བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།
ངའི་མིང་ལ་བན་དེ་སྐྱིད་ཟེར། ཡུལ་མཚོ་སྔོན་ཁྲི་ཀ་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སློབ་གླིང་གི་མཐར་ཕྱིན་སློབ་མ་ཡིན།
སྨིན་དྲུག ལགས་སོ། །མཚམས་སྦྱར་བར་ཐུགས་རྗེ་ཆེ།
སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།
བན་དེ་སྐྱིད། སློབ་ཆེན་ནི་སློབ་འབྲིང་མཐོང་འབྲིང་དང་བསྡུར་ན་ལྟོས་བཅས་ཀྱིས་ཁ་ཕྱོགས་མེད་པ་དང་འཆར་གཞི་མེད་པ་ཞིག་ཏུ་ཆགས་འགྲོ། གློ་བུར་དུ་རང་ཉིད་ཀྱི་དུས་ཚོད་ལ་རང་གིས་བགོ་བྱ་བྱེད་དགོས་དུས་ཧོན་འཐོར་བའམ་ཡང་ན་དཔེ་ཀློག་བྱེད་འདོད་ཡོད་རུང་ཁ་ཕྱོགས་མི་རྙེད་པའམ་རྒྱུན་སྐྱོང་མི་ཐུབ་པ་ལྟ་བུས་ལོ་རིམ་དང་པོ་ཕལ་ཆེར་དེ་ལྟར་ཚར་འགྲོ།ལོ་རིམ་གཉིས་པ་ནས་དཔེ་ཀློག་ལ་འབད་ཀྱང་གཏིང་ཟབ་དང་ཞིབ་ཚགས་མིན་པས་དེའི་བར་དུ་བཀླགས་པ་རྣམས་ཕལ་ཆེར་བརྗེད་ཚར་ངེས། སྤྱིར་ན་ལོ་རིམ་གཉིས་པ་གསུམ་པར་སློབ་ཁྲིད་མང་ཞིང་ལས་བྱ་དང་རྒྱུགས་སོགས་ཀྱང་མང་བས་སེམས་ཚེགས་ཅུང་ལྕི་སྟབས་ཀྱིས་རང་ལ་ངེས་པར་མཁོ་བའི་དཔེ་ཆ་ལས་གཞན་མང་པོར་ལྟ་ཐུབ་ཀྱི་མེད་པ་འདྲ། ལོ་རིམ་བཞི་བར་སོ་སོས་རང་རང་གི་ལམ་ཁ་གསར་བ་རེ་འཚོལ་གྱིན་ཡོད་ལ། ང་ལ་མཚོན་ན་ཞིབ་འཇུག་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་རྐྱེན་རང་གིས་བདམས་པའི་ཆེད་ལས་དང་འབྲེལ་ཡོད་ཀྱི་དཔེ་ཆ་འགའ་རེ་བཀླགས་པ་ཡིན། གང་ལྟར་སློབ་ཆེན་གྱི་ལོ་བཞི་ནི་ལྟོས་བཅས་ཀྱིས་རང་དབང་ཡོད་པ་བདེན་མོད་འགྲན་རྩོད་དང་སེམས་ཚེགས་ཀྱང་མེད་པ་མིན།
སྨིན་དྲུག ཁག་མེད་གི་ཡ། ཞིབ་འཇུག་ལ་གྲ་སྒྲིག་བྱེད་དགོས་ན་དཀའ་ལས་ཡོད་ཀྱི་རེད།
སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན།ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།
བན་དེ་སྐྱིད། དེ་འདྲ་ཕལ་ཆེར་མིན་པ་འདྲ།བུ་མོ་མང་ཤས་བརྙན་འཕྲིན་ལ་ལྟ་བར་དངོས་གནས་དགའ་པོ་འདུག ཡིན་ཡང་ཡག་ལས་དང་དགའ་རོགས་སྒྲིག་པར་མགོ་འཁོར་བ་ཁ་ཤས་ལས་མེད་པ་འདྲ། ཡག་ལས་ཅུང་ཙམ་རེ་སུས་ཀྱང་བྱེད་ངེས་ཡིན། དེ་ལ་དུས་ཚོད་མང་པོ་གྲོན་མི་སྲིད། ངས་བསམས་ན་དུས་ཚོད་བརླག་སྟངས་ཐད་ནས་བུ་བུ་མོ་གཉིས་ཀ་གཅིག་འདྲ་རེད། བུ་ཚོ་ཇ་ཁང་ཆང་ཁང་དང་རོལ་རྩེད་སོགས་ལ་གཡེང་བར་དགའ། བུ་མོ་ཚོ་མལ་ཁང་དུ་འཛུལ་ནས་བརྙན་འཕྲིན་ཟློས་གར་དང་གློག་བརྙན་སོགས་ལ་ལྟ་བར་དགའ་པོ་འདུག དེ་ཚང་མ་རང་རང་གི་དགའ་ཕྱོགས་ཙམ་དང་གཟའ་མཇུག་གི་ངལ་གསོ་སྟངས་ཙམ་ཡིན་པ་ལས། དམིགས་སུ་བཀར་ནས་བུ་མོ་ཚོ་ཞེས་བརྗོད་དགོས་པའི་སྐྱོན་ཆེན་པོ་ཞིག་མ་རེད། ལ་ཤས་དེ་འདྲ་ཡིན་སྲིད་ཀྱང་དེ་བུ་མོ་ཡོངས་ལ་སྦྱར་ན་མི་འགྲིག་བསམ།
སྨིན་དྲུག བུ་བུ་མོ་གཉིས་ཀྱི་དགའ་ཕྱོགས་མི་གཅིག་པ་འདི་ཡང་རྒྱུ་རྐྱེན་མེད་པ་མི་སྲིད། དེ་སྐོར་ལེའུ་གཞན་ཞིག་ཏུ་ཅུང་ཟད་གླེང་ཡོད་པས་ཤེས་འདོད་ན་དེར་གཟིགས་རོགས།
སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།
