ཁ་སང་ཉིན་གཅིག་དང་འབྲེལ་བ་དེ་དག
ང་རང་ཕ་ཡུལ་དུ་གནས་སྐབས། དུས་རྟག་ཏུ་ཁ་མང་ཞིང་ཁ་ནང་དུ་ཅི་བྱུང་ཐམས་ཅད་སྨྲ་བར་བྱེད་པ་ལས་འཛེམ་ཟོན་གང་ཡང་བྱེད་མི་ཤེས། དེ་བས་གྲོགས་པོ་རྣམས་ཀྱིས་ང་ལ་ཁ་མང་དང་། ར་ཁ་ཅེས་འཁང་ར་བྱེད། (ཕ་མ་དང་གཅེན་གཅུང་དག་གིས་ཀྱང་དེ་ལྟར་འབོད།)ར་ཁ་འདི་ནི་ཡུལ་སྲོལ་ལྟར་བཏགས་པ་ཡིན་པ་ལས། དོན་དུ་རྒྱུ་མཚན་གང་ཞིག་ཡོད་མེད་ངས་གཏན་ནས་ཤེས་ཀྱིན་མེད།
ང་མིན་ནའང་། སྡེ་བའི་ནང་གི་བྱིས་པ་ཁ་མང་བ་དག་ལ་ར་ཁ་འབོད་པར་བྱེད། ར་ནི་ར་མ་ཡིན། ར་མའི་ཁ་དང་འདྲ་ཞེས་པའི་དོན་ཙམ་ལས་རྒྱུ་མཚན་གཞན་ནར་མ་སོན་པའི་བྱིས་པ་དག་གིས་ཤེས་མི་སྲིད། ལན་རེར། ངས་བསམ་གཞིགས་འཁྱོག་པོ་རེ་བྱས་པ་ཡིན། དེ་ནི་འདི་ལྟར་ཏེ། ཡུལ་དུ་ར་མ་ཁ་ཤས་ཡོད་ཀྱང་དེ་དག་ལ་ཁ་ནི་གཅིག་ལས་ལྷག་མ་གང་ཡང་མི་འདུག དེ་ལས་ཀྱང་འབའ་སྒྲ་ཟམ་མི་ཆད་པར་འབྱིན་པར་མི་བྱེད། གང་ལྟར།ར་ཁ་ལས་ཁ་མང་བཏགས་ཀྱང་མི་འགྲིག་པ་མེད་དེ། མི་གཞན་རྣམས་དང་མི་འདྲ་བར་ཁ་ལྷག་མ་མེད་ཀྱང་ཁ་ལྷག་མ་ལས་ཀྱང་ཉོག་བཤད་མང་བས་སོ། །
ཁ་ལྷག་མ་ལྟར་སྐད་ཆ་མང་བའི་ང་རང་དམིགས་ཡུལ་དང་ཁ་ཕྱོགས་ཅི་ཡང་མེད་པར་སྤོས་ལྡན་(ཁྲིའུ་ཏུའུ)དུ་བསླེབསཔ་ཐོག་མ་ཡིན། སྐབས་དེར་ལག་ཏུ་སྒོར་ཁ་ཤས་འདུག་ཀྱང་། འདི་དག་མགྱོགས་པོར་རྫོགས་ན་འཚོ་བའི་འགྲོ་གྲོན་ལ་དཀའ་ངལ་ཡོད་པར་དོགས་ཏེ་ནང་མ་ཁང་ཞིག་དང་འབྲེལ་བ་བྱས་པ་ཡིན། དེ་ནི་ལྷ་མཚོ་ཁྱད་ལྡན་འཁྲབ་སྟོན་ལྟེ་གནས་ཡིན། གནས་དེ་ནས་ང་ལ་ངོ་ཤེས་གཅིག་ཀྱང་མེད་པས་ཅུང་ཟད་དོགས་མི་བདེ་བར་འདུག་མོད། ཡུན་གྱིས་འགྲོགས་པའི་གཞས་པ་ཁ་ཤས་དང་། ལས་གཅིག་བྱེད་དགོས་པའི་ཞབས་ཕྱི་བ་(ཚང་མ་སྐྱེས་པ་ཡིན།)དག་ལ་འདྲིས་པར་གྱུར་བས་དོགས་སྣང་ཅི་ཡང་མི་འདུག དེས་ཕྱིར་ང་ཚོ་ནི་པ་ར་དང་ཤོག་ཤོ་བརྩེས་ཏེ་སུ་ཞིག་ཕམ་ན། དེའི་ལག་སྐེད་ལ་མཛུབ་མོ་གཉིས་ཀྱིས་གཅར་བ་ཡིན། ལན་རེར། གཅར་ཡུན་རིང་བ་དང་ཤེད་ཆེར་དྲག་པས་ལག་སྐེད་སྐྲངས་བ་དང་དམར་པོ་རུ་གྱུར་བའི་སྐབས་ཧ་ཅང་མང་། ལག་སྐེད་ལ་ན་ཟུག་ཅུང་ཆེ་ཡང་སྤྲོ་སྣང་ཧ་ཅང་ཆེ་བའི་རྩེ་མོའི་རིགས་ཤིག་ཡིན།
