བཅར་འདྲི། ར་རྫ་འཇམ་དབྱངས་སྐྱིད།
ངའི་མིང་ལ་འབུམ་སྐྱིད་ཟེར། ཕ་ཡུལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཡིན། ད་སྐབས་ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་ལོ་རིམ་བཞི་བའི་སློབ་མ་ཡིན།
སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།
འབུམ་སྐྱིད། ང་ནི་རང་གཅུན་གྱི་ནུས་པ་ཞན་པའི་མི་ཞིག་ཡིན་པར་འདོད་ཀྱི་ཡོད། ངའི་ཕ་མ་ནི་ཡིག་རྨོངས་ཡིན་པས་ང་ལ་དཔེ་ཀློག་བྱོས་ཟེར་བ་ཙམ་ལས་ལྟ་རྟོག་སོགས་ནི་ཆུང་དུས་ནས་མི་བྱེད་ལ་བྱེད་ཀྱང་ཤེས་ཀྱི་ཡོད་མ་རེད། དེ་བས་དགེ་རྒན་ནི་ངའི་སློབ་སྦྱོང་ལ་ལྟ་རྟོག་བྱེད་མཁན་གཅིག་པུ་དེར་གྱུར། སློབ་ཆེན་དུ་སླེབས་པའི་ལོ་དང་པོ་དེར་ང་ནི་གཟེབ་ནས་ཤོར་པའི་བྱེའུ་ཞིག་དང་འདྲ་བར་རྩེད་འཇོ་ཁོ་ནར་གཡེངས་པས་ལོ་མཇུག་གི་རྒྱུགས་འབྲས་འཛིན་གྲྭའི་མཐའ་མའི་གྲས་སུ་ལྷུང་། དེ་ནས་བཟུང་ངས་རང་གི་ལྟ་བ་དང་སྤྱོད་པ་ལ་ཚོད་འཛིན་བྱས་པ་ཡིན། རྗེས་ཀྱི་ལོ་གསུམ་པོའི་ནང་དུ་དགེ་རྒན་བཟང་པོའི་མཛུབ་སྟོན་དང་དཔེ་ཀློག་ཉུང་ཙམ་བྱས་པའི་ཁྲོད་ནས་ངའི་ལྟ་སྤྱོད་ལ་འགྱུར་བ་ཆེ་ཙམ་བྱུང་ལ། སྦྱངས་འབྲས་ཀྱང་འཛིན་གྲྭའི་སྔོན་གྲས་སུ་སླེབས། སྦྱངས་འབྲས་ནི་བཟང་ངན་འབྱེད་བྱེད་ཀྱི་ཚད་གཞི་ཉག་གཅིག་མིན་མོད། ཡིན་ཡང་དེས་ཀྱང་མི་ཞིག་གི་ཧུར་བརྩོན་བྱས་མིན་ལ་བདེན་དཔང་བྱས་ཆོག་འདོད། མ་ཟད་ད་ལོར་མུ་མཐུད་དུ་སློབ་གྲྭ་ནས་ཞིབ་འཇུག་འདོན་པའི་སྐལ་བ་བཟང་པོ་རང་ལ་ཐོབ། ངས་དོན་དག་འདི་བཤད་དོན་ང་ལ་ནུས་པ་འདི་འདྲ་ཡོད་ཅེས་ངོམ་ཆེད་དུ་ནི་རྩ་བ་ནས་མིན་པར། ང་ལྟ་བུའི་རང་གཅུན་གྱི་ནུས་པ་ཞན་པའི་མི་ཞིག་གིས་ཀྱང་རང་སྐྱོན་ངོས་ཟིན་དང་འགན་འཁྲི་ཕྲག་ཏུ་བླངས་ན་རང་ལ་འཚམ་པའི་ལམ་ཁ་རེ་རྙེད་ངེས་ཞེས་བཤད་འདོད་པ་དེའོ། །
སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།