བན་དེ་སྐྱིད། ངས་བསམས་ན་དེ་སྤྱི་ཚོགས་ཀྱིས་བསྐྱེད་པ་རེད།བུ་མོ་ཚོ་མ་གཞི་ནས་སེམས་ཆུང་བ་དང་སྤོབས་པ་མེད་པ། ཡང་ནས་ཡང་དུ་འདང་རྒྱག་པར་དགའ་བ་ཞིག་ཡིན་ཚོད་མི་འདུག་མོད། སྤྱི་ཚོགས་ཀྱིས་བུ་མོ་ཚོ་སྤོབས་པ་ཞན་ཞིང་ཁ་གྲགས་མི་ཕོད་པ་ཞིག་ཏུ་བཏང་སོང་བ་རེད། འདི་ནི་སྤྱི་ཚོགས་ཀྱིས་བུ་མོ་ཚོར་བཏོན་པའི་རེ་བའང་རེད། ང་རང་ཆུང་དུས་སྤོབས་པ་ཆེ་བོ་འདུག ང་དགེ་རྒན་ལ་དྲི་བ་འདོན་པ་དང་རང་གི་བསམ་ཚུལ་བརྗོད་པར་ཡང་ཤིན་ཏུ་དགའ། ང་ད་དུང་གར་སྟེགས་སུ་བུད་དེ་སློབ་མ་ཚོར་སློབ་ཁྲིད་ཀྱང་བྱས་མྱོང་། ཡིན་ཡང་མི་ཚང་མ་དེ་ལྟ་བུའི་བུ་མོ་ལ་དགའ་གི་མི་འདུག ཚང་མའི་མིག་ནང་གི་བུ་མོ་ཞེས་པ་ནི་གཤིས་ཀ་བབས་ཆགས་ཤིང་སྤོབས་པ་ཆུང་ལ། ངག་འཇམ་ཞིང་སྒེག་ཉམས་ལྡན་པ་ཞིག་སྟེ། དེ་ནི་ཕོ་མོ་རྒན་གཞོན་ཚང་མའི་ལྟ་ཚུལ་ཞིག་ཡིན་པར་འདོད། དམའ་འབྲིང་དང་མཐོ་འབྲིང་སྐབས་སུ་ངས་བུད་མེད་ཀྱི་ཁེ་དབང་བརྩད་དེ་སློབ་གྲོགས་ཚོར་ཁ་འཛིང་བརྒྱབ་མྱོང་། ཁོ་ཚོས་ཨ་མ་ཡིན་ཡང་ཨ་ཕ་ངེད་གཉིས་ཀྱི་གླ་བ་རེད་ཟེར། སྤྱི་ཚོགས་ཧྲིལ་བས་བུ་མོ་ཚོ་ཁས་ལེན་མི་སྲིད། ཐ་ན་ཚོགས་པ་ཞིག་ཏུ་འགོ་བ་འདེམས་པ་དང་ཡང་ན་ལས་ཁུངས་ཤིག་ཏུ་ལས་མི་སྡུད་དུས་ཕོ་གཅིག་ལས་མེད་ན་དེ་ངེས་པར་འགོ་བ་ཡིན་སྲིད། སྤྱི་ཚོགས་ཀྱིས་ཟ་ཟུར་གང་དུ་སྒྲོམ་གཞི་མང་པོ་ཞིག་བཟོས་ཏེ་གཟུགས་མེད་ངང་ནས་ང་ཚོ་ལ་ཚད་ཐིག་ཅིག་འཇོག་གི་ཡོད།
སྨིན་དྲུག མི་མངོན་པའི་འཆིང་ཐག་ཅིག་གིས་ང་ཚོ་སྡོམ་གྱི་ཡོད་པ་ཚོར་བ་དེ་ནི་འཆིང་ཐག་དེ་ལས་འགྲོལ་བྱེད་ཀྱི་ཐོག་མའི་ཆ་རྐྱེན་ལྟ་བུ་ཡིན་ངེས། གལ་སྲིད་རང་ཉིད་འཚོ་སའི་སྤྱི་ཚོགས་ཀྱི་གནས་བབ་དང་ངོ་བོ་ག་འདྲ་ཡིན་པ་དང་། དེས་ང་ཚོ་མི་རེ་ངོ་རེའི་འཚོ་གནས་དང་ལྟོ་གོས་གཏམ་གསུམ་ལ་གནོད་ཐེབས་ཀྱི་ཡོད་མེད་ཀྱང་མ་ཤེས་ན། དེ་ལས་ཐར་བར་ལྟ་ཅི་སྨོས། ཡི་ཆད་སྐྱེ་བ་ཞིག་ལ་མང་པོ་ཞིག་གིས་རང་ཉིད་ཀྱི་གནས་བབ་ངོ་མ་ཤེས་ཀྱི་མེད་པ་དེའོ། །
སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།
བན་དེ་སྐྱིད། གནོན་ཤུགས་ཆེན་པོ་མེད་པ་འདྲ། ཁོ་ཚོས་ཀྱང་བུ་མོ་ཚོའི་སྐར་འབྲས་བཟང་བ་དེ་དང་ལེན་བྱས་ཟིན་པ་འདྲ། ཡིན་ཡང་སྤྱིའི་ཆ་ནས་སྔར་བཞིན་སློབ་གྲོགས་ཕོ་ཚོར་གདེང་འཇོག་ཐོབ་ཚད་མཐོ། དཔེར་ན་བགྲོ་གླེང་ཚོགས་པ་དང་དཔེ་ཀློག་ཚོགས་པ་སོགས་མཐུན་ཚོགས་མང་ཤས་ཀྱི་ཚོགས་གཙོ་བུ་ཚ་ཡིན་པ་དང་།ཚང་མས་གུས་བཀུར་བྱ་ཡུལ་དང་རྒྱབ་སྐྱོར་ཆེ་བ་ཡང་བུ་ཚ་ཡིན་པ་ལྟ་བུ། བུ་མོ་ཚོ་རྒྱུགས་འབྲས་ཇི་འདྲ་བཟང་ཡང་ངོ་ཤེས་མཁན་ཉུང་ལ། སྦྱངས་འབྲས་ལས་གཞན་པ་ཕྱོགས་གང་ནས་འབུར་དུ་ཐོན་པ་ཅུང་ཉུང་ཉུང་རེད།
སྨིན་དྲུག སྣང་ཚུལ་འདིའི་རིགས་བུ་མོ་ཚོས་ཁས་ལེན་གྱི་འདུག རང་སྐྱོན་ཁས་ལེན་པ་ལའང་སྤོབས་པ་མེད་ན་ག་ལ་ཡོང་། རང་བཞིན་དྲང་བ་མཐོང་ནས་སེམས་པ་དགའ་སོང་། མི་ཞིག་ཡིན་ན། རང་བཞིན་དྲང་ཞིང་བདེན་པ་སྲུང་བ། དྲིན་བྱས་དྲིན་དུ་ཚོར་བ། ཡིད་རྟོན་མིག་འབྲས་ལྟར་བརྩིས་ན་གཞན་བཤད་ཅི་དགོས་ཏེ་རང་གི་མི་ཚེའི་ལམ་ཁའང་ཡངས་པ་དཔེ་ཡིན། ད་ནི་ཆ་འཕྲིན་འབར་གས་ཀྱི་དུས་རབས་ཤིག་ཡིན་པས་རྫུན་ལབ་པ་དང་ཡིད་རྟོན་མེད་པའི་ལས་ཀ་ཅི་རིགས་བྱས་ན་མཇུག་འབྲས་ཅི་ཡོང་ཚང་མར་གསལ་ཆ་ཡོད་ངེས་རེད།
སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་།དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
