བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།

ངའི་མིང་ལ་བདེ་གསལ་ལྷ་མོ་ཟེར།  ཕ་ཡུལ་ཆུ་ཆེན་རྫོང་ནས་ཡིན། ད་ལྟ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རྒྱ་བོད་ལོ་ཙཱའི་ཞིབ་འཇུག་གི་ལོ་རིམ་གཉིས་པ་ཡིན།

སྨིན་དྲུག སྨན་ཤར་ཁྱེད་ཀྱི་དྲིས་ལན་ལས་ཆུ་ཆེན་རྫོང་ཞེས་བྲིས་པ་མཐོང་མ་ཐག་ཏུ་ང་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་སྐྱེས་ཡོང་། རྒྱལ་མོ་ཚ་བ་རོང་གི་ཆུ་ཆེན (སྨོན་ལམ་ཚིག་མཛོད་ལས། མདོ་སྨད་ཕྱོགས་ཀྱི་ཆུ་བོ་ཞིག་གི་མིང་སྟེ། རྒྱལ་རོང་གི་རྒྱལ་མོ་རྔུལ་ཆུའི་ཆུ་སྐེད་ལ་ཆུ་ཆེན་ཆུ་ཟེར། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་རབ་བརྟན་རྒྱལ་པོས་དབང་བསྒྱུར་བའི་ཡུལ་ལུང་གི་མིང) དང་། བཙན་ལྷ (གོང་གི་ཚིག་མཛོད་ལས། མདོ་སྨད་རྒྱལ་རོང་གི་ཡུལ་གྲུ་ཞིག་སྟེ། རྒྱལ་མོ་རྔུལ་ཆུའི་རྒྱུད་དུ་ཆགས་ཡོད།) སོགས་བོད་ས་རྣལ་མ་སྐོར་ཞིག་གཞན་འགྱུར་བྱུང་ཡོད་པ་དེ་སྔོན་ནས་ཤེས་མོད། ད་རེས་ས་དེ་ག་རང་ནས་ཡིན་པའི་བོད་སྐད་ཡིག་གི་ཞིབ་འཇུག་འགྲིམ་བཞིན་པའི་བུ་མོ་ཞིག་འདི་ལྟར་ངའི་མིག་མདུན་དུ་མངོན་པར་ང་ནི་དགའ་ཡང་དགའ་ལ་ཧ་ཡང་ལས་སོང་། དེ་ཡང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་ཡར་སྔོན་ལ། ངེད་ཁྱིམ་མི་གསུམ་པོ་ཁམས་ཀྱི་ས་ཆ་སྐོར་ཞིག་ཏུ་སོང་རྗེས། རྒྱལ་རོང་རོང་བྲག་ནས་ཁྱེད་ཅག་གི་ཕ་ཡུལ་ཆུ་ཆེན་བརྒྱུད་ནས་འབར་ཁམས་སུ་ཡོང་བ་ཡིན། ཏག་ཏག་སྐབས་དེར་ཁྱེད་དང་ཕ་ཡུལ་གཅིག་ལ་རིགས་རུས་གཅིག་པའི་སྐྱེས་མ་ཞིག་དང་འགྲུལ་འཁོར་ཆུང་ཆུང་ཞིག་ལས་ལམ་ཚད་གཅིག་གི་རིང་ལ་མཉམ་དུ་ཡོང་། ཡིད་སྐྱོ་བ་ཞིག་ལ། ཁོ་མོ་ནི་རུས་པ་བོད་གཙང་ཡིན་རུང་གཞན་འགྱུར་བྱུང་ནས་ལུས་སྟེང་དུ་བོད་ཀྱི་དྲི་མ་ཏིལ་འབྲུ་ཙམ་ཡང(བཟའ་ཟླ་ཡང་རྒྱ་མི་ཞིག་ཡིན་ཟེར)ལྷག་མེད་པ་དེའོ།། ཡུལ་ལུང་གཅིག་པ་ཚོ་ཡང་ཧ་ལམ་མོ་རང་དང་འདྲ་བོ་ཆགས་ཚར་ཡོད་ཚུལ་གོ་བས་ངའི་སེམས་སྐྱ་མོ་ཐང་ལ་ལྷུང་། དེ་འདྲའི་བག་ཆགས་མི་ལེགས་པ་ཞིག་སྔ་མོ་ནས་བཞག་ཡོད་པའི་རྐྱེན་གྱིས། ད་རེས་ཆུ་ཆེན་རང་དུ་རིགས་ཞེན་ཆེ་བའི་བོད་གཙང་བུ་མོ་ཁྱེད་འདྲ་ཡོད་པ་མཐོང་ནས་དགའ་སྟེ་རང་གི་ཁྱོ་བོར་ཡང་དོན་དེ་ཐེངས་འགར་བཟླས་པ་ཡིན། ངེད་གཉིས་ལས་འཕྲོ་ཡོད་དེ་འདི་ལྟར་ཕྲད་པར་དངོས་གནས་དགའ་སོང་། དེས་ན་ཁྱེད་ཀྱིས་རང་གི་སྐད་ཡིག་སྦྱངས་པ་དེ་རང་སྟེང་ནས་བེད་མེད་དུ་མ་བཏང་བའི་ཁར། རང་གི་བུ་རྒྱུད་དང་བཟའ་ཟླ་དང་ཤ་ཉེ་དང་སྤུན་མཆེད་རྣམས་ཀྱང་རིག་གནས་འདི་ལ་དགའ་བའི་རྒྱུ་རུ་འགྲོ་བའི་རེ་སྨོན་གྲངས་མེད་ཡོད་དོ། །