གནས་དེར་ཟླ་གསུམ་ལ་བསྡད། རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་གནས་དེར་འདུག་འདོད་མ་སྐྱེས། ཟླ་གསུམ་པའི་ཟླ་ཕོགས་བླངས་རྗེས་ལས་བཤོལ་གནང་ཞུའི་སྙན་ཞུ་གང་ཡང་མ་ཞུས་པར་ང་དང་ཀུན་བཟང་ཤེས་རབ་ངེད་གཉིས་ལྐོག་ལྐོག་སུད་སུད་ངང་བྲོས་བྱོལ་བྱས་པ་ཡིན། སྐབས་དེར་ཞབས་ཕྱིའི་གཙོ་སྐྱོང་པས་(服务部的主管)ཁ་པར་མང་དུ་བཏང་ཡང་ཐེངས་གཅིག་ཀྱང་མ་བླངས། འདི་ནི་སེམས་ཁམས་དང་མཐུན་པར་བཤད་ན་ཅུང་ཉོག་དྲ་ཆེ་བས་ཡིན།
ཀུན་བཟང་ཤེས་རབ་ངེད་གཉིས་བྲོས་བྱོལ་མ་བྱས་གོང་ནས་དམིགས་ཡུལ་ཡོད་དེ། དེ་ནི་ཟླ་ཕོགས་ཅུང་མཐོ་བའི་ལས་ཀ་རེ་ཨེ་རྙེད་བསམ་པ་ཡིན། ད་དུང་ཟླ་ཁ་ཤས་ལ་ལས་ཀ་བྱས་ནས་སྒོར་ངེས་ཅན་ཞིག་ལག་སོན་བྱུང་ན། ལྷ་ས་རུ་འགྲོ་བར་ཐག་བཅད་པ་ཡིན། ཡིན་ཡང་། འདི་ནི་མར་ཉལ་བའི་རྨི་ལམ་དུ་གྱུར།ལས་ཀྱི་དབང་གིས་ཁོ་རང་ཕ་ཡུལ་དུ་ལོག་དགོས་བྱུང་ལ། ང་རང་བོད་ཟས་ཁང་ཞིག་ཏུ་མི་འདུག་ཐུ་མེད་བྱུང་།
བོད་ཟས་ཁང་དུ་ཟླ་ངོ་གཅིག་ལྷག་ལ་བསྡད་ཀྱང་རང་ཉིད་གཅིག་པུ་ཡིན་པའི་ཚོར་སྣང་ངམ་ངམ་ཤུགས་ཀྱིས་སྐྱེས་འོང་། ང་ད་སྐབས་སྡོད་ཡུལ་གྱི་བོད་ཟས་ཁང་དེར། ཐོག་མར་སྐྱེས་པ་གསུམ་ཡོད་ཀྱང་། གཅིག་འགྲོ་དགོས་བྱུང་བའི་ང་དང་ཀིརྟི་གཉིས་ལས་མ་ལྷག ཉིན་ཁ་ཤས་ཀྱི་རྗེས་ནས་ཁོའང་ཕྱིར་ཕ་ཡུལ་དུ་ལོག་སོང་བ་འདྲ་སྟེ། ད་སྐབས་ཟས་ཁང་དེར་སྐྱེས་པ་ང་གཅིག་པུ་ལས་མི་འདུག དེ་བས་ཅི་ཞིག་བྱེད་དགོས་ཀྱང་སྟབས་བདེ་མོ་མི་འདུག་པས་སུན་སྣང་ཁྲོད་དུ་མི་འཚོ་ག་མེད་རེད།
སྤྱིར་ན་ཟླ་ངོ་གཅིག་ལྷག་ལ་ཞབས་ཕྱི་མ་དེ་དག་དང་ལྷན་དུ་ལས་བྱས་ཀྱང་། ང་རང་ཆ་མེད་ལ་སྐད་ཆ་སྨྲ་བར་མི་དགའ་བ་དང་། ལྷག་ཏུ་དོན་ག་གེ་མོ་རེ་ཡོད་ཚེད་ཚིག་ཉུང་ཙམ་གྱིས་དོན་ཐག་གཅོད་བྱེད་ཀྱིན་ཡོད་པས། ང་ཚོའི་བར་དུ་རྫོགས་མཐའ་མེད་པའི་སྐད་ཆ་མང་པོ་གང་ཡང་མེད། ཁོ་ཚོ་ནི་རྟགས་མཐུན་ཡིན་པས་ཉིན་མཚན་གང་དུའང་། མཉམ་འགྲོ་དང་མཉམ་འདུག མཉམ་རྩེ་བྱེད་ཀྱིན་ཡོད་ཀྱང་། ང་སྐྱེས་པ་ཞིག་དེ་ཚོའི་གྲལ་དུ་བཙངས་ནས་ཉོག་བཤད་བྱེད་པ་ནི་ཆོ་མེད་ཞིག་ལས་མ་འདས་སྙམ།