འབུམ་སྐྱིད། རང་གིས་བསམས་ན། སློབ་ཆེན་ནི་མི་ཞིག་གི་མི་ཚེའི་ཁྲོད་རང་སྣང་མཐོ་ཤོས་དང་རང་རྩིས་ཆེ་བ། ཡོད་ཚད་ལ་མཚར་སྣང་ཆེ་ཞིང་ཤུགས་རྐྱེན་ཐེབས་སླ་བའི་ལང་ཚོའི་དུས་ཤིག་ཡིན་པས་ཡག་ལས་དང་བརྙན་འཕྲིན་སོགས་ལ་མགོ་འཁོར་མཁན་ནི་བུ་མོ་ཁོ་ན་ཙམ་ཞིག་ག་ལ་ཡིན་འདོད། ངའི་ཉེ་འཁོར་གྱི་བུ་ཚ་ལ་ལ་ནི་བུ་མོ་ཚོ་དང་བསྡུར་ན་སྡུག་པས་འདི་བུ་མོ་ཚོ་ཁོ་ནའི་སྐྱོན་ཞིག་མ་རེད་འདོད། རང་ལ་མཚོན་ན་ལོ་བཞི་བོ་འདིའི་ནང་དུ་དགའ་རོགས་ཐེངས་གཅིག་ལ་བསྒྲིགས་པ་ལོ་གསུམ་ཙམ་གྱི་དུས་ཡུལ་འགོར་སོང་། ཟླ་འགའི་སྔོན་རྐྱེན་དུ་མའི་དབང་གིས་ཁ་ཁར་བུད་སོང་། ང་རང་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་དང་བརྩམས་སྒྲུང་སོགས་ལ་ལྟ་རྒྱུ་དགའ་བར་མ་ཟད། ཡག་ལས་ལ་ཡང་དགའ་བའི་བུ་མོ་ཞིག་ཡིན། འདི་དག་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད་ལ་དུས་ཚོད་ཀྱང་མང་པོ་དེའི་སྟེང་གཏོང་བཞིན་ཡོད། ཡིན་ནའང་དེ་ནི་ནག་ཉེས་ཆེན་པོ་ཞིག་རེད་ངས་མི་འདོད། ཉིན་གཅིག་གི་ནང་དུ་སེམས་ཁམས་དྭངས་མོ་ཞིག་ཡོད་ན་དོན་དག་ཆེ་ཆུང་གང་སྒྲུབ་རུང་ལེགས་འགྲུབ་བྱུང་བའི་སྣང་བ་ཞིག་ཡོད་ལ། རང་གཞན་ཀུན་ལ་སྤྲོ་སྣང་གི་མཁའ་དབུགས་ཤིག་ཀྱང་བསྐྲུན་ཐུབ་པར་འདོད། མ་ཟད་གླུ་ལེན་པ་དང་ཞབས་བྲོ་འཁྲབ་པ། རྩེད་མོ་རྩེ་བ་སོགས་ནི་ཟ་མ་ཟ་བ་དང་ཆུ་ཁོལ་འཐུང་བ་བཞིན་ཉིན་རྒྱུན་མེད་དུ་མི་རུང་བའི་འཚོ་བའི་བཅུད་ཡིན་པར་ཡང་འདོད། གཞན་ལ་གནོད་འཚེ་མེད་པ་དང་རང་གི་ལས་དོན་མི་འཆོར་བའི་གནས་ཚུལ་འོག་ནས་རང་གི་འདོད་མོས་ལྟར་འཚོ་རྒྱུ་ནི་ཆེས་གལ་ཆེ་བ་རེད་སྙམ།
