བསྐལ་ཆེན་གྲངས་མེད་དུ་མར་བརྩོན་པ་ལས། །
ས་ནས་སར་གཤེགས་ཞི་བར་མཐར་ཕྱིན་པའི། །
རྣམ་འདྲེན་ཟས་གཙང་སྲས་པོ་གང་དེ་ཡིས། །
ཤེས་རབ་བློ་ཡི་བྱིན་མཐུས་བདག་སྐྱོངས་ཤིག །
བདེ་གཤེགས་གསུང་རབ་དག་པའི་མཁའ་ཀློང་ལ། །
བློ་གྲོས་ཉི་མའི་དཀྱིལ་འཁོར་རབ་རྒྱས་པའི། །
རྣམ་དག་ཚུལ་ཁྲིམས་གཙང་མའི་མཛེས་རྒྱན་པ། །
འདུལ་འཛིན་སློབ་དཔོན་ཡོན་ཏན་འོད་ལ་འདུད། །
         ཚིགས་སུ་བཅད་པའི་མཆོད་པར་བརྗོད་པ་དང་སྔོན་འགྲོ་ཉུང་ངུས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཀུན་མཁྱེན་བུ་རམ་ཤིང་པ་མཆོག་གིས་དང་པོ་བྱང་ཆུབ་མཆོད་ཏུ་སེམས་བསྐྱེད།  བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ་ཐོག་མར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སྐོར་བ་མཐའ་དག་འདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་ཆེད་དུ་སྐོར་བ་ཡིན་ལ།   དེའང་ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་པ་ལ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དགོས་ཤིང་།  དེའི་ཕྱིར་བསླབ་པ་གསུམ་གྱི་ཡ་གྱལ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འདི་མེད་ན་མི་ཆོག་པ་དང་ཡོད་ན་དེས་ཆོག་ཏུ་གྱུར་པ་ཡིན་པས།  འདུལ་གཞུང་རྒྱ་མཚོ་ལྟ་བུ་རྣམས་གསུངས་པའོ། །  དེ་དག་ལས་སྐབས་འདིར་སངས་རྒྱས་ཀྱི་བཅས་པ་མཚན་ཉིད་པ་ལས་འདས་པའི་ཆ་ནས་ཁ་ན་མ་ཐོ་བར་གྱུར་པའི་ལྟུང་བ་དེ་ལ་བཅས་རང་གི་ལྟུང་བ་གཉིས་ཡོད་པ་དེ་ཉིད་གཏན་ལ་འབེབས་པ་ལ།  བཅས་རང་གི་ལྟུང་བ་གཉིས་ཀྱི་ཁྱད་པར་བསྟན་པ་དང་། ཞར་བྱུང་ལོག་རྟོག་ཆ་རེ་དགག་པའོ། །
དང་པོ་ལ་གཉིས་སྟེ།  གཞན་ལུགས་དགག་པ་དང་། རང་ལུགས་གཞག་ཞོར་འཕྲོས་རྩོད་སྤུང་།   
ཁ་ཅིག་ན་རེ།  འདིར་ཁྱད་པར་གསུམ་ལས། རྒྱུའི་ཁྱད་པར་ནི། རྒྱུ་མི་དགེ་བ་ཀུན་ནས་བསླངས་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན།  རྒྱུ་མི་དགེ་བའམ་ལུང་མ་བསྟན་གྱིས་ཀུན་ནས་བསླངས་པའི་ལྟུང་བ་ནི་གཅས་རྐྱང་གི་ཁ་ན་མ་ཐོ་བ་སྟེ། ལུང་གཏམ་གྱི་གཞི་ལས། དགེ་བའི་སེམས་དང་ལྡན་པས་ནོངས་པར་འགྱུར་རམ། མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་དང་ལྡན་པས་ནོངས་པར་འགྱུར། བཀའ་རྩལ་པ། དགེ་བའི་སེམས་དང་མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཡོད་ཞེས་གསུངས་སོ། །             ངོ་བོའི་ཁྱད་པར་ནི།  