བན་དེ་སྐྱིད། དཔེ་ཀློག་བྱེད་པའི་གྲངས་ཀ་ཕལ་ཆེར་འདྲ་རྒྱུ་རེད།ཡིན་ཡང་དཔེ་ཀློག་གི་ཐབས་ལམ་དང་ཁ་ཕྱོགས་འདྲ་བོ་མི་འདུག བུ་མོ་ཚོ་དཔེ་ཁང་སོགས་ངེས་གཏན་གྱི་ཁོར་ཡུག་ཅིག་ཏུ་ལྷིང་འཇགས་ངང་དཔེ་ཀློག་བྱེད་པར་དགའ། བུ་ཚ་ཚོ་མང་པོ་ལྷན་དུ་འཛོམས་ནས་ཟ་མ་ཟ་ཞོར་དང་ཆང་འཐུང་ཞོར་བགྲོ་གླེང་རང་བཞིན་གྱིས་དཔེ་ཀློག་བྱེད་པར་དགའ་ཚོད་རེད། ཁ་ཕྱོགས་ཀྱི་ཐད་ནས་ཀྱང་བུ་མོ་ཚོ་བསླབ་གཞི་ལ་གཞོལ་ཆེ་ཞིང་དེ་ཕན་ཆད་ནས་སྒྲུང་གཏམ་ལ་ལྟ་བར་དགའ་ས་རེད། བུ་ཚ་ཚོ་དེ་འདྲ་མ་རེད། བསླབ་གཞི་དཔེ་དེབ་དང་ལས་བྱ་སོགས་ཁོ་ཚོས་མིག་ནང་དུ་ཐོགས་ཀྱིན་མི་འདུག གཙོ་བོ་དཔེ་ཆ་གཞན་དང་དྲྭ་རྩོམ་དང་ལྷག་ཏུ་ལོ་རྒྱུས་ལ་ལྟ་བར་དགའ་བོ་འདུག བུ་མོ་ཚོ་སྤྱི་ཚོགས་སུ་འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྐྱེན་གཙོ་བོ་ནི་སྤོབས་པ་དང་ཡིད་ཆེས་ཞན་པས་རེད། བུ་ཚ་ཚོ་བུ་མོ་བཞིན་དུ་ཞིབ་ཚགས་མིན་ལ་ནུས་པའང་ཆེན་པོ་མེད་མོད། ཡིད་ཆེས་དང་སྤོབས་པ་ཡོད་ལ་དོན་དག་གང་ཡིན་གྱི་མཇུག་འབྲས་ལ་འདང་དེ་འདྲ་མི་རྒྱག་པ་ཞིག་ཡིན་པར་འདོད།
སྨིན་དྲུག རེད་ཡ། བུ་ཚ་སྐོར་ཞིག་རང་འགུལ་གྱིས་བགྲོ་གླེང་དང་དཔེ་ཀློག་ཚོགས་པར་ཞུགས་པ་དང་འཛམ་གླིང་གི་འགྲོ་ཕྱོགས་ལའང་དོ་སྣང་ཡོད་བཟོ་འདུག་པ་དེ་བཟང་བས། བཟང་བའི་ཆ་ལ་སློབ་སྦྱོང་བྱས་ན་ཕན་ལས་གནོད་ག་ལ་ཐེབས།
སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ།འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།
བན་དེ་སྐྱིད། ཁྱད་པར་ཆེན་པོ་མེད་པ་འདྲ།དགའ་ཕྱོགས་དང་འཇོན་ཕྱོགས། གོམས་ཕྱོགས་བཅས་ཚང་མ་ལ་ཤུགས་རྐྱེན་ཐེབས་ཡོད་རྒྱུ་རེད།
སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ།བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།
བན་དེ་སྐྱིད། ང་ཚོའི་འཛིན་གྲྭར་བུ་མོ་མང་།ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ལས་བུ་ཚ་མང་སྲིད། བུ་མོ་མང་ཤས་བོད་ཡིག་ལས་རྒྱ་ཡིག་བཟང་། མིག་རྒྱང་དང་ལྟ་རྒྱ་ཡི་ཐད་ནས་ཀྱང་བུ་ཚ་དག་དང་བསྡུར་ན་ཞན་པོ་འདུག
སྨིན་དྲུག རང་གི་སྐད་ཡིག་ལ་དགའ་མཁན་བུ་དང་བུ་མོ་གཉིས་ཀྱི་གང་ཡིན་མིན་ཐད་ནས་ཞིབ་འཇུག་གིས་གྲངས་ཀ་བླངས་ཡོད་རྒྱུ་མ་རེད་དེ། གོང་གི་དྲི་བ་འདིའི་དྲིས་ལན་ཕལ་ཆེར་གཅིག་པ་ཡིན་ཚོད་ལ་བལྟས་ན་བདེན་ཤས་ཆེ། ཡིན་ཡང་འུ་ཅག་གི་སྤྱི་ཚོགས་སུ་སྐྱེས་མ་ཚོས་སྐྱོན་ཆ་ཆུང་ངུ་རེ་བཟོས་རུང་། ཆེ་ཤེལ་ནང་དུ་བཞག་ནས་ལྟ་རྒྱུར་གོམས་ཡོད་པ་དེའང་ཐུགས་ནས་ནམ་ཡང་འདོར་ག་ལ་ཉན། གལ་སྲིད་བུ་མོ་ཚོ་རང་གི་སྐད་ཡིག་ལ་མི་དགའ་བ་ངོ་མ་ཡིན་ན། དེའི་རྒྱུ་མཚན་ཅི་ཡིན་ཁྱེད་ཀྱིས་ཤེས་མི་འདོད་དམ།
སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་།ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།
བན་དེ་སྐྱིད། དམིགས་བསལ་གྱིས་འདི་དང་གན་ཞེས་མི་ཤེས་མོད།དཔེ་ཀློག་དང་སློབ་ཁྲིད་སོགས་ཀྱི་གོ་རིམ་ཁྲོད་ནས་རིམ་བཞིན་རང་ཉིད་ལ་རྟོགས་སད་འབྱུང་ངེས་པ་ཁོ་ཐག་རེད། སློབ་ཆེན་མ་འགྲིམས་སྔོན་དང་མཐར་ཕྱིན་ལ་ཉེ་བའི་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་རྦད་དེ་མི་གཅིག་པ་བྱུང་། དེས་མི་ཚེ་ལ་བཟང་འགྱུར་ཐེབས་ངེས་རེད།
སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད།སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།
བན་དེ་སྐྱིད། དམའ་འབྲིང་དང་མཐོ་འབྲིང་སྐབས་སུ་དེ་འདྲ་མང་པོ་འདུག དེ་དུས་ངར་ལངས་ཤིང་སེམས་ལའང་གནོད་ཀྱི་འདུག སློབ་ཆེན་དུ་སླེབས་སྐབས་འགའ་རེ་ཡོད་ཀྱང་སེམས་ལ་ཕོག་མི་སྲིད། ཁ་ལན་ཡང་སྤྲོད་ཀྱི་མེད། དེ་དག་ནི་མིག་རྒྱ་དང་མཐོང་རྒྱ་མེད་ཅིང་དུས་རབས་ཀྱི་རྗེས་སུ་ལུས་པའི་མཚོན་རྟགས་རེད་བསམ་ལ། སྐྱེས་མ་ལ་དམའ་འབེབས་དང་ཁྱད་གསོད་བྱེད་པའི་སྐྱེས་པ་དེ་ཚོའི་བསམ་བློ་དང་སྤུས་ཀ་ཚད་མཐོན་པོར་སླེབས་མེད་པ་རྟོགས། མི་གཞི་ལེགས་ཤིང་ཀུན་སྤྱོད་བཟང་བ་ཞིག་གིས་གཞན་ལ་བརྩི་བཀུར་ལས་ཁྱད་གསོད་ག་ལ་བྱེད་སྲིད།
སྨིན་དྲུག བདེན་པ་རང་ལ་ཡོད་རུང་དོན་དག་ལ་ལ་ཞིག་སྐབས་ཐོག་ལ་རྩོད་པ་རྒྱག་པ་ལས་བཏང་སྙོམས་སུ་བཞག་ན་བདེ། སྐྱེས་མའི་གནས་སྟངས་ངོ་མ་ག་འདྲ་ཡིན་མིན་ལ་རྩད་གཅོད་བྱེད་རྒྱུ་ཕར་ཞོག དེའི་རིགས་གླེང་ནའང་སུན་སྣང་སྐྱེས་ཏེ་དགག་པ་རྒྱག་མཁན་ཚོ་ལ་གོ་བརྡ་ཇི་ལྟར་སྤྲད་རུང་། རྡོ་ཐོག་ལ་ཆུ་ལྡུག་པ་ལྟར་མི་འགྱུར་གྲང་། དགེ་ཆོས་མཆོག་གིས་ཁོང་གི་དུས་རབས་ནས། རྩད་གཅོད་པ་ལས་དགག་པ་བྱེད་པ་ལ་དགའ་བ་འདི་འུ་ཅག་གི་གཤིས་ལུགས་ཡིན་པ་བསྟན་འདུག་ནའང་། ད་སྐབས་ད་རུང་སྲོལ་ངན་མ་འགྱུར་བར་སོ་ན་གནས་པ་ལ་ཨ་མི་མཚར་རམ།
སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།
བན་དེ་སྐྱིད། འཇིག་རྟེན་ནི་དངོས་གནས་རྙོག་འཛིང་རེད།ལྷག་པར་བུ་མོ་ཚོ་ལ་མཚོན་ན་དེ་འདྲ་རེད། ཁྱོད་ཀྱིས་ནམ་ཡང་སུ་ཞིག་གིས་ཁྱེད་ལ་དམིགས་ཡུལ་གང་འདྲ་ཞིག་བཅངས་ཡོད་པ་ཤེས་དཀའ། མཚམས་རེར་སྐྱེས་པ་ཞིག་ཡིན་ནས་བཟུང་དགེ་རྒན་དང་སློབ་གྲོགས་གང་ཡིན་ཡང་འབྲེལ་བ་དམ་པོ་འཛིན་མི་རུང་བར་བསམ། སྐྱེས་པ་ཞིག་ཁྱོད་ཀྱི་གམ་དུ་བཅར་དུས་དམིགས་ཡུལ་ཡོད་པ་འདྲ། དང་ཐོག་དམིགས་ཡུལ་མེད་ཀྱང་རིམ་བཞིན་དམིགས་ཡུལ་གང་ཞིག་གི་མྱུ་གུ་འབུས་སྲིད་པ་འདྲ་བས་བར་ཐག་འཇོག་དགོས་པར་འདོད། དེའི་སྐོར་ལ་འཕྲད་དུས་བུ་མོ་ཚོས་གདུང་སེམས་མཉམ་བསྐྱེད་ཐུབ་ངེས་རེད། རྒྱུ་མཚན་ཚང་མ་དེ་འདྲའི་དོན་དག་ལ་ཕྲད་མྱོང་བས་ནའོ། །
སྨིན་དྲུག བྱེ་བྲག་པ་ལ་བརྙས་བཅོས་དང་བཙན་གཡེམ་དང་ཁྲལ་མེད་བྱས་ནས་སྡུག་ལ་སྦྱོར་དུས་ཐུན་མོང་མཉམ་རུབ་བྱས་ནས་བཟོ་ལྟ་སྤྲད་ན། ཕྱིན་ཆད་ཁོར་ཡུག་དེ་གའི་བུ་མོ་གང་རུང་ལ་བརྙས་བཅོས་འདོད་འདོད་མི་ཐུབ་པ་ལ་ཕན་ཐོགས་ཤིང་། རང་ལས་གཞོན་པའི་བུ་མོ་དག་ལ་སེམས་ཤུགས་སྟེར་བ་དང་མིག་དཔེ་བཟང་པོ་འཇོག་པར་ཡང་ཕན་ཆ་ཆེའོ། །
སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ།ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ། ཕ་མས་སྤྲད་པའི་སྒོར་མོ་སྤྱོད་མ་ཤེས་པར་མ་འདང་བ་སོགས་ཀྱི་དཀའ་ངལ་རེད།
བན་དེ་སྐྱིད། དཀའ་ཁག་མང་པོ་ལ་ཕྲད་མྱོང་།ཆེས་ཆེ་བ་ནི་སློབ་སྦྱོང་གི་ཐད་རེད། སློབ་སྦྱོང་གི་གནོན་ཤུགས་དང་སེམས་ཚེགས་ནི་གང་ལས་ཀྱང་ལྕི་བ་ཞིག་རེད། རང་ཉིད་ཀྱི་རྒྱ་ཡིག་གི་ཆུ་ཚད་མི་བཟང་བས་སློབ་ཆེན་དུ་སླེབས་སྐབས་བསླབ་གཞི་མང་ཤས་རྒྱ་ཡིག་དང་སློབ་གྲོགས་བར་རྒྱ་སྐད་བཤད་དགོས་པ་དེ་དངོས་གནས་ཁུར་བོ་ལྕི་མོ་ཞིག་ཡིན་སོང་། དེའི་འཕྲོར་སྒོར་མོ་ལས་བསྐྱེད་པའི་སེམས་ཚེགས་རེད། རང་གིས་ཟས་ཐུན་གཅིག་ཟོས་ཀྱང་ཕ་མའི་རྔུལ་ཁྲག་ཡིན་པའི་ཚོར་བ་སྟུག་པོ་ཞིག་ཡོང་གི་འདུག
