ཡོར་དགོན་ནི་དུས་རབས་བཅོ་ལྔ་པའི་ནང་དུ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་འདམ་གཞུང་དུ་ཕྱག་བཏབ་པའི་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཡིན་ལ་མཚན་རྒྱས་པར་<ཡོར་དགོན་ཕུན་ཚོགས་བཀྲིས་ལྷུན་པོའི་གླིང་>ཡང་ཟེར། དགོན་དེ་ཉིད་ཕྱག་འདེབས་ལོ་རྣམ་ཐར་ཁག་ཏུ་དེ་ཙམ་གྱི་གསལ་ཁ་མེད་ན་ཡང་རྗེ་བདུན་པའི་རྣམ་ཐར་གྱི་ལོ་ཚིགས་གོང་འོག་བསྒྲིགས་ཚེ་རྗེ་ཉིད་དགུང་ལོ་ཉེར་དྲུག་པ་ས་ཕག་སྤྱི་ལོ(1479)ལོར་ཕྱག་བཏབ་པར་མངོན། 

ཡོར་བ་དགོན་གྱི་ཆགས་ཤུལ། 

     དེ་ཡང་གོ་ཤྲཱི་དཔལ་འབྱོར་དོན་གྲུབ་ཀྱིས་མཛད་པའི་རྗེ་བདུན་པའི་རྣམ་ཐར་ལས། “འདམ་གཞུང་དུ་ཡོར་བ་དགོན་བཏབ་པའི་རྨིང་བཞག །ཉིན་དགུན་འབྲུག་གྲགས་པ་དང་།མེ་ཏོག་གི་ཆར་བབ་པ། དེར་སྐུ་མཚམས་ལ་བཞུགས་པའི་དུས། རྗེ་བཙུན་འཇམ་དཔལ་དབྱངས་སྣང་བ་ཞལ་གཟིགས། ཆར་པ་བབ།ཅེས་སོགས་གསུངས་པ་ལ་གཞིགས་ན་སྐབས་དེར་ནམ་དུས་དགུན་ཁ་ཁེལ་ཡོད་པ་གསལ་ཡོད་ལ། དེའི་དགུན་ཁ་ནི་རྗེ་བདུན་པས་ས་ཕག་ལོ་སྤྱི་ལོ(1479)ལོའི་ཟླ་བ་དྲུག་པའི་ནང་དུ་གདན་ས་ཀརྨ་དགོན་གྱི་ལྷ་ཆེན་བཞེངས་གྲུབ་རྗེས་རིམ་གྱིས་ཞལ་དབུས་ཕྱོགས་སུ་ཕྱོགས་ནས་ལོ་དེར་འདམ་གཞུང་དུ་ཡོར་དགོན་རྨང་བཞག་ནས། དེ་ལོའི་དགུན་ཁར་རྗེ་ཉིད་དེ་ཀར་སྐུ་མཚམས་ལ་བཞུགས་པར་ངོས་འཛིན་ན་འཐད་པ་ཆེ་སྙམ། གང་ལགས་ཤེ་ན། གོང་འཕྲོས་རྣམ་ཐར་གྱི་ཚིག་འོག་དེ་མ་ཐག་ཏུ། “དེ་ནས་མཚུར་ཕུར་ཕེབས་ནས།ལྷ་ཆེན་འཛམ་གླིང་རྒྱན་གྱི་ཞིག་གསོ་དང་རབ་གནས་མཛད་པའི་དུས་སུ། མེ་ཏོག་གི་ཆར་པ་རྒྱུན་པར་བབ། དེར་སྐུ་མཚམས་ལ་བཞུགས་པའི་དུས་ཉིན་གཅིག་འཇམ་དབྱངས་དཀར་པོ་གཟིགས་ཞེས་དང་། དེ་ནས་ལྷ་སར་ཕེབས་ཏེ་སྣེའུ་ནང་སོ་སྐུ་མཆེད་དཔོན་གཡོག་གིས་ལྷའི་འབྱོར་པ་ལྟ་བུས་བསུ་བ་བྱས་ཚུལ་རྣམ་ཐར་ཁག་ཏུ་གསུངས་ཡོད། དེར་བརྟེན་ས་ཕག་སྤྱི་ལོ(1479)ལོར་ཡོར་དགོན་བཏབ་པ་དང་།སྣེའུ་ནང་སོ་སྐུ་མཆེད་དཔོན་གཡོག་གི་ལྕགས་བྱི་སྤྱི་ལོ1480)ལོར་བསུ་བ་གནང་པ་འདྲ་སྟེ། ལྕགས་གླང་སྤྱི་ལོ་1481ལོར་རིན་སྤུངས་པ་དང་དགེ་ལུགས་པའི་བར་གྱི་འགལ་ཟླའི་འོག་རིན་སྤུངས་པས་དམག་དབུས་སུ་དྲངས་ཏེ། སྣེའུ་རྫོང་དཔོན་ངག་དབང་བསོད་ནམ་ལྷུན་པོ་དང་། དེའི་བུ་ངག་དབང་བསོད་ནམ་རྣམ་རྒྱལ་གཉིས་སྣེའུ་ནས་ཕྱིར་ཕུད་བྱས་ནས་ཡུལ་གཞན་དུ་བཏོན་པ་ཡིན་འདུག་པས་སྐབས་དེར་སྣེའུ་ཕྱོགས་ནས་རྒྱལ་དབང་ཀརྨ་པ་ལ་ལྷའི་འབྱོར་པ་ལྟ་བུས་བསུ་བ་ཞུ་ཐབས་བྲལ་སྙམ།

 ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སྒྲུབ་ཁང་།

   ཡོར་བ་དགོན་ཞེས་འབོད་པའི་དོན་ཡང་དགོན་དེ་ཉིད་གཉན་ཆེན་ཐང་ལྷའི་ཕྱི་ཡི་བློན་པོ་སྤོམ་ཆེན་ཡོར་བའི་རི་འདབས་སུ་བཏབ་ཅིང་། དེ་གའི་ས་མིང་དགོན་པ་ལ་ཐོགས་ནས་ཡོར་དགོན་ནམ་མཚན་རྒྱས་པར་ཡོར་དགོན་ཕུན་ཚོགས་བཀྲིས་ལྷུན་པོའི་གླིང་ཞེས་རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོས་གནང་བ་ཡིན་འདུག །སྔར་གྱི་དུས་སུ་ཡོར་བ་དང་ད་ལྟའི་དུས་སུ་འདམ་གཞུང་གི་ཡུལ་མིས་ཡོ་ར་ཞེས་འབོད་པ་སྔ་ཕྱིར་སྒྲ་ཅུང་ཟད་འགྱུར་བར་མངོན་ཏེ། ཀཾ་ཚང་སྒར་བསང་ཆེན་མོའི་ཆ་ལག་རྗེ་ཞྭ་དམར་སྤྱན་སྔ་ཆོས་གྲགས་ཀྱིས་མཛད་པའི་ཐང་ལྷའི་གསོལ་མཆོད་ལས།ཕྱི་ཡི་བློན་པོ་བ། སྤོམ་ཆེན་ཡོར་བ་ནི། དཀར་པོ་ཕུན་དམར་ཆིབས། “ཞེས་གསུངས་ཡོད། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་དགོན་དེ་ཉིད་ཀྱི་ཕྱི་གཙུག་ལག་ཁང་དང་། ནང་དགེ་འདུན་གྱི་སྡེ་གཉིས་ཀ་གྲ་རྒྱས་པོ་བྱུང་ཡོད་པ་ཡང་ཕྱིས་སུ་རྗེ་ཉིད་ཀྱིས་དབུས་ཀརྨའི་སྒར་ཆེན་ཡོར་དགོན་དུ་ཕེབས་ནས་རྗེ་བན་སྒར་བ་འཇམ་དཔལ་བཟང་པོའི་གདུང་འབུམ་གྱི་གཙུག་ལག་ཁང་ལ་གསེར་འཕྲུ་བཙུགས་པ་དང་དགོན་པར་བཅའ་ཁྲིམས་ཀྱང་སྩལ་གནང་འདུག་པས་དེ་དག་ལ་དཔགས་ན་གསལ་པོར་ཤེས་ནུས།

​སྒྲུབ་ཆུ། 

    ད་ལྟའི་དུས་སུ་ཡོར་དགོན་གྱི་ཤུལ་ཙམ་ལས་མཇལ་རྒྱུ་མེད་ཅིང་དེ་ཡང་དེ་ཀའི་ཡུལ་མི་དགུང་ལོ་གྱ་བཞིར་ཕེབས་པའི་རྨོ་བོ་རྟ་མགྲིན་སྒྲོལ་དཀར་གྱིས་གཙོས་ཡུལ་མིའི་ངག་རྒྱུན་དུ་ཡོར་གྲོང་ཚོའི་ལྟག་ཏུ་ཁང་པའི་ཤུལ་ཡོད་ས་དེར་སྔར་དགོན་པ་ཞིག་ཡོད་ཚུལ་བཤད་རྒྱུན་ཡོད་པ་མ་གཏོགས་དེ་མིན་ཡོར་བའི་ཁུལ་དུ་བཤད་རྒྱུན་གཞན་མི་འདུག་པས། ད་ཐེངས་ཀྱང་ངག་རྒྱུན་གཞི་ལ་བཅོལ་ནས་ཡོར་དགོན་དེ་ཀར་ཡིན་པར་འདུག་ཅེས་བྲིས་ཡོད། གཞན་ཡང་དྲྭ་གྲོགས་རྒན་འདམ་ཤོད་པ་ལགས་ནས་ཀྱང་ཁོ་བོར་དེའི་ཐད་ལམ་སྟོན་གནང་བར་བཀའ་དྲིན་མི་དམན་པ་བྱུང་། 