སྨིན་དྲུག ངོ་མ་རེད། འཚོ་བ་སྐྱེལ་སྟངས་ཕུན་ཚོགས་སྣ་འཛོམས་ཡིན་ན་འགྲིག་དང་འགྲིག དེ་ལྟ་ནའང་སློབ་གཉེར་གྱི་སྐབས་ལ་གཙོ་ཕལ་དང་བཟང་ངན་གྱི་དབྱེ་བ་འབྱེད་མ་ཤེས་པར་རྡོ་རྗེ་ཕ་ལམ་ལས་ཀྱང་ལྷག་པའི་སློབ་སྦྱོང་གི་གོ་སྐབས་ཤོར་ན་གསབ་ཐབས་ག་ལ་ཡོད། མི་ཞིག་ལ་མཚོན་ན། སློབ་གསོའི་བག་ནུས་ཐོན་ཤོས་ནི་དར་མའི་དུས་མ་ཡིན་ལ། རྒན་པའི་དུས་ནི་དེ་བས་ཀྱང་མིན། ཏག་ཏག་ཁྱེད་ཅག་གི་ལོ་ཚོད་དེ་གཞོན་པའི་དུས་ནི་སློབ་སྦྱོང་གི་གསེར་གྱི་དུས་རིམ་ཡིན་པ་ཐུགས་ལ་འཇགས་དགོས།
སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།
འབུམ་སྐྱིད། གནས་ཚུལ་དེ་རིགས་དངོས་གནས་འབྱུང་གི་འདུག ངས་བསམས་ན་དེ་ནི་སྲོལ་རྒྱུན་གྱི་ཤུགས་རྐྱེན་ཡིན་པ་ལས་ལུས་རྟེན་གྱི་ཁྱད་པར་ལས་བྱུང་བ་ཞིག་མིན་པར་འདོད། དེ་ལས་ལྡོག་སྟེ། བུ་མོ་ཚོར་སྙིང་རུས་ཆེ་ལ་ཞིབ་ཚགས་ཆེ་བའི་ཁྱད་ཆོས་ཤིག་འདུག་པས། དྲི་བ་ལ་ལར་ཟུར་སྣེ་མི་འདྲ་བ་དང་ལྟ་སྟངས་མི་འདྲ་བ་འདེབས་ལ། གཞན་གྱིས་མ་མཐོང་བའི་ངོས་ཀྱང་མཐོང་གི་འདུག བུ་ཚ་ཚོ་ལ་ཡང་རང་གི་ཁྱད་ཆོས་ཡོད་མོད། ཡིན་ཡང་ཁོ་ཚོ་སྤོབས་པ་ཆེ་བ་དང་འཛེམ་དོགས་མེད་པ་སོགས་ནི་གོམས་སྲོལ་གྱིས་བསྐྱེད་པ་ཞིག་ཡིན་པར་འདོད་ལ། ནུས་པ་ཡོད་མེད་དེ་ནི་མི་སྒེར་ལ་རག་ལས་པ་ཞིག་ཡིན་པར་འདོད་ལགས།
སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།
འབུམ་སྐྱིད། ངའི་ཉེ་འཁོར་དུ་བུ་ཚ་དང་བུ་མོ་ཞེས་ཕྱོགས་ཁག་ཏུ་གྱེས་པའི་གནས་ཚུལ་ཤིན་ཏུ་ཉུང་ལ། སྦྱངས་འབྲས་བཟང་ངན་དང་ནུས་པ་ཡོད་མེད་ནི་མི་སྒེར་གྱི་དོན་དག་ཅིག་ཏུ་སྣང་། ངེད་ཅག་གི་འཛིན་གྲྭར་མཚོན་ན་སྦྱངས་འབྲས་བཟང་ཤོས་ལེན་མཁན་དེ་ཀན་ལྷོའི་བུ་མོ་རིག་ཡག་མ་ཞིག་ཡོད་པ་དེ་ཡིན། སྦྱངས་འབྲས་ཙམ་གྱིས་མི་ཚད་པར་མོ་ནི་ཕྱོགས་གང་ཐད་ནས་ཕུལ་དུ་བྱུང་བ་ཞིག་ཡིན། དེ་མིན་འཛིན་གཙོ་བུ་ཚ་ཞིག་ཡིན་ལ་ཁོ་ཡང་སློབ་སྦྱོང་སོགས་གང་ཐད་ནས་ནུས་པ་ཆེན་པོ་འདུག སློབ་ཆེན་དུ་མ་གཞི་ནས་རྒྱུགས་འབྲས་གཙོ་བོར་མི་འཛིན་པས་དེ་ལ་དོན་སྣང་ཆེན་པོ་བྱེད་མཁན་མེད།
སྨིན་དྲུག སློབ་ཆེན་དུ་རྒྱུགས་འབྲས་ལ་དོ་སྣང་མི་བྱེད་པའི་རྒྱུ་མཚན་ལེའུ་དང་པོ་སྟེ་རྔ་བ་ཚེ་རིང་སྐྱིད་ངེད་གཉིས་ཀྱི་ཁ་བརྡའི་ནང་དུ་གླེང་སློང་བྱས་ཡོད་པས་དེ་འཐུས་པར་བྱའོ། །
སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
འབུམ་སྐྱིད། རང་ལ་རྒྱུས་ཡོད་པའི་སློབ་གྲོགས་བུ་ཚ་ལ་ལས་དཔེ་ཀློག་མང་པོ་བྱེད་ལ། གཞུང་ལུགས་གི་དཔེ་ཆ་ལྟ་རྒྱུར་མང་ཙམ་འདུག་སྙམ། ང་ལ་མཚོན་ན་བརྩམས་སྒྲུང་སོགས་དོན་བརྗོད་ཀྱི་སྐོར་ལྟ་རྒྱུར་སྤྲོ་བོ་ཡོད། བུ་མོ་ཚོའི་ནང་དུའང་གཞུང་ལུགས་ལ་ལྟ་མཁན་མེད་པ་མ་ཡིན་དེ་དཔེར་ན་འཛིན་གྲྭའི་སྦྱངས་འབྲས་ཨང་དང་པོའི་བུ་མོ་དེས་གཞུང་ལུགས་ཀྱི་དཔེ་ཆ་མང་པོར་བལྟས་ཡོད་རབས་གོ སྤྱི་ཚོགས་ཁྲོད་གོ་གནས་ཆེན་པོ་ཟིན་གྱི་མེད་པ་ནི་གཅིག་ན་ལས་རིགས་ཀྱི་ཁྲོད་ད་དུང་ཕོ་མཆོག་མོ་དམན་གྱི་སྲོལ་ངན་ལུས་ཡོད་པ་དང་། གཉིས་ན་རང་གི་ཆེད་ལས་དང་འཇོན་ཐང་ལ་འཚམ་པའི་ལས་ཀ་དཀོན་པ། གསུམ་ན་བུ་མོ་ཚོར་གཞན་ལ་འབྲེལ་འདྲིས་བྱེད་པར་ཚད་བཀག་ཆེ་བ་བཅས་བུ་མོ་ཚོའི་ལུས་རྟེན་གྱི་རྐྱེན་པས་གཞན་ལས་ལྷག་པའི་ཉེན་ཁ་དང་བཀག་རྒྱ་ལྷག་མ་མཆིས་པ་སོགས་ཀྱི་ཡིན་ནོ་འདོད།
སྨིན་དྲུག དབྱེ་ཞིབ་བྱེད་སྟངས་འདི་ཡང་བཟང་།
སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།
འབུམ་སྐྱིད། འདི་ལ་རྒྱུ་ལོན་གསལ་བོ་མེད་མོད། བུ་ཚ་ཚོས་ཕལ་ཆེར་རང་གི་དགའ་ཕྱོགས་ལྟར་འདེམས་པ་དང་། བུ་མོ་ཚོས་གོམས་ཕྱོགས་ལྟར་འདེམས་པ་ཨེ་ཡིན་འདོད། བུ་མོ་ཚོས་མ་འོངས་པར་བྱ་བ་གཏན་འཇགས་ཤིག་རྙེད་ཆེད་དགེ་ཐོན་འདེམས་མཁན་མང་བར་འདོད། འོན་ཀྱང་ང་ལ་མཚོན་ན་རང་གི་དགའ་ཕྱོགས་ལྟར་དུ་རྩོམ་རིག་འདེམས་པ་ཡིན་ལགས།
སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ། བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།