སྨིན་དྲུག རང་གི་ངག་ལ་འབྱར་བའི་སྐད་ཆ་བསྐྱུར་ནས་གཞན་སྐད་བཤད་དགོས་ན་ཁག་ཅི་ཡོད། ལོབས་ཀྱི་མ་རེད། རང་རེའི་སྐད་ཡིག་གི་ལས་དབང་ཉག་ཕྲ་ཞིང་ཉམ་ང་བའི་དུས་འདིར་ཤ་ཞེན་རུས་དུང་ཡོད་མཁན་ཚོས་ནི་ལྷག་ཏུ་བདེན་པའི་ཨུ་ཚུགས་མ་བསྟེན་ན། དུས་ཚོད་ཀྱི་སྔ་གཞུག་ཙམ་མ་གཏོགས་ཉམས་རྒྱུ་ཁོ་ཐག་རེད་འདོད། ལོ་རྒྱུས་ལ་སྟེས་དབང་དང་ལྐོག་གྱུར་གྱི་ཆ་ཡང་ཡོད་པ་ཡིན་པས་ད་ནས་ཁ་ཚོན་གཅོད་དཀའ་མོད། རང་རེའི་ད་ལྟའི་གནས་ཚུལ་ལ་བལྟས་ཡོང་ན། སྐད་ཡིག་ཉམས་ཚར་ཏེ་ཡ་ཧུ་དྰ་མི་རིགས་ལྟར་དུ་ཕྱིར་སླར་གསོ་བྱེད་རྒྱུ་ཟེར་ན་དཔེ་ཨེ་སྲིད་འདོད། རང་ཅག་ནི་སྙིང་ལ་རུས་པ་ཡོད་པ་བསམ་བློའི་གོ་རྟོགས་མཐོ་བ། ཚོར་ཤེས་སྐྱེན་པ། ངན་བྱས་ངན་དུ་མཐོང་བའི་མི་རིགས་ཤིག་མིན་པ་རང་གཞན་ཀུན་གྱིས་ཤེས་གསལ་ལྟར་ཡིན་ན། སྐད་ཡིག་ཉམས་ཡགས་མིན་པའི་སྐབས་འདིར་ཚང་མས་རང་ནུས་ཅི་ལྕོགས་ཀྱིས་དེ་ལ་གཅེས་སྤྲས་སྒོས་བེད་སྤྱོད་ལེགས་པོ་དང་རང་གི་བྱིས་པ་བོད་ཀྱི་རིག་གནས་རྒྱུན་འཛིན་པ་ཞིག་ཏུ་སྐྱེད་སྲིང་ཐུབ་པ་ཡིན་ན། ང་ཚོ་སྐད་ཡིག་མེད་པའི་འཁྱམ་པོ་དང་རིགས་ཀྱི་རྩིས་ཐང་བརླགས་པའི་སྤྲང་གོག་ཅིག་ཏུ་ག་ལ་འགྱུར་དགོས། སྐུ་དྲིན་ཆེ་བའི་མེས་པོ་གོང་མ་དག་གིས་གཅེས་པའི་སྲོག་དང་དཀོན་མོའི་རྒྱུ་ལ་བརྗེས་ཡོང་བའི་ཀ་མད་སུམ་ཅུའི་ཤུལ་བཞག་རིག་གནས་འདི་བལྟས་བལྟས་རིག་རིག་ལ་ང་ཚོ་མི་རབས་འདིའི་ལག་ནས་མེད་པར་བཏང་ན་སེམས་ཀྱིས་བཟོད་དམ། རང་རེའི་སྐད་ཡིག་དང་རིག་གནས་དང་ཆོས་ལུགས་དང་གོམས་སྲོལ་བཟང་པོ་སོགས་ཉམས་རྒུད་ཀྱི་ཉེན་ཁའི་གཉན་འཕྲང་ཞིག་ལ་སླེབ་ཀྱི་ཡོད་པ་ཚོར་གྱི་འདུག་གམ། ཚོར་ན་ཁྱེད་ལ་སེམས་ཚོར་ག་འདྲ་འདུག་ལགས། གལ་སྲིད་བསམ་ཚུལ་དམིགས་བསལ་བ་རེ་ཡོད་ཚེ། ལེ་ཚན་འདིའི་སྐད་འཕྲིན་གྱི་གཤམ་དུ་ཞོག་དང་། ང་ཀློག་རྒྱུར་དགའ་བོ་ཡོད།
སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་།དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲིས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།
བན་དེ་སྐྱིད། ཕལ་ཆེར་ཁོར་ཡུག་དང་སློབ་གསོ་བཅས་ཀྱིས་གཟུགས་མེད་ངང་ཤུགས་རྐྱེན་ཐེབས་པ་འདྲ་སྟེ།རྒྱུན་དུ་བུ་ཚ་དག་དང་ལྷན་དུ་གྲོགས་པོ་བསྒྲིགས་ནས་འགྲོ་བཞིན་པའི་བུ་མོ་ཚོ་ལྟོས་བཅས་སུ་དེ་འདྲ་མིན་པ་འདྲ། བུ་ཚའི་ནང་ན་ཡང་ཕྲག་དོག་ཡོད་མཁན་མང་པོ་འདུག
སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས།ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།
བན་དེ་སྐྱིད། སློབ་ཆེན་གྱི་འཚོ་བ་དེ་ནི་རང་གིས་ཆུང་དུས་སུ་བློས་བསླངས་བྱས་པ་དང་རྦད་དེ་མི་འདྲ་བ་ཞིག་རེད། ཡིན་ཡང་གོ་སྐབས་ཤིག་བྱུང་ཚེ་ངས་བརྗོད་འདོད་པ་ནི་མལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མའི་རིན་གོང་རེད། མལ་ཁང་དང་ཁྲུས་ཁང་བར་ཐག་རིང་དྲགས་པས་རྒྱུན་པར་ཁྲུས་བྱེད་པ་དང་ལྭ་བཀྲུ་བར་དུས་ཚོད་ངེས་ཅན་ཞིག་དགོས།གཞན་མལ་ཁང་གི་ཆ་རྐྱེན་ཐབས་ཆག་ཡིན་ཁར་སྒྲིག་ལམ་ཡང་མང་པོ་ཞིག་འདུག སྒྲིག་ལམ་ལ་ལ་ལྷག་མར་གྱུར་བའམ་བཙན་དྲགས་པའི་ཚོར་བ་བྱུང་། ཟ་ཁང་གི་ཐད་ནས་ཁོར་ཡུག་དང་ཟ་མ་གང་ཡིན་ཡང་ཤིན་ཏུ་བཟང་མོད། ཟ་མའི་རིན་གོང་སློབ་ཕྱིའི་ཟ་མའི་རིན་གོང་དང་གཅིག་འདྲ་ཡིན་པས་མཐོ་དྲགས་པའི་ཚོར་བ་སྟེར།
