བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།

ངའི་མིང་ལ་རྡོ་རྗེ་སྒྲོལ་མ་ཟེར། ཕ་ཡུལ་ཨ་མདོའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ཀྱི་འབྲོག་ཅིག་ནས་ཡིན། ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་ན་བོད་ཀྱི་སྐད་ཡིག་རྩོམ་རིག་གི་དགེ་ཐོན་གྱི་ཆེད་ལས་སློབ་བཞིན་ཡོད་ཅིང་ལོ་རིམ་གསུམ་པར་སླེབས་ཡོད།

སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།

རྡོ་རྗེ་སྒྲོལ་མ། སློབ་ཆེན་སློབ་མར་ལྟོས་བཅས་སུ་རང་དབང་ཡོད་རེད། འོ་ན་རང་གིས་སློབ་ཁྲིད་ཕན་ཆད་ཀྱི་དུས་ཚོད་ཇི་ལྟར་གཏོང་གི་ཡོད་ཅེ་ན། སློབ་ཆེན་གྱི་སློབ་གསེང་གི་དུས་ཚོད་དཔེ་ཀློག་ལ་གཞོལ་ཁུལ་བྱེད་ཀྱི་ཡོད། ང་ནི་སྤྱིར་ཡང་སློབ་སྦྱོང་ལ་རང་འགུལ་བྱེད་མཁན་ཞིག་ཡིན་པས་ན། ད་ལྟའི་བར་དུ་ཕ་མ་དང་དགེ་རྒན་གྱིས་ལྟ་རྟོག་བྱེད་དགོས་པ་མ་བྱུང་། དཔེ་ཀློག་བྱེད་པར་མ་ཟད། གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ་ལྟ་བུར་ཞུགས་ཏེ་དབྱར་དགུན་གནང་གི་སྐབས་སུ་གཞི་རིམ་དུ་སྐྱོད་ཀྱི་ཡོད་ལ། གངས་ལྷ་མེ་ཏོག་བློར་འཛིན་འཛིན་གྲྭར་ཞུགས་ཏེ་ཞོགས་པར་སྔ་ལངས་ཀྱིས་བློར་འཛིན་པ་ལྟ་བུ་དང་། ཡང་སློབ་སྐབས་རེའི་དཔེ་ཀློག་དཔྱད་གླེང་འགྲན་སྡུར་དང་སློབ་སྐབས་འགར་དགེ་ཐོན་ཆེད་ལས་ཀྱི་སློབ་ཁྲིད་འགྲན་སྡུར་ལའང་ཞུགས་པ་ཡིན། དེ་མིན་གཟའ་མཇུག་ཏུ། ཕྱོགས་ཡར་མར་ལ་ལྟ་སྐོར་དུ་འགྲོ་རྒྱུར་ཡང་ང་རང་དགའ་བོ་ཡོད། དགའ་ཕྱོགས་མང་ཡང་གཙོ་བོ། སློབ་ཆེན་དུ་སླེབས་རྗེས། རང་དབང་གི་དུས་ཚོད་མང་ཆེ་ཤས་ནི་སློབ་སྦྱོང་གི་ཕྱོགས་སུ་གཏོང་གི་ཡོད་པ་དེའོ། །

སྨིན་དྲུག རང་འགུལ་གྱིས་བྱེད་སྒོ་གང་རིགས་ལ་ཞུགས་ནས་རང་གི་ནུས་པ་སྔོག་འདོན་དང་བློ་ཁོག་བསྐྱེད་པ་དེ་ཧ་ཅང་བཟང་། བུ་མོ་སྐོར་ཞིག་ཉལ་ཁང་དུ་འཛུལ་ནས་ཁ་པར་ལས་བརྙན་འཕྲིན་དང་མེ་ལོང་ལས་བྱད་གཟུགས་ལ་ལྟ་བ་ཁོ་ནར་མགོ་འཁོར་བ་བདེན་ན། དེ་ལས་བྱེད་སྒོ་གང་ཡིན་ཏེ་རི་འཛེགས་དང་ཆུ་རྐྱལ་དང་རྐང་ཤུད་དང་དར་ཤུད་ལ་སོགས་པར་སྤོབས་པ་ཆེན་པོས་ཞུགས་ན་སེམས་ཁམས་དང་ལུས་ཁམས་གཉིས་ལ་ཕན་པ་ངེས་ཅན་ཡིན། ཚུལ་དེ་ལེའུ་གསུམ་པ་སྟེ་ལ་སྟོད་ཚེ་རིང་ངེད་གཉིས་ཀྱི་ཁ་བརྡའི་ནང་དུ་ཅུང་ཟད་གླེང་ཡོད་པས་བསྐྱར་གླེང་མི་བྱའོ།།

སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།

རྡོ་རྗེ་སྒྲོལ་མ། བུ་མོ་ཚང་མ་དེ་འདྲ་ཞིག་ཡིན་པས་མ་ཁྱབ་སྟེ། མ་མཐའ་ཡང་ངེད་བོད་རིག་པའི་སློབ་གླིང་གི་སློབ་གྲོགས་ཚོ་དེ་འདྲ་ཞིག་མ་རེད། རང་གི་ངོས་ནས་ཀྱང་། གདོང་ལ་མཛེས་བཟོ་གང་འཚམ་རེ་བྱེད་ཀྱི་ཡོད་ནའང་། ཆེད་དུ་དེའི་སྟེང་དུས་ཚོད་མང་པོ་བཀོལ་མྱོང་མེད་ལ། སློབ་ཆེན་དུ་སླེབས་པ་ནས་ད་ལྟའི་བར་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་གཅིག་ལའང་བལྟས་མ་མྱོང་། ལོ་ཉི་ཤུའི་ལང་ཚོའི་ནང་ལ་ཞེ་སྣང་བ་མཐུན་སའམ་ཡིད་ཀྱི་སྨོན་པ་འཆོར་སའི་སློབ་གྲོགས་ལ་ཕྲད་མྱོང་མོད། ཡིན་ཡང་བརྩེ་དུང་གི་བདེ་བ་ཉི་ཚེ་བ་གཅིག་པུར་མགོ་འཁོར་ནས་སློབ་སྦྱོང་འཐུས་ཤོར་དུ་བཏང་བ་བྱུང་མྱོང་མེད།

སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།

རྡོ་རྗེ་སྒྲོལ་མ། བུ་བུ་མོ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། གཤིས་ཀ་དང་། བསམ་གཞིགས་གཏོང་སྟངས། བྱ་བ་སྒྲུབ་སྟངས་སོགས་ཀྱི་ཆ་ནས་ཅུང་མི་འདྲ་བར་འདོད། སྤྱིར་བཏང་སྐྱེས་པ་ཚོ་གནས་ལུགས་ལ་བརྩི་འཇོག་བྱེད་རྒྱུར་དགའ་བ་འདྲ་ལ། བུ་མོ་ཚོ་ནི་ནང་སེམས་ཁམས་ཀྱི་ཕྱོགས་ལ་དང་དོད་བྱེད་རྒྱུར་དགའ་བར་སྙམ། ཕོ་མོ་གཉིས་ཀའི་གཤིས་ཀར་ཁྱད་པར་ཡོད་པ་ལུས་ཁམས་མི་འདྲ་བ་ལས་བསྐྱེད་པ་ཡིན་སྲིད་ལ། གཙོ་བོ་ཆུང་དུས་ཀྱི་འཚར་ལོངས་འབྱུང་སའི་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་རེད་སྙམ།

སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།

རྡོ་རྗེ་སྒྲོལ་མ། ངའི་བསམ་ཚོད་ལ། རྒྱ་ཡིག་གི་བསླབ་གཞི་དག་ལ་སློབ་གྲོགས་བུ་མོ་ཚོ་བཟང་བར་འདོད། སྤྱིའི་ཆ་ནས་ཀྱང་རྒྱུགས་སྐར་གྱི་ཐད་དུ་བུ་མོ་ཚོ་བཟང་། དེ་ལྟ་ནའང་སློབ་གྲོགས་བུ་ཚོར་གནོན་ཤུགས་ཡོད་པ་ཚོར་མ་བྱུང་།

སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།

རྡོ་རྗེ་སྒྲོལ་མ། དཔེ་ཀློག་བྱེད་མཁན་བུ་ཚོ་མང་རྒྱུ་རེད་ཅེས་ངས་ཁ་ཚོན་གཅོད་ཐུབ། ཆེད་ལས་གཅིག་འདྲ་ཡིན་དུས། དཔེ་ཀློག་གི་ཁ་ཕྱོགས་ནི་ཕལ་ཆེར་འདྲ་བོ་འདུག་ནའང་། རང་གི་སྐད་ཡིག་གི་དེབ་ལ་ལྟ་མཁན་ང་ཚོ་ལས་བུ་ཚ་ཚོ་ཧ་ཅང་མང་རྒྱུ་རེད་སྙམ།

སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།

རྡོ་རྗེ་སྒྲོལ་མ། ཕོ་མོ་གཉིས་ཀའི་ཆེད་ལས་འདེམས་སྟངས་ལ་ཁྱད་པར་འདུག་མིན་ངས་གསལ་བོ་མི་ཤེས་ལགས།

