཁང་ར་ཡང་བྱས་མྱོང་མོད། དུས་ཚོད་མང་པོ་བརླགས་པ་དང་དེ་རུ་མགོ་འཁོར་ནས་ཉིན་འགར་ཉལ་སར་ལྷུང་བའི་གནས་ཚུལ་བྱུང་བ་མེད།
སྨིན་དྲུག སྨན་བུ་མོ་རང་གི་གཤིས་ཀ་ཡག་པ་ལ། དོན་དག་གང་ཡིན་རུང་ཚད་ལས་འདའ་ན་མི་བཟང་།
སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།
ཚེ་དབང་རྡོ་རྗེ་མཚོ་མོ། ངས་བསམས་ན་བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་ལ་རག་ལས་མི་འདུག་པར། ཧྥ་རན་སིའི་རྩོམ་མཁན་སེ་མོན-ཌེ-བྷོ་ཝར་གྱིས། “ང་ཚོ་སྐྱེས་མ་ཐག་ནས་བུད་མེད་མིན། ང་ཚོ་བུད་མེད་དུ་གྱུར་བ་ཡིན། བུད་མེད་ཅིག་ཡིན་པའི་ཆ་ནས་འདི་ནི་ང་ཚོའི་ངོ་བོ་རྐྱང་རྐྱང་མ་རེད། འདི་ནི་ལོ་རྒྱུས་ཀྱི་མཇུག་འབྲས་ཤིག་རེད། མིའི་རིགས་ཀྱི་ལོ་རྒྱུས་ཀྱིས་ཐད་ཀར་བུད་མེད་ཀྱི་ད་ལྟའི་སྣང་བརྙན་བཞེངས་སྐྲུན་བྱས་པར་མ་ཟད། བུད་མེད་རེ་རེའི་མི་སྒེར་གྱི་སྣང་བརྙན་ཡང་བཞེངས་སྐྲུན་བྱས་ཡོད།” ཅེས་པ་བཞིན། བུ་དང་བུ་མོའི་མི་འདྲ་ས་དེ་གོམས་སྲོལ་དང་སློབ་གསོ། ལྟ་སྟངས་ངན་པའི་ཁོར་ཡུག་གིས་བསྐྱེད་པ་རེད་འདོད།
སྨིན་དྲུག སྨན་ཤར་ཁྱེད་རང་དངོས་གནས་ཡག་པོ་རེད། དོན་དམ་གྱི་སྐྱེས་མ་ངོས་ཟིན་དགོས་ན། ཧྥ་རན་སིའི་རྩོམ་མཁན་སེ་མོན-ཌེ-བྷོ་ཝར་གྱི<<རྟེན་གཉིས་པ>>ཞེས་པ་ནི་མ་བཀླགས་ཐུ་མེད་ཀྱི་དེབ་ཅིག་ཡིན་ནོ། །
སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།
ཚེ་དབང་རྡོ་རྗེ་མཚོ་མོ། དྲང་མོར་བཤད་ན་དེ་འདྲ་ཞིག་ཆགས་ཡོང་གིན་འདུག ལྷག་པར་ཉེ་བའི་ལོ་འདི་དག་ལ་བུ་མོ་ཚོའི་ཡིག་རྒྱུགས་སྐར་གྲངས་ཇེ་མཐོ་རེད། སློབ་སྦྱོང་བྱེད་མཁན་ཞིག་ལ་མཚོན་ན་གནོན་ཤུགས་ཡོད་ས་རེད་མོད། སློབ་སྦྱོང་དང་དཔེ་ཀློག་ལ་མི་དགའ་བའི་བུ་ཚོར་མཚོན་ན་གནོན་ཤུགས་ཅི་ཡང་ཡོད་ཚོད་མ་རེད།
སྨིན་དྲུག དེང་སྐབས་ཡིག་རྒྱུགས་བུ་མོ་ཚོ་བཟང་བ་དེ་ཚང་མ་ཁ་གཅིག་གྲག་འདྲ་རེད་ལ།
སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
ཚེ་དབང་རྡོ་རྗེ་མཚོ་མོ། དཔེ་ཀློག་བྱེད་པ་ཕལ་ཆེར་འདྲ་འདྲ་རེད་སྙམ། ལོགས་སུ་བཀར་ན། ཁ་སང་དེ་རིང་གྲྭ་ལོག་མང་པོ་ཞིག་གིས་དམིགས་ཀྱིས་དཔེ་ཆ་མང་པོ་བལྟས་ཡོད་ཤ་སྟག་རེད། ད་དུང་སློབ་མ་བུ་བུ་མོ་མང་པོ་ཞིག་ལ་དེའི་ཕྱོགས་ན་མི་འདང་ས་ཧ་ཅང་མང་། སྤྱི་ཚོགས་སུ་བུ་མོ་ཚོས་རང་གི་བསམ་ཚུལ་བཤད་པ་དང་རང་ལ་ཕན་ཐོགས་པའི་རང་གཤིས་སྐྱེ་མ་ཐུབ་པའམ་གོ་སྐབས་རྩོད་ལེན་བྱེད་པའི་སྤོབས་སེམས་མེད་པ་དང་། ཡང་འགྲན་རྩོད་ཀྱི་འཐབ་རར་རང་ཉིད་ལ་ཡིད་ཆེས་དབེན་པ་དང་ཞི་དུལ་གྱི་ཚུལ་འཆོས་ཀྱི་རྣམ་པ་ཅན་ཡོད་པ་སོགས་ཀྱིས་ཡིན་པར་འདོད།
སྨིན་དྲུག མི་རིགས་དང་མི་རིགས་མི་སྒེར་དང་མི་སྒེར་བར་ལ་ཧེ་བག་ཤོར་རྐྱེན་གཙོ་བོ་ནི་ངས་བསམས་ན། སློབ་གཉེར་དང་ཐོས་བསམ་དང་དཔེ་ཀློག་དང་བསམ་གཞིགས་དང་ཉམས་ལེན་སོགས་ལས་འབྱུང་གི་ཡོད་པ་གོར་མ་ཆག་འདོད། དེ་བས་རང་རེའི་སློབ་གཉེར་པས་གཙོས་པའི་དེ་ལྟར་ཐུབ་ན་ཐོག་མར་རང་དང་དེ་ནས་ཁྱིམ་རྒྱུད་དེ་ནས་སྡེ་བ་དང་ཚོ་བ…… བཅས་མཚེའུའི་དཀྱིལ་ལ་རྡོ་འཕངས་པ་བཞིན་ཡེར་མོ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་ངེས་ཅན་ནོ། །
སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།
ཚེ་དབང་རྡོ་རྗེ་མཚོ་མོ། རང་ཉིད་ལ་མཚོན་ན་བོད་སྐད་ཡིག་དང་འབྲེལ་བའི་ཆེད་ལས་ཡོད་དོ་ཅོག་ལ་དགའ་བོ་ཡོད། དམིགས་ཀྱིས་སྐད་བརྡ་རིག་པ་ལྟ་བུ་མཚོན་ན་ཆེད་ལས་ཅུང་གསར་བའི་སྐོར་ཡིན་ལ། དེ་ལ་མི་འཇོན་མི་ལོབས་ཀྱང་ལྷག་པར་སྦྱང་འདོད་ཀྱི་འདུན་པ་སྐྱེས་སོང་། འོན་ཀྱང་སྤྱིའི་ཆ་ནས་བུ་དང་བུ་མོ་གང་ཡིན་ཡང་གོམས་ཕྱོགས་ལོབས་ཕྱོགས་དང་དགའ་ཕྱོགས་འཇོན་ཕྱོགས་གང་ཡིན་ན་དེ་འདེམ་ནི་ཞིག་རེད།
སྨིན་དྲུག སློབ་སྦྱོང་ལ་སེམས་གཏིང་ནས་དགའ་བ་དང་ཕུགས་འདུན་ཆེན་པོ་ཡོད་པ་དེ་ནི་མི་ཞིག་ཡར་ཡར་འཕགས་བྱེད་ཀྱི་རྒྱུ་གཙོ་བོ་ལྟ་བུ་ཡིན་པས་དེ་འདྲའི་བསམ་ཚུལ་ཡོད་མཁན་རྣམས་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡོང་ཁོ་ཐག་རེད།
སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ་བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།
ཚེ་དབང་རྡོ་རྗེ་མཚོ་མོ། རང་གིས་བསམས་ན། མིག་སྔར་སྐད་དང་ཡི་གེ་ཕྱོགས་ནས་ལག་ལེན་དུ་བསྟར་བ་མང་བ་བུ་ཚ་ཚོ་ཡིན་པར་སྣང་མོད། འོན་ཀྱང་ཤ་ཞེན་རུས་ཞེན་བུ་ཚ་ཚོ་ལས་ཀྱང་བུ་མོ་ཚོ་ལ་ཡོད་པ་གདོན་མི་ཟ་བས། བུ་མོ་ཚོ་རྒྱ་མིན་བོད་མིན་གྱི་སྣང་ཚུལ་འདྲ་མིན་བྱུང་བ་དེ་ཁོར་ཡུག་དང་སློབ་གསོའི་རྐྱེན་གྱིས་རེད་མ་གཏོགས། ཁོ་མོ་ཚོ་དེ་ལས་སྐྱོབ་རྒྱུ་མེད་པ་ཞིག་ཡིན་པར་ངས་མི་སེམས།
སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།
ཚེ་དབང་རྡོ་རྗེ་མཚོ་མོ། སློབ་གྲྭ་ཆུང་འབྲིང་གང་ཡིན་ཡང་ང་རང་ལ་ཤུགས་རྐྱེན་ཐེབས་མཁན་མང་ཆེ་བ་དེ་དགེ་རྒན་བུད་མེད་སྐོར་ཞིག་ཡིན། ལྷག་པར་སློབ་ཆེན་དུ་རྒན་པད་མ་མཚོ་ལགས་ཀྱིས་དཔེ་ཁྲིད་དུས་ཡུན་ཐུང་ནའང་ཤུགས་རྐྱེན་ཟབ་མོ་བཞག་སོང་། གཞན་ད་ལྟའི་ངའི་དགེ་རྒན་ཀུན་དགའ་དབང་མོ་ནི་ང་རང་གི་བློ་སྒོ་འབྱེད་པའི་དགེ་རྒན་དེ་ཡིན་ངེས་ལ། ཁོ་མོས་ནམ་རྒྱུན་ང་རང་ལ་ཡིད་ཆེས་དང་སློབ་གཉེར་བྱེད་པའི་སྤོབས་པ་སྩོལ་བཞིན་ཡོད། དེ་ནི་རང་གི་བསོད་ནམས་སུ་སྒོམ་གྱིན་ཡོད། དེབ་ལ་མཚོན་ན་ཕྱོགས་གང་ནས་ཀྱང་རེ་འགའ་ལྟ་ཁུལ་བྱས་ཡོད་དེ། འདིར་བཤད་འདོད་པ་ནི་རྒྱའི་ཡིག་ཏུ《第二性》、《成为波伏娃》、《厌女》、《父权制与资本主义》ད་དུང་<<གངས་ལྗོངས་སྐྱེས་མའི་ལོ་རྒྱུས་སྤྱི་བཤད།>> <<བུད་མེད་རྩོམ་པ་པོའི་གསར་རྩོམ་གླེང་བ།>> སོགས་བུ་མོ་ཚོའི་ལྟ་རིན་ཡོད་པའི་དེབ་དང་། ད་དུང་འཇར་པན་གྱི་རྩོམ་མཁན་ཧྲང་ཡེ་ཆེན་ཧུ་ཙི།(上夜千鹤子)རྒྱའི་སན་མོ།(三毛)ལེན་བའེ་ཡེན།(林微因)ཞེ་མའོ་རོང་།(席慕蓉)རང་མི་རིགས་ལ་མཚོན་ན་ཡང་བུད་མེད་རྩོམ་མཁན་རྒན་འཆི་མེད་དང་བདེ་སྐྱིད་སྒྲོལ་མ། ར་རྫ་འཇམ་དབྱསང་སྐྱིད། དཔལ་མོ། གཡང་མོ་སྐྱིད། མཁའ་མོ་རྒྱལ། བོད་གཞུག་སྐྱིད། རྟོགས་སད་ལྷ་མོ་སོགས་གང་མང་ཞིག་ཡོད་པས། ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ་བྱས་ནས་སློབ་མ་བུ་མོ་ཚོས་འབད་འབངས་བྱེད་དགོས་སྙམ།