ང་ནི་གྲོགས་པོ་སུ་གང་དུ་ལྷན་དུ་མེད་པས་ཁེར་རྐྱང་ཡིན། གལ་ཏེ་གྲོགས་པོ་རྙིང་བ་མིན་ནའང་། སོ་མ་ཞིག་ཡིན་ཡང་འགྲོ་རོགས་དང་རྩེ་རོགས། ཕན་ཚུན་མཐུན་པའི་ལབ་གླེང་མང་པོ་ཞིག་བྱེད་ཆོག་གི་རེད། ཡིན་ཡང་། དེ་ཙམ་ཡང་མེད་པའི་ང་རང་གི་གདོང་གི་འཛུམ་མདངས་ཟླ་གཅིག་གི་སྔོན་ནས་ཡལ་ཟིན། ལན་རེར། ཆ་ཡོད་ཀྱི་གྲོགས་པོ་རེ་འགའ་དང་འཕྲད་ཚེ། ལབ་གླེང་སྐར་མ་ཁ་ཤས་ལས་བྱེད་མ་ཐུབ་ན་འང་། སེམས་ཁམས་ཧ་ཅང་སྐྱིད་པོ་འདུག
སྟེས་དབང་གིས་ཟེར་དགོས་པ་རེད་དམ་ཡང་ན་ལས་དབང་ཟེར་དགོས་པ་རེད། ཉེ་སྔོན་ཁྱིམ་ནས་བྲོས་བྱོས་བྱས་ཡོང་བའི་གྲོགས་པོ་དཀོན་བྷེ་སྤོས་ལྡན་དུ་གཞི་ནས་འབྱོར། ད་དུང་ཁོའི་གཅེན་པོ་ཡང་འདུག ཁོའི་གཅེན་པོ་ནི་ངས་སྔོན་མར་ངོ་མི་ཤེས་པས་ཆ་མེད་དུ་བགྲང་ཆོག་མོད། འོན་ཏང་། དཀོན་བྷེའི་གཅེན་པོ་ཡིན་པས་ངེད་གཉིས་ཉིན་གཅིག་ཀྱང་མ་འགོར་བར་འདྲིས་པར་གྱུར། གལ་ཏེ་མི་ཆ་མེད་ཅིག་གིས་མཐོང་ཚེ་ཕན་ཚུན་གྲོགས་ཀྱི་འདུ་ཤེས་བརྟན་པོ་ཚུགས་ཡོད་པ་ལྟར་དུ་སྣང་ངེས་ཡིན།
དཀོན་བྷེ་ངེད་གཉིས། ཐེངས་སྔོན་མར་ལྷ་མཚོ་འཁྲབ་སྟོན་ལྟེ་གནས་རུ་ངོ་ཤེས་པ་ཡིན། དེ་དུས་ཁོ་རང་་ཀྲི་ཅང་ནས(浙江)སྤོས་ལྡན་དུ་འོང་བ་ཡིན་འདུག་པ་ཙམ་ལས། ཁོ་རང་ཉིན་ག་ཚོད་དུ་ལས་ཀ་མེད་པར་སྤོས་ལྡན་དུ་བསྡད་ཡོད་མེད་ངས་ཤེས་ཀྱིན་མེད། དེའི་སྐོར་ནས་རྒྱས་ལོན་ཡང་བྱེད་མ་མྱོང་།
ཟླ་གཅིག་གི་རྗེས་སུ་ཁོ་རང་ནང་མ་གཞན་དུ་སོང་། ང་ནི་སྔར་ལྟར་ལྷ་མཚོ་རུ་བསྡད་པ་ཡིན། ལས་ཀ་ཡང་འཇོན་ནུས་གང་ཐུབ་བྱས། ཁོང་ནང་མ་གཞན་དུ་སོང་བས་ངེད་གཉིས་འབྲེལ་བ་ཡོངས་སུ་མ་ཆད་ཀྱང་། ཆད་པར་ཐག་ཉེ་བ་ལྟ་བུར་གྱུར་བའི་སྣང་བ་བྱུང་། དེ་ནི་ངེད་གཉིས་བར་དུ་འཁོན་འཛིན་ཡོད་པས་མིན་ལ་ཁོམ་སྐབས་དེ་ཙམ་མེད་པས་འབྲེལ་བ་རྒྱུན་དུ་བྱེད་མི་ཐུབ།