སྨིན་དྲུག ཁྱེད་ལ་ཁག་ཅི་ཡོད། དངོས་གོང་ཤིན་ཏུ་མཐོ་བའི་དུས་འདིར་སློབ་ཆེན་སློབ་མ་ཞིག་ལ་སློབ་ཡོན་དང་ཟས་རིན། ལམ་གླ། ཁ་པར་བཏང་གླ། འཚོ་བའི་མཁོ་ཆས་སོགས་མཐུན་རྐྱེན་སྣ་ཚོགས་སྦྱོར་དགོས་ན། འགྲོ་སྒོ་ཆེ་ཤག་ཤག་རེད། ངའི་བུ་མོར་སློབ་ཡོན་སྤྲོད་མི་དགོས་ལ། ཟས་རིན་ཡང་འབྲིང་ཙམ་ལས་སྤྲོད་ཀྱི་མེད་རུང་། སློབ་ཡོན་ཕུད་དེ་འགྲོ་སྒོ་གཞན་ཚང་མ་བསྡོམས་ནས་སྔོན་རྩིས་རགས་རིམ་ཞིག་བརྒྱབ་པ་ལ། པེ་ཅིན་དུ་སློབ་ཆེན་ལོ་བཞིར་འགྲིམས་པ་ལ་ཧ་ལམ་སྒོར་ཁྲི་བཅུ་མ་ཟིན་ཙམ་ཞིག་དགོས་ཀྱི་འདུག དེའི་ནང་ད་དུང་དམིགས་བསལ་གྱི་འགྲོ་སྒོ་དང་བསླབ་ཕྱིའི་དེབ་དང་འཚོ་བའི་མཁོ་ཆས་མི་ཐེ།
སྨིན་དྲུག མི་ལོ་བཞིའི་རིང་ལ།དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།
བན་དེ་སྐྱིད། དོན་བཟང་ལ་ཤས་ལ་ཐུག་མྱོང་ཡང་།དེ་འདྲའི་ཞེན་ཆགས་ཆེ་ས་ཞིག་མི་འདུག
སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས།ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།
བན་དེ་སྐྱིད། དེའི་སྐོར་ནས་གསལ་བོ་ཤེས་ཀྱི་མེད།ངས་བསམས་ན་དགའ་རོགས་སྒྲིག་པ་ནི་གཟབ་ནན་གྱི་བྱ་བ་ཞིག་ཡིན་པས། གང་འདོད་ལ་ཡར་མར་གཉིས་ཀར་ཚོད་ལྟ་བྱ་རུང་བ་ཞིག་ག་ལ་ཡིན། དེ་དང་འགྲོགས་པའི་སེམས་ཐག་བཅད་ཟིན་པ་ཡིན་ན་མཇུག་འབྲས་ཡོད་ཚད་ལ་འགན་ཁུར་ཐུབ་དགོས།
སྨིན་དྲུག བསམ་ཚུལ་དེར་ཡང་འཐད་པ་ཡོད། རིག་རིག་གཉིས་ཀ་དགའ་རོགས་སྒྲིག་ཅིང་ཉལ་རོགས་བྱས་ན་སེམས་ཁམས་དང་ལུས་ཁམས། སློབ་སྦྱོང་དང་འཚོ་བ་ཚང་མར་ཤུགས་རྐྱེན་ཐེབས་རྒྱུ་ཁོ་ཐག་རེད།
སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ།ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།
བན་དེ་སྐྱིད། མིག་མདུན་གྱི་ཡོད་ཚད་ནི་ཆེས་བཟང་བའི་བཀོད་སྒྲིག་ཡིན་པས་ངས་བལྟས་ན་ལམ་གཅིག་གི་སྟེང་ལ་ཨུ་ཚུགས་བྱེད་དགོས་དོན་མི་འདུགརང་ཉིད་ཀྱི་ཁྱད་ཆོས་དང་དགའ་ཕྱོགས། རང་གི་འབུར་ཐོན་གྱི་ཆ་དེ་བཟུང་ནས་ལམ་ཁ་གསར་བ་ཞིག་ལ་བསྐྱོད་ན་ལེགས་བསམ།
སྨིན་དྲུག སྨན་ཆུང་རང་གི་སེམས་ཁམས་བཟང་ཞིང་འཚོ་བར་བཟུང་བའི་ལྟ་ཚུལ་ཡང་གུ་ཡངས་པོ་འདུག དེ་ཡང་ཧ་ཅང་གལ་ཆེན་པོ་རེད། འབྱུང་འགྱུར་རང་གི་དྲན་ཚུལ་དང་ཐ་མ་དད་པའི་འཚོ་བ་ཞིག་རོལ་ཐུབ་པའི་སྨོན་ལམ་བཟང་པོ་ཡོད་དང་ཡོད།
སྨིན་དྲུག རང་གི་དབང་ལ་ཡོང་བ་ཡིན་ན།ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།
བན་དེ་སྐྱིད། གལ་ཏེ་རང་གི་དབང་ལ་ཡོང་བ་ཡིན་ན། རང་དབང་གི་འཚོ་བ་ཞིག་བསྐྱལ་འདོད། བཟའ་ཟླ་དང་ཁྱིམ་ཚང་གི་བཀག་རྒྱ་མེད་ཅིང་། ཁྱིམ་ཚང་གི་ཁ་གསོ་ཐབས་ཁོ་ན་ལ་འབད་མི་དགོས་པར་འཚོ་བར་གོ་རིམ་ཡོད་ཅིང་འཆར་གཞི་ཡོད་པ། འཐུས་སྒོ་ཚང་བ་ཞིག་རོལ་འདོད།
སྨིན་དྲུག འདིའི་ཕྱོགས་ནས་ངེད་གཉིས་འདྲ་ས་རིགས་ས་འདུག ང་ཡང་རང་དབང་ཆེ་ལ་གཞན་གྱི་སུན་པོ་དང་ཚད་བཀག་མེད་པའི་འཚོ་བ་རོལ་པར་ཤིན་ཏུ་དགའ་མོད…..
སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ།ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།
བན་དེ་སྐྱིད། སྔོན་ཆད་ང་ཕུགས་འདུན་རྒྱ་ཆེན་པོ་ཡོད།མི་རིགས་དང་སྐད་ཡིག་ནི་ངའི་འཚོ་བའི་ཉིང་བཅུད་དུ་སྒོམ་ཡོད། ཡིན་ཡང་སློབ་ཆེན་འགྲིམས་ནས་དངོས་ཡོད་དང་གདོང་གཏོད་དུས་ངའི་བསམ་བློར་འགྱུར་བ་བྱུང་སོང་། རང་གི་འཚོ་ཚིས་ཁ་རྒྱབ་དང་ཁྱིམ་ཚང་གི་འཚོ་བའི་ཆུ་ཚད་གོང་མཐོར་མ་བཏང་བར་མི་རིགས་བཤད་པ་ནི་རྒྱས་སྤྲས་ཤིག་རེད་འདོད། ཐོག་མར་རང་ཉིད་ཡར་བསྐྱེད་དང་གོང་འཕེལ་དུ་བཏང་རྗེས་མི་རིགས་བསམ་ན་འོས་པ་ཞིག་རེད། ང་ཚོའི་མི་རིགས་ལ་ཅི་ཡང་མཁོ། རིག་གནས་པ་མཁོ་བར་མ་ཟད། ལས་བྱེད་པ་མཁོ་ལ་ཁེ་ལས་པ་ཡང་མཁོ། ཕྱོགས་གང་ནས་ཡིན་ཡང་རང་ཉིད་འཕེལ་རྒྱས་ཕྱིན་སོང་ན་མི་རིགས་ལ་ཞབས་འདེགས་སྒྲུབ་ཐུབ་པ་རེད།
སྨིན་དྲུག ངོ་མ་རེད། མི་རིགས་ཤིག་ལ་མཚོན་ན། ལས་རིགས་དང་ཆེད་ལས་སྣ་ཚོགས་སྦྱོང་མཁན་ཡོད་ན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་རང་མི་ཡོད་པས་སྐད་ཀྱི་སྟེང་ནས་ཡིན་ན་འདྲ་གོམས་གཤིས་ཐད་ནས་ཡིན་ཡང་རུང་སྟབས་བདེ་པོ་ཡོང་བ་ཁོ་ཐག་རེད། ཡིན་ཡང་བུ་མོ་སྐོར་ཞིག་གིས་མིག་སྔའི་གནས་བབ་ལ་གཞིགས་ཏེ་དངོས་ཡོད་ལ་ཕྱོགས་ཆེ་བའི་བཟོ་འདྲ་མཐོང་། དེའང་སྐྱོན་ཆ་ཞིག་ཏུ་དྲངས་ན་མི་འགྲིག་ན་ཐང་མོད། ང་ཚོའི་ཁྲོད་དུའང་མདུན་གྱི་རྡོག་སྣེ་ཁོ་ན་ལས། ནམ་མཁའི་སྐར་ཚོགས་ལ་ལྟ་མཁན་མེད་ན་ག་ལ་འགྲིག་སྟེ་མི་འགྲིག་གོ། དེ་ལྟར་སོང་ན་མུ་མཐུད་དུ་རྗེས་སུ་ལུས་པ་ཆོས་ཉིད་ཡིན།
སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།
བན་དེ་སྐྱིད། རང་ཉིད་ཀྱི་བསམ་པར་བཟའ་ཟླ་བཙལ་ན་ཆེས་མེད་དུ་མི་རུང་བ་ནི་བྱམས་དང་སྙིང་རྗེ་ལྡན་ཞིང་མི་གཞི་བཟང་བ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་རྒྱུ་བཅས་རེད། ང་རང་དཀའ་ཁག་ལ་གདོང་གཏོད་པར་མི་སྐྲག་མོད། དཀའ་ཁག་གང་འཕྲད་ལ་རང་ཁོ་ནས་གདོང་གཏོད་དགོས་པའམ་བཟང་ལ་བཟང་ལན་མེད་པ་དེ་ནི་ཆེས་འཇིགས་སུ་རུང་བ་དེའོ། །
སྨིན་དྲུག གཉེན་སྒྲིག་བྱས་རྗེས།བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།
བན་དེ་སྐྱིད། དེ་འདྲའི་ཁྱིམ་ཚང་དུ་བྱིས་པར་ཡང་སློབ་གསོ་བཟང་བོ་ཐོབ་མི་སྲིད་པས་ཁྱིམ་ཚང་དེ་འདྲའི་ནང་དུ་རང་གི་མི་ཚེ་ཟད་དུ་འཇུག་པ་ནི་རང་དང་རང་གི་བྱིས་པར་འགན་མ་ཁུར་བ་དང་། ལྷག་པར་དུ་རང་གི་ཕ་མར་འོས་མེད་བྱས་པ་རང་རེད།
སྨིན་དྲུག སློབ་ཆེན་བུ་མོ་ཚོ་སྲོལ་རྒྱུན་གྱི་བུད་མེད་དང་མི་འདྲ་བའི་བཟོ་ཞིག་མཐོང་བས་དགའ་ཡོད། བཟའ་ཟླ་ནི་ཕན་ཚུན་ལ་བསམ་ཤེས་ཐུབ་པ། གུ་ཡངས་ཡོད་པ། ཕན་ཚུན་གྱི་སླད་དུ་རིན་དོད་འབུལ་ཐུབ་མཁན་ཞིག་ཡིན་ན་ཧ་ཅང་ལེགས་མོད་ཀྱང་། དེ་ལྟ་མ་ཡིན་པར་ནམ་ཡང་སྐྱེས་མའི་དཀའ་སྡུག་གི་རྔུལ་ཆུའི་ཁྲོད་ནས་སྐྱིད་ལ་རོལ་མཁན་ཞིག་དང་། རང་ཉིད་སྡུག་ལ་སྦྱོར་མཁན་མནར་གཅོད་གཏོང་མཁན་ཞིག་ཡིན་ཚེ། དེ་ནི་རང་དང་ཤ་མི་ཉེ་ལ་རུས་ཀྱང་མི་དོ་བའི་ཐང་གི་མི་ཞིག་ཡིན་པས་ན། མནར་གཅོད་དང་གཡོག་ལས་ཁྲོད་དུ་མི་ཚེ་སྐྱེལ་དགོས་པའི་རྒྱུ་མཚན་མི་མཐོང་། མི་ནི་མཐར་གཏུགས་ན། རང་ཉིད་གཅིག་པུ་ལས་བསམ་བློ་དང་འཚོ་ཚིས་གང་གི་ཐད་ནས་ཀྱང་གཞན་ལ་བརྟེན་ས་མི་འགྲོ་བ་ཞིག་ཡིན་པ་བུ་མོ་ཚོས་ལྷག་ཏུ་གསལ་གསལ་རྗེན་རྗེན་དུ་ཤེས་ན་ཕྱིན་ཆད་ཀྱི་འཚོ་བ་གཞན་བརྟེན་དང་འཁྲུལ་སྣང་ཁྲོད་དུ་མི་སྐྱེལ་པ་ལའང་སྨན།
སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན།རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།
བན་དེ་སྐྱིད། རྙོག་དྲ་དེ་ལྟ་བུ་བྱུང་ཚེ་གཙོ་བོ་རང་གི་ཁྱོ་ག་ལས་སེལ་གི་ཡིན།ཟུར་མོ་དང་འཐབ་ནས་ཚར་རྒྱུ་ཡོད་པ་མ་རེད། ཟུར་མོ་གན་དང་འཐབ་ན་འདི་ཡོད་སྲིད་པས། དེ་ནི་གཙོ་བོ་རང་གི་ཁྱོ་ག་ལ་རག་ལས་ཡོད་པ་རེད།
སྨིན་དྲུག ངེད་གཉིས་མ་གྲོས་བསམ་ཚུལ་གཅིག་ལ་བབ་སོང་། རང་གི་ཁྱོ་གའི་སྐྱོན་གྱི་རྩ་བ་གཅོད་མ་ཐུབ་ན། འཇིག་རྟེན་ནི་ཕོ་ཕྱེད་མོ་ཕྱེད་ཀྱིས་གྲུབ་པ་ཡིན་པས་ཟུར་མོ་བཙལ་བ་ལ་མཇུག་རྫོགས་མཐའ་ག་ལ་ཡོད། སྤྱིར་སྐྱེས་པས་ཟུར་མོ་བསྟེན་པ་ཅུང་མང་བ་འདིའང་རིག་གནས་དང་ཡུལ་སྲོལ། དབང་ཤུགས། མི་རྣམས་ཀྱི་ངོས་ལེན་བཅས་ལས་བྱུང་བ་ཞིག་ཡིན་ཚོད་རེད་འདུག དེའི་ལོ་རྒྱུས་ཀྱི་མགོ་ཁུངས་ཡར་ལ་དེད་ན་རྒྱུ་རྐྱེན་མང་ཙམ་ཡོད་སྲིད་མོད་ད་རེས་ངལ་བར་མི་བསྟེན་ནོ། །
མཇུག་སྡུད་པའི་སྐད་ཆ་ནི། རིག་པའི་དཔའ་བོ། སྐྱེས་མའི་དཔུང་རོགས། བདེན་པའི་རྒྱབ་རྩ། རྒྱལ་ཁམས་པ་དགེ་ཆོས་མཆོག་གི་ཚིག་དུམ་ཞིག་དྲངས་ན། བུད་མེད་རྣམས་ནི་མི་བརྟན་གཡེམ་མ་ཞེས།བཤད་པ་འདི་ཡང་ཤིན་ཏུ་མི་བདེན་ཏེ། བྱི་བོའི་ལས་ལ་ཕོ་མོ་ཁྱད་མེད་ཅིང་། །ཞིབ་ཏུ་བསམ་ན་ད་དུང་སྐྱེས་པ་ཐུ། །རྒྱལ་པོ་ཞིག་གིས་བཙུན་མོ་སྟོང་བླངས་པ། །ད་དུང་ཡོན་ཏན་ཚུལ་དུ་སྒྲོག་པར་བྱེད། །བུད་མེད་གཅིག་ལ་མག་པ་བརྒྱ་ཡོད་ན། །དཔེ་མི་སྲིད་པ་བཞིན་དུ་ཇི་ཙམ་སྨོད། །བུད་མེད་སྟོང་ལ་རེས་ཀྱིས་སྤྱད་ན་ནི། །བྱི་བོ་བྱེད་པའི་དོན་ཀྱང་ག་ལ་ཡོད། །ཆུང་མ་སྤྱད་པ་ལོག་གཡེམ་མ་ཡིན་ཕྱིར། །ཕྱུག་པོ་རྣམས་ལ་ལོག་གཡེམ་ག་ལ་འོང་། །ནོར་ལྡན་རྒད་པོ་ཁ་བའི་སྐྲ་ལོ་ཅན། །ན་ཆུང་བུ་མོ་བདམས་ནས་ཉོ་བར་བྱེད། །བཙོང་བའི་ཡོ་བྱད་ཙམ་གྱི་རྩིས་ཐང་ཅན། །ཀྱེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད། །ཕོ་ཡིས་བདམས་ཏེ་ནན་གྱིས་བཀུག་པ་ལས། མོ་ཡིས་འདོད་དེ་ཚུར་ལ་མ་འོངས་པས། །ཤིང་ལ་རྡོ་ཡིས་ལྷན་པ་བཏབ་པའི་ཚེ། །བུད་མེད་རང་བཞིན་བརྟན་པ་ག་ལ་འོང་། །ཏ་ཟིག་ཡུལ་དུ་རྒན་པོ་རེ་རེས་ཀྱང་། །ཆུང་མ་གཞོན་ནུ་ལྔ་ཙམ་ལེན་པ་སྟེ། །ཆུང་མ་གཅིག་གིས་ལོག་གཡེམ་སྤྱད་བྱས་ཀྱང་། །དེ་མ་ཐག་ཏུ་གསོན་སྲེག་བྱས་ཏེ་གསོད། །གཅིག་ལ་བུ་མོ་ལྔ་ཡིས་ཚིམ་ནུས་མོད། །ལྔ་ལ་རྒད་པོ་གཅིག་གིས་ཇི་ལྟར་ཚིམ། །དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན། །ནོར་ལྡན་རྣམས་ཀྱི་རང་འདོད་ཁྲིམས་སྲོལ་མང་། །དེ་ལ་ཡ་རབས་ཆོས་སུ་མིང་བཏགས་ཤིང་། །ཡུལ་གྱི་རྒྱལ་པོའི་ཐུགས་དང་འཕྲོད་གྱུར་པས། །མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ། །བསམ་ཞིང་བསམ་ན་ཡི་ཆད་སངས་དུས་མེད།།ཅེས་པའོ། །
མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། རང་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། དྲུག་པ། ཆུ་ཆེན་བདེ་གསལ་ལྷ་མོ།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བདུན་པ། ནག་ཆུ་སྐྱིད་སྒྲོལ་མ།
འཕྲིན་སྟེགས་འདི་ནི་གཙོ་བོ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3776
དཔྱད་མཆན་སྤེལ།