རང་གི་ངོ་བོ་མི་དགེ་བ་དང་བདག་གཅིག་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རང་གི་ངོ་བོ་ལུང་མ་བསྟན་དང་བདག་གཅིག་པའི་ལྟུང་བ་བཅས་པའི་ཁ་ན་མ་ཐོ་བ་སྟེ།  ལུང་གཏམ་གྱི་གཞི་ལས། ནོངས་པའི་དགེ་བ་ཞེས་བགྱིའམ། མི་དགེ་བ་ཞེས་བགྱིའམ། ལུང་དུ་མི་སྟོན་པ་ཞེས་བགྱི། ཉེས་པ་མི་དགེ་བ་ཞེས་བྱ། ལུང་དུ་མ་བསྟན་པ་ཞེས་ཀྱང་བྱའོ་ཞེས་གསུངས་སོ། །
འབྲས་བུ་ཁྱད་པར་ནི།  
རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་ལྡན་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་མི་ལྡན་པའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་སྟེ། ལུང་གཏམ་གྱི་གཞི་ལས། ནོངས་པ་རྣམ་པར་སྨིན་པ་ཞེས་བགྱིའམ་རྣམ་པར་སྨིན་པ་ཞེས་ཀྱང་བྱ། རྣམ་པར་མི་སྨིན་པ་ཞེས་ཀྱང་བྱའོ།།
དེ་དགག་པ་ལ་རྒྱུ་དང་ངོ་བོ་འབྲས་བུ་གསུམ་དགག་པ་ལས། དང་པོ་རྒྱུ་ཁྱད་པར་དགག་པ་ལ་གཉིས་ལས། རིག་པས་དགག་པ་དང་།སྒྲུབ་བྱེད་གཞིག་པ་གཉིས་ལས། དང་པོ་རིགས་པས་དགག་པ་ནི།   
ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས། རང་བཞིན་གྱི་ལྟུང་བ་དང་བཅས་རྐྱང་གི་ལྟུང་བ་གཉིས་ཀྱི་ཁྱད་པར་དེ་རྒྱུ་དང་ངོ་བོ་འབྲས་བུ་གསུམ་གྱི་ཐོག་ནས་བཞག་སྟེ།
དེ་དག་འཇོག་པར་དེ་ཡང་རིགས་པའི་ལམ་ནས་མི་འཐད་པ་དང་། སྒྲུབ་བྱེད་དེ་ཡང་འཐད་སྒྲུབ་གང་ཡང་སྣང་མ་སོང་།  བཅས་ལྡན་དགེ་སློང་དེས་རྩྭ་སྔོན་བཅད་ན་ཉེས་པ་ཡོད་པ་ཤེས་བཞིན་དུ་བསླབ་པ་ཁྱད་གསོད་དང་འབྲེལ་བའི་རྩྭ་སྔོན་བཅད་པའི་ལྟུང་བ་དེ་ཆོས་ཅན། རང་བཞིན་གྱི་ལྟུང་བ་ཡིན་པར་ཐལ།  ལྟུང་བ་དེའི་དུས་ཀྱི་ཀུན་སློང་མི་དགེ་བ་ཡིན་པའི་ཕྱིར། ཁྱབ་སྟེ། དཔེར་ན། ཁྱེད་ཀྱི་ཞེ་སྡང་གི་དབང་གིས་ས་བརྐོ་བ་དེ་རང་བཞིན་གྱི་ལྟུང་བ་ཡིན་པའི་རྒྱུ་མཚན་དེ་དུས་ཀྱི་ཀུན་སློང་མི་དགེ་བ་ཡིན་པའི་རྒྱུ་མཚན་གྱིས་དེ་འདྲའི་ལྟུང་བ་དེ་རང་བཞིན་གྱིས་ལྟུང་བ་ཡིན་པ་འཇོག་པའི་ཕྱིར་རོ། །   འོ་ན་ཁྱོད་ཀྱི་རང་ལུགས་ལ་རང་བཞིན་གྱི་ལྟུང་བ་དང་བཅས་རྐྱང་གི་ལྟུང་བ་གཉིས་ཀྱི་ཁྱད་པར་དེ་དུས་ཀྱི་ཀུན་སློང་ཁོ་ནའི་དབང་གིས་འཇོག་པ་ཡིན་ན། མི་དགེ་བས་ཀུན་ནས་བསླངས་པའི་རྩྭ་སྔོན་གཅོད་པ་དང་ཕྱི་དྲོའི་ཁ་ཟས་ཟ་བ་སོགས་རང་བཞིན་གྱི་ལྟུང་བ་ཡིན་པ་སོ་ན་གནས་སོ། ། ཡང་ན་རྒྱུའི་ཀུན་སློང་དང་དེ་དུས་ཀྱི་ཀུན་སློང་གཉིས་ཀའི་ཐད་ནས་འཇོག་དགོས་ཟེར་ན། འོ་ན་སྙིང་རྗེའི་དབང་གིས་མ་གསད་པའི་ལྟུང་བ་དེ་ཆོས་ཅན། རང་བཞིན་གྱི་ལྟུང་བ་མ་ཡིན་པར་ཐལ། དེའི་རྒྱུའི་ཀུན་སློང་དང་དེ་དུས་ཀྱི་ཀུན་སློང་གཉིས་ཀ་མི་དགེ་བ་མ་ཡིན་པའི་ཕྱིར། དེའི་རྒྱུ་དུས་ཀྱི་ཀུན་སློང་མི་དགེ་བ་མ་ཡིན་པའི་ཕྱིར། དེའི་རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་ཡིན་པའི་ཕྱིར།