སྨིན་དྲུག  སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།

བདེ་གསལ་ལྷ་མོ། རྒན་ལགས། ངས་དཔེ་ཀློག་ཐད་ལ་རང་གི་ཚོད་ཀྱིས་འབད་པ་བྱེད་ཁུལ་ཡིན་པས། དུས་ཚོད་མང་པོ་དགའ་རོགས་བཙལ་རྒྱུ་དང་འཆམ་འཆམ་བྱེད་པ་སོགས་ལ་བཀོལ་གྱི་མེད། ད་ལྟ་དེ་ཚོ་ཡོད་ཚད་དོན་སྙིང་དབེན་པར་འདོད་ཡོད། བུ་མོ་ཚོ་ནི་ལྷག་ཏུ་བརྩེ་དུང་ནང་དུ་མགོ་འཁོར་མི་རུང་སྙམ།

སྨིན་དྲུག ངོ་མ་རེད། སློབ་སྦྱོང་གི་གསེར་གྱི་དུས་སྐབས་ལ་མ་བསླབས་མ་འབད་དེ་བརྩེ་དུང་དང་ཡག་ལས་ལ་མགོ་འཁོར་ནས་བསྡད་ན། འབྱུང་འགྱུར་དངོས་སུ་བཟའ་ཚང་བཅའ་དུས་རང་མགོ་མ་ཐོན་རང་ས་མ་ཟིན་པར་གཞན་གྱི་ལག་འོག་ཏུ་འཆོར་རྒྱུ་གཏན་ཁེལ་རེད། ད་ལྟ་ཡིན་རུང་ཁྱིམ་ཚང་སྐྱོང་བ་དང་བུ་ཕྲུག་སྙོར་བའི་འགན་སྐྱེས་མ་ཚོར་ལྕི་བ་དོན་དངོས་ཡིན་པས་འཁོར་བར་ཞུགས་རྗེས་ང་ཚོར་ལྷག་ཏུ་དུས་ཚོད་འཐོལ་པ་ཡོད་མི་སྲིད། དེ་བས་སློབ་ཆེན་དུ་སློབ་སྦྱོང་གི་གོ་སྐབས་དམ་འཛིན་ཞར་ལ་རང་རྒྱུད་ཀྱི་རྨོངས་པ་སེལ་བ་དང་རང་སྐྱ་འཕེར་བའི་གྲོགས་སུ་འགྲོ་བའི་དཔེ་ཀློག་མང་པོ་བྱེད་ཐུབ་ན་ནི། རྗེས་མར་རང་ཚུགས་མི་ཤོར་བ་དང་ཁ་ཕྱོགས་མི་རྨོངས་པར་ཕན་པས་མི་ཚད། རང་གི་དགའ་སྣང་དང་འཇོན་ཐང་གང་རིགས་ངོས་ཟིན་སྔོག་འདོན་བྱེད་པར་ཡང་ཕན་ཐོགས་ཆེ་བ་ཨ་ཅང་བརྗོད་མེད་ཡིན།

སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།

བདེ་གསལ་ལྷ་མོ། འདི་ལྟ་བུའི་རྣམ་པ་ཅུང་ཙམ་མང་པོ་འདུག

སྨིན་དྲུག ཁྱེད་ཀྱིས་བསམས་ན།བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད།དཔེར་ན།སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ།དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ།ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།

བདེ་གསལ་ལྷ་མོ། ངས་བསམས་ན་ཆེས་ཆེ་བའི་ཁྱད་པར་ནི་རང་གི་བསམ་པའི་སྐད་ཆ་བཤད་ཕོད་མིན་དེ་རེད། ཐ་ན་མི་ཞིག་ལ་བརྩེ་བ་ཆེན་པོ་ཞིག་ཡོད་རུང་བཤད་མི་ཐུབ་པ་ལྟ་བུ། དེ་ནི་དཔེ་ཙམ་ཡིན།

སྨིན་དྲུག བདེན་པ་རེད། ཁ་ནས་བཤད་མི་ཕོད་པ་དེ་སྤོབས་པ་ཆུང་བས་ཡིན་སྲིད་ལ། ང་ཚོའི་གོམས་སྲོལ་དང་ཡང་འབྲེལ་བ་ངེས་ཅན་ཡོད་སྲིད།  

སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།

བདེ་གསལ་ལྷ་མོ། དེ་ཡང་བདེན་པར་འདུག རྒྱུ་མཚན་བུ་མོ་ཚོས་དགའ་ཕྱོགས་གཞན་ལ་འབད་པ་དང་དཔེ་ཀློག་བྱེད་པ་ཅུང་ཙམ་ཉུང་། གཙོ་བོ་ཁོ་མོ་ཚོས་རྒྱུགས་ཀྱི་སྐོར་ལ་ལྟ་གི་ཡོད་རེད། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་ཐེབས་ཀྱི་མེད་པ་འདྲ། ཁོ་ཚོས་སློབ་ཆེན་གྱི་བསླབ་གཞིའི་སྐར་གྲངས་ལ་དེ་འདྲའི་གཙིགས་ཆེན་བྱེད་ཀྱི་མེད་པ་འདྲ།

སྨིན་དྲུག དེ་ནི་མཐོ་སློབ་བུ་མོའི་ཉམས་མྱོང་ཅན་གྱི་སྐད་ཆ་རང་རེད། ཉམས་མྱོང་ནི་ཧ་ཅང་གལ་ཆེན་པོ་ཡིན་པས། མ་འོངས་པར་སྤྱི་ཚོགས་སུ་ཞུགས་ནའང་འགྲོ་ཞོར་འདུག་ཞོར་ལ་འཇིག་རྟེན་གྱི་དོན་དག་དང་བྱ་བ་གང་ཡིན་ལ་མཉམ་འཇོག་དང་བསམ་གཞིགས་བྱས་ན་ཉམས་མྱོང་མང་པོ་གསོག་ཐུབ་ལ། དེ་ནི་རང་གི་མི་ཚེའི་གྱ་ནོམ་ལྟ་བུར་ཡང་འགྱུར་སྲིད། ང་ནི་སློབ་ཆེན་གྱི་སྒོ་ཐེམ་ཙམ་ཡང་བརྒལ་མྱོང་མེད་པས་ཁོར་ཡུག་དེ་ལ་ཆ་རྒྱུས་ཅི་ཡང་མེད།

སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།

བདེ་གསལ་ལྷ་མོ། སློས་བ་ཕྱིའི་དཔེ་ཆ་ནི་བུ་རྣམས་ཀྱིས་མང་ཙམ་བལྟ་ཐུབ་ཀྱི་འདུག  བུ་མོ་ཚོས་རྒྱུགས་གཞིའི་སྐོར་ལྟ་བ་ཅུང་ཙམ་མང་གི སྤྱི་ཚོགས་སུ་ཐོན་དུས་མི་ཐུབ་པ་ནི་སྤོབས་པ་མེད་པ་དང་སློབ་ཆེན་སྐབས་ནས་རང་གི་བྱ་བ་སྒྲུབ་པའི་ནུས་པ་མཐོར་འདེགས་བྱེད་དགོས་པའི་འདུ་ཤེས་མེད་པས་སྤྱི་ཚོགས་སུ་ཐོན་དུས་དེའི་སྐོར་ཅུང་ཙམ་ཞན།

སྨིན་དྲུག བུ་མོ་ཚོར་དཔེ་ཀློག་བྱེད་པའི་གོམས་སྲོལ་བཟང་པོ་ཆགས་ན་འཕྲལ་ཕུགས་གཉིས་ལ་ཕན། འགུལ་ཤུགས་ཆེ་བའི་ལུས་རྩལ་སྤོ་ལོ་དང་རི་འཛེགས་དང་ཆུ་རྐྱལ་དང་རྐང་ཤུད་དང་རྐང་འཁོར་འགྲན་པ་སོགས་གང་ཡིན་ལ་ཞུགས་ཏེ་གོམས་པའི་སྟོབས་སུ་སོང་བའི་དགའ་ཕྱོགས་ལ་འགྱུར་བ་བཏང་ན་དཔའ་གདེང་སྐྱེད་པ་དང་ལུས་པོ་རྒྱས་པ་སོགས་ལའང་ཕན་པ་ཡིན། ཡང་གཅིག་བྱས་ན། དགའ་ཕྱོགས་ལོབས་ཕྱོགས་མང་པོ་ཞིག་ཀྱང་ང་ཚོའི་རྒྱུད་རྒྱུ་ནས་ལྷན་སྐྱེས་སུ་མངའ་བ་ཞིག་ཡིན་མི་སྲིད། སྤྱི་ཚོགས་དང་ཁོར་ཡུག་དང་གོམས་གཤིས་སོགས་ཀྱིས་ཚད་བཀག་ལས་རམ་འདེགས་ཆེ་བ། ཕ་མ་དང་ཁྱིམ་ཚང་གིས་འགོག་རྐྱེན་ལས་རྒྱབ་སྐྱོར་ཡོད་པ། ལས་གང་ཞིག་བྱེད་རུང་གེགས་བར་ཆད་ལས་རང་དབང་གི་བར་སྟོང་ཆེ་བའི་བུ་ཚ་ཚོ་དང་འདྲ་བར། བུ་མོ་ཚོ་ལ་ཡང་གཅིག་མཚུངས་སུ་མཐུན་རྐྱེན་དེ་དག་ཚང་བ་ཡིན་ཚེ། ག་འདྲ་འབྱུང་མིན་ལ་བསམ་བློ་གཏོང་མི་དགོས་སམ།

སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།

བདེ་གསལ་ལྷ་མོ། དེ་ངས་གསལ་བོ་ཞིག་མ་ཤེས་ཐལ།

སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ་བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།

བདེ་གསལ་ལྷ་མོ། འཛིན་གྲྭའི་ནང་བུ་མོ་མང་གི རང་གི་སྐད་དང་ཡི་གེ་ལ་དགའ་བ་ནི་བུ་ཚ་ཚོ་རེད། ཁོ་ཚོར་ཡོད་པའི་རིགས་ཀྱི་འདུ་ཤེས་ནི་བུ་མོ་ཚོ་ལས་དྲག ཡིན་ན་ཡང་ཚང་མ་དེ་འདྲ་ཞིག་མ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་ནི་སློབ་གྲོགས་བུ་ཚ་ནང་ན་རང་གི་སྐད་དང་ཡི་གེ་ལ་དུང་མཁན་ལྟོས་བཅས་ཀྱིས་ཅུང་ཙམ་མང་བས་དེ་ནས་གྲོགས་པོ་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ནས་ཇེ་མང་ནས་ཇེ་མང་ལ་ཕྱིན་པ་ཡིན་ཚོད་རེད། བུ་མོ་ཚོའི་ནང་ནས་རང་གི་སྐད་དང་ཡི་གེ་ལ་དགའ་མཁན་ཅུང་ཉུང་ལ་དེ་ནས་ཕན་ཚུན་ལ་ཤུགས་རྐྱེན་ཡག་པོ་ཐེབས་སའི་ཁུངས་ཀྱང་མེད་པ་བཅས་ཀྱིས་སྤྱིའི་ཆ་ནས་ཧེ་བག་ཤོར་སོང་བ་ཡིན་གྱི་རེད་འདོད།

སྨིན་དྲུག བོད་སྐད་བོད་ཡིག་ལ་དགའ་བ་ཚོས་རང་གི་ཉེ་འཁོར་གྱི་མི་ལ་བཟང་ཤུགས་ཐེབས་ཀྱི་ཡོད་པར་འདོད་པའི་བསམ་ཚུལ་དེ་བཟང་ཡང་བཟང་ལ་དོན་དུའང་གནས་པ་ཡིན། དཔེར་ན། དགོན་པ་ཞིག་གི་བླ་མའམ་དགོན་བདག་རང་གི་སྐད་ཡིག་ལ་དགའ་ན་དེས་མཐའ་འཁོར་གྱི་ལྷ་སྡེ་མི་སྡེ་ལ་ཤན་ཞུགས་ཐེབས་ངེས་ཡིན་ལ། ཁྱིམ་ཚང་ཞིག་ནས་ཕ་མ་གང་ཡིན་རང་གི་རིག་གནས་ལ་དགའ་ན། དེས་རང་གི་བུ་རྒྱུད་ལ་བག་ཆགས་ཡག་པོ་འཇོག་ཐུབ། སློབ་གྲྭ་གང་གི་དགེ་རྒན་རང་གི་སྐད་དང་ཡི་གེ་ལ་དགའ་ན་དེ་ག་ནང་ལྟར་རང་བཞིན་གྱིས་སློབ་མར་བཟང་ཤུགས་ཐེབས་པ་ལྟ་བུའོ། །

སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།

བདེ་གསལ་ལྷ་མོ། སློབ་ཆེན་དུ་དགེ་རྒན་ལྕགས་རྒྱལ་འབུམ་གྱི་སློབ་ཁྲིད་ཀྱིས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་། དེ་ནི་རྒན་ཁོང་རང་གི་སྐད་དང་ཡི་གེར་དུང་ལ་ཆེད་ལས་ཆུ་ཚད་བཟང་བས་ཡིན་འདོད། དྲྭ་ལམ་སློབ་ཁྲིད་ནི་རྒན་གུར་མགོན་སྐྱབས་ཀྱི་དེབ་ཐེར་དཀར་པོས་ང་ལ་ཤུགས་རྐྱེན་ཐེབས་མྱོང་། ད་དུང་རྒན་ལྕགས་ཐར་གྱིས་གཏམ་བཤད་ཀྱང་མང་ཙམ་ཉན་ནས་རང་གི་སྐད་དང་ཡི་གེ་ལ་སྔོན་ལས་དུང་ཞེན་འཕེལ་དུ་བཅུག་མྱོང་།

སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།

བདེ་གསལ་ལྷ་མོ། སེམས་ཤུགས་གཅོག་པའི་དགེ་རྒན་ལ་ང་ཕྲད་མ་མྱོང་། ཡིན་ཡང་ད་ལྟའི་ཁོར་ཡུག་ཏུ་སློབ་གྲོགས་འགའ་ཞིག་གིས་བུ་མོ་ཚོས་འབུམ་རམས་པ་བཏོན་མ་བཏོན་ཡོད་མ་རེད། བུ་མོ་ཚོ་ཡར་ཐོན་དུས་ཞིབ་འཇུག་གི་ནུས་པ་ཇེ་ཞན་རེད་ཟེར་གྱིན་འདུག

སྨིན་དྲུག སྤྱིར་བུ་མོ་ཚོར་སེམས་ཤུགས་སྟེར་བ་ལས་སེམས་ཤུགས་གཅོག་པ་སྔར་བཞིན་ཡོད་མོད། དེ་འདྲའི་གནས་སྟངས་འོག་ཏུའང་གཉའ་མ་ཆག་དཔའ་མ་ཞུམ་པར་རབ་འབྱམས་པ་དང་འབུམ་རམས་པའི་ཡིག་ཚད་ལོན་པ་དང་སློབ་ར་ནས་འབུར་དུ་ཐོན་ཡོང་གི་ཡོད་པ་ངོ་མ་བཟང་ལྟས་རེད་ཡ། འདི་བཞིན་ལོ་ན་གཞོན་དུས་ནས་དགོས་པའི་ཡོན་ཏན་དང་འཚོ་བའི་ནུས་པ་སྦྱངས་ཤིང་འོངས་ན་ནི་སླད་ཕྱིན་སྤྱི་ཚོགས་སུ་རིག་གནས་རྐང་འཛིན་པ་དང་ཁྱིམ་ཚང་དུ་ཁ་མགོ་འདོན་མཁན་ཡིན་པ་རྒྱུ་འབྲས་ཀྱི་འབྲེལ་བར་འགྲོ་བ་མ་ཡིན་ནམ།

སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།

བདེ་གསལ་ལྷ་མོ། ང་རང་ད་སྔ་དེ་འདྲའི་དགེ་རྒན་ལ་ཕྲད་མ་མྱོང་། སྤྱིར་ན་འཚོ་བའི་ནང་དཀའ་ངལ་ལ་འཕྲད་དུས་དེ་སེལ་རོགས་ནི་རང་གི་སློབ་གྲོགས་བུ་མོ་ཚོ་རེད། བུ་ཚ་ཚོ་ལ་དོན་དག་འགའ་ཞིག་བཤད་ས་ཡང་མི་འགྲོ། བུ་མོ་ཚོས་བུ་མོའི་སེམས་ཁམས་རྟོགས་པ་དེ་སྐྱེས་པ་ཚོའི་ཡན་ལ་ཡན་རེད།

སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་ལ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ་སོགས་ཀྱིས་རེད།

བདེ་གསལ་ལྷ་མོ། དཀའ་ཁག་དེ་འདྲ་བ་ལ་ཕྲད་མ་མྱོང་། སློབ་ཆེན་ནང་དུ་སློབ་སྦྱོང་གི་དཀའ་ངལ་ལའང་ཕྲད་མ་མྱོང་། རྒྱུ་མཚན་སློབ་ཆེན་དུ་སློབ་སྦྱོང་གི་གནོན་ཤུགས་དེ་འདྲ་ཆེན་པོ་མི་འདུག་པས་རེད།

སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲེས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།

བདེ་གསལ་ལྷ་མོ། བུ་མོ་ཚོར་ཕྲག་དོག་ཡོད་ཀི དེ་ནི་རྒྱུད་ལས་གྲུབ་པ་ཞིག་ཨེ་ཡིན་འདོད། ཁྱིམ་ཚང་དང་ཁོར་ཡུག་གིས་བསྐྱེད་པ་ཞིག་ཀྱང་མིན་པར་འདོད།

སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།

བདེ་གསལ་ལྷ་མོ། དཔེ་མཛོད་ཁང་དུ་མ་གཞི་ནས་བོད་ཡིག་གི་དཔེ་ཆ་ཉུང་ཉུང་ལས་མེད་མོད། བོད་ཡིག་ལྟ་ཀློག་བྱེད་སའི་དཔེ་མཛོད་ཁང་གིས་བོད་ཡིག་གི་དཔེ་ཆ་གཡར་ཆོག་པ་ཞིག་བཟོས་ན་ཡག་པོ་རེད་སྙམ།

སྨིན་དྲུག ཚུལ་དེ་སློབ་ཆེན་གཞན་པའི་བུ་མོ་རེ་གཉིས་ཀྱིས་ཀྱང་གླེང་འདུག བདེན་པ་རེད། སློབ་ཆེན་གྱི་དཔེ་མཛོད་ཁང་དུ་དཔེ་ཆ་མང་པོ་མེད་ན་སློབ་མའི་རྟོགས་པ་ཇི་ལྟར་རྒྱས། ང་ཚོའི་རོང་འབྲོག་གི་ཁྱིམ་ཚང་ཕལ་མོ་ཆེས་རང་གི་བུ་ཕྲུག་ལ་བསླབ་གཞི་མ་ཡིན་པའི་བསླབ་ཕྱིའི་དེབ་མང་པོ་ཉོ་བའི་གོམས་སྲོལ་ཧ་ལམ་མེད་པའི་ཁར་དེབ་ཡག་གྲས་ཉོ་བའི་ཤེས་བྱ་ཡང་དབེན་པས་སློབ་མ་ཚོར་དེབ་ཀྱིས་དབུལ་ན་དོན་དུ་ཤེས་བྱས་དབུལ་བ་ཡིན། ཤེས་བྱས་དབུལ་ན་ནི། བསམ་གཞིགས་གཏོང་སྟངས་དང་ལེགས་ཉེས་བླང་དོར། གཙོ་ཕལ་གྱི་དབྱེ་བ་འབྱེད་ཚུལ། མི་ཚེའི་འདུན་མ་དང་འཚོལ་སྙེག་སོགས་གང་གིས་ཐད་ནས་གླེང་རུང་ཁ་ཕྱོགས་རྨོངས་འགྲོ་བར་དོགས་པ་ཅི། ད་དུང་། སློབ་ཆེན་སློབ་མ་ནི་རང་གི་རྨོངས་པ་རང་གིས་སེལ་བ་དང་རང་གི་སྒལ་ཚིགས་རང་གིས་ཇེ་སྲ་རུ་གཏོང་བའི་ན་སོ་ལ་སླེབས་ཡོད་ལ་དུས་ཚོད་ཀྱང་གང་འཚམ་ཡོད་པ་ཞིག་ཡིན་ན། སློབ་མར་དོན་དམ་དུ་ཤ་ཚ་ཞིང་འགན་ཁུར་ན་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་སློབ་མའི་རིག་པ་རྒྱས་བྱེད་བློ་ཁ་འབྱེད་བྱེད་བློ་སྐྱེད་འབྱུང་བྱེད་ཀྱི་དེབ་ཀྱིས་བྱུར་བུ་གཏམས་ན་འགྲིག མ་རྩ་འཇོག་པ་ཀུན་ལས་ཆེས་མཆོག་ཏུ་གྱུར་བའི་མ་རྩ་ནི་སློབ་གསོ་ཡིན་པ་འབྲེལ་ཡོད་རྣམ་པས་ལོས་མཁྱེན།

སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།

བདེ་གསལ་ལྷ་མོ། ང་ལ་དེ་འདྲའི་དོན་བཟང་ཞིག་བཤད་རྒྱུ་མེད་མོད། ངས་ཆེས་བརྗེད་དཀའ་བའི་དོན་དག་ནི་རང་གི་ཆེས་ཐོག་མའི་བརྩེ་དུང་དེ་རེད། དེས་ང་ལ་དགའ་སྐྱོ་ཆགས་སྡང་མང་པོ་ཞིག་སྟེར་མྱོང་ལ། ང་རང་ཚད་ངེས་ཅན་ཞིག་གི་སྟེང་ནས་ནར་ཡང་སོན་དུ་བཅུག

སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།

བདེ་གསལ་ལྷ་མོ། སློབ་ཆེན་འགྲིམ་དུས་དགེ་རྒན་གངས་སྒྲོན་གྱིས་ནམ་རྒྱུན་བུ་མོ་ཚོར་ཨེ་ཛི་སྐོར་བཤད་པས་དེ་ལ་དོ་སྣང་ཆེན་པོ་བྱས་མྱོང་། ད་ལྟ་བལྟས་ན། ཤེས་བྱ་ཡོན་ཏན་གལ་ཆེ་ལ་བདེ་ཐང་ཡང་དེ་ལས་མ་ཞན་པ་ཞིག་ཡིན་པས་ང་ཚོས་བདེ་ཐང་སྐོར་ལའང་དོ་སྣང་ཆེན་པོ་བྱེད་དགོས་པར་འདུགསེམས་ཆུང་མ་བྱས་ནས་ཕྲུ་གུ་འཁོར་རྗེས་མཇུག་འབྲས་དེ་ཕལ་ཆེ་བ་བུ་མོ་རང་གིས་འཁུར་གི་ཡོད་པ་འདྲ།