དེ་རྗེས་ཁོ་རང་ནང་མ་དེར་མ་བསྡད་པར། ཕ་ཡུལ་དུ་དབྱར་རྩྭ་རྐོ་རུ་སོང་བ་རེད། ཁོ་ནི་འབྲོག་ས་རུ་ཡོད་པས་ཟླ་བ་གཉིས་གསུམ་ཙམ་གྱི་རིང་ལ་ཐེངས་གཉིས་གསུམ་རེ་མ་གཏོགས་འབྲེལ་བ་བྱེད་མ་ཐུབ། འབྲེལ་བ་བྱེད་ཐུབ་ཀྱང་ཁོམ་སྐབས་ཀྱི་དབང་གིས་ཁ་བརྡ་བཤད་པའི་དུས་ཡུན་ཧ་ཅང་ཐུང་། དུས་ཡུན་ཐུང་དྲགས་པས་ཡིད་ཚིམས་པོ་ཞིག་གཏན་ནས་མ་བྱུང་།
ཁས་ཉིན་ཁོ་སྤོས་ལྡན་དུ་འོང་གི་ཡོད་སྐོར་གྱི་སྐད་ཆ་ང་ལ་བཤད་པས་ངས་རེ་སྒུག་ཆེན་པོ་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ། བོད་ཟས་ཁང་གི་བདག་མོས་ང་ལ་སང་ཉིན་ངལ་གསོ་བྱེད་ཆོག་ཟེར། དེ་ནི་འཕགས་མཆོག་གང་ཞིག་གིས་ང་རང་ལ་རོགས་བྱས་པ་དང་འདྲ་བོ་བྱུང་། ང་ནི་ཤིན་ཏུ་དགའ་བར་གྱུར།
ཕྱི་ཉིན། ཞོགས་པའི་དུས་ཚོད་བཅུ་པའི་སྟེང་ང་རང་སད་བྱུང་། ངས་རང་གི་ལག་འཕྲིན་ལ་བལྟས་པ་ཡིན། སྐད་འཕྲིན་ནང་དུ་དཀོན་བྷེའི་སྐད་ཆ་བཤད་འདུག་ལ་གཟུགས་མཐོང་ཡང་བརྒྱབ་འདུག ཡིན་ནའང་། གཉིད་འཐུག་དྲགས་པས་སྒྲ་ཙམ་ཡང་ཐོས་མ་བྱུང་། ཁོས་སྐད་འཕྲིན་དུ་སྤོས་ལྡན་དུ་ལྷགས་ཡོད་ཅེས་བཤད་འདུག
ང་དེ་མ་ཐག་མལ་ལས་ལྡིང་བ་དང་མྱུར་མོར་ངོ་ཕྱོགས་ཙམ་བཀྲུས། ཉལ་ས་ལ་བདག་མ་བྱས་པར་དཀོན་བྷེ་བཙལ་དུ་སོང་བ་ཡིན།
ཁྱིམ་མཚེས་རྒན་མོ།
ཁྱིམ་མཚེས་རྒན་མོ་བལྟས་ཚོད་ཀྱི་ལོ་ངོ་རེ་ལྔ་ཡས་མས་སུ་སྣང་ནའང་། དོན་དམ་དུ་ཁོ་མོ་ནི་ལོ་ན་བདུན་ཅུར་སོན་པའི་བགྲེས་མོ་ཁེར་སྡོད་ཞིག་ཡིན། ཁོ་མོ་ལོ་ག་ཚོད་ལ་ཁེར་སྡོད་བྱས་པ་ངས་མི་ཤེས་ལ། གཞན་ལའང་དྲིས་མྱོང་མེད་དེ། ངས་བསམ་པར་ཡུལ་མི་རྣམས་ཀྱིས་དོན་མེད་དུ་བགྲེས་མོ་ཞིག་གི་མི་ཚེར་རྒྱས་ལོན་བྱེད་མི་སྲིད་སྙམ།
ངའི་ཡིད་ཀྱི་དྲན་པའི་གུད་དུ་ལུས་ཡོད་པ་ནི། ཁྱིམ་མཚེས་རྒན་མོ་ནི་མེ་ཏོག་ལ་དུང་བ་ལྷད་མེད་མངའ་བའི་བགྲེས་མོ་ཞིག་ཡིན། ཁོ་མོར་ལྡུམ་ར་ཆུང་ཆུང་ཞིག་ཡོད་ལ་དེ་རུ་ཚལ་དང་འབྲུ་རིགས་ཅུང་བཏབ་ན། མི་གཅིག་གི་ཟས་ལ་སེམས་ཁྲལ་མི་དགོས་ཀྱང་ཁོ་མོས་དེ་ལྟར་མི་བྱེད་དེ། ལྡུམ་ར་དེའི་དཀྱིལ་དུ་ཁོ་མོར་གཅིག་པུར་དབང་བའི་མེ་ཏོག་ལྡུམ་ར་ཆུང་ཆུང་ཞིག་བསྐྲུན་ཏེ་མེ་ཏོག་ལ་སད་སེར་ཀྱིས་བར་ཆད་མེད་པར་འབྲས་བུ་མྱུར་དུ་ལོངས་སྤྱོད་པར་རེ་ལྟོས་བྱེད།