སྨིན་དྲུག ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།

རྡོ་རྗེ་སྒྲོལ་མ། དེ་ཕལ་ཆེར་བུ་ཚོ་ཡིན་རྒྱུ་རེད། རྒྱུ་མཚན་སྐྱེ་ཁམས་ཀྱི་ངོས་ཐད་ནས་རྒྱུད་རྒྱུ་དང་འབྲེལ་བ་ཡོད་ཀྱང་སྲིད་མོད། གཙོ་བོ་བོད་ཀྱི་སྲོལ་རྒྱུན་གྱི་ལས་བགོ་དབྱེ་སྟངས་དང་ཡང་འབྲེལ་བ་ཡོད་སྙམ་ལ། ཁྱོ་བོ་གཡུལ་དུ་ཞུགས་པས་ཕ་མེས་ཀྱི་སྲོལ་འཛིན། མོ་བཙུན་གཞིས་ལ་བཀུག་པས་ཁྱོ་བོའི་ལས་བྱེད། ཅེས་གནའ་ནས་བཟུང་། སྐྱེས་མ་རྣམས་ཀྱི་གཡོལ་དུ་མེད་པའི་ལས་ཀ་ནི་ཁྱོ་བོའི་རྒྱབ་ནས་སྐྱོར་རྒྱུ་དེ་ཡིན་པ་མ་གཏོགས། རང་ཉིད་ཆོས་གྲྭར་འགྲིམས་པའམ། སྲིད་ཀྱི་གར་སྟེགས་ལ་འབུད་རྒྱུའི་གོ་སྐབས་ནི་ཁྲི་མ་ལོད་ལྟ་བུ་རེ་མ་གཏོགས་མེད་པ་ཡང་། མི་རིགས་ཤིག་གི་རིག་གནས་ལོ་རྒྱུས་སམ་སྲོལ་རྒྱུན་ཞིག་གིས་བསྐྱེད་པ་རེད་སྙམ།

སྨིན་དྲུག སྐྱེས་མ་རྣམས་ཀྱི་གཡོལ་དུ་མེད་པའི་ལས་ཀ་ནི་ཁྱོ་བོའི་རྒྱབ་ནས་སྐྱོར་རྒྱུ་དེ…… ཞེས་པའི་ཁྱེད་ཀྱི་ལྟ་ཚུལ་དང་། ཆུང་མའི་བྱ་གཞག་ནི་ཁྱོ་གར་སྲི་ཞུ་སྒྲུབ་རྒྱུ་དེ་ཡིན་ཞེས་པ་གཉིས་མ་གྲོས་གཅིག་ལ་བབས་སོང་། དེ་ཡང་འུ་ཅག་ཐུན་མོང་གི་ཉམས་མྱོང་ལས་བྱུང་བའི་མི་སྒེར་གྱི་ལྟ་ཚུལ་ཞིག་ཡིན་སྲིད།

སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།

རྡོ་རྗེ་སྒྲོལ་མ། ངའི་དགེ་རྒན་འགྱུར་མེད་ལགས་ནི་ལ་རྒྱ་ཆེ་ཞིང་སློབ་ཁྲིད་ཀྱི་ལས་ཀ་གཙིགས་སུ་འཛིན་མཁན། རིག་གནས་ཀྱི་ལས་ཀ་རྐྱང་རྐྱང་ལ་དགའ་མཁན་ཞིག་ཡིན་པས། ང་རང་གི་མིག་དཔེ་ལྟ་སའང་ཁོང་ཡིན། ཁོང་གིས། ང་ཚོས་རིག་གནས་འདི་མ་བརླགས་ན། རིག་གནས་འདིས་ང་ཚོ་བརླག་མི་སྲིད་ཅེས་གསུངས་མྱོང་། དེ་མིན། དཔེ་དེབ་ལས་ང་ཕྱི་གླིང་གི་སྐྱེས་མ་རྩོམ་པ་པོའི་བརྩམས་སྒྲུང་རིང་གྲས་རིགས་ཀློག་རྒྱུར་དགའ། དེ་དག་ལས་དཔེ་ཀློག་དང་བསམ་གཞིགས་ལ་དགའ་བའི་སྐྱེས་མ་དག་གི་རིན་ཐང་དང་མཛེས་དཔྱོད་གང་འཚམ་ཡང་རྟོགས་ཐུབ།

སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།

རྡོ་རྗེ་སྒྲོལ་མ། རང་གི་རིག་གནས་སྦྱོང་བའི་གོ་རིམ་ཁྲོད་དུ། ངས་དེ་འདྲའི་བསམ་བློའམ་ཕོ་མཆོག་མོ་དམན་གྱི་ལྟ་བ་ཞིག་འདུག་པ་ཚོར་སོང་མོད། ཡིན་ཡང་རང་གི་དགེ་རྒན་དང་སློབ་གྲོགས་རྣམས་ནས་དེ་འདྲའི་ཁྱད་གསོད་དང་མཐོང་ཆུང་གི་སྐད་ཆ་བཤད་པ་ངས་གོ་མྱོང་མེད།