 གཉིས་པ་སྒྲུབ་བྱེད་གཞིག་པ་ནི།
          ལུང་གཏམ་གྱི་གཞི་ལས། དགེ་བའི་སེམས་དང་ལྡན་པས་ནོངས་པར་འགྱུར་རམ། མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་དང་ལྡན་པས་ནོངས་པར་འགྱུར། བཀའ་རྩལ་པ། དགེ་བའི་སེམས་དང་མི་དགེ་བའི་སེམས་དང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཡོད་ཞེས་གསུངས་ནས་གཞུང་དོན་དེ་དག་དྲངས་ནས་བཅས་རང་གཉིས་ཀྱི་ལྟུང་བ་ཡིན་པ་ལ་རྒྱུ་མི་དགེ་བ་ཀུན་ནས་སློང་བའི་ལྟུང་བ་དེ་རང་བཞིན་གྱི་ལྟུང་བ་རྒྱུ་དགེ་བའམ་ལུང་མ་བསྟན་གྱི་ཀུན་ནས་སློང་བའི་ལྟུང་བ་དེ་བཅས་རྐྱང་གི་ལྟུང་བ་ཁྱད་པར་དེ་འདྲ་ཞིག་ཡིན་དགོས་ཟེར་བཞིན་འདུག དེ་དག་ནི་འཐད་པར་མི་སེམས་སོ། ། གཞུང་དེའི་དོན་ནི་སྤྱིར་ལྟུང་བ་དེའི་ཀུན་སློང་ལ་དགེ་བ་དང་མི་དགེ་བ་ལུང་མ་བསྟན་གང་རུང་དགོས་པ་བཤད་པ་མ་གཏོགས་བཅས་རང་གཉིས་ཀྱི་རྒྱུ་ཡི་ཁྱད་པར་དང་ལྟུང་བ་དེའི་དུས་ཀྱི་ཀུན་སློང་ཡིན་ན་དགེ་བ་དང་ལུང་མ་བསྟན་གང་རུང་དགོས་པ་གསལ་ཁ་མེད་པས་སོ། ། བྱེ་བྲག་སྨྲ་བའི་ལུགས་ལ་རང་བཞིན་གྱི་ལྟུང་བ་དང་བཅས་རྐྱང་གི་ལྟུང་བ་ཡིན་མིན་གྱི་ཁྱད་པར་དེ་ལྟུང་བ་དེའི་དུས་ཀྱི་ཀུན་སློང་གི་ངོས་ནས་འཇོག་དགོས་པ་རྩ་བའི་གནད་ཅིག་ཡིན་པར་སེམས་སོ། །
ངོ་བོའི་ཁྱད་པར་དེའི་སྒྲུབ་བྱེད་གཞིག་པ་ནི། 
དེ་ཡང་ལུང་གཏམ་གྱི་གཞི་ལས། ནོངས་པའི་དགེ་བ་ཞེས་བགྱིའམ། མི་དགེ་བ་ཞེས་བགྱིའམ། ལུང་དུ་མི་སྟོན་པ་ཞེས་བགྱི། ཉེས་པ་མི་དགེ་བ་ཞེས་བྱ། ལུང་དུ་མ་བསྟན་པ་ཞེས་ཀྱང་བྱའོ་ཞེས་པའི་གཞུང་དེ་ལ་ཁུངས་བཅོལ་ནས་ངོ་བོ་མི་དགེ་བ་བདག་གཅིག་པའི་ལྟུང་བ་རང་བཞིན་གྱི་ལྟུང་བ། ངོ་བོ་ལུང་མ་བསྟན་དང་བདག་ཉིད་གཅིག་པའི་ལྟུང་བ་བཅས་པའི་ལྟུང་བ་ཡིན་པར་འདོད་མོད། འདིའི་སྐབས་ཀྱི་སྒྲུབ་བྱེད་དུ་དྲངས་པའི་ལུང་དེ་ཡང་སྤྱིར་ལྟུང་བ་དེ་ལ་མི་དགེ་བ་དང་ལུང་མ་བསྟན་གཉིས་ཡོད་པ་བསྟན་པ་ལས། ངོ་བོ་མི་དགེ་བ་བདག་གཅིག་པའི་ལྟུང་བ་དེ་རང་བཞིན་གྱི་ལྟུང་བ་དང་། ངོ་བོ་ལུང་མ་བསྟན་དང་བདག་གཅིག་པའི་ལྟུང་བ་དེ་བཅས་པའི་ལྟུང་བ་ཡིན་པའི་སྒྲུབ་བྱེད་ཀྱི་གསལ་ཁ་གང་ཡང་མ་མཐོང་བས་སོ། །   