ངས་སྔོན་མར་བཤད་མྱོང་བའི་རྒན་པོ་དྷ་ལ་ལྟར། མེ་ཏོག་ལ་དགའ་བ་ལྷད་མེད་ཀྱང་སྤྱོད་པ་ནི་ཁོ་དང་གཏན་ནས་འདྲ་བོ་མེད། ཁོ་མོ་ནི་དྷ་ལ་དང་ལྡོག་ཏེ་བྱིས་པ་དག་ལ་དགའ་བོ་མེད་པར་མ་ཟད། བྱིས་པ་དག་ལ་ཤིན་ཏུ་སྡང་བ་ཡིན། དེར་བརྟེན་ཡུལ་མི་འགའ་རེས་ཁོ་མོ་ནི་གཅེས་སྐྱོང་མི་ཤེས་པའི་རྒན་མོ་སྐོར་ལོག་ཅིག་ཏུ་འདོད། ངས་ཁྱོད་ལ་བཤད། ཁོ་མོ་བྱིས་པ་དག་ལ་སྡང་བའང་རྒྱུ་མཚན་མེད་པ་ག་ལ་ཡིན། བྱིས་པ་ཡོད་དོ་ཅོག་པྲ་ཆལ་དང་མ་རབས་མིན་ཡང་། བྱིས་པ་འགའ་རེ་ནི་པྲ་ཆལ་ཡིན་དྲགས་པས་ཁྱིམ་མཚེས་རྒན་མོ་ཁྱིམ་དུ་མེད་ཚེ། ར་སྐོར་དུ་ལྡིང་སྟེ་མེ་ཏོག་བཏགས་པ་དང་། མེ་ཏོག་གི་མགོ་བོ་བཅད་དེ་ལྟ་མི་བཟོད་པར་བྱས་ནས་ཕྱིར་རང་རང་སོ་སོའི་ཡུལ་དུ་ལོག་འགྲོ། ཁྱིམ་མཚེས་རྒན་མོར་མཚོན་ན་མེ་ཏོག་ནི་ཁོ་མོར་ཆེས་དགའ་བའི་བྱ་དངོས་གཅིག་པུ་ཡིན་པས། དེར་སྡང་སེམས་བཅིང་མཁན་སུ་བྱུང་ནའང་ཁོ་མོས་དེར་མཉེས་པོ་བྱེད་མི་སྲིད། རེད་ཡ། ཁྱོད་ཀྱིས་ཀྱང་བསམ་བློ་རེ་ཐོངས་དང་། ཁྱིམ་མཚེས་རྒན་མོ་བྱིས་པ་དག་ལ་མཉེས་པོ་མ་བྱས་ཀྱང་ལེ་ཁག་དཀྲི་རྒྱུ་མེད་པའི་གནས་ལུགས་དེ་ཁྱོད་ཀྱིས་ཤེས་ངེས་ཡིན།
ལོ་རེར་མེ་ཏོག་ལ་ནི་སྐྱེ་བ་ཡོད་ལ་འཆི་བའང་ཡོད། དེ་ནི་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་མི་རྟག་འགྱུར་བའི་རང་བཞིན་ཅན་ཡིན་པ་ནང་བཞིན། མེ་ཏོག་ནི་སྐྱེ་འཆི་ལ་རང་དབང་མེད་པས་ལས་ཀྱི་བསྐོས་ཐང་དང་འདྲ། ཡིན་ནའང་། ཁོ་མོས་དེ་ཡི་གནས་ལུགས་རྟོགས་མེད་པ་འདྲ་སྟེ། མེ་ཏོག་གི་གཉེན་པོ་ནི་སད་སེར་ཁོ་ན་ལས་མེད་པར་འདོད། གལ་ཏེ། ང་ཁོ་མོ་ཡིན་ཚེ། ངས་ནི་མེ་ཏོག་གི་གཉེན་པོར་སད་སེར་མི་འདོད་དེ། སྡེ་བའི་བྱིས་པ་པྲ་ཆལ་དག་ནི་ཡིད་འོང་གི་མེ་ཏོག་དག་གི་གཉེན་པོ་རུ་འདོད་ངེས་ཡིན། ངེད་ཚང་གིས་ཁོ་མོ་དང་འདྲ་བར་མེ་ཏོག་ལ་དོ་སྣང་དེ་ཙམ་བྱེད་མི་སྲིད་ཀྱང་། ར་སྐོར་ནང་དུ་སྙིང་རྗེ་བའི་མེ་ཏོག་ཁ་ཤས་ཡོད། དེ་དག་ནི་ལོ་རེར་བཞིན་སྐྱེ་བ་དང་ཚེ་ཚད་ལ་སླེབས་ཏེ་རྒུད་འགྲོ་བ་ལས། སད་སེར་གྱིས་ཐེངས་གཅིག་ལའང་བཅོམ་མྱོང་མེད། ཁོ་མོ་ཚང་གི་མེ་ཏོག་ཀྱང་དེ་ལྟར་ཡིན་ན་འགྲིག་སྟེ། སད་སེར་གྱིས་གཞོམ་མི་སྲིད་པ་ནི་ངས་གསལ་བོ་ཤེས་ཞེས་ཁ་ཚོན་གཅོད་ཐུབ་ཐག་ཆོད་ཡིན། གང་ལྟར། ཁོ་མོས་སེམས་ཁྲལ་བྱེད་ཡུལ་ནི་སྡེ་བའི་བྱིས་པ་པྲ་ཆལ་དག་མིན་པར་སད་སེར་ཁོ་ན་ཡིན།