སྨིན་དྲུག ཁྱེད་རང་སྟབས་ཡག འུ་ཅག་ཁྲོད་དུ་ཐོབ་ཐང་གི་འདུ་ཤེས་ཞན་པས་ཡིན་ནམ། ཚོར་ཤེས་རྟུལ་བས་ཡིན་ནམ། གོམས་སྟོབས་ཀྱི་དབང་དུ་ཤོར་བས་ཡིན་ནམ། བག་ཆགས་མཐུག་པས་ཡིན་ནམ། གང་ལྟར་མང་པོ་ཞིག་གིས་ལུས་རྟེན་སྐྱེས་མ་ཡིན་པ་རྐྱེན་བྱས་ནས་རང་ལ་མཐོང་ཆུང་དང་ཁྱད་གསོད་དང་དམའ་འབེབས་དང་ཟུར་ཟ་སོགས་བྱེད་པ་གཏན་ནས་ཚོར་གྱི་མེད། (བསམ་གཟས་མིན་རུང་། སྲོལ་གྱི་དབང་དུ་ཤོར་ནས་སྐྱེས་མ་ལ་སྨད་ཚིག་སྤྱོད་རྒྱུ་ཁ་ལ་འབྱར་ཡོད་མཁན་གང་མང་ཡོད་པ་མངོན་གསལ་དོད་པོ་ཡིན་མོད། ངན་གོམས་སུ་སོང་བའི་སྟབས་ཀྱིས་མང་པོ་ཞིག་གིས་ཚོར་གྱི་མེད་པ་ཡང་མངོན་གསལ་ཡིན) ཡང་གཅིག་བྱས་ན། ད་རེས་བག་ལ་ཞ་བའི་ཐོབ་ཐང་གི་འདུ་ཤེས་ཅུང་ཟད་སྔོག་པ་འདི་རྐྱེན་བྱས་ནས་ཕྱིན་ཆད་ཚོར་བ་ཇེ་སྐྱེན་དུ་འགྲོ་ཡང་ཐང་། ཡང་རང་ཉིད་རང་ངོ་ཟིན་ཞིང་རང་གི་གནས་སྟངས་ངོ་མ་རྟོགས་པ་དེས་ཁྱོད་རང་དཀའ་ངལ་ལ་མི་གཏོད་པའི་ངེས་པའང་མེད་མོད། དེ་ལྟར་ཡང་ལྟོས་བཅས་སུ་རྩིས་ཐང་ཡོད་པའི་མི་ཞིག་བྱེད་འདོད་ན། རང་ཉིད་བོར་བའི་སྐྱིད་སྣང་རྫུན་མའི་ཁྲོད་དུ་གཞན་དབང་གིས་འཚོ་བ་ལས། སྣང་བ་སངས་ཏེ་རང་ཉིད་རང་གི་མགོན་གྱི་ཆེད་དུ་དཀའ་སྡུག་ལ་གདོང་གཏོད་དགོས་ཐུག་ཀྱང་ལེགས་པ་མ་ཡིན་ནམ།

སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།

རྡོ་རྗེ་སྒྲོལ་མ། གལ་སྲིད་དེ་འདྲའི་གནས་ཚུལ་ལ་འཕྲད་ཚེ། ཚབས་ཆེན་མིན་ན་བཏང་སྙོམས་སུ་འཇོག་ངེས་ཡིན། ཡང་རང་གི་ལུས་སེམས་ལ་གནོད་པ་ཐེབས་པའི་དོན་དག་བྱུང་བ་ཡིན་ན། སློབ་གཙོའམ། ཁྲིམས་ཁང་། ཡང་ན་ཕ་མ་སོགས་ལ་ཡར་ཞུ་བྱེད་ངེས་ཅན་ཡིན།

སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་ལ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ་སོགས་ཀྱིས་རེད།

རྡོ་རྗེ་སྒྲོལ་མ། མཐོ་འབྲིང་ནས་སློབ་ཆེན་དུ་བར་བརྒལ་བྱེད་པའི་དུས་རིམ་དེ་འདྲ་བར་ང་རང་དཀའ་ངལ་ཆེན་པོ་ལ་ཕྲད་མ་སོང་ལགས། 

སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲེས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།

རྡོ་རྗེ་སྒྲོལ་མ། ཕན་ཚུན་ལ་ཕྲག་དོག་བྱེད་པའི་ཚུལ་ཞིག་བུ་མོ་ཚོར་འདུག་འདོད། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་ཡིན་ཀྱང་ཐང་ལ། ཁོ་མོ་ཚོ་འཚར་ལོངས་འབྱུང་སའི་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་པའང་གདོན་མི་ཟ་སྙམ།

སྨིན་དྲུག རེད་ལགས། ཁྱིམ་ཚང་དང་ཁོར་ཡུག་གི་སྒྲ་དོག་ཡངས་ཀྱི་སློབ་གསོ་ལ་འབྲེལ་བ་མེད་པ་མི་སྲིད་ལ། ཕྲག་དོག་ཆེ་མིན་དེ་བུ་བུ་མོ་གཉིས་ཀྱི་ཚོར་ཤེས་རྣོ་རྟུལ་ལས་བྱུང་བར་འདོད་པའི་ལེའུ་གཉིས་པའི་ནང་གི་དཀར་མོ་རྒྱན་གྱི་ལྟ་ཚུལ་དེར་ང་མོས་མཐུན་ཡོད། གང་གིས་ཤེ་ན། འཁོར་བའི་ཉམས་མྱོང་མང་པོ་ཞིག་ལས་ར་འཕྲོད་སོང་བས་ལགས།

སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།

རྡོ་རྗེ་སྒྲོལ་མ། ང་ལ་འདིའི་སྐོར་ན་དམིགས་བསལ་གྱི་བསམ་ཚུལ་བརྗོད་རྒྱུ་མེད་ལགས།

སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།

རྡོ་རྗེ་སྒྲོལ་མ། ང་ནི་རང་གི་མ་ཡུམ་སློབ་ཆེན་འདིར་ཞེ་དྲག་དགའ་བས་ཞེན་ཆགས་ཡོད་ངེས་རེད། དེ་ཡང་ངེད་ཅག་གི་འཛིན་གྲྭ་ནི་མཐུན་སྒྲིལ་བཟང་ལ། རང་གི་རིག་གནས་ལ་དུང་བ་ཟབ་པའི་འཛིན་གྲྭ་ཞིག་ཀྱང་ཡིན།གནས་འདི་རུ་ངས་ཡིད་ཀྱི་སྨོན་པ་ཞིག་ལ་ལག་ལེན་གྱི་འབྲས་བུ་ཐོབ་མྱོང་ལ། དེས་ངའི་ལུས་སེམས་གཉིས་ལ་འཚར་ལོངས་བྱུང་དུ་བཅུག་མྱོང་ཁར། མ་འོངས་པའི་ལམ་ཁ་ཞིག་ཀྱང་བསྟན་དང་སྟོན་བཞིན་ཡིན་པས་ང་རང་དགའ་ཡོད། 

སྨིན་དྲུག བལྟས་ཡོང་ན། ཞིང་འབྲོག་གི་བུ་མོ་ཕལ་མོ་ཆེ་ནི། དྲིན་བྱས་དྲིན་དུ་ཚོར་ཞིང་ཕ་མ་དང་གཉེན་མི་ལ་འདང་རྩིས་ཆེ་བ། ཡིད་ལ་བརྩེ་བས་ཁེངས་ཤིང་རྒྱུད་ལ་ཁུར་སེམས་ཀྱིས་བརྟས་པ་ཞིག་རེད་འདུག རིགས་ཀྱི་འདུ་ཤེས་ཡོད་མཁན་ཚོས་ད་དུང་རང་གི་ཚེ་གཅིག་གི་སྐྱ་ཡ་བྱ་གཅིག་གི་གཤོག་ཡ་ཡང་དེ་འདྲ་ཡིན་ན་བསམ་པ་དེ་དཔེ་ཡག་པོ་རེད། བཟང་ལ་བཟང་ལན་ཡོད་པའི་བཀྲ་ཤིས་ཁ་གཡང་ཡོད་དོ། །

སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།

རྡོ་རྗེ་སྒྲོལ་མ། དགའ་རོགས་སྒྲིག་དུས། རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱིན་ཡོད་ལ། རང་ཉིད་དེ་འདྲའི་དོན་དག་ལ་ཕྲད་མྱོང་མེད།

སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།

རྡོ་རྗེ་སྒྲོལ་མ། མུ་མཐུད་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན། རྒྱུ་མཚན། གཅིག་ནས་རང་ཉིད་རིག་གནས་སློབ་པར་སྤྲོ་མཁན་ཞིག་ཡིན་ལ། གཉིས་ནས་ངའི་མཐོ་འབྲིང་གི་སྐད་ཡིག་དགེ་རྒན་གྱི་ཤུགས་རྐྱེན་ཐེབས་པས་ཀྱང་ཡིན་སྲིད། ཁོང་གིས། སྔ་མོ་ནས་བྱ་བ་ཞིག་རག་རྒྱུར་སེམས་མ་འཁོར་བར། མིག་རྒྱང་རིང་དུ་ཆུག ཆོད་སེམས་བརྟན་དུ་ཆུག་ཅེས་གསུངས་མྱོང་བས། མི་ཚེ་འདི་ལ། རང་ཡང་ལམ་ཁ་འདི་དེད་དེ་ཡུན་ཅུང་རིང་བོ་ཞིག་ལ་འགྲོ་ཐུབ་ན་བསམ་པས་ཡིན། 

སྨིན་དྲུག ཕུགས་འདུན་རིང་པོར་སློབ་གཉེར་བྱེད་རྩིས་ཡོད་པའི་བསམ་ཚུལ་དེ་ཧ་ཅང་ལེགས། ཕ་མ་དང་དགེ་རྒན་གྱི་ཤུགས་རྐྱེན་ཧ་ཅང་གལ་ཆེ་ཟེར་བའང་དེ་ལ་ཐུག་འདུག

སྨིན་དྲུག ཁྱོད་ལ་མཚོན་ན། འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བ་ཅི་ཞིག་རེད། གལ་སྲིད་རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།

རྡོ་རྗེ་སྒྲོལ་མ། ང་ལ་མཚོན་ན་འཇིག་རྟེན་འདིར་མེད་དུ་མི་རུང་བ་ནི་སློབ་གསོ་མྱོང་རྒྱུ་དེ་རེད། མ་འོངས་པར་ང་རང་མཐོ་འབྲིང་ངམ་སློབ་ཆེན་གྱི་སྐད་ཡིག་དགེ་རྒན་ཞིག་བྱེད་འདོད།

སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།

རྡོ་རྗེ་སྒྲོལ་མ། འབྱུང་འགྱུར་རང་གི་ནུས་པར་བརྟེན་ཏེ་དཔལ་འབྱོར་སྒེར་ཚུགས་དང་། བསམ་བློ་སྒེར་ཚུགས་ཆགས་ཐུབ་པའི་རྨང་གཞིའི་སྟེང་། ད་གཟོད་རང་གི་མི་ཚེའི་ལམ་གྲོགས་འཚོལ་རྒྱུ་མ་གཏོགས། གཞན་སུ་ཞིག་ལའང་སྐྱབས་བཅོལ་སྐྱིད་རེ་བྱེད་པའི་སེམས་པ་བཟུང་མེད། བཟའ་ཚང་ཞིག་བཙལ། ཕྲུ་གུ་རེ་སྐྱེས་རྗེས་ཡིད་ཚིམ་ནས་སྡོད་པ་ལས། གོང་དུ་གླེང་བའི་བསམ་ཚུལ་དེ་དག་གི་སྒང་ལ། དཔེར་ན། རང་གི་སྐད་ཡིག་ཇེ་འཕེལ་ཇེ་རྒྱས་སུ་གཏོང་བའི་ཐད་ལ་འབད་དེ་མི་ཚེ་འདི་ལ་འབྲས་བུ་བཟང་པོ་ལོན་ན་སྙམ་ཡོད།

སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།

རྡོ་རྗེ་སྒྲོལ་མ། ངའི་སེམས་ནང་གི་བཟའ་ཟླ་ནི་ཕན་ཚུན་ལ་བརྩི་བཀུར་དང་། འདྲ་མཉམ་གྱི་འདུ་ཤེས་འཛིན་པའི་གྲོགས་པོ་ལྟ་བུ་ཞིག་རེད། མེད་དུ་མི་རུང་བའི་ཆ་རྐྱེན་ནི། ཁོ་ཡང་རང་གི་རིག་གནས་ལ་དུང་ཁ་ཡོད་མཁན་ཞིག་ཡིན་པས་མི་ཚད། ཕ་ཡུལ་འབྲོག་ལ་དགའ་མཁན་ཞིག ད་དུང་སྐད་འཕྲིན་རྒྱབ་ལོགས་སུ་བོད་ཡིག་སྤེལ་མཁན་ཞིག་ཡིན་པ་བཅས་སོ། །

སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།

རྡོ་རྗེ་སྒྲོལ་མ། ང་ལ་བློ་ཕམ་ཡོད་ཁོ་ཐག་རེད། དེ་འདྲའི་འཚོ་བ་ངས་དང་ལེན་ཐུབ་ཀྱི་མ་རེད། ཕྱི་ནས་ལས་ཀ་ལས་ཏེ་ནང་དུ་སླེབས་རྗེས། བཟའ་ཟླས་ཀྱང་རོགས་མ་བྱས་ཚེ། ང་གཅིག་པུས་ཕྱི་ལས་ནང་ལས་ཐམས་ཆད་ཀྱི་འགན་གཅིག་ལྕོགས་སུ་ཁུར་དགོས་ན་དཀའ་ལས་ཆེན་པོ་ཡོད་ཀྱི་རེད།

སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།

རྡོ་རྗེ་སྒྲོལ་མ། ཐོག་མར་ཁྱོ་ག་དང་ཁ་བརྡ་བྱས་ཏེ་ཐག་གཅོད་ཨེ་ཐུབ་བལྟ་དགོས་སྙམ། གལ་སྲིད་མ་ཐུབ་ནའང་ཟུར་མོ་དེ་དེད་ནས་འཁོན་འཛིང་སོགས་བྱེད་རྩིས་མེད།