སྨིན་དྲུག བོད་ཀྱི་སློབ་གྲྭ་རུའང་བུ་མོ་ཚོའི་བདེ་སྡུག་ལ་དོ་སྣང་བྱེད་པའི་སྐྱེས་མ་དགེ་རྒན་སྐོར་ཞིག་ཡོད་རེད། དཔེར་ན། ནུབ་བྱང་གི་དགེ་རྒན་དཔལ་མོ་དང་། རྩོམ་པ་པོའམ་དགེ་རྒན་འཆི་མེད། ལྷོ་ནུབ་ཀྱི་དགེ་རྒན་པདྨ་མཚོ། ཡུལ་ཤུལ་དུ་དགེ་རྒན་བྱེད་པའི་རྩོམ་པ་པོ་ཚེ་སྒྲོན་སྐྱིད། ད་དུང་ཁྱེད་ཀྱི་དགེ་རྒན་གངས་སྒྲོན་ལྟ་བུ་སོགས་ཏེ་ངས་མི་ཤེས་པའི་དགེ་རྒན་ཡང་མང་པོ་ཡོད་ངེས།

སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།

བདེ་གསལ་ལྷ་མོ། ཞིབ་འཇུག་འདོན་གྱིན་ཡོད། བུ་མོ་ཚོ་རང་མགོ་ཐོན་ཞིང་རང་རྐྱ་འཕེར་དགོས་པ་དེ་ངས་གསལ་བོར་ཤེས་ཡོད། རང་གིས་འབད་པ་བྱས་ནས་རང་ཁ་སོས་ཤིང་གཞན་བརྟེན་མི་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་། དཔལ་འབྱོར་དང་བསམ་བློ་གཉིས་ཀ་ཁེར་ཚུགས་ཡིན་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་པར་འདོད།

སྨིན་དྲུག ཏག་ཏག་རེད། རང་མགོ་ཐོན་ཞིང་རང་ས་ཟིན་དགོས་པའི་གནས་ལུགས་ཆ་ཚང་ཁྱེད་ཀྱིས་རྟོགས་འདུག ད་ནི་མ་འོངས་འཚོ་བའི་ཁྲོད་ནས་ལག་བསྟར་ཐུབ་རྒྱུ་དེ་རེད།

སྨིན་དྲུག རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།

བདེ་གསལ་ལྷ་མོ། ང་རང་དགེ་རྒན་ཞིག་བྱེད་ན་འདོད། རྒྱུ་མཚན་དེ་ནི་མི་ཚེ་གང་བོར་ཤེས་བྱ་རིག་གནས་ཀྱི་བྱ་བ་གཉེར་བའི་ལས་ཀ་ཞིག་ཡིན་པས་ན་ང་རང་ཧ་ཅང་དགའ་བོ་ཡོད། མ་འོངས་པའི་ཁྱོ་ག་ཡང་རིག་གནས་ཡོན་ཏན་ལ་དགའ་ནི་ཞིག་ཡིན་དགོས་ལ། ཕན་ཚུན་བར་བློ་བརྟན་ལ་བསམ་ཤེས་བྱེད་དགོས། ཆེས་གལ་ཆེ་བ་ནི་ཕན་ཚུན་གྱི་རང་དབང་དང་དགའ་ཕྱོགས་ལ་ཐེ་གཏོགས་མི་བྱེད་པའི་འཆམ་མཐུན་ཅན་གྱི་ཁྱིམ་ཚང་ཞིག་ཡིན་དགོས།

སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།

བདེ་གསལ་ལྷ་མོ། ང་ལ་ཁྱིམ་ཚང་དང་བྱིས་པ་གཉིས་ཀ་ཡོད་པའི་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་ཡོད་ན་འདོད་པས་མི་ཚད། རང་ལ་དབང་བའི་ལས་ཀ་ཡང་དགོས། ད་དུང་རང་གི་བསམ་བློ་སྒེར་ཚུགས་དང་། དཔལ་འབྱོར་སྒེར་ཚུགས་ཐུབ་པ་ཞིག་ཀྱང་བྱེད་འདོད། དེ་མིན། མ་འོངས་པར་རང་གི་བུ་ཕྲུག་ལ་བོད་སྐད་བོད་ཡིག་ཡག་པོ་ཤེས་སུ་འཇུག་རྒྱུ་དེ་ནི་ངའི་མི་ཚེ་འདིའི་དམ་བཅའ་ཞིག་ཀྱང་ཡིན།

སྨིན་དྲུག སྤྱི་ཚོགས་ཀྱིས་ང་ལ་བཞག་པའི་བག་ཆགས་ནི། སློབ་ཆེན་བུ་མོ་ཚོ་ནི་ཧ་ལམ་རང་སྐད་རང་ཡིག་ལ་མི་དགའ་བ་ཞིག་ཡིན་འདོད་པ་དེའོ། །ད་ཐེངས་ངས་མཐོ་སློབ་བུ་མོ་སྐོར་ཞིག་ལ་ཁ་བརྡ་བྱས་པའི་ཁྲོད་དུ་རང་ཉིད་རང་གི་སྐད་ལ་དགའ་བས་མི་ཚད་འབྱུང་འགྱུར་གྱི་ཁྱོ་གའང་དེ་ལ་དགའ་མཁན་ཞིག་ཡིན་ན་བསམ་པ། ད་དུང་རང་གི་བུ་ཕྲུག་ལ་བོད་སྐད་བོད་ཡིག་སློབ་འདོད་པ་བཅས་ཀྱི་དྲན་ཚུལ་དེས་ང་རང་མགོ་ཡུ་འཁོར་དུ་བཅུག ངས་བསམ་གཟས་རང་གི་རིག་གནས་ཀྱི་འདུ་ཤེས་ཡོད་མཁན་ཏག་ཏག་བདམས་པ་ག་ལ་ཡིན། ཁྱེད་ཅག་ཁྲོད་ཀྱི་གཉིས་མ་གཏོགས་ངས་ངོ་ཡང་ཤེས་ཀྱི་མེད(ངའི་བུ་མོ་ཐེ་ན་གསུམ་རེད)། ད་ནི་བུ་མོ་ཚོ་རང་གི་སྐད་དང་ཡི་གེ་ལ་དགའ་མིན་དེ་ལོ་རྒྱུས་ཀྱི་ཆུ་རྒྱུན་དང་དུས་ཚོད་ཀྱི་འཁོར་བགྲོད་བར་ནས་བདེན་དཔང་བྱེད་རྒྱུ་རེད།

སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།

བདེ་གསལ་ལྷ་མོ། རང་གི་སེམས་ནང་གི་བཟའ་ཟླ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ནི། བོད་སྐད་བོད་ཡིག་ཤེས་པས་མི་ཚད་རིགས་ཀྱི་འདུ་ཤེས་ཡོད་པ་ཞིག་ཅིས་ཀྱང་ཡིན་དགོས། རྒྱུ་འབྱོར་བ་དང་ལག་ལས་ཀ་ནི་ཧ་ཅང་ཐབས་ཆག་ཅིག་མིན་ན་དེས་ཆོག མི་གཞི་ཀུན་སྤྱོད་ནི་གཙོ་བོའི་ནང་གི་ཡང་གཙོ་ཡིན།

སྨིན་དྲུག སྨན་མཛངས་མ་ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པར་ཤོག བྱ་བ་ལམ་འགྲོ་ཡོང་བར་ཤོག

སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།

བདེ་གསལ་ལྷ་མོ། དེར་བློ་ཕམ་ཡོད་དང་ཡོད་ངེས་རེད། ང་རང་དེ་འདྲ་ཞིག་ཏུ་གཏན་ནས་ལོག་མི་འདོད། ང་ལ་ཁྱིམ་ཚང་གཅིག་པུ་མ་ཡིན་པའི་རང་གི་དགའ་ཕྱོགས་ཡོད་ལ། ཁྱིམ་ཚང་དང་ཁྱོ་ག་ལས་གཞན་པའི་གྲོགས་པོ་གྲོགས་མོ་མང་པོ་ཞིག་ཀྱང་ཡོད་དགོས། རང་གི་སེམས་ཤུགས་དེ་ཕྱོགས་མང་ཙམ་ལ་བགོ་དགོས། དེ་འདྲ་ཡིན་ཚེ་གལ་ཏེ་ནམ་ཞིག་ལ་ཁྱིམ་བཟའ་ཚང་མ་འགྲིག་ནའང་རང་ལ་གནམ་བརྡིབས་པ་ལྟ་བུའི་སྡུག་བསྔལ་ཡོང་མི་སྲིད། རྒྱུ་མཚན་ད་རུང་རང་ལ་སེམས་གཏད་ས་གཞན་ཡང་ཡོད་པས་ཡིན། ང་རང་ཕ་མའི་བུ་མོ་དང་། བུ་ཕྲུག་གི་ཨ་མ། ཁྱོ་གའི་ཆུང་མ་ཡིན་པ་བདེན་མོད་ཀྱང་། དེ་ལས་ལྷག་པའི་རང་ཉིད་འབོར་མི་ཉན་པ་དེ་ངའི་རྩ་དོན་ཡིན།

སྨིན་དྲུག དེ་ཡང་ཧ་ཅང་མད་དོ། །ཡོད་ཚད་ཁྱོ་ག་ལ་སྐྱབས་བཅོལ་སྐྱིད་རེ་ན་ཁོ་ལའང་གནོན་ཤུགས་ཆེ། དེ་ལས་སྐྱེས་མ་ཚོས་ཀྱང་རང་ཉིད་དགའ་བའི་ལས་དོན་ལ་གཞོལ་ཏེ་མི་ཚེ་དོན་དང་ལྡན་པ་རང་ལ་བར་སྟོང་ཡོད་པའི་འཚོ་བ་ཕུན་ཚོགས་ཁ་ཚང་ཞིག་རོལ་ན་སེམས་ཁ་གང་ཞིང་སེམས་ཁམས་ཡང་བས་བཟའ་ཚང་འགྲིག་མཐུན་ཡོང་བའི་གྲོགས་དན་དུའང་ཤར་རོ། །

སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།

བདེ་གསལ་ལྷ་མོ། གལ་ཏེ་བཙལ་བའི་དབང་དུ་བཏང་ཡང་། ངས་དེ་ལ་དང་དོད་ཆེན་པོ་བྱེད་གི་མིན། ཁོས་ང་སྣང་མེད་དུ་བསྐྱུར་ནས་དེ་འདྲ་བྱས་ན་ངས་ལྷག་ཏུ་རང་གི་སྤུས་ཚད་མཐོར་འདེགས་བཏང་སྟེ། ཕྱི་ནང་གཉིས་ནས་ཡར་ཐོན་ཡོང་བར་འབད་རྒྱུ་ལས། འཁང་ར་དང་འཛིང་རེས་ཁྲོད་དུ་མི་ཚེ་ཟད་དུ་འཇུག་མི་བསམ།

སྨིན་དྲུག ཧ་གོ་སོང་རིགས་ཀྱི་བུ་མོ། ལགས་སོ། །མཇུག་སྡུད་པའི་སྐད་ཆ་ནི། ལར་མི་སུ་ཞིག་ཡིན་རུང་མ་མཐའ་ཡང་རང་ཉིད་འཚོ་སའི་ཁོར་ཡུག་ཏུ་འདྲ་མཉམ་འབྱུང་གི་ཡོད་མེད་ཤེས་ན་འགྲིག་ལ། ལྷག་ཏུ་རང་རེའི་མཐོ་སློབ་བམ་དེ་ལས་སློབ་གསོའི་རིམ་པ་མཐོ་བ་རྣམས་ལ་ནི། མི་རིགས་ཀྱི་ཐོབ་ཐང་དང་མི་སྒེར་གྱི་རྩིས་ཐང་གི་འདུ་ཤེས་ཡོད་དགོས་པ་གཞིར་བཞག་ཐོག དེ་དང་འབྲེལ་ཡོད་ཀྱི་རང་དབང་དང་ཐོབ་ཐང་ཡོད་དོ་ཅོག་ལ་མི་རྨོངས་པ་ཞིག་ངེས་པར་དུ་ཡིན་དགོས་སྙམ། དེ་འདྲ་མིན་ཚེ་རང་ལ་ལྷན་སྐྱེས་སུ་མངའ་བའི་ཐོབ་ཐང་མང་པོ་ཤོར་འགྲོ་བ་ཡིན་ལ། ཐོབ་ཐང་གི་གོ་དོན་ཙམ་ཡང་མ་ཤེས་ཚེ་གཞན་གྱི་འཕྱ་སྨོད་བྱེད་ཡུལ་དུའང་འགྱུར་ངེས། དེ་ཡང་། ད་ལོའི་ལོ་མགོ་ཙམ་ལ། ཉི་ཧོང་གི་སྤྱི་ཚོགས་རིག་པ་དང་མོ་ཐོབ་དོན་གཉེར་པ་སྟེ་མཁས་པ་ཝེ་ནོ་ཆི་ཟེ་ཀོ(上野千鹤子 <<厌女>> ཞེས་པའི་དེབ་རྩོམ་མཁན་ཡང་མོ་རང་ཡིན) དང་། པེ་ཅིན་སློབ་ཆེན་གྱི་མཛངས་མ་གསུམ་གྱིས་དྲ་སྒང་ནས་སྐྱེས་མའི་ཐོབ་ཐང་སྐོར་གླེང་རྗེས་སུ་རེ་ཞིག་ཚ་ཚ་འུར་འུར་དུ་སོང་བ་དོ་སྣང་ཅན་ཚོས་ཤེས་ཡོད་ན་ཐང་། མཛངས་མ་དེ་ཚོར་ཁ་རྡུང་གཏོང་བ་དང་འཕྱ་སྨོད་བྱེད་པ་གཙོ་བོ་ནི་སྐྱེས་མའི་ཐོབ་ཐང་གི་ཤེས་བྱ་དབེན་པས་ཁོ་ཚོའི་རྣ་བརྫད་ཅིང་མཚན་སྙན་བརླགས་སོང་འདོད་པས་ཡིན་པར་སེམས། ཡིན་ཡང་རང་གིས་བལྟས་ན། དེ་ཚོས་ཐོབ་ཐང་མ་ཤེས་ཏེ་བླུན་རྟགས་ཆེན་པོ་བསྟན་པ་ཞིག་ཏུ་མ་མཐོང་མོད། གནད་འགག་ཁོ་ཅག་གི་ཁྱིམ་གཞི་ཆེན་པོའི་འདུ་ཤེས་དང་བུ་ཕྲུག་ནི་ཕ་མའི་རྒྱུ་ནོར་དུ་འདོད་པའི་བག་ཆགས་དང་བུ་མོ་དེ་ཚོའི་མི་སྒེར་གྱི་འདུ་ཤེས་བར་གྱི་འགལ་ཟླ་ཨེ་ཡིན་འདོད། སྤྱིར་ཡང་རྩོད་རྙོག་གང་རིགས་བྱུང་དུས། དེ་ལ་རྩོད་གཞི་ཆེ་བ་མདུད་པ་མི་གྲོལ་བ་ཞིག་ཧ་ལམ་མི་དགོས་པར། གང་དེར་འཚོ་བའི་མིའི་བག་ཆགས་སུ་སིམ་པའི་འདུ་ཤེས་ལ་ཕོག་ཐུག་ཕྲ་མོ་རེ་སོང་ཚེ། བླུན་པོའི་རིགས་ནི་གྱང་ཁའི་རྩྭ་བཞིན་དེའི་རྗེས་སུ་སྙེག་པ་ཆོས་ཉིད་ཡིན། མཚན་སྙན་འབར་བའི་པེ་ཅིན་སློབ་ཆེན་དུ་སློབ་གཉེར་བྱེད་མཁན་ཡིན་ལ། སློབ་གསོ་ཐོབ་ཚད་མཐོ་ཞིང་ཤེས་བྱ་ཡོན་ཏན་ལྡན་པར་བརྟེན་སྡེ་རྒྱ་མོ་ཚོར་སྐད་བརྡའི་དབང་ཆ་ཡང་གང་འཚམ་ཡོད་མུས་ཡིན་རུང་ཐོབ་ཐང་གི་ཤེས་བྱ་ཞན་པ་རྐྱེན་བྱས་ནས་སྐྱེས་པ་སྐོར་ཞིག་གིས་གཙོས་པའི་དྲ་འབུ་དག་གི་རྩེད་སྤྱད་དུ་གྱུར་ན། སྙིང་རྗེ། མ་གཞི་ཁ་སྟབས་ཞན་ལ་ཁ་ཕྱོགས་རྨོངས་པའི་རང་རེ་ཚོ་ནི་བཤད་ཀྱང་ཅི་དགོས། ང་ཚོ་དེ་བས་མགོ་མི་ཁྱོགས་པའི་གནས་སུ་ལྷུང་བར་ཐེ་ཚོམ་སྤུ་ཉག་ཙམ་ཡང་སྐྱེ་མི་དགོས་ཞེས་པ་དེའོ།།

མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། རང་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན།

                                                                                                                                                                                                                                                                                                                                                    2023/07/11/ཉིན་གྲུབ།

འཕྲིན་སྟེགས་འདི་ནི་གཙོ་བོ།
      མི་མོའི་སྐྱིད་སྡུག མི་སྐྱའི་སློབ་གསོ། འཚོ་བའི་རང་མདངས། ཕོ་མོའི་བརྩེ་དུང་།
     སྤྱི་ཚོགས་ཤེས་བྱ། མི་ཚེའི་བྱུང་བ། ལེགས་རྩོམ་འོས་སྦྱོར་བཅས་ས་བཅད་བདུན་ལས་གྲུབ་པ་ཞིག་ཡིན།  

མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།  ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ལྔ་པ། མཚོ་ལྷོ་རྡོ་རྗེ་སྒྲོལ་མ།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3722