སྨིན་དྲུག དེབ་གྲགས་ཆེན་ལ་མཇལ་བ་ནི་ཐད་ཀར་བསམ་བློ་པ་དང་ཁ་བརྡ་བྱེད་པ་དང་གཅིག་མཚུངས་ཡིན་ཞེས་པའི་བཤད་ཚུལ་འདུག་ག དཔེ་ཆ་ཡག་པོ་འཆར་ཅན་དུ་ཀློག་ན་འཕྲལ་ཕུགས་གཉིས་ལ་ཕན་པ་ཨ་ཅང་བརྗོད་མེད་ཡིན། སེ་མོན-ཌེ-བྷོ་ཝར་གྱིས་བརྩམས་གནང་བའི<<རྟེན་གཉིས་པ>>སྟེ་ནུབ་གླིང་པས་སྐྱེས་མའི་དམ་པའི་གསུང་རབ་ལ་བརྩི་བའི་དེབ་མཆོག་འདི་ལ་སྐྱེས་མ་ཡིན་པ་ཀུན་གྱིས་ཡང་ཡང་ལྟ་ཀློག་དགོས་པས་མི་ཚད་འཚོ་བའི་ཁྲོད་ནས་ཉམས་ལེན་བྱེད་རྒྱུ་ཡང་ཤིན་ཏུ་གལ་ཆེ་ཞེས་ཞར་ལ་འོས་སྦྱར་བ་ཡིན། ད་དུང་། ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་བའི<<གངས་ལྗོངས་སྐྱེས་མའི་ལོ་རྒྱུས་སྤྱི་བཤད>>དེ། བོད་ཀྱི་སྔོན་བྱོན་མཛངས་མ་མང་པོའི་ལོ་རྒྱུས་དང་མཛད་རྗེས་ལ་མཁས་པ་གཞན་ལྟར་དུ་འཁྱོག་བཤད་དང་ཕྱོགས་རིས་བྱེད་པ་མ་ཡིན་པར་རྩིས་མཐོང་ཆེན་པོས་ལོ་རྒྱུས་ཡིག་ཚང་དུ་གསོན་ཤུགས་ཉམས་མུར་ཡོད་པའི་ལོ་རྒྱུས་དག་གསོན་པོར་ང་ཚོའི་མིག་རྒྱན་དུ་བསྟར་བ་ལ་ཡང་བསྐྱར་ཐུགས་རྗེ་ལེགས་སོ་ཞུ་བའི་དུས་མཚུངས་སུ། དཔུང་རོགས་ཞན་པའི་གངས་ཅན་སྐྱེས་མའི་གནས་བབ་ལ་འགྱུར་བ་གཏོང་བའི་ལས་སུ་མ་བསྐུལ་དང་ལེན་བྱེད་པའི་རེ་བའང་ཞུ་གི་ཡིན།
སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།
ཚེ་དབང་རྡོ་རྗེ་མཚོ་མོ། དོན་དག་དེ་འདྲ་ལ་ང་རང་ཐུག་མྱོང་ཡོད། མཐོ་འབྲིང་སྐབས་སུ་ངེད་འཛིན་གྲྭ་ལ་མཚོན་ན་བུ་མོ་ཧ་ཅང་མང་། དེ་བས་དགེ་རྒན་སྐྱེས་པ་ཞིག་གིས་ནམ་རྒྱུན་འཛིན་གྲྭའི་ནང་དུ་སྤྲོ་ལངས་སྐབས། སྐད་ཆེན་པོ་བརྒྱབ་ནས་ནག་མོ་ཚོ་དང་འདྲེ་མོ་ཚོ་ཟེར་ནས་མི་སྙན་པའི་ཚིག་གིས་སྡིགས་མོ་ཐེངས་མང་བྱས་མྱོང་། སྐབས་དེར་ངའི་སྙིང་ལ་ཚེར་མ་ཟུག་པ་ལྟ་བུའི་ན་ཟུག་སྐྱེས་ཤིང་། མི་ཚེ་གང་བོར་བརྗེད་ཐབས་མེད་པ་འདྲ་ཞིག་བཟོས་སོང་། དེ་བས་སློབ་སྦྱོང་ལ་འབད་འབུངས་བྱས་ནས་ཞིབ་འཇུག་ལ་སྤྲད་པ་ཡིན།
སྨིན་དྲུག ཁྱེད་རང་སེམས་ཚོར་རྣོ་ཞིང་རྩིས་ཐང་གི་འདུ་ཤེས་ཡོད་པས་ཚུལ་དེ་རྟོགས་སོང་བ་རེད། སྐྱེས་མ་ཕལ་མོ་ཆེས་གཞན་གྱི་དམའ་འབེབས་ལ་གོམས་ཚར་ནས་ནག་མོ་དང་སྐྱེས་དམན་སོགས་ཀྱི་སྨད་ཚིག་སྤྱད་ཀྱང་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་མཐོང་ན་ཡིད་སྐྱོའམ།
སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།
ཚེ་དབང་རྡོ་རྗེ་མཚོ་མོ། གལ་སྲིད་ང་ཡིན་ན་ཐད་ཀར་རྒྱང་གཅོད་ངེས། དེའང་འཚར་ལོངས་བྱུང་བའི་རྗེས་སུ་རིམ་གྱིས་རྟོགས་པའི་གནས་ལུགས་ཤིག་ཡིན་ལ། གལ་སྲིད་བུ་མོ་ཚོས་རང་གཅེས་མ་བྱས་ན་དགེ་རྒན་ཡིན་ཡང་རང་བཞིན་གཅིག་པ་རེད་སྙམ། རྒྱ་ཡིག་ལས“站在道德的制高点”ཟེར་བ་དེ་ལྷག་པར་བུ་མོ་ཚོས་ཧ་གོ་དགོས་འདུག གཞན་ང་ལ་མཚོན་ན་དཀའ་ངལ་སེལ་རོགས་དང་སེམས་གཏམ་ཉན་རོགས་བུ་མོ་ཚོའམ་ཡང་ན་སུ་ལ་ཡང་མི་བཤད་རྒྱུ་དེ་ཡིན།
སྨིན་དྲུག རྒྱ་ཡིག་ལས道德绑架ཟེར་བ། བོད་ཡིག་ལ་བསྒྱུར་ན་ཀུན་སྤྱོད་བཙན་ཁྲིད་ཟེར་ན་མི་ཆོག་པ་མེད་པར་འདོད། མི་རིགས་གང་ཞིག་ཡིན་རུང་སྐྱེས་མ་ཚོ་ལ་ཀུན་སྤྱོད་བཙན་ཁྲིད་བྱེད་པ་ཧ་ལམ་ཆ་འདྲ་བོ་ཡིན་རུང་། མ་འདྲ་ས་ནི་ཡར་ཐོན་མེད་ལ་རྟོགས་པ་དམའ་བའི་མི་རིགས་གང་དེའི་ཕོ་མོ་ཕལ་མོ་ཆེའི་འདུ་ཤེས་སུ་སྐྱེས་མ་ལ་ནི་ཀུན་སྤྱོད་བཙན་ཁྲིད་བྱས་ན་འགྲིག་དང་འགྲིག་འདོད་པའི་བློ་དེ་རྒྱུན་འཇགས་སུ་གནས་ཡོད་པ་དེ་ཡིན།
སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་ལ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ། ཕ་མས་སྤྲད་པའི་སྒོར་མོ་སྤྱོད་མ་ཤེས་པར་མ་འདང་བ་སོགས་ཀྱི་དཀའ་ངལ་རེད།
ཚེ་དབང་རྡོ་རྗེ་མཚོ་མོ། ང་ལ་མཚོན་ན་དཀའ་ངལ་ལས་རང་དབང་དང་སློབ་སྦྱོང་གི་གོ་སྐབས་རྙེད་སོང་བའི་ཚོར་བ་སྟེར། མཐོ་འབྲིང་གི་འཚོ་བ་དང་བསྡུར་ན་ང་རང་གུ་ཡངས་པའི་སློབ་ཆེན་གྱི་འཚོ་བ་ལ་ཅུང་ཙམ་དགའ་བོ་འདུག ས་ཆ་གང་དུ་སོང་ཡང་ཕ་མ་དང་གཉེན་ཉེ་དག་ཡང་ཡང་དྲན་ཡོང་གི་འདུག གཞན་སློབ་སྦྱོང་གི་གནོན་ཤུགས་ནི་ནམ་ཡང་རྫོགས་མཐའ་བྲལ་པ་ཞིག་ཡིན་ནོ། །
སྨིན་དྲུག ད་རེས་ཀྱི་ལེ་ཚན་འདིའི་ཁྲོད་དུ་རོང་འབྲོག་ཁུལ་གྱི་བུ་མོ་ཚོར་གཉེན་དུང་ཆེ་བའི་ཚུལ་དེ་མཐོང་ཐེངས་རེར་ངའི་སེམས་ལ་དྲོད་ཁོལ་ཞིག་ངང་གིས་རྒྱས་ཡོང་། མི་དང་མིའི་བར་གྱི་བརྩེ་བ་ནི་གཞལ་དུ་མེད་པའི་རིན་ཐང་ཞིག་ཡིན། མི་ནི་མཐར་གཏུགས་ན། བརྩེ་བ་ལ་བརྟེན་ནས་ཚེ་སྲོག་རྒྱུན་སྐྱོང་བའི་སྲོག་ཆགས་ཤིག་ཡིན། དེ་ཡང་འཇིག་རྟེན་འདིར་ཕ་མ་བུ་ཕྲུག་དང་གཉེན་ཁ་བཟའ་ཟླ། མིང་སྲིང་སྤུན་མཆེད། ཤ་རུས་ཉེ་རིང་། གྲོགས་མོ་གྲོགས་པོ། ཐ་ན་རིགས་རྒྱུད་གཅིག་པ་ཁྱུ་ཚོགས་སུ་བསྡེབས་པའི་འཚོ་བ་དང་ཁ་བྲལ་ནའང་ང་རང་ཁེར་རྐྱང་གི་སྣང་བས་གཙེས་ཡོང་། དེ་ལྟར་བལྟས་ཡོང་ན། མི་དང་མིའི་བར་གྱི་བརྩེ་བ་ནི་དྲ་བ་དྲ་ཕྱེད་ལྟར་དུ་སྦྲེལ་ཡོད་པ་ཞིག་མ་ཡིན་ནམ།
སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲེས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།
ཚེ་དབང་རྡོ་རྗེ་མཚོ་མོ། ཁོར་ཡུག་དང་སློབ་གསོ་ལས་བྱུང་བའི་གནད་དོན་ཡིན་ཤ་སྟག་རེད།
སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།
ཚེ་དབང་རྡོ་རྗེ་མཚོ་མོ། སློབ་གྲྭ་ནི་སློབ་སྦྱོང་བྱེད་ས་རྐྱང་རྐྱང་མིན་པར། དེ་ནི་མི་དང་མི་ལ་འདྲ་མཉམ་གྱི་ཁོར་ཡུག་ཡོད་པའི་ལྡུམ་ར་ཞིག་སྟེ། ཆེས་དྲི་མ་མེད་པའི་ཁོར་ཡུག་ཅིག་ཏུ་སྣང་གིན་ཡོད། དེ་རུ་བུ་དང་བུ་མོ་གཉིས་ལ་འདྲ་མཉམ་གྱི་ཁོར་ཡུག་ཡོད་ལ། འདྲ་མཉམ་གྱིས་ཤེས་བྱ་ཡང་སྦྱོང་ཐུབ། སྤྱི་ཚོགས་དང་ཕ་ཡུལ་ལ་བསྡུར་ན། སློབ་གྲྭའི་ཁོར་ཡུག་འདི་ལ་བཀའ་དྲིན་ཞུ་རྒྱུ་མ་གཏོགས་བསམ་འཆར་ཅི་ཡང་མེད་དོ། །
སྨིན་དྲུག ཏག་ཏག་རེད། མི་དང་མི་ལ་འདྲ་མཉམ་ཆེ་ས་ཞིག་ཡོད་པ་ནི་སློབ་གྲྭའི་ཁོར་ཡུག་ལས་མ་འདས། རྒྱུ་མཚན་དེ་རུ་སུ་ཞིག་སློབ་སྦྱོང་ལ་བཟང་ན་དགེ་རྒན་ཚང་མ་དེ་ལ་དགའ་བ་ལས། ཁྱིམ་ཚང་གི་འགན་དབང་དང་སྤྱི་ཚོགས་ཀྱི་ཁེ་ཕན་རྩོད་རྙོག་སོགས་ཅི་ཡང་མེད། མཆོག་དམན་མི་འགར་བའི་སློབ་གྲྭའི་ཁོར་ཡུག་ནས་བུ་མོ་ཚོ་གཟེངས་སུ་ཐོན་ཡོང་གི་ཡོད་པ་ཆོས་ཉིད་དང་མཐུན་ལ། ཕྱོགས་ཞེན་གྱི་ལྟ་ཚུལ་རྫོང་མཐུག་པའི་སྤྱི་ཚོགས་སུ་རྗེས་ལུས་ཐེབས་པ་ཡང་རྒྱུན་ལྡན་མ་ཡིན་ནམ།
སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།
ཚེ་དབང་རྡོ་རྗེ་མཚོ་མོ། དོན་བཟང་ལ་ཕྲད་མྱོང་། ཆེས་ཞེན་ཆགས་ཆེ་ས་དེ་ལོ་ན་རྒྱས་པའི་དགེ་བའི་བཤེས་གཉེན་རྣམ་པ་རེད།
སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།