སྨིན་དྲུག ལགས་སོ། །ལས་ཀ་འདིར་ཁྱེད་ཅག་གི་རྒྱབ་སྐྱོར་མེད་ན་ང་གཅིག་པུས་ཡོང་ཐབས་ག་ལ་ཡོད། སྤྱིར་བོད་པ་ཐུན་མོང་གི་སྤྱི་དོན་དང་སྒོས་སུ་རང་ཅག་འཁོས་ཆུང་སྐྱེས་མའི་འཚོ་གནས་ལ་གནོད་པ་གང་ཡིན་དེ་ལ་ཚང་མས་མཉམ་རུབ་བྱས་ན་འགྲིག་ཀྱང་འགྲིག་ལ་འབྲས་བུའང་ཐོན་པར་སེམས། དེ་ཡང་གདོད་མར་འགྲོ་བ་མི་འཕེལ་འགྱུར་བྱུང་བའི་དུས་སུའང་མི་ཁེར་མ་གཉིས་མ་ཙམ་གྱིས་རི་དྭགས་གཅན་གཟན་ཆེ་རིགས་བསད་པ་མིན་ལ། ཕ་རོལ་དགྲ་ལ་རྒོལ་བ་བྱེད་པར་དཔའ་རྒོད་ཁེར་རྒྱུག་དང་མདའ་རྒོད་ཁེར་འཕེན་བྱས་པ་ཞིག་ཀྱང་མིན་ཚོད། སྐྱེས་པ་མང་པོས་དཔུང་བ་མཉམ་གཤིབ་དང་མདུང་ཁ་གཅིག་ལ་བསྐོར་བར་བརྟེན། གཟོད་གཅན་གཟན་གྱི་ཁ་ཟས་དང་དགྲ་བོའི་ལག་ཉེས་རྐྱང་ལ་མ་ཤོར་བར་འཚོ་བའི་གླགས་རྙེད་ཅིང་ཚེ་སྲོག་གི་རྒྱུན་བསྐྱངས་པར་ངེས། དཔུང་རྡང་གཅིག་ཏུ་སྦྲེལ་བ་ལྟ་བུའི་སྒྲིགས་སྲོལ་ལ་མ་གནས་པར་ལོགས་སུ་འཚོ་བའི་སྐྱེས་མ་ཚོས་ནི་ཁྱིམ་མགོ་ཐོན་ཐབས་དང་བྱིས་པ་མང་པོར་ལྟ་སྐྱོང་གི་ཞར་ལ། ཤིང་འབྲས་དང་མ་རྨོས་པའི་ལོ་ཏོག་དང་བཅས་པའི་འབྲས་བུ་འདྲ་མིན་བཏུས་ཤིང་རི་དྭགས་ཆུང་རིགས་བདའ་བའམ་ཉ་རིགས་འཛིན་པ་ལ་ཡང་རང་གི་བྱིས་པ་རང་མགོ་ཐོན་ཙམ་ཚོ་དང་མཉམ་དུ་བྱེད་པ་བཅས་བསྐལ་པ་རིང་ཙམ་ལ་དེ་ལྟར་ཡོང་བ་ལས་གྲུབ་པའི་གདོད་མའི་བག་ཆགས་དེས། ད་ཆ་ཡིན་རུང་རང་རིགས་སྐྱེས་མ་ཚོ་ཕན་ཚུན་མཉམ་ལས་དང་རུག་རུག་དང་རྡོག་རྩ་གཅིག་ཏུ་བསྒྲིལ་བར་བཀག་རྒྱ་བཟོ་གི་ཡོད། ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་གཅིག་གྲོགས་གཅིག་ཕན་གྱི་སྒྲིགས་སྲོལ་མ་ཆགས་པ་དེས་ནི་དོན་དུ་རང་གཞན་གཉིས་ལ་གནོད། དེ་རིང་ཁྱོད་ཀྱིས་གཞན་གྱི་དཀའ་སྡུག་ལ་ཁ་ཡ་མ་བྱས་ཚེ། ནམ་ཞིག་རང་ཉིད་དཀའ་ངལ་ལ་འཕྲད་དུས་གཞན་གྱིས་ཀྱང་ཁ་ཡ་བྱེད་མི་སྲིད། རོང་འབྲོག་ས་ཁུལ་དུ་བུད་མེད་ལ་ཁྱོ་གའི་མནར་གཅོད་དང་གནས་ཚང་གིས་བརྙས་བཅོས་གང་འདོད་འདོད་དུ་བཏང་རུང་དེ་ལ་རོགས་པ་བྱེད་རྒྱུ་ཕར་ཞོག ད་དུང་ངན་པའི་རྒྱབ་རོགས་དང་ཉམ་ཐག་སྐྱེས་མ་ཚོ་ལ་ཁ་གཏོང་མཁན་གྱི་བུད་མེད་སྔར་བཞིན་མང་། དོན་དུ་སྤྱི་ཚོགས་གང་དེར་གནས་པའི་བུད་མེད་གཅིག་ལ་མི་ཡི་ཐོབ་ཐང་མེད་ན་ཀུན་ལ་མེད་པ་ཡིན་པས། རང་གི་མགོ་ལའང་ཉིན་ཞིག་རྟེན་སྐྱེས་མ་ཡིན་པ་རྐྱེན་བྱས་ནས་ཐུབ་ཚོད་ཡོང་བ་སྔོན་ནས་རིགས་བསྒྲེ་ཤེས་ན་མི་ལེགས་སམ། ལར་དེ་ནི་བུད་མེད་སྒེར་པ་ཞིག་གི་སྐྱོན་ཆ་ཁོ་ན་ཙམ་ཡང་མ་ཡིན་པར་རྒྱུ་མཚན་མེད་པར་བུད་མེད་ལ་སྡང་བའི་འུ་ཅག་གི་གོམས་སྲོལ་དེ་ལས་ཐར་མ་ཐུབ་པ་རང་ཡིན། དེ་འདྲ་ཡིན་གཤིས། མ་མཐའ་ཡང་སློབ་གསོ་ཡོད་པའི་བུ་མོ་ཚོ་གོམས་སྲོལ་ངན་པའི་བྲན་དུ་མི་འགྲོ་བས