གོང་དུ་གླེང་ཟིན་པ་དག་ནི་ཁྱིམ་མཚེས་རྒན་མོ་དང་མེ་ཏོག་གི་འབྲེལ་བ་ཡིན་པ་ལས། ཁྱིམ་མཚེས་རྒན་མོ་རང་གི་མིང་ཡིག་ལ་འབྲེལ་བ་གཏན་ནས་མེད། དོན་དུ་ཁྱིམ་མཚེས་རྒན་མོ་ནི་ང་ཡི་ཁྱིམ་མཚེས་མིན་ལ། ང་དང་བར་ཐག་ཤིན་ཏུ་རིང་། བལྟས་ཚོད་ཀྱི་མིག་གིས་མཐོང་ནའང་། རྐང་ཐང་དུ་ཕྱིན་ཚེ་དུས་ཚོད་ཕྱེད་ཡས་མས་ཀྱི་ལམ་ཐག་ཡོད། སྡེ་མི་དག་གིས་བཤད་སྲོལ་ལྟར་ན། ཁྱིམ་མཚེས་རྒན་མོ་གཞན་དང་འགྲིག་ཐབས་མེད་པས་ཁྱིམ་མཚེས་མེད། ཁྱིམ་མཚེས་མེད་པར་རྐྱེན་བྱས་ཏེ་ཁྱིམ་མཚེས་རྒན་མོ་བཏགས་པ་རེད་ཟེར། སྡེ་མི་གང་ཞིག་སུ་དང་གང་ཞིག་ལ་འགྲིག་མཐུན་མ་བྱུང་ན། དེ་ལ་ཁྱིམ་མཚེས་རྒན་མོ་འབོད་ལ། མདོར་ན། ཕན་ཚུན་འགྲིག་མཐུན་མ་བྱུང་ན་ཁྱིམ་མཚེས་རྒན་མོ་ཡིན།
ཡ། གཟབ་གནན་མ་བྱས་ན། ཁྱོད། ང་། ཁོ། ཁོ་མོ། ཚང་མ་ཁྱིམ་མཚེས་རྒན་མོ་རུ་འགྱུར་སྲིད།
བྱིའུ་རྒྱང་དུ་འཕུར་བས།
1
ད་ལྟ། ཕྱི་དྲོའི་དུས་ཚོད་བཞི་དང་སྐར་ཞེ་བདུན་རེད། སྒེའུ་ཁུང་ཁ་ནས་ཕར་བལྟས་ཚེ། བསིལ་རླུང་གིས་གཡོ་བཞིན་པའི་ལྕང་སྡོང་ཁ་ཤས་མཐོང་ཐུབ། དེའི་འོག་ཏུ་གཞོན་ནུ་ཕོ་མོ་ཟུང་གཅིག་དང་། ཤེལ་མིག་ནག་པོ་ཅན་གྱི་གཞོན་ནུ་ཞིག་ཁུ་སིམ་མེར་འདུག
ངས་འདི་དག་གི་འདས་མ་ད་གསུམ་ལ་ཚོད་དཔག་བྱས་ཀྱང་གནད་དུ་ཐེབས་མི་སྲིད་ཀྱང་། ངས་ཆ་མེད་ཀྱི་གཞོན་ནུ་ཕོ་མོ་ཟུང་དང་། ཤེལ་མིག་ནག་པོ་ཅན་གྱི་གཞོན་ནུ་དེ་དག་གི་འདས་མ་ད་གསུམ་ལ་ཚོད་དཔག་བྱེད་འདོད་ཀྱི་འདུན་པ་སྐྱེས།
རླུང་བསིལ་བུ་རྒྱུ་བཞིན་ལྕང་མའི་ཡལ་ག་གཡབ་མོ་བྱས་ན། དེའི་འོག་ཏུ་བསྡད་དེ་བསིལ་བའི་བཅུད་ལ་རོལ་མྱོང་བྱས་ཚེ་བག་ཡངས་ཀྱི་བདེ་སྣང་ཞིག་སྟེར་ངེས་ཡིན། འོན་ཏེ། ད་ལྟ་གུས་པ་ཆེས་དགའ་པོ་བྱེད་སའི་བསིལ་བའི་བཅུད་དེ་ལོངས་སྤྱོད་མཁན་ནི་གུས་པ་མིན་པར་ཆ་མེད་ཀྱི་མི་གསུམ་རེད། གལ་ཏེ། ཆ་ཡོད་ཀྱི་མི་གསུམ་ཡིན་ན། ཁོ་ཚོར་ངས་རྫོགས་མཐའ་མེད་པའི་སྐད་ཆ་མང་པོ་བཤད་སྲིད་ལ། དགོད་ཀྱང་སྲིད། ད་དུང་སྣ་གླུ་ཐན་ཐུན་རེ་ལེན་པ་དང་། དགོས་མེད་ཀྱི་རྩོད་གླེང་རེ་བྱེད་ངེས་ཡིན། རེད་དེ། བསིལ་བའི་བཅུད་ལོངས་སུ་སྤྱོད་བཞིན་པའི་གཞོན་ནུ་ཕོ་མོ་ཟུང་གཅིག་དང་། ཤེལ་མིག་ནག་པོ་ཅན་གྱི་གཞོན་ནུ་དེ་གསུམ་ནི། ད་ལྟ་ང་དང་ཆ་མེད་ཡིན་ལ་རྗེས་ཕྱོགས་དེ་བས་ཀྱང་ཆ་མེད་ཡིན། ཁོ་ཚོ་ནི་སྡོད་གནས་ངེས་གཏན་མེད་པའི་བྱེས་པ་ཡིན།
2
བསིལ་རླུང་གིས་ལྕང་མའི་ཡལ་ག་གཡབ་གཡོབ་བྱེད་པ་མཚམས་མི་ཆད་པར་བསིལ་གཡབ་བཞིན་དུ་གཡོབ་བཞིན་འདུག ལྕང་མ་དེ་ཡི་ལོ་མ་མཐུག་པའི་གནས་ཤིག་ཏུ་གླུ་ལེན་ཤེས་པའི་བྱིའུ་ཆུང་ཞིག་ཀྱུར་ཀྱུར་དུ་གྲག་བཞིན་འདུག
གླུ་ལེན་ཤེས་པའི་བྱི་འུ་དེས་གླུ་དབྱངས་ག་འདྲ་ཞིག་བཏང་ནའང་། སྣང་དོགས་ཅི་ཡང་མེད་པའི་བྱེས་པ་གསུམ་པོས་བྱེའུ་ཡི་ང་རྒྱལ་རྒྱ་མཚོའི་རླབས་སྒྲ་བཞིན་འཕྱོ་ལྡིང་བྱེད་བཞིན་པ་དེ་འཇགས་པར་བྱས་སོང་བ་དང་འདྲ་སྟེ། བྱིའུས་སྐྱོ་ཉམས་དང་བཅས་གཤོག་པ་བརྐྱངས་ཏེ་ཐག་རིང་དུ་འཕུར། ངས་ནི་ཉམ་ང་བའི་ཟོལ་གྱིས་བྱིའུ་སླར་ཡང་ཕྱིར་ལོག་ན་ཅི་མ་རུང་སྙམ།
རྒྱང་རིང་དུ་འཕུར་སོང་བའི་གླུ་བ་བྱིའུ།
གཞོན་ནུ་ཕོ་མོ་གསུམ་གྱིས་སྣང་མེད་བྱས་པས།
ཁྱོད་རང་རྒྱང་དུ་འཕུར་སོང་།
བྱིའུ།
ཁྱོད་རང་ཕྱིར་ལོག་ཤོག
ང་ཡིས་ཁྱོད་ཀྱི་འདོད་བློ་མ་ཚིམས་བར།
ཁྱོད་ཀྱིས་བཏང་བའི་གཞས་ལ་ཉན་ངེས་ཡིན།
བྱི་འུ་འཕུར་སོང་བས་ང་ཡི་སེམས་ཀྱི་གཏིང་ནས་སྐད་ཆ་ཚིག་དུམ་འདི་དབང་མེད་དུ་ཤོར། དབང་མེད་དུ་ཤོར། དངོས་གནས་ཚིག་དུམ་འདི་དབང་མེད་དུ་ཤོར་སོང་བ་ཡིན།
3
སྐྱོ་ཉམས་ཀྱི་ཁུར་བོ་ལྕི་མོ་ཁུར་བའི་བྱིའུ་ཁྱོད་ཀྱིས་ང་ཡི་ཕ་ཡུལ་དུ་ཁ་བ་འཐུག་པོ་ཆགས་པའི་དགུན་གཞུང་ཞིག་དྲན་དུ་བཅུག་སོང་། དེ་ནི་ཕ་མ་གཉིས་པོ་ཁྱིམ་དུ་མི་འདུག་ཅིང་གང་དུ་ཕྱིན་པ་ནི་དེ་བས་ཀྱང་མི་ཤེས། ཁྱིམ་དུ་ཡོད་པ་ནི་ལོ་ན་དྲུག་ལ་སོན་པའི་གཅུང་བོ་དང་། ལོ་ན་བདུན་ལ་སོན་པའི་ཁོ་བོ་ལས་སུ་ཡང་མི་འདུག