ཚེ་དབང་རྡོ་རྗེ་མཚོ་མོ། བདེ་ཐང་ལ་མཉམ་འཇོག་བྱེད་དང་བྱེད་མུས་ཡིན། གནས་ཚུལ་དེའི་སྐོར་ཧ་ཅང་མང་ལ། ཧ་ཅང་ཛ་དྲག་ཡིན་ནོ། །ང་ཚོ་མི་རིགས་འདིའི་བུ་ཚ་ཚོ་འགན་ཁུར་ཟེར་བའི་མིང་ཚིག་དེ་དང་ཁ་ཐག་རིང་བར་གྱེས་འདུག དེ་ནི་ཡང་གཅིག་བྱས་ན་ཕ་མའི་སློབ་གསོའི་མ་འདང་བས་ཡིན་རྒྱུ་རེད་སྙམ།
སྨིན་དྲུག མི་རིགས་ཤིག་ཉམས་རྒུད་དུ་སོང་བ་ནི་གནའ་བོའི་དུས་ཡིན་ན། སྐྱེས་པ་དར་གཞོན་ཚོ་ལན་པ་ཡིན། རྒྱུ་མཚན་གནའ་བོའི་དུས་སུ་ཕོ་མོ་གཉིས་ལ་སྒོ་ཕྱི་དང་ནང་ཁྱིམ་ཞེས་འགན་ཁུར་གཙང་བགོ་བྱས་ཡོད་པས་ཡིན། ད་ལྟ་ཡིན་ན་སློབ་གསོ་ཡོད་མཁན་ཚོ་ལ་མཚོན་ན་སྒོ་ཕྱི་དང་ནང་ཁྱིམ་གང་ཡིན་རུང་སུ་འཇོན་དེ་སྒྲུབ་ཡིན་ན་འགྲིག་མོད། གོམས་པའི་སྟོབས་ཀྱི་དབང་གིས་སྐྱེས་པ་སྐོར་ཞིག་གིས་འགན་མི་ཁུར་ལ་ལས་ཀ་ཡང་ཆེན་པོ་མི་བྱེད་པར་ཕྱི་ནང་གཉིས་ནས་འཐུས་ཤོར་དུ་འགྲོ་གི་ཡོད་པ་རྫུན་དུ་ག་ལ་འགྲོ། ངས་བལྟས་པ་ལ། སྤྱིའི་ཆ་ནས་བོད་ཀྱི་སྐྱེས་པ་དང་མི་རྒྱུད་ནག་པོའི་སྐྱེས་པ་དང་རྒྱ་གར་གྱི་སྐྱེས་པ་ཚོར་འདྲ་ས་ཞིག་ཡོད་པ། ལས་ལ་ཆེན་པོ་མི་བརྩོན་པ་དང་། ཁྱིམ་འགན་ཡག་མོ་མི་འཁུར་བ། འཆལ་བོའི་རིགས་ལ་དགའ་བ་དེ་རེད་འདོད(ཚང་མ་དེ་འདྲ་རེད་ཟེར་བ་གཏན་ནས་མིན་ཏེ། ད་ལྟར་སྤྱི་ཚོགས་སུ་གདུང་འཁུར་མཁན་སྐྱེས་པ་ཕུལ་བྱུང་ཅན་དག་ཡིན་པའང་བསྙོན་དུ་ག་ལ་ཡོད།)
སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།
ཚེ་དབང་རྡོ་རྗེ་མཚོ་མོ། མཐར་ཕྱིན་རྗེས། མུ་མཐུད་དུ་སློབ་གཉེར་ལ་འབད་རྩིས་ཡོད། གལ་སྲིད་སྐྱེས་པ་མཐུན་ས་ཞིག་དང་འཕྲད་ཚེ་ཡག་ཐོག་ལ་རྒྱན་རེད། ཕལ་ཆེར་འཕྲད་རྒྱུ་རེད་བསམ་ཡོང་གི ཧེ་ཧེ་་་
སྨིན་དྲུག རང་གིས་མི་ལ་ལྟ་ཤེས་ན་བཟང་བོར་འཕྲད་གི་རེད། ངས་རང་གི་བུ་མོ་དང་ཚ་མོ་ལ། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད། བཟའ་ཟླའི་མི་གཞི་བཟང་ཞིང་གཞན་པ་བརྒྱ་ཆ་ལྔ་བཅུ་འགྲིག་ཡོད་ན་བརྒྱ་ཆ་ལྔ་བཅུ་དེ་རང་གིས་བཅའ་རྒྱུ་རེད་ཅེས་བཤད་ཀྱི་ཡོད། སྔོན་ཆད་ཅིག་ལ། གྷི་རིག་གི་གློག་བརྙན་ཞིག་ལས་བུད་མེད་དར་མ་ཞིག་གིས། སྐྱེས་པ་ལམ་དུ་འཇུག་མཁན་ནི་སྐྱེས་མ་ཡིན་ཟེར་བའི་སྐད་ཆ་ཞིག་བཤད་པ་བརྗེད་མི་འདུག ང་ཚོའི་གཏམ་སྒྲུང་མོ་སྟོན་ཕོག་མགོ་ལ་སོགས་ཀྱི་ནང་དུའང་སྐྱེས་མས་དེ་ལྟར་བྱེད་པའི་སྣང་ཚུལ་མཐོང་ལ། རང་གི་འཚོ་བའི་མྱོང་རྒྱུས་ལས་ཀྱང་སྐད་ཆ་དེར་གནས་ལུགས་བཙན་པོ་འདུག་པ་མཐོང་། རང་རེའི་གཏམ་དཔེ་རུ། ཁྱོ་ཕྱུག་ཆུང་མ་གྲུང་། བལ་འཇམ་སྣམ་བུ་ལེགས། ཞེས་བཤད། ཁྱོ་བོ་ཕྱུག་པས་ཆུང་མ་རང་བཞིན་གྱིས་གྲུང་པོར་གྱུར་བ་ཡིན་ནམ། ཡང་ན་ཆུང་མ་གྲུང་པས་ཁྱོ་བོ་ཕྱུག་པོར་གྱུར་བ་ཡིན། སྣམ་བུ་རྒྱུ་མེད་རྐྱེན་མེད་དུ་ལེགས་པ་ཡིན་ནམ། ཡང་ན་བལ་ཁ་འཇམ་པའི་རྐྱེན་གྱིས་སྣམ་བུ་སྤུས་ལེགས་བྱུང་བ་ཡིན། གཏམ་དཔེ་དང་སྒྲུང་གཏམ་སོགས་ལ་ཡང་འདང་རྒྱག་རྒྱུ་མང་པོ་ཡོད་པ་མ་ཡིན་ནམ།
སྨིན་དྲུག ཁྱོད་ལ་མཚོན་ན། འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བ་ཅི་ཞིག་རེད། གལ་སྲིད་རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།
ཚེ་དབང་རྡོ་རྗེ་མཚོ་མོ། དོན་དག་ག་འདྲ་ཞིག་བརྒྱུད་མྱོང་ཡང་ཆེས་མེད་དུ་མི་རུང་བ་ནི་བརྩེ་བ་རེད། གལ་སྲིད་རང་དབང་ལ་ཡོང་ན་འབྱུང་འགྱུར་ཆེད་ལས་སོ་སོ་གཅིག་རེ་གཅིག་རེ་བྱས་སྦྱོང་བསམ་གྱིན་ཡོད། དཔེ་ཀློག་དང་བུ་རྒྱུད་དང་ཁ་མ་བྲལ་བར་འཚོ་བ་སྐྱེལ་འདོད།
སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།
ཚེ་དབང་རྡོ་རྗེ་མཚོ་མོ། རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་ཐུབ་མིན་གྱི་གདེང་ཚོད་ཅང་མེད་མོད། སྐད་ཡིག་དང་འབྲེལ་ཏེ་གང་སྦྱོང་ཡང་དོན་སྙིང་ཡོད་གི་སྙམ་ཡོང་། དྲང་མོར་བཤད་ན་བཟའ་ཚང་བཙལ་རྒྱུ་དེ་དོན་དག་དང་པོ་ལ་འཛིན་མྱོང་མེད། དེ་བས་མིག་སྔར་འཆར་གཞི་ཅང་མེད། འོན་ཀྱང་ང་རང་ཉིད་དང་འགལ་བ་ཆེན་པོ་མེད་པའི་མི་ཞིག་ལ་འཕྲད་ཚེ་འདང་རྒྱག་རིན་ཡོད་གི་སྙམ།
སྨིན་དྲུག རང་གི་སྐད་དང་ཡི་གེར་དགའ་བ་དེ་དངོས་གནས་དཔེ་ཡག་པོ་རེད། དེང་སྐབས་སློབ་ཆེན་བུ་མོ་ཚོ་རང་གི་སྐད་དང་ཡི་གེ་ལ་དུང་ཁ་མེད་པའི་བཤད་ཡམས་ཤིག་གང་སར་ཁྱབ་འདུག་པ་མ་ཡིན་ནམ།
སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།
ཚེ་དབང་རྡོ་རྗེ་མཚོ་མོ། བཟའ་ཟླ་ནི་ཕན་ཚུན་ལ་འགན་ཁུར་དང་བརྩི་བཀུར། གཅེས་སྐྱོང་དང་གཅེས་སྤྲས་བྱེད་ཤེས་པ་ཞིག་འདོད། གོང་གི་དྲི་བ་དེ་དག་ལས་གང་འཛོམས་ན་ཡང་འགྲིག་བསྡད་ཡོད་གི
སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།
ཚེ་དབང་རྡོ་རྗེ་མཚོ་མོ། བློ་ཕམ་ལོས་ཡོད། རྒྱུ་མཚན་ང་ནི་རང་ལ་དགའ་ཕྱོགས་ཡོད་པའི་མི་ཞིག་ཡིན་པར་མ་ཟད་ཕུགས་བསམ་ཡོད་པ་ཞིག་ཀྱང་ཡིན། ལྷག་པར་དུ་རང་ཉིད་ལ་མཚོན་ན། སློབ་གཉེར་གྱི་ལམ་ཁ་ཅུང་ཙམ་རིང་བས་དེ་ལ་རིན་ཐང་ངེས་ཅན་ཞིག་ཡོད་ངེས་སྙམ།
སྨིན་དྲུག ཐོས་བསམ་ལ་བརྩོན་པ་ནར་མར་དུ་བསྟེན་ཞིང་ཕུགས་བསམ་ལ་གཤོག་པ་ཐོགས་ན་རྒྱང་རིང་དུ་འཕུར་ཐུབ་པ་དཔེ་ཡིན། མི་ལ་འདུན་མ་ཆེན་པོ་ཡོད་རྒྱུ་ཧ་ཅང་གལ་ཆེ། དེ་ཡང་འུ་ཅག་གི་ཁྲོད་དུ་ཕོ་མོ་སུ་ཡིན་རུང་མི་ཚེ་ཐོས་བསམ་ལ་སྐྱེལ་བ་དང་ཕུགས་འདུན་ཆེན་པོ་ཡོད་མཁན་ཉུང་བའི་ཚུལ་ཞིག་མི་འདོད་བཞིན་དུ་མཐོང་། དེ་ནི་རང་རེའི་འདོད་ཆུང་ཆོག་ཤེས་དང་གནམ་ནས་བབས་པའི་གྲོག་ལ་རེ་བའི་སྲོལ་དེ་དང་ཡང་འབྲེལ་བ་ཡོད་ངེས། རེད་ལགས། ཉིན་འདི་ཚོར་ངས་ཚ་མོ་སྐལ་སྒྲོན་ལ་ན་ནིང་ཁྲིད་འཕྲོར་ལུས་པའི་མོ་རོ་རྩེ་སྒྲུང་གི་མཇུག་དེ་ཁྲིད་ཀྱི་ཡོད། ཁ་སང<<སོ་ནམ་པ་དང་རྒྱལ་བོ་གཏུམ་པོ>>ཞེས་པ་དེ་ཁྲིད་པ་ཡིན། དེ་ལས་ཡུལ་དེར་ལོ་ངན་བྱུང་སྟེ་ཞིང་པ་དབུལ་པོས་དཔྱ་ཁྲལ་དང་ཐོང་ག་འཇལ་མ་ནུས་སྟབས། རྒྱལ་བོས་སྒོ་ལ་ཐེལ་བརྒྱབ་པར་ཁོ་གཞན་ཡུལ་ལ་འཁྱམ་དགོས་བྱུང་། སོང་སོང་མཐར་ཐང་སྟོང་འཇག་སྐྱ་འཕྱུར་བ་ཞིག་ཏུ་སླེབས། ཁོ་བཀྲེས་སྐོམ་གྱིས་མནར་ནས་ཐང་སྟོང་ཞིག་ན་རྟ་རོ་ཞིག་ཡོད་པ་དེའི་རྟ་མགོ་ཁུར་ནས་ཤིང་ཏ་ལའི་སྡོང་བོ་ཆེན་པོ་ཞིག་ཡོད་པ་དེའི་མགོར་འཛེགས་ཤིང་ཡལ་གའི་སྟེང་ནས་ངལ་གསོས། དུས་དེར་འདྲེ་གདོན་འདྲ་བ་ཧ་མི་གོ་བའི་སྐད་ཆ་ལྡབ་ལྡིབ་བཤད་པ་སྐོར་ཚོ་ཞིག་སྡོང་འོག་ཏུ་ཡོང་ནས་བཟའ་བཏུང་ལ་སྤྱད། ཞིང་པའི་བུས་དེ་ནི་འདྲེ་གདོན་གྱི་ཆོ་འཕྲུལ་ཡིན་པར་ཐག་བཅད་དེ་སྐྲག་ཅིང་འཇིགས་ནས་ལག་གི་མགོ་རུས་དེའང་ཤོར་ནས་ཐང་ལ་ལྷུང་། དེ་མ་ཐག་གཤམ་གྱི་མི་དེ་དག་འ་འདྲོགས་འུར་ལང་བཞིན་ཕྱོགས་ཕྱོགས་སུ་བྲོས། ཕྱི་ཉིན་ཞོགས་པར་ཞིང་པའི་བུ་སྡོང་མགོ་ནས་མར་བབས་པ་ན། ཆང་གིས་གཏམས་པའི་གསེར་ཕོར་ཅི་འདོད་འབྱུང་བའི་སྒྲོམ་བུ་ཞིག་ལུས་ཡོད་པ་རྙེད།
