མི་སྣ་ངོ་སྤྲོད།
ཝམ་མིང་ཧོའུ་(汪明辉)ནི་སྤྱི་ལོ་༡༩༩༤ལོར་སྤྱི་ཟླ་༦པར་ཝུམ་ལྕམ་རྫོང་ཅོའི་ལངས་གྲོང་ཚོ་རུ་སྐྱེས། ཁོང་ནི་རོལ་མོ་པ་དང་གླུ་དབྱངས་གསར་བརྩམས་པ་ཞིག་ཡིན། ཁོང་སྤྱི་ལོ་༢༠༡༧ལོར་སློབ་མཐར་ཕྱིན་པས་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་ནས་རྒྱུད་དྲུག་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་གསར་འཛུགས་བྱས། ཁོང་ནི་ཆེད་ལས་སྦྱངས་འབྲས་ལེགས་པ་དང་གཤིས་རྒྱུད་ཧ་ཅང་བཟང་བར་མ་ཟད། སློབ་མ་ལ་གཅེས་སྐྱོང་དང་སེམས་ཁུར་གྱི་འདུ་ཤེས་ཟབ། ཁོང་ནི་སློབ་ཁྲིད་ཀྱི་ཐབས་ལམ་དང་སློབ་མའི་སེམས་ཁམས་རྒྱུས་ལོན་གྱི་བསམ་ཤེས་ལྡན་པས། རྒྱུན་དུ་སློབ་མ་དང་ཁྱིམ་བདག་རྣམས་ཁོང་ལ་ཧ་ཅང་དགའ་མོས་ཆེ། སྤྱི་ལོ༢༠༡༩ལོར། གློ་ཡོན་(洛阳)དུ་རོལ་མོ་དང་རྒྱུད་དྲུག་ལག་རྩལ་ཆེད་སྦྱོང་བྱེད་ཞོར་གསར་བརྩམས་མང་པོ་གནང་ཡོད། 《ཧུའེ་རིགས་བུ་མོ།》《 དགོང་ཁའི་གློ་ཡོན།》《 ཧྲང་ཧེ།》 སོགས་མང་། བརྩམས་ཆོས་དེ་དག་ལ་ན་གཞོན་རྣམས་ཀྱི་ཁྲོད་དུ་དགའ་མོས་དང་བསྔགས་བརྗོད་བྱེད་མཁན་ཧ་ཅང་མང་། སྤྱི་ལོ་༢༠༢༠ལོའི་ཟླ་༡༠པའི་ནང་སྨན་ཁང་གིས་རང་ཉིད་ཀྱི་མ་ཡུམ་ལ་སྣ་དང་གྲེ་བའི་ངན་སྐྲན་ཡོད་པར་ངོས་འཛིན་གསལ་ཐག་ཆོད་པས། མ་ཡུམ་གྱི་ཆེད་དུ་རང་ཉིད་ཀྱི་བྱ་ལས་དག་མཚམས་འཇོག་བྱས་ཤིང་། སྤྱི་ལོ༢༠༢༢ལོའི་དབྱར་དུས་སུ་མ་ཡུམ་སྨན་ཁང་ལས་ཕྱི་འབུད་བྱས། མ་ཡུམ་ནད་བཅོས་ཀྱི་ཆེད་དུ་རླངས་འཁོར་དང་། ཟ་མ་གཡོ་སྦྱོར་གྱི་ཐབ་ཆས། ཉལ་གོས་ཉལ་གདན། རྒྱུད་དྲུག་སོགས་ཡོ་བྱད་སྟབས་བདེ་བཅས་གྲ་སྒྲིག་ཚགས་ཚུད་བྱས་ནས། མ་ཡུམ་དང་ལྷན་དུ་རྒྱལ་ཡོངས་སུ་གླུ་དབྱངས་ཀྱི་ལྗོངས་རྒྱུ་བྱ་མགོ་བརྩམས།