གྲང་རེག་གི་ངར་ཁ་རྒོད་པས་མེ་བཙན་པོ་ཞིག་གསོ་ཁུལ་བྱས་ཀྱང་། པྲ་ཆལ་ཡིན་པས་མེ་ཡི་གན་དུ་མ་གཅར་བས་ལུས་པོ་ནི་འདར་སིག་སིག་བྱེད།
གློ་རྡེག་ཏུ་བྱིའུ་འགའ་ཀྱུར་ཀྱུར་དུ་གྲག་བྱུང་། བྱིའུ་འཇུ་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་པས་གྲང་ངར་ལ་མ་འཛེམ་པར་སྒོ་དང་ར་བའི་བར་མཚམས་ཀྱི་ཁ་བ་ཕྱག་ནས་འབྲས་ཁ་ཤས་གཏོར་བ་ན། སྙིང་རྗེ་བའི་བྱིའུ་ལྔ་དྲུག་ཞིག་དེ་རུ་འདུ་འཛོམས་བྱས་སོང་།
ད་ནི་གཡོ་ཟོལ་མངའ་བའི་ཁོ་བོ་དང་གཅུང་པོ་གཉིས་ཀྱིས་ཀ་ཏོ་ར་གཉིས་དང་། དབྱུག་པ་ཐུང་ངུ་གཉིས ད་དུང་ཐ་གུ་རིང་པོ་གཉིས་གྲ་སྒྲིག་བྱས་ཟིན་པས་བྱིའུ་འཇུ་མགོ་བརྩམས་པ་ཡིན།
བྱི་འུ་དག་ཕར་དེད་རྗེས། ངེད་གཉིས་ཀྱིས་ཐ་གུ་གཉིས་པོ་དབྱུག་པ་ཐུང་ངུ་དེར་བཏགས་པ་དང་། ཀ་ཏོ་རའི་སྣེ་གཅིག་དབྱུག་པས་ཡར་བཀྱགས་ནས། འབྲས་ཉུང་ཉུང་ཞིག་ཀ་ཏོ་རའི་ནང་དང་དེ་ཡི་ཉེ་སར་གཏོར་བ་ཡིན། འདི་ནི་ནི་བྱིའུ་བྲིད་བྱེད་ཀྱི་ཐབས་མཆོག་ཅིག་ཡིན།
ཟས་ལ་རྔམ་པའི་བྱིའུ་ལྔ་དྲུག་ཅིག ངེད་གཉིས་ཀྱི་བསླུ་བྲིད་འོག་ཏུ་ཐེབས་སོང་བ་མིན་ན་ཅི་ཡིན་ནམ། ཀ་ཏོ་རའི་ཉེ་སའི་འབྲས་འབྲུ་རྒུམ་པ་དང་། ཡང་འདོད་རྔམ་ཆེན་པོའི་ངང་ཀ་ཏོ་རའི་ནང་ལ་ལྟ་ཙམ་བྱེད་པ་དང་ནང་དུ་འཛུལ་ཙམ་བྱེད།
བྱིའུ་གཉིས་ཀ་ཏོ་རའི་ནང་དུ་འཛུལ་སོང་། སེམས་ལྷོད་ཡངས་ངང་ནང་གི་འབྲས་འབྲུ་ལོངས་སུ་སྤྱོད་བཞིན་པས་སྐབས་དེར། ཐ་གུ་ཤེད་ཀྱིས་འཐེན་པ་ན། བྱིའུ་ཁ་ཤས་འཕུར་སོང་། ནང་དུ་འཛུལ་བའི་བྱིའུ་གཉིས་པོ་འཛིན་ཐུབ་སོང་བས་འདི་ནི་ངེད་གཉིས་ལ་མཚོན་ན་མཇུག་འབྲས་ཡག་ཤོས་ཡིན། འོན་ཏེ་མི་ལེགས་པའི་ཆ་ཞིག་གམ་ཡ་ང་བའི་མཇུག་བྲས་ཞིག་ཡོད་པ་དེ། བྲིད་བྱེད་ཀྱི་ཐབས་སྔོན་མར་བརྟེན་ནས་བྱིའུ་གཅིག་ལྔ་ལམ་དུ་བརྫངས་སོང་བ་དེ་རེད། དེ་དུས་ངའི་སེམས་གནོང་འགྱོད་དང་བཅས་ཚ་ལམ་ལམ་བྱེད། ཡིན་ནའང་གཅུང་པོའི་སེམས་གནོང་འགྱོད་དང་ཚ་ལམ་ལམ་བྱས་པ་ཡིན་མིན་ངས་མི་ཤེས།
2023.5.30
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3731
དཔྱད་མཆན་སྤེལ།