་མི་ཚད། ད་ནི་སྨན་ཤར་ནང་ཁུལ་དང་སྐྱེས་མ་ཕན་ཚུན་བར་དོན་མེད་རྩོད་གླེང་དང་ཁྱོ་གའམ་སྐྱེས་པས་ཟུར་མོ་བསྟེན་པ་སོགས་བུད་མེད་ཕན་ཚུན་བར་ལ་ཕུང་དཀྲུག་བྱེད་པ་རྐྱེན་བྱས་ནས་ཁ་འཛིང་ལག་འཛིང་ཤོར་བའི་སྤྱོད་ངན་མཐའ་དག་གི་རྒྱུན་རང་སྟེང་ནས་གཅོད་པ་དང་ཁྱིམ་དུ་ཨ་མ་སྐོར་ཞིག་གིས་རང་གི་ནར་མ་སོན་པའམ་སོན་བཞིན་པའི་བུ་མོ་ཚོའི་རྣ་ལམ་དུ་གཞན་ལ་སྡིགས་མོ་དང་ཕྲག་དོག་དང་གླེང་ཕྱོགས་བཟོ་བ་རྩ་བ་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་ཡར་བསྐྱེད་ཀྱི་སེམས་དང་མཐུན་འགྲིག་ཡོང་བའི་སྐད་ཆ་བཤད་པ་བཅས་ཀྱིས་མཚོན། ལོ་ཆུང་བུ་མོ་དང་བུ་ཚ་དག་གི་རྒྱུད་ལ་ས་བོན་ནག་པོ་མ་ཡིན་པའི་སོན་བཟང་ལེགས་པོ་བཏབ་ན་ནི་རྗེས་རབས་པ་རྣམས་སེམས་ཁམས་བདེ་ཐང་ངང་ནས་འཚར་ལོངས་འབྱུང་བར་ཕན་ལ། མ་འོངས་པར་ཁོ་ཚོའི་ཁྱིམ་ཚང་དུ་བཟའ་འཁྲུག་དང་བཟའ་འཐོར་ཉུང་དུ་འགྲོ་བ་ལའང་ཕན་ཐོགས་ཆེ་ངེས། [ཁྱིམ་པས་བུ་ཚ་ཚོའི་རྒྱུད་ལ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་འདེབས་པ་དང་། གྲྭ་ཕྲུག་ཚོའི་བློ་རང་གི་བླ་མ་དང་གྲུབ་མཐས་བསྒྱུར་བ་གཉིས་དོན་དུ་གཅིག་མཚུངས་ཡིན། (བུ་མོ་ཚོས་རང་གིས་རང་ལ་སྨད་པའང་བག་ཆགས་དེ་ལས་འདའ་མ་ཐུབ་པ་ཡིན) དེ་བཞིན་ཆུང་བའི་དུས་སུ་བཞག་པའི་བག་ཆགས་ལས་ཐར་དཀའ་བ་ཆོས་ཉིད་ཡིན་པས། དེ་འདྲའི་སློབ་གསོས་བསྐྱངས་ན་རང་གཞན་གཉིས་ཀ་ཟོས་བདེ་གུ་ཡངས་མི་ཡོང་བའི་རྒྱུ་རུ་འགྱུར་ངེས་ཡིན།] ད་དུང་རང་གི་བུ་མོ་ཡང་ཁོག་རྒྱ་ཆུང་བ་མིག་རྒྱང་ཐུང་བ་ཞིག་ཏུ་ཆགས་པ་མི་སྲིད་པས་དོན་དུ་དེའང་རང་གཞན་གཉིས་ཕན་ཡིན་ཞེས་བཤད་འདོད། སྒོས་སུ་ད་རེས་སྐྱེས་སྨན་དང་སྨན་ཤར་མང་པོ་ཁ་འཆམ་གྲོས་འགྲིག་གིས་མཉམ་རུབ་བྱེད་པ་འདི་ནི་སྔ་ལྟས་བཟང་བོ་ཞིག་ཏུ་མཐོང་ལ། རྗེས་རབས་པར་མིག་དཔེ་འཇོག་སྟངས་ཡག་པོ་ཞིག་ཀྱང་ཡིན་པར་བསམས་ནས་དགའ་བ་སྒོམ་གི་ཡོད་པ་བཅས་སོ། ། 

མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ།  རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།

  2023/07/03ཉིན་གྲུབ།


འཕྲིན་སྟེགས་འདི་ནི་གཙོ་བོ།
      མི་མོའི་སྐྱིད་སྡུག མི་སྐྱའི་སློབ་གསོ། འཚོ་བའི་རང་མདངས། ཕོ་མོའི་བརྩེ་དུང་།
     སྤྱི་ཚོགས་ཤེས་བྱ། མི་ཚེའི་བྱུང་བ། ལེགས་རྩོམ་འོས་སྦྱོར་བཅས་ས་བཅད་བདུན་ལས་གྲུབ་པ་ཞིག་ཡིན།  

མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།  ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། བཞི་པ། ཁྱུང་མཆུ་འབུམ་སྐྱིད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3714