རང་བྱུང་ཁམས་ཀྱི་སྲོག་ལྡན་ཕལ་མོ་ཆེ་ནི་འཚར་ལོངས་ཀྱི་གོ་རིམ་ཁྲོད་ནས་རིམ་བཞིན་ཕ་མ་དང་བར་ཐག་ཇེ་རིང་དུ་གྱུར་འགྲོ་བ་དང་། ཕ་མས་བྱིས་པར་སེམས་འཁྲེངས་བ་མང་ཡང་། བྱིས་པས་ཕ་མ་དྲན་རྒྱུ་ཇེ་ཉུང་དུ་གྱུར་འགྲོ། ཆུང་མ་དང་རང་ཉིད་ཀྱི་ཆེད་དུ་མང་པོ་ཞིག་བློས་གཏོང་ནུས་ཀྱང་། རྒན་འཁོགས་སུ་གྱུར་པའི་ཕ་མའི་ཆེད་དུ་བློས་གཏོང་བཤད་མཁན་མང་ཡང་། དོན་དངོས་སྒྲུབ་མཁན་ནི་ཧ་ཅང་ཉུང་། མ་མཐར་ཡང་འཚོ་གནས་ཀྱི་མནར་གཅོད་མང་བའི་དེང་དུས་སུ་འདི་འདྲ་ཞིག་ཡིན།
ཝམ་མིང་ཧོའུ་ཡིས་རང་ཉིད་ཀྱི་དགའ་ཕྱོགས་རོལ་མོ་དང་གླུ་དབྱངས་ཕྱོགས་སུ་ཧུར་ཐག་གིས་འབད་འབུངས་བྱེད་སྐབས་སུ་གློ་བུར་མ་ཡུམ་ནད་གཞི་ཡིས་མནར་བར་མ་ཟད། ནད་གཞི་ཡང་ངན་སྐྲན་ཡིན་པས་ཝམ་མིང་ཧོའུ་ཡི་སྒྱུ་རྩལ་གྱི་ལམ་བུ་ནི་ཧ་ཅང་བགྲོད་པར་དཀའ་བའི་ཀྱག་ཀྱོག་གི་ལམ་བུ་ཞིག་ཏུ་གྱུར་སོང་། ང་ཚོའི་མི་ཚེ་ནང་སྐབས་རེ་བསམ་ཡུལ་འདས་པའི་དོན་རྐྱེན་རེས་གློ་བུར་འཇབ་རྒོལ་བྱེད་པར་འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་ཡོད། གནས་ཚུལ་འདི་འདྲའི་སྐབས་སུ་མ་གཏོགས་འགྲོ་བ་མིའི་མི་གཞི་ཀུན་སྤྱོད་ཡག་བཙོག་ཟེར་བ་དེ་མངོན་མི་ནུས་པས། ང་ཚོ་མི་ཕལ་མོ་ཆེར། དུས་རྒྱུན་ཁེ་ཕན་དང་ཚུལ་འཆོས་སོགས་ཀྱི་ཁྲོད་དུ་འཁོར་སྐྱོད་བྱེད་ཀྱི་ཡོད་པས་ཅི་མཛེས་གང་ཡག་ཤ་སྟག་ཡིན། འོན་ཀྱང་། ཝམ་མིང་ཧོའུ་ཡིས་མ་ཡུམ་གྱི་ནད་གཞི་ངན་སྐྲན་ཡིན་པར་གཏན་ཁེལ་རྗེས་རང་ཉིད་ཀྱི་དགའ་ཕྱོགས་སུ་འབད་ཀྱི་ཡོད་པའི་ལས་སྒྲུབ་ཁང་བཅས་དོར་ནས་བྱམས་བརྩེ་ལྡན་པའི་མ་ཡུམ་གྱི་རྒྱབ་རི་སྨུག་པོ་ལྟར་གྱུར་འདུག་ལ། མ་ཡུམ་སྨན་ཁང་དུ་བསྡད་པའི་སྐབས་སུ་ཡང་ལྷད་མེད་སྲི་ཞུ་དང་བསྙེན་བཀུར་རེ་རེ་ཡིས་ངན་སྐྲན་གྱིས་མནར་བའི་མ་ཡུམ་མཆོག་གི་ཡ་ཆུང་དྲོད་ཀྱིས་ཁེངས་པར་བྱས་འདུག