གཉིས་པ་རིགས་པས་དགག་པ་ནི།   གལ་སྲིད་ཁྱེད་ཀྱི་རང་ལུགས་ལ་མི་དགེ་བས་ཀུན་ནས་སློང་བའི་ལྟུང་བ་ཡིན་ན་རང་བཞིན་གྱི་ལྟུང་བ་ཡིན་པར་གྲུབ་ན། འོ་ན་བསླབ་པ་ཁྱད་གསོད་དང་འབྲེལ་བའི་རྩྭ་སྔོན་གཅོད་པའི་ལྟུང་བ་དེ། རང་བཞིན་གྱི་ལྟུང་བ་ཡིན་པ་ཐལ། དུས་ཀྱི་ཀུན་སློང་མི་དགེ་བ་ཡིན་པའི་ཕྱིར། མ་ཁྱབ་ན། དམ་བཅའ་དང་པོ་ཉམས་སོ། ། རྟགས་མ་གྲུབ་ཟེར་ན། བསླབ་པ་ཁྱད་གསོད་དང་འབྲེལ་བའི་རྩ་སྔོན་བཅད་པའི་ལྟུང་བ་ཆོས་ཅན། མི་དགེ་བ་ཡིན་པ་ཐལ། ཁྱད་གསོད་དང་འབྲེལ་བའི་ལྟུང་བ་ཡིན་པའི་ཕྱིར། དེ་ཡང་ལུང་གིས་གྲུབ་ཏེ། ཅི་ཡང་བསྟན་པའི་མདོ་ལས།  ཁྱེད་དུ་གསོད་པའི་རྒྱུ་རྐྱེན་གྱིས། ། ཚེ་ཡི་དུས་བྱས་ངན་འགྲོ་ལྟུང་། ། ཞེས་དང་། ཡང་ཞུ་བ་ལས། བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་བསམ་བཞིན་དུ་འདས་ན་མི་དགེ་བ་ཞེས་བྱ་ལ། མ་བསམ་པ་འདས་ན་ལུང་མ་བསྟན་ཞེས་བྱའོ། ། མེ་ཏོག་ཕྲེང་རྒྱུད་ལས། ཡང་དག་བསམས་ནས་འདས་ན་ནི། ། མི་དགེ་བ་ཉིད་ཁོ་ནར་འགྱུར། ། ཞེས་གསུངས་སོ། ། འོ་ན་རང་བཞིན་གྱི་ལྟུང་བ་ཡིན་ཟེར་ན། དེ་མ་ཡིན་བ་ཐལ། བཅས་རྐྱང་གི་ལྟུང་བ་ཡིན་པའི་ཕྱིར།  ལྟུང་བ་ཡིན་པའི་ཕྱིར།
གསུམ་པ་འབྲས་བུ་ཁྱད་པར་དེའི་སྒྲུབ་བྱེད་གཞིག་པ་ནི། 
ལུང་གཏམ་གྱི་གཞི་ལས། ནོངས་པ་རྣམ་པར་སྨིན་པ་ཞེས་བགྱིའམ་རྣམ་པར་སྨིན་པ་ཞེས་ཀྱང་བྱ། རྣམ་པར་མི་སྨིན་པ་ཞེས་ཀྱང་བྱའོ།། ཡང་ལུང་དེ་དག་ལ་ཁུངས་བཅོལ་ནས་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་ལྡན་པའི་ལྟུང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ནུས་པ་དང་མི་ལྡན་པའི་ལྟུང་བ་ནི་བཅས་པའི་ཁ་ན་མ་ཐོ་སྟེ། དེ་འདྲ་ཟེར་ནས་འདོད་མོད། སྒྲུབ་བྱེད་དུ་དྲངས་པའི་ལུང་དེ་དག་གིས་སྤྱིར་ལྟུང་བ་ལ་རྣམ་པར་སྨིན་པ་དང་མི་སྨིན་པ་གཉིས་ཡོད་པ་བསྟན་པ་ལས་བཅས་རང་གཉིས་ཀྱི་ཁྱད་པར་ལ་ཡང་རྣམ་སྨིན་ཡོད་མེད་ཀྱི་སྒྲུབ་བྱེད་ཡིན་ཟེར་བ་ནི་ཤེས་རབ་ཉི་ཚེ་བ་ཞིག་གིས་དཔྱད་ཞིབ་ཡིན་ནོ། ། ད་དུང་སྒྲུབ་བྱེད་ཀྱི་གཞུང་ཚིག་མང་པོ་འདུག་ཀྱང་ཚིག་ཚོགས་མང་བར་བསམས་ནས་སྐབས་འདིར་དེ་ཙམ་གྱིས་ཆོག་པར་བྱའོ། །
གཞུང་བཟང་རིགས་པའི་གསང་ལམ་རེ་རེ་ལ། །
ཡུན་ཐུང་མི་ཚེའི་འདི་ལ་གཞལ་བར་བརྩོན། །
ཡོད་ཙམ་སྦྱོང་བའི་འབྲས་བུ་མི་ནུས་པས། །
དགག་སྒྲུབ་ཀློང་ཆེན་འདི་ནས་བགྲོད་པར་བྱེད། །
ཞེས་བྱ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཉིས་པ་རང་ལུགས་བཞག་པ་ལ་གཉིས།