   དེ་ནས་གྲོང་ཚོའི་ཕུ་རུ་རླངས་འཁོར་ནང་དུ་སྐར་མ་ལྔ་ཙམ་ཕྱིན་ན་ཆུ་ཚན་གྱི་ཆུ་འགོའི་ཐོད་ཙམ་དུ་ནུབ་རིའི་འདབས་སུ་དུད་ཁྱིམ་ཆགས་ཤུལ་གྱི་གྱང་རོ་ཅུང་ཆེ་ཙམ་ཞིག་འདུག་པས་དེའི་ཆགས་དབྱིབས་དང་ཁང་ཤུལ། རྩིག་པའི་སྤུས་ཚད་ལ་བལྟས་ན་ཐོག་མར་དགོན་པ་དང་དེ་ནས་དགོན་པ་ཉམས་ཆག་ཤོར་ནས་རིམ་གྱིས་དུད་ཁྱིམ་ཆགས་པ་མིན་ནམ་སྙམ་པ་ཞིག་འདུག་ལ། ཕྱོགས་གཞན་ནས་བསམ་བློ་བཏང་ན་གྱང་ཤུལ་དེ་ཡོར་བ་དགོན་ཡིན་པ་འམ་ཡང་ན་ཡོར་དགོན་གྱི་རི་ཁྲོད་ཞིག་མིན་ནམ་སྙམ་པ་ཞིག་འདུག་པས། ཕྱིས་འབྱུང་ཡོར་དགོན་ལ་དོ་སྣང་གནང་མཁན་ཚོས་བསྐྱར་ཞིབ་གནང་ན་ཡག་པོ་འདུག །གྱང་ཤུལ་ཡོད་ས་ནས་སྤང་རིའི་གྱེན་དུ་སྐར་མ་བཅོ་ལྔ་ཙམ་འཛེགས་ན་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་སྒྲུབ་ཕུག་དབེན་ཞིང་ཉམས་དགའ་བ་མཇལ་རྒྱུ་འདུག །དགོན་འདི་ཡི་ཆགས་གནས་འཇིག་གསུམ་གསལ་བའི་ཡི་གེ་ཞིག་ད་བར་རང་ཉིད་ཀྱི་མཇལ་ལམ་དུ་མ་གྱུར་པས་ཕྱིས་འབྱུང་དེའི་སྐོར་རང་གཞན་སུས་མཇལ་རུང་ཟུར་བཀོལ་གྱི་ཚུལ་དུ་བྲིས་ན་རྗེ་བདུན་པའི་རྣམ་ཐར་གསལ་ཁ་ཇེ་ཆེར་ཡོང་བའི་དགེ་མཚན་ཆེ།

རྗེ་བདུན་པའི་སྒྲུབ་ཁང་།

    གནས་དེ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་བྱང་ཤར་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོ་རུ་ཁག་དང་པོ་ཡོར་ར་གྲོང་ཚོའི་ས་ཁོངས་དང་། འདམ་གཞུང་རྫོང་ནས་སྤྱི་ལེ་ཉི་ཤུ་ཙམ།རྒྱ་མཚོའི་ངོས་ནས་མཐོ་ཚད་རྨིད་4600ཙམ་ཡོད།། །།

  

    ཅེས་འདམ་གཞུང་ཡོར་བ་དགོན་གྱི་ངོ་སྤྲོད་མདོར་བསྡུས་འདི་ནི་འཕྲང་སྟོད་བཀྲིས་རྒྱ་མཚོས་སྤྱི་ལོ་2023ས་ག་ཟླ་བའི་ཚེས་22རེ་གཟའ་སྤེན་པ་སྟེ་རྒྱལ་བའི་དབང་པོའི་སྐུ་གཟའི་ཉིན་མཚུར་ཕུའི་རང་ཤག་ཏུ་བྲིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3681