འུ་ཅག་གི་གཏམ་རྒྱུད་དུ་སྟེས་དབང་སྟབས་འགྲིག་འབྱུང་བ་དང་གནམ་ནས་བབས་པའི་གྲོག་ཐོབ་པ་མང་ཞིང་ཚུལ་དེ་ཧ་ཅང་ལུགས་མཐུན་དུ་བརྩི། ཞིང་པའི་བུས་ཀྱང་ངལ་བ་ཅི་ཡང་མ་བསྟེན་པར་ཀུན་འདོད་ཅི་འབྱུང་གི་གསེར་གྱི་ཕོར་པ་ཞིག་རྙེད།(འཕྲ་ལེ་འཕྲུལ་ལེ་དང་རིག་པ་འཆལ་བོ་སྤྱད་དེ་རྒྱལ་ཁ་བླངས་པ་དང་ཁེ་བཟང་རག་པ་ཡིན་ནའང་ཚུལ་དང་མཐུན་པར་བརྩི) ང་ཚོའི་དངོས་ཡོད་འཚོ་བ་གཏམ་རྒྱུད་དུ་ཕབ་པ་ཡིན་ནམ། ཡང་ན་གཏམ་རྒྱུད་ཀྱིས་ང་ཚོའི་འཚོ་བ་དངོས་ལ་ཤུགས་རྐྱེན་ཐེབས་པ་ཡིན་ནམ། གང་ལྟར་ང་ཚོའི་ནར་མའི་འཚོ་བ་དང་སྒྲུང་གཏམ་མཚམས་རེར་ངོ་བོ་དབྱེར་མེད་དུ་འདྲེས་འགྲོ་བ་མ་ཡིན་ནམ། རང་རེའི་ཁོར་ཡུག་ཏུ་ལས་མེད་ལྷོད་སྡོད་ངང་ནས(ཤོ་དང་རྒྱན། 彩票中奖སོགས་ལ་རེ་བ)མོ་སྟོན་ཕག་མགོའི་སྐྱེ་བ་ལེན་མཁན་མང་བའང་དོན་དུ་འུ་ཅག་གི་སེམས་ཀྱི་འདོད་མོས་དེ་དང་འབྲེལ་བ་ངེས་ཅན་ཡོད་པར་འདོད།
གོང་གི་སྒྲུང་དེ་ཁྲིད་ཚར་རྗེས། ངས་ཚ་མོ་སྐལ་སྒྲོན་ལ། སློབ་སྦྱོང་ལ་འབད་པ་མ་བྱས། ལས་ཀ་ཡང་ཡག་པོ་མ་བསྒྲུབས་ན། ཞིང་པའི་བུ་དབུལ་པོ་ལྟར་དུ་ལག་ལ་གསེར་གྱི་ཕོར་པ་ཡོང་གི་ཨེ་རེད། ཅེས་དྲིས་པར་མོས་མིག་རིག་རིག་བྱེད་བཞིན་ཡོང་གི་མ་རེད། རང་གིས་འབད་པ་བྱེད་དགོས་གི་རེད་ཟེར། ཏག་ཏག་རེད། ཆུང་དུས་ནས་རང་གི་ཀླད་པ་དང་ལག་ཟུང་ལ་བརྟེན་དགོས་པའི་གནས་ལུགས་དེ་སེམས་ལ་གཤགས་སུ་འཇུག་རིགས། སྒྲུང་གཏམ་ཁྲོད་ཀྱི་ཤིང་ཏ་ལའི་སྡོང་པོ་རྒྱ་གར་ན་ཡོད་པ་ལས་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་ཤིག་མིན་ཚོད་རེད་ལ། རྟ་རོ་ཟ་བ་དེའང་ང་ཚོའི་ཡུལ་སྲོལ་དང་མི་མཐུན་པ་གོ་བརྡ་སྤྲད། མཐའ་མཇུག ངས་མོ་ལ། དང་ཐོག་ཞིང་པའི་བུས་རྒྱལ་པོར་ཡ་ལན་སྤྲོད་མ་ཐུབ་པར་ཡུལ་གྱར་བྱུང་། རྗེས་ལ་ཁོས་རྒྱལ་པོ་འཁོར་དང་བཅས་པ་ཕབ་པའི་རྒྱུ་མཚན་ཅི་རེད་ཅེས་ཧ་ཅང་སླ་བའི་དྲི་བ་ཞིག་བཏོན་མོད། སློབ་ཆུང་ལོ་རིམ་གསུམ་པ་རྫོགས་ཙམ་པའི་མོ་ལ་དཀའ་ལས་གཏད་སོང་། ཁག་ཅི་ཡོད། འུ་ཅག་གི་སློབ་གསོ་ནི་སློབ་བུ་དག་སྒྱེ་མོ་ཞིག་ཡིན་པའི་དབང་དུ་བཏང་ན་དེ་ནང་ལ་དངོས་པོ་བརྫང་རྐྱང་བྱེད་པ་ལས། སློབ་ཕྲུག་ཚོར་བསམ་ཚུལ་སློང་བའམ་བསམ་གཞིགས་འཁྲུག་ཆ་དོད་པོར་གཏོང་བ་སོགས་ཀྱི་ཁྲིད་སྟངས་དང་བར་སྟོང་མེད་པར་གཏོང་བ་ཞིག་ཡིན་ཚོད། སྤྱིར་བཏང་སྲོལ་རྒྱུན་གྱི་ཁྲིད་སྟངས་ཡིན་ན། སློབ་མར་སློབ་ཚན་ངག་སྐྱོར་དང་བློར་འཛིན་དང་ཐ་སྙད་མང་པོ་ཡང་དང་བསྐྱར་དུ་འབྲི་འཇུག་རྒྱུ་ནི་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ཡིན་པ་ལས། སློབ་ཕྲུག་གི་བློ་འབྱེད་འཇམ་ཁྲིད་དང་བསམ་གཞིགས་གཏོང་དུ་འཇུག་པ། གསར་རྟོགས་དང་ཐུན་མིན་གྱི་བསམ་ཚུལ་བསྐྱེད་པ་དང་སློབ་མའི་དགའ་སྣང་དང་སེམས་ཁམས་ལ་རྒྱུས་ལོན་བྱེད་པ་སོགས་ཀྱི་ཐད་ལ་དོ་སྣང་ཆེན་པོ་མེད་པ་ཚང་མས་ཤེས་གསལ་ལྟར་ཡིན།
སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།
ཚེ་དབང་རྡོ་རྗེ་མཚོ་མོ། གལ་སྲིད་གནས་ཚུལ་དེ་འདྲ་བྱུང་ཚར་ན། བཟའ་ཚང་ཡིན་ཡང་རུང་། བྱིས་པ་མེད་པའི་ཆ་རྐྱེན་འོག་ནས་དང་ལེན་ཐུབ་གི་འདུག ཕན་ཚུན་གཉིས་ཀའི་ཟུར་བསྟེན་བཙལ་བ་དེ་ལ་དེང་སང་རྒྱའི“开放式婚姻、开放式恋爱”ཟེར་གྱི་འདུག་ལ། སྐོར་ཞིག་གིས་ལག་བསྟར་ཡང་བྱེད་མུས་རེད། འོན་ཀྱང་བྱིས་པ་ཡོད་ཙ་ན་གཙང་མ་དག་མ་བྱེད་རྒྱུ་དེ་ཆེས་ཐ་མའི་འགན་ཁུར་རེད་སྙམ།
སྨིན་དྲུག ལགས་སོ། །མཇུག་སྡུད་པའི་སྐད་ཆ་ནི། གུ་ཡངས་པའི་གཉེན་འབྲེལ་དང་གུ་ཡངས་པའི་དགའ་རོགས་སྒྲིག་ཚུལ་བཅས་ནི་གཞུང་ལུགས་ཀྱི་སྟེང་ནས་འབྲེལ་འགྲོ་ན་ཐང་མོད། འཚོ་བའི་ཁྲོད་ནས་ལག་ལེན་བྱེད་དགོས་ཐུག་ཚེ་ང་ཚོར་འཚམ་མིན་ཅི་ཆ། ཐ་ན། གོང་དུ་ཁྱེད་ཀྱིས་གླེང་བའི<<རྟེན་གཉིས་པ>>ཞེས་པའི་སྐྱེས་མའི་ཐོབ་ཐང་གི་དེབ་གྲགས་ཅན་རྩོམ་མཁན་སེ་མོན-ཌེ-བྷོ་ཝར་དང་སར་ཏ་རེ་གཉིས་ཀྱིས་ཀྱང་ཆད་གན་འཇོག་པའི་གཉེན་འབྲེལ་ཁྲོད་ནས་མི་ཚེ་བཏང་བ་ཡིན་རུང་། སར་ཏ་རེས་ཟུར་མོ་ངེས་མེད་དུ་བསྟེན་པར་མ་གཞི་གོ་རྟོགས་མཐོ་ལ་ཡོན་ཏན་གྱི་མཛོད་འཛིན་པའི་སེ་མོན-ཌེ-བྷོ་ཝར་ཡང་དཀའ་ལས་ལ་གཏད་ཚུལ་བཞེད། རྟོགས་པ་དམའ་ལ་ཁོག་རྒྱ་ཆུང་བ། བསམ་བློ་སྒེར་ཚུགས་ཐུབ་མེད་ཅིང་བརྩེ་དུང་ནི་ཡོད་ཚད་དུ་འདོད་དེ་རྨོངས་དད་ཆེ་བའི་འུ་ཅག་གི་སྐྱེས་མ་ཚོ་ལ་ལྷག་ཏུ་དེ་རིགས་འཚམ་མིན་སུས་ཤེས། སྟབས་ཉེས་ཏེ་དེའང་སྐྱེས་པ་བརྩད་ནས་སྐྱེས་མ་ཕན་ཚུན་དགྲ་རུ་འཛིན་པའི་རྒྱུ་རུ་ལོག་ན་ཅི་བྱེད། དེའི་ཁར་རང་ཅག་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པས(ཟུར་མོ་བསྟེན་སྐབས་སྲུང་ཤུབས་མི་སྤྱོད་མཁན་མང)འགོས་ནད་དང་ཨེ་ཛི་ལ་སོགས་པའི་ནད་ཡམས་མི་འགོ་ཞེས་ཀྱང་བཤད་དཀའ། བྱིས་པ་མེད་དུས་ཟུར་མོ་ཟུར་ཕོ་འདོད་འདོད་དུ་བསྟེན། དེ་ནས་བྱིས་པ་སྐྱེས་རྗེས་ལམ་སེང་ངན་ཆགས་སུ་སོང་བའི་གོམས་གཤིས་བསྒྱུར་ཟེར་ན་དཀའ་རྒྱུ་རེད། གོམས་སྲོལ་ཚང་མ་འགྲིག་པའི་ངེས་པ་གཏན་ནས་མེད་མོད། གོམས་སྟོབས་ཀྱི་དབང་དུ་ཤོར་ཚར་ན་འགྱུར་བ་གཏོང་དཀའ་བ་འུ་ཅག་གི་སྤྱི་ཚོགས་སུ་བུད་མེད་ཀྱི་གོ་བབ་དམའ་བ་འདི་ལས་ཀྱང་རྟོགས་ཐུབ། དེ་ཡང་ཐོག་མའི་སྲོལ་ལས་བྱུང་བའི་རྒྱུན་ཡིན་པས་འགྱུར་བ་གཏོང་དཀའ་དཀའ་ཆགས་ཡོད་པ་རེད། དོན་དག་ལ་ལ་ཞིག་གཞན་རིགས་ལ་མཛའ་ཡང་རང་རིགས་ལ་འཚམ་པའི་ངེས་པ་མེད་ཕྱིར་རྗེས་ཡོང་སྔོན་དྲན་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པར་མཐོང་ཞེས་པ་དེ་ཡིན།
མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། དྲུག་པ། ཆུ་ཆེན་བདེ་གསལ་ལྷ་མོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བདུན་པ། ནག་ཆུ་སྐྱིད་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བརྒྱད་པ། ཁྲི་ཀ་བན་དེ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཅུ་པ། བྲག་དཀར་ཚེ་དབང་རྡོ་རྗེ་མཚོ།
འཕྲིན་སྟེགས་འདི་ནི་གཙོ་བོ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3790
དཔྱད་མཆན་སྤེལ།