རིགས་ཀྱི་སྒོ་ནས་དབྱེ་ན་ལྟུང་བ་ཐམས་ཅད་གཉིས་སུ་འདུས་ཏེ། རང་བཞིན་གྱི་ལྟུང་བ་དང་། བཅས་རྐྱང་གི་ལྟུང་བ་གཉིས། དེ་ཡང་ལུང་རྣམ་འབྱེད་ལས། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གང་ཁས་བླངས་པ་དེ་ཕྱིར་བཅོས་བྱེད་དུ་གཞུག་ཅེས་གསུངས་པ་དང་། འདུལ་བ་བསྡུ་བ་ལས། རང་བཞིན་ཁ་ན་མ་ཐོ་བ། ། བཅས་པའི་ཁ་ན་མ་ཐོ་བ། །  འོད་ལྡན་གྱི་རྩ་བ་ལས། རང་བཞིན་ཁ་ན་མ་གཏོགས་བསྒྲིམ། ། བཅས་པའི་ཁ་ན་མ་ཐོ་བས་ཀྱང་བསྐྱང་ཞེས་བཤད་དོ། །  སྤྱིར་ལྟུང་བའི་མཚན་ཉིད་བཤད་པ་དང་། བྱེ་བྲག་བཅས་རང་གཉིས་བཤད་པའོ། ། སྤྱིར་ལྟུང་བའི་མཚན་ཉིད་ནི། སོ་ཐར་གྱི་སྡོམ་ལྡན་དུ་ཁས་འཆེ་བའི་གང་ཟག་གིས་ལུས་ངག་གི་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བའོ། ། དེ་ཡང་ཡིན་ཏེ། སྡོམ་འགྲེལ་དཔག་སྙེ་ལས། སོ་ཐར་གྱི་སྡོམ་ལྡན་དུ་ཁས་འཆེ་བའི་གང་ཟིག་གིས་ལུས་ངག་གི་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བའོ་ཞེས་གསུངས་བའི་ཕྱིར། ལྟུང་བ་ཡིན་ན་ལུས་ངག་གི་བཅས་པ་ལས་འདས་པ་ཡིན་པས་མ་ཁྱབ་སྟེ། དགེ་སློང་མས་དགེ་སློང་མ་གཞན་ལ་ཕམ་ལྟུང་འཆབ་པ་དང་། གསོ་སྦྱོང་གི་དུས་སུ་སྐྱོན་ཡོན་དྲིས་པར་ལྟུང་བ་ཤེས་བཞིན་དུ་འཆབ་པ་དག་ལྟུང་བ་མ་ཡིན་པར་ཐལ། ལུས་ངག་གི་བཅས་པ་ལས་འདས་པ་མ་ཡིན་པའི་ཕྱིར་ཞེ་ན། དེ་དག་ལ་ལུས་ཀྱི་དངོས་སུ་རིག་བྱེད་རགས་པ་མེད་ཀྱང་ཁ་འགུལ་དང་བ་སྤུ་གཡོ་བ་སོགས་ཀྱི་རིག་བྱེད་ཀྱི་གཟུགས་ཕྲ་མོ་ཡོད་པའི་ཕྱིར་སྐྱོན་དུ་མི་འགྱུར་རོ། །
གཉིས་པ་དབྱེ་བ་དངོས་བཤད་པ་ལ། 
རང་བཞིན་གྱི་ལྟུང་བ་དང་བཅས་པའི་ལྟུང་བ་གཉིས་ཏེ། སྡོམ་འགྲེལ་དཔག་བསམ་སྙེ་མ་ལས། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའོ་ཞེས་གསུངས་བའི་ཕྱིར། ཁ་ཅིག་གིས་ལྟུང་བ་འདི་ལ་གཉིས་སུ་དབྱེ་བ་མི་འཐད་པ་ཐལ། ལྟུང་བ་ནི་བསམ་གྱི་མི་ཁྱབ་པ་ཡོད་བའི་ཕྱིར་ཞེ་ན། འདིར་ནི་རིགས་ཀྱི་སྒོ་ནས་དབྱེ་བ་ཡིན་པས་སྐྱོན་དེ་དག་མི་འབྱུང་བའི་ཕྱིར་རོ། །
དང་པོ་དེ་ལ་ཡང་གཉིས་ཏེ། རང་བཞིན་ལྟུང་བའི་མཚན་ཉིད་བཤད་པ་དང་། མཚན་གཞི་བཤད་པ་གཉིས་ལས།