དཔེར་ན། སྐབས་རེར་མ་ཡུམ་སྨན་བཅོས་དང་ཐོ་འགོད་སོགས་བྲེལ་འཚུབ་ཀྱི་ཁྲོད་ནས་མཚན་དཀྱིལ་མ་གཏོགས་ཉལ་ཐུབ་ཀྱི་མེད་ལ། ལས་བྲེལ་དེ་དག་གི་ཁྲོད་ནས་ཐ་ན་རང་ཉིད་ཀྱི་སྐྱེས་སྐར་གྱི་ཉིན་མོ་ཡང་གཏིང་བརྗེད་དུ་གྱུར་འགྲོ་ཡི་ཡོད་འདུག །མ་ཡུམ་དང་ལྷན་དུ་ཉིན་རེ་བཞིན་ངན་སྐྲན་ལེགས་བཅོས་ཀྱི་ཉིན་ཐོ་འབྲི་རོགས་བྱས་པ་དང་། མ་ཡུམ་གྱི་སེམས་ཁམས་དང་བསྟུན་དང་མུ་འབྲེལ་བརྙན་འཕྲིན་ཟློས་གར་མ་བུ་གཉིས་མཉམ་ལྟ་བྱས་པ་དང་། མ་ཡུམ་དགའ་མོས་ཆེ་བའི་གླུ་དབྱངས་སོགས་དྲྭ་ལམ་ཁག་ནས་ཕབ་ལེན་བྱས་ཏེ་ཉན་དུ་འཇུག་པ། ད་དུང་རང་ཉིད་ཀྱི་གླུ་དབྱངས་སོགས་མ་ཡུམ་ལ་ཕུལ་བ་སོགས་བྱས་ནས་མ་ཡུམ་གྱི་སེམས་པ་དྲོད་ཀྱིས་ཁེངས་པར་བྱས་འདུག །
ཝམ་མིང་ཧོའུ་ཡིས་བྱམས་བརྩེའི་དྲོད་ཁོལ་དེ་དག་གི་ཁྲོད་ནས་མ་ཡུམ་ཡང་རང་སེམས་བདེ་བར་གནས་པ་དང་། སེམས་སྡུག་མཐའ་དག་བཟོད་སྲན་བྱས་པས་མ་བུ་ཡི་བྱམས་བརྩེའི་མཛེས་སྡུག་གི་ཁྲོད་ནས་ངན་སྐྲན་གྱི་ནད་གཞི་ལྗིད་མོ་དེའི་གནས་ཚུལ་ཇེ་བཟང་ཕྱིན་པས་སྨན་ཁང་ལས་ཕྱིར་བུད་ཆོག་པར་གྱུར་འདུག །སྐྱིད་སྡུག་རེས་མོས་སུ་འཁོར་བའི་འཇིག་རྟེན་འདིར་མི་ཚེའི་དཀའ་ཁག་ཅིག་སེལ་རྗེས། ཡང་བསྐྱར་གནད་དོན་གཅིག་ཐོན་ཡོང་བར་མི་ཚེའི་བརྒྱུད་རིམ་ཞིག་གམ་ལས་དབང་གིས་བརྙས་བཅོས་ཤིག་ཏུ་གྱུར་འདུག་པ་བཞིན་ཝམ་མིང་ཧོའུ་མ་བུ་གཉིས་ཀྱང་བརྒྱུད་རིམ་དེ་དག་མི་བརྒྱུད་འགྲོ་ས་མེད་པས། མ་བུ་གཉིས་སྨན་ཁང་ལས་སྒོར་ཐོན་ནས་ཅུང་མ་འགོར་བར་ཡང་བསྐྱར་དཀའ་ཁག་ཆུང་ཆུང་ཞིག་མདུན་དུ་ཐོན་འདུག །སྨན་བཅོས་ཀྱི་ཆེད་དུ་ཁྱིམ་གྱི་སྒོར་མོ་ཕལ་མོ་ཆེར་བཀོལ་ཟིན་པས། ད་ནི་སྒོར་མོ་ཡོང་སྒོ་ཉུང་བའི་ཁར་འགྲོ་སྒོ་ཆེ་བའི་དཔེ་བཞིན་མ་བུ་གཉིས་ལ་སྒོར་མོའི་དཀའ་ཁག་ཅིག་འཕྲད་བྱུང་བས། སྔར་བཞིན་རྒྱུད་དྲུག་དང་གླུ་དབྱངས་ལས་སྒྲུབ་ཁང་དེར་རྒྱུན་སྐྱོང་འགོ་བརྩམ་དགོས་བྱུང་བ་དང་། དུས་ཁོམ་ཡོད་ཚད་མ་ཡུམ་དང་ལྷན་དུ་གླུ་དབྱངས་གཏོང་བ་དང་སྤྱི་གླིང་དང་མཚོ་འགྲམ་སོགས་སུ་སྤྲོ་འཁྱམས་འགྲོ་བ་སོགས་བྱས།
ཝམ་མིང་ཧོའུ་ཡིས་སླར་མ་ཡུམ་དུས་བཀག་ལ་ཐོན་དུས་སྨན་ཁང་དུ་དཔྱད་ཞིབ་ལེགས་པར་བྱས་པས་མ་ཡུམ་ལུས་སེམས་གཉིས་ཀ་སྔོན་ལས་ཇེ་བཟང་དུ་སོང་ཡོད་པར་སྨན་དཔྱད་མཇུག་འབྲས་ལས་ཤེས་རྟོགས་བྱུང་། ཝམ་མིང་ཧོའུ་ཡིས་སླར་མ་ཡུམ་གྱི་ཆེད་དུ་བློས་གཏོང་ཆེན་པོ་ཞིག་བྱས་འདུག །རང་ཉིད་ཀྱི་དགའ་ཕྱོགས་སྒྱུ་རྩལ་ལས་སྒྲུབ་ཁང་དང་། ད་དུང་གཅེས་པར་འོས་པའི་སློབ་བུ་སོགས་རྒྱབ་ཏུ་བཞག་ནས་རྒྱ་ནག་རྒྱལ་ཡོངས་སུ་མ་ཡུམ་དང་ལྷན་དུ་གླུ་དབྱངས་ཀྱི་ལྗོངས་རྒྱུ་བྱ་རྒྱུ་སེམས་ཐག་བཅད་འདུག །ཝམ་མིང་ཧོའུ་འདི་ལྟར་མ་ཡུམ་དང་ལྷན་དུ་རང་བྱུང་ཁམས་ཀྱི་མཛེས་ལྗོངས། དལ་བུར་གཞུར་བའི་དྭངས་གཙང་གི་ཆུ་བོ། རི་བོའི་མགུལ་དུ་ཞོ་ལྟར་ཆགས་པའི་སྨུག་སྤྲིན། བསིལ་རླུང་གི་ལོ་འདབ་ལྡེམ་ལྡེམ་དུ་གཡོ་བའི་ལྗོན་ཤིང་སོགས་དང་། གཞན་ད་རུང་། གནའ་ཉམས་དོད་པའི་མཁར་གྲོང་།དེང་མིའི་བསམ་བློའི་འཆར་སྒོ་ལས་བྱུང་བའི་ཁང་བརྩེགས། ཡུལ་ལུང་མི་འདྲ་བའི་གོམས་སྲོལ་དང་ཆས་གོས། ཟས་རིགས་དང་སྤྱོད་ལམ་སོགས་ལུས་སེམས་གཉིས་ཀས་ལོངས་སུ་སྤྱོད་ཞོར་སྐྱོ་སངས་ཀྱི་ཆེད་དུ་ལམ་དུ་ཕྱིན་སོང་། ཝམ་མིང་ཧོའུ་ཡིས་དུས་རྒྱུན་རང་དང་འབྲལ་མེད་དུ་ཁྱེར་བའི་རྒྱུད་དྲུག་ཁྱེར་ནས་མ་ཡུམ་དང་ལྷན་དུ་ཁུ་སིམ་པའི་དབེན་གནས་དང་། འདུ་འཛི་ཆེ་བའི་མི་ཚོགས་ཀྱི་ཁྲོད་དུ་གླུ་དབྱངས་ལེན་བཞིན་ལྗོངས་རྒྱུ་བྱེད་ཀྱི་ཡོད། སྤྱི་ཚོགས་ཀྱི་བརྙན་ལམ་དང་གསར་ཤོག་ཁག་ཏུ་བཅར་འདྲི་དང་། ཆེད་སྒྲིག་ལེའུ་ཚན་སོགས་སུ་གྲགས་པ་རབ་ཏུ་འབར་བཞིན་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་མི་སྣ་མང་པོ་ཞིག་ལ་ཕ་མ་བསྙེན་བཀུར་དང་སྲི་ཞུ་ཡི་སྣང་བརྙན་དང་བག་ཆགས་བཟང་པོ་འཇོག་བཞིན་ཡོད། དྲྭ་ལམ་དང་གཞན་ཡོང་འབབ་དག་ཀྱང་མ་བུ་གཉིས་ཀྱི་ལམ་གྱི་འགྲོ་སོང་བཏང་རྗེས་ལྷག་མ་རྣམས་རྒན་གསོ་ཁང་ཉམ་ཐག་རྣམས་ཀྱི་ཕྱོགས་སུ་གཏོང་བཞིན་ཡོད་འདུག
ལྷན་རྒྱས་བདེ་མོ། ད་འདི་འདྲ་ཞིག་ནས་མཚམས་འཇོག་བྱ། བཤད་རྒྱུ་ཞིག་ལ། དགོང་མོ་ཞིག་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་བརྒྱུད་ལམ་གསུམ་པར་(cctv3综艺)ལྟ་སྐབས་ཤིག་ལ་ཝམ་མིང་ཧོའུ་ཡི་མ་བུ་གཉིས་ཀྱི་སྐོར་ལེའུ་ཚན་ཞིག་གི་ནང་ཤར་བྱུང་བས་ཆ་ཚང་ཞིག་བལྟས་རྗེས་ཁོང་མ་བུ་གཉིས་ཀྱི་སྐོར་དྲྭ་ལམ་ཁག་ནས་རྒྱུས་ལོན་ཕྲན་ཙམ་བྱས་རྗེས་རྩོམ་ཡིག་འདི་འབྲི་ཁུལ་བྱས་པར་ཡིན། སྐུ་ཉིད་ཀྱིས་ཁོང་གི་སྐོར་རྒྱས་པར་ཤེས་འདོད་ན་དྲྭ་ལམ་ཁག་ནས་ཁོང་གི་མིང་汪明辉རྒྱ་ཡིག་སྟེང་ནས་འཚོལ་དང་བརྙན་དང་ཁོང་དང་འབྲེལ་བའི་རྩོམ་ཡིག་དག་ཁྱེད་ཀྱི་མིག་ལམ་དུ་མངོན་ཡོང་།
སྤྱི་ལོ་༢༠༢༣སྤྱི་ཟླ་༦ཚེས་༢༠ཉིན་བྲིས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3773
དཔྱད་མཆན་སྤེལ།