དང་པོ། རང་བཞིན་གྱི་ལྟུང་བའི་མཚན་ཉིད་ནི། བཅས་ལྡན་དགེ་སློང་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག  ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་ཉོན་མོངས་ཅན་གྱིས་ཁྱབ་པའི་ལྟུང་བ་དེ་རང་བཞིན་གྱི་ལྟུང་བའི་མཚན་ཉིད་ཡིན་ཏེ། སྡོམ་འགྲེལ་དཔག་བསམ་སྙེ་མ་ལས། ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་དེ་ཉོན་མོངས་ཅན་གྱིས་ངེས་པར་བྱེད་དགོས་པའོ། ། ཞེས་གསུངས་བའི་ཕྱིར། གཉིས་པ་མཚན་གཞི་ནི། སྲོག་གཅོད་པའི་སྤོང་བ་ལས་འདས་པའི་ཁ་ན་མ་ཐོ་བ་ལ་སོགས་པའོ། །
    གཉིས་པ་བཅས་རྐྱང་གི་ལྟུང་བའི་མཚན་ཉིད་བཤད་པ་དང་། མཚན་གཞི་བཤད་པ་གཉིས་ལས། དང་པོ། བཅས་ལྡན་དགེ་སློང་གི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་ལ་ལུང་མ་བསྟན་དང་ཉོན་མོངས་ཅན་གང་བསྐྱེད་པའི་ཁ་ན་མ་ཐོ་བ་དེ་བཅས་རྐྱང་གི་ལྟུང་བའི་མཚན་ཉིད་ཡིན་ཏེ། སྡོམ་འགྲེལ་དཔག་བསམ་སྙེ་མ་ལས། བཅས་ལྡན་དགེ་སློང་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་གི་རིགས་ལ་ཉོན་མོངས་པ་ཅན་ཡང་སྲིད་ལུང་མ་བསྟན་ཡང་སྲིད་པ་བཅས་རྐྱང་གི་ལྟུང་བའི་མཚན་ཉིད་དོ། ། ཞེས་གསུངས་བའི་ཕྱིར། གཉིས་པ་མཚན་གཞི་ནི། བཅས་ལྡན་དགེ་སློང་གིས་རྩྭ་སྔོན་བཅད་པའི་སྤོང་བ་ལས་འདས་པའི་ཁ་ན་མ་ཐོ་བ་དེའི་མཚན་གཞི་ཡིན་པའི་ཕྱིར། འོ་ན་རང་ལུགས་ལ་རྩ་སྔོན་བཅད་པའི་ལྟུང་བ་ཡིན་ན་བཅས་རྐྱང་གི་ལྟུང་བ་ཡིན་པས་ཁྱབ་བོ། ། དེ་ལྟར་ཁྱབ་པ་དེ་ཡང་། སྡོམ་འགྲེལ་དཔག་བསམ་སྙེ་མ་ལས། བཅས་ལྡན་དགེ་སློང་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་གང་ཞིག ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་གི་རིགས་ལ་ཉོན་མོངས་པ་ཅན་ཡང་སྲིད་ལུང་མ་བསྟན་ཡང་སྲིད་པ་བཅས་རྐྱང་གི་ལྟུང་བའི་མཚན་ཉིད་དོ། ། ཞེས་གསུངས་བའི་ཕྱིར་རོ། །
    འོ་ན་ཁྱེད་ཀྱི་རང་བཞིན་གྱི་ལྟུང་བ་དང་བཅས་རྐྱང་གི་ལྟུང་བ་གཉིས་པོ་གཞི་མཐུན་ཡོད་པ་ཁས་ལེན་པ་ཐལ་ཟེར་ན། འདོད་པ་ཁོ་ན་ཡིན་ནོ། ། དེ་ཡང་གྲུབ་སྟེ། སྡོམ་འགྲེལ་དཔག་བསམ་སྙེ་མ་ལས། བཅས་རྐྱང་གི་ལྟུང་བ་དང་རང་བཞིན་གྱི་ལྟུང་བ་གཉིས་བཤད་མ་ཐག་པ་ལས། དེ་གཉིས་འགལ་བ་མ་ཡིན་ཏེ། བསྙེན་པར་རྫོགས་པའི་རྒྱུད་ཀྱི་མ་བྱིན་ལེན་གྱི་ཕམ་པ་དེ། རྣམ་སྨིན་སྡུག་བསྔལ་བསྐྱེད་པའི་ཆ་ནས་རང་བཞིན་ལྟུང་བ་དང་། སྟོན་པའི་བཅས་འགལ་གྱི་ཆ་ནས་བཅས་ལྟུང་དུ་བཞག་པའི་ཕྱིར་རོ། །
   ཁ་ཅིག་གིས་རང་བཞིན་གྱི་ལྟུང་བ་དང་བཅས་པའི་ལྟུང་བ་གཉིས་གཞི་མཐུན་སྒྲུབ་པ་མ་རེད། སྡིག་པ་དང་རང་བཞིན་གྱི་ལྟུང་བ་གཉིས་པོ་གཞི་མཐུན་སྒྲུབ་པ་རེད་ཟེར་ནས་ཆོས་རྭ་ནང་གི་མཚན་ཉིད་པ་ཁ་ཤས་ཀྱིས་ལབ་སྒྲོས་འདུག  དེ་དག་གིས་ལུང་དེའི་དོན་མ་གོ་བས་སོ། ། དེ་རང་ལུགས་ལ་ལྟུང་བའི་རྣམ་གཞག་འདི་ལྟར་ཡིན་དགོས་པར་སེམས་ཏེ། ལྟུང་བ་ཡིན་ན། བཅས་རྐྱང་གི་ལྟུང་བ་ཡིན་པས་ཁྱབ་པ་དང་། བཅས་རྐྱང་གི་ལྟུང་བ་དང་བཅས་པའི་ལྟུང་བ་གཉིས་ལ་ཁྱད་པར་མེད་པ་ཤེས་དགོས་སོ། །  ལྟུང་བ་དེ་དང་དེ་ངོ་བོ་དགེ་བ་མི་དགེ་བ་ལུང་མ་བསྟན་གང་རུང་དུ་གྲུབ་མིན་དེ་དུས་ཀྱི་ཀུན་སློང་དེའི་ཁྱད་པར་འབྱེད་དགོས་ཤིང་།ཀུན་སློང་དངོས་སུ་སྐྱེད་བྱེད་ཡང་དུས་ཀྱི་ཀུན་སློང་ལ་རག་ལས་ཏེ། རྒྱུའི་ཀུན་སློང་སྙིང་རྗེའི་ཀུན་ནས་བསླངས་པའི་སྲོག་གཅོད་པའི་ལྟུང་བ་དེ་ཡང་དུས་ཀྱི་ཀུན་སློང་ཉོན་མོངས་ཅན་ཡིན་པས་དེའི་ལྟུང་བ་དེ་ཡང་རང་བཞིན་གྱི་ལྟུང་བ་ཡིན། བསླབ་པ་ཁྱད་གསོད་དང་འབྲེལ་བའི་རྩ་སྔོན་བཅད་པའི་ལྟུང་བ་དེ་ཡང་དུས་ཀྱི་ཀུན་སློང་གི་རིགས་ལ་ལུང་མ་བསྟན་སྲིད་ཉོན་མོངས་སྲིད་པ་ཡིན་པས་དེའི་ལྟུང་བ་དེ་ཡང་བཅས་རྐྱང་གི་ལྟུང་བ་ཡིན་ནོ། ། གལ་ཏེ་ལྟུང་བ་དེའི་དུས་ཀྱི་ཀུན་སློང་ལ་དགེ་བ་ཡིན་པ་ཞིག་ཡོད་ན་རྒྱུ་འབྲས་ནི་རྗེས་སུ་འགྲོ་ལྡོག་རང་བཞིན་ཅན་ཡིན་པའི་ཕྱིར་དེའི་བསྐྱེད་པའི་ལྟུང་བ་དེའང་དགེ་བ་ཡིན་པར་གྲུབ་བོ། ། དགེ་བའི་ལྟུང་བ་མེད་པར་འདུལ་གཞུང་གཏམ་གྱི་གཞི་སོགས་ཀྱི་སྐབས་ལས་གྲུབ་བོ། ། བྱེ་སྨྲའི་ལུགས་ལ་བཅས་རང་གཉིས་ཀྱི་རྣམ་གཞག་འདི་དུས་ཀྱི་ཀུན་སློང་རག་ལས་འདུག་པར་སེམས་སོ། །
           རྩ་བའི་ས་བཅད་གཉིས་པ་ཞར་བྱུང་འགའ་ཞིག་གིས་ལོག་རྟོག་ཆ་རེ་དགག་པ་ནི། སྤྱིར་བཏང་གོང་ནས་རང་ལུགས་ཀྱི་སྐབས་ཀྱི་ཞར་འཕྲོས་བྱས་ནས་རྩོད་སྤུང་མང་ཙམ་བྱས་ཡོད་པ་དེ་ལས་གཞན་དག་མི་དགོས་པར་སྣང་ངོ་། ། ཡིན་ནའང་འདིའི་སྐབས་ནས་ལོག་རྟོག་ཆ་རེ་དགག་པར་འདོད་དོ། ། ཁ་ཅིག་གིས། ཤཱཀྱ་ཐུབ་པ་ཆོས་ཅན། སྡིག་པའི་བྱེད་པོ་ཡིན་པར་ཐལ། ལྟུང་བའི་བྱེད་པོ་ཡིན་པའི་ཕྱིར་ཟེར་ནས་རྩོད་པ་ཁ་ཤས་གཏོང་གིན་འདུག དེ་དག་གིས་ལྟུང་བའི་རྣམ་གཞག་གི་དོན་མ་གོ་བར་འཁྱམས་ཏེ། བཅས་ལྡན་དགེ་སློང་རྣམས་སངས་རྒྱས་ཀྱི་བཅས་པ་མཚན་ཉིད་པ་ལས་འདས་པའི་ལྟུང་བ་ཡིན་ན་སྡིག་པ་ཡིན་པས་ཁྱབ་པར་འདོད་པ་དག་གིས་གཞུང་ལུགས་ཀྱི་གནད་གསང་མ་གོ་བ་རེད། དེའི་དོན་ལ་ཞིབ་ཏུ་དཔྱད་ན། ལྟུང་བ་ནི་སྟོན་པས་བཅས་པ་མཚན་ཉིད་པ་མཛད་པའི་ཆ་ནས་མི་དགེ་བར་མི་འགྱུར་ཏེ། ཀུན་སློང་གིས་རྣམ་པར་འགྱུར་བ་ཅན་ཡིན་པའི་ཕྱིར། ལྟུང་བ་དེ་དང་དེ་མི་དགེ་བ་དང་ལུང་མ་བསྟན་མ་ངེས་པ་དེ་ལྟུང་བ་ཡིན་པ་གྲུབ་བྱེད་དུས་ཀྱི་ཀུན་སློང་གི་ཐོག་ནས་འཇོག་དགོས་པའི་ཕྱིར་རོ། ། དཔེར་ན། དུས་ཀྱི་ཀུན་སློང་ལུང་མ་བསྟན་གྱི་འཕངས་བའི་ལྟུང་བ་དེ་བཅས་པ་ལས་འདས་པ་ཡིན་ཀྱང་མི་དགེ་བ་མ་ཡིན་པ་ལུང་མ་བསྟན་ཡིན་པའི་ཕྱིར། གལ་སྲིད་ཁྱོད་ལྟར་ན་ལྟུང་བ་ཡིན་ན་མི་དགེ་བ་ཡིན་པས་ཁྱབ་པར་ཐལ། བཅས་པ་ལས་འདས་པ་ཡིན་པས་ཁྱབ་བའི་ཕྱིར། འདོད་ཟེར་ན། སོ་ན། དུས་ཀྱི་ཀུན་སློང་ལུང་མ་བསྟན་དུ་གྱུར་པའི་ལྟུང་བ་དེ་ཆོས་ཅན། མི་དགེ་བ་ཡིན་པས་ཁྱབ་བ་ཐལ། བཅས་པ་ལས་འདས་པ་ཡིན་པའི་ཕྱིར། མ་ཁྱབ་དང་རྟགས་མ་གྲུབ་གང་ལན་བཏབ་ན་དམ་བཅའ་ཉམས་སོ། ། གལ་སྲིད་འདོད་ལབ་ན། ལུང་གཏམ་གྱི་གཞི་ལས། ནོངས་པའི་དགེ་བ་ཞེས་བགྱིའམ། མི་དགེ་བ་ཞེས་བགྱིའམ། ལུང་དུ་མི་སྟོན་པ་ཞེས་བགྱི། ཉེས་པ་མི་དགེ་བ་ཞེས་བྱ། ལུང་དུ་མ་བསྟན་པ་ཞེས་ཀྱང་བྱའོ་ཞེས་གསུངས་བ་འདི་དང་འགལ་ལོ། ། འདིའི་སྐབས་ནས་ལུང་མ་བསྟན་དུ་གྱུར་པའི་ལྟུང་བ་ཡོད་པ་གྲུབ་བོ། ། ལུང་མ་བསྟན་དུ་གྱུར་པའི་ལྟུང་བ་ཡིན་ན་མི་དགེ་བ་མ་ཡིན་པས་ཁྱབ་བ་ཐལ། དགེ་མི་དགེ་གང་རུང་མ་བསྟན་པ་ཡིན་པས་ཁྱབ་བའི་ཕྱིར་རོ། །  འོ་ན་མདོ་སྡེ་གསེར་འོད་ལས་འགལ་འགྲོ་འདུག་ཟེར་ན། དེ་འགལ་དགོས་པ་མ་རེད། དེ་གཞུང་དོན་དེ། རང་བཞིན་གྱི་ལྟུང་བ་ཡིན་ཞིང་དེ་འདྲ་ཡོད་པ་ལ་དགོངས་སོ། །
                 སླར་སྨྲས་པ།
གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཟབ་དོན་ལ། །
མི་ཚེ་ཐོས་པར་སྐྱེལ་བའི་ལག་རྗེས་སུ། །
སྐྱེས་སྦྱངས་ཤེས་རབ་ཤིན་ཏུ་ཕྲ་ན་ཡང་། །
བྱེ་སྨྲའི་གཙུག་ལག་ཐོབ་པའི་སྐལ་བ་འདི། །
ཆོས་འདུལ་བསྟན་པ་དར་བའི་ཕྱིར་དུ་བསྔོ། །
འདུལ་གཞུང་ཁྲིམས་ཀྱི་རྩ་བ་རབ་བརྟན་ཅིང་། །
འདུལ་འཛིན་ལྗོན་པའི་འདབ་མ་ཕྱོགས་སུ་རྒྱས། །
འདུལ་འགྲེལ་ཟབ་དོན་ཡངས་པའི་འཇུག་ངོགས་ནས། །
ཐར་འདོད་བློ་ཡི་གྲུ་ལས་བརྒལ་བར་ཤོག །
འདི་ལ་སློབ་གཉེར་བྱས་པའི་དགེ་རྩ་ཀུན། །
རྒྱལ་བ་རྣམས་ཀྱི་མཆོད་པའི་རྒྱན་བྱས་ནས། །
བདག་སོགས་ཚེ་རབས་ཕྲེང་བ་ཐམས་ཅད་དུ། །
བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་ནུས་ཤོག །
ཞེས་པ་འདི་ནི་བོད་རྒྱལ་ལོ་༢༠༤༦ལོའི་སྡེ་དགེ་ཞེ་ཆེན་ལྔ་རིག་ནང་བསྟན་སློབ་གླིང་ལེགས་བཤད་ཉི་ཟླའི་དགའ་ཚལ་དུ་ལོ་མཇུག་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་འདུལ་བའི་འཛིན་གྲྭའི་(སློབ་གཉེར་པ་ཁམས་པ་རབ་དབྱངས་སམ་ཚེས་བཅུ་རབ་དབྱངས་ཀྱིས་ཕུལ་བ་དགེའོ། ། དགེའོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3706