འབུམ་སྐྱིད། ངེད་ཅག་གི་འཛིན་གྲྭར་བུ་མོ་སོ་གསུམ་དང་བུ་ཚ་བཅུ་བཞི་ཡོད། ལྟ་རྒྱ་མཐོང་རྒྱ་ཟེར་ན་མི་ཤེས་མོད། ནམ་རྒྱུན་རང་སྐད་རང་ཡིག་གི་ཕྱོགས་གླེང་མཁན་མང་ཆེ་བ་ནི་བུ་ཚ་ཚོ་རེད། བུ་མོ་ཚོས་འདིའི་ཕྱོགས་གླེང་བ་ཉུང་ལ་རྒྱུན་ལྡན་འཚོ་བའི་ཁྲོད་གཞན་སྐད་གཞན་ཡིག་སྤྱོད་མཁན་བུ་ཚ་ལས་མང་། འདི་ནི་བུ་མོ་ཚོར་ཨ་གསར་ཆེ་བ་དང་གཞན་གྱི་དངོས་པོ་དང་ལེན་བྱེད་སླ་བའི་རང་གཤིས་ཤིག་གིས་ཡིན་སྲིད་ལ། རང་གི་རིག་གནས་འདིའི་ཁྲོད་ནས་བུ་མོ་ཚོར་གཙིགས་ཆེན་མ་བྱས་པའི་རྐྱེན་གྱིས་ཡིན་ནའང་ཐང་། གང་ལྟར་མི་རིགས་འདིའི་རིག་གནས་ཉམས་རྒུད་དུ་འགྲོ་བཞིན་པ་ནི་བུ་མོ་ཚོས་གཞན་སྐད་སྤྱད་པའི་རྐྱེན་ཙམ་མ་རེད་འདོད། ངས་བལྟས་ན་རང་སྐད་རང་ཡིག་བཤད་མཁན་ལ་ལ་ཞིག་ནི་དངོས་གནས་ཁ་ནས་བཤད་པ་ཁོ་ན་ཙམ་ཡིན་པ་སོགས་ཀྱི་རེད་སྙམ།
སྨིན་དྲུག རང་གི་རིག་གནས་ཁྲོད་དུ་བུ་མོ་ཚོར་གཙིགས་ཆེན་མ་བྱས་པའི་རྐྱེན་གྱིས་རང་གི་རིག་གནས་ལ་དགའ་ཞེན་མེད་པ་ཡིན་ན་ཐང་འདོད་པའི་ཁྱེད་ཀྱི་ལྟ་ཚུལ་དེ་ཟུར་སྣེ་མི་འདྲ་བ་ཞིག་ཏུ་མཐོང་། ད་རུང་བུ་མོ་ཚོས་རང་གི་སྐད་ཡིག་ལ་དོ་སྣང་ཆུང་བ་དེ་རང་རེའི་རིག་གནས་ཉམས་རྒུད་དུ་འགྲོ་བའི་རྒྱུ་གཙོ་བོ་མིན་པར་འདོད་པ་དེར་ཡང་གནས་ལུགས་འདུག་སེམས། ཏག་ཏག་རེད། སྨན་ཤར་རམ་སྐྱེས་མ་ཚོས་ནི་སྔར་བཞིན་སྤྱི་ཚོགས་སུ་སྐད་བརྡའི་དབང་ཆ་ཟིན་མེད་པས། སྤྱི་པའི་འདུ་ར་དང་སྤྱི་ཚོགས་ཆེན་པོ་ཞིག་ལ་བཟང་ངན་གཉིས་ཀའི་སྟེང་ནས་ཐད་ཀར་ཤུགས་རྐྱེན་ཆེན་པོ་བཟོ་མི་ཐུབ། ཡིན་ཡང་སྐད་ཡིག་ལ་དོ་སྣང་ཆུང་བ་ཚོ་མ་འོངས་པར་འཁོར་བར་ཞུགས་ཤིང་ཨ་མ་ཆགས་ན་ནི། ཐོག་མར་རང་གི་བུ་རྒྱུད་དང་དེ་ནས་ཁྱིམ་གཞིས་ཆུང་ཆུང་དེ་ལ་ཐད་ཀར་ཤན་ཤུགས་ཐེབས་པ་ཤག་ཤག་ཡིན། བུ་ཕྲུག་དེ་དག་འཚར་ལོངས་བྱུང་ན་བརྒྱུད་པའི་སྒོ་ནས་སྤྱི་ཚོགས་ལ་ཤན་ཤུགས་ཐེབས་པ་ཡང་བརྗོད་མེད་ཡིན། དེང་གི་དུས་སུ། རང་གི་རིག་གནས་ཀྱི་ཡིད་རྟོན་བརླགས་ཤིང་རྒྱུས་མངའ་མེད་པར་ཁ་ཕྱོགས་རྨོངས་ནས་ཆུ་ཁའི་སྡོང་ལོ་ལྟར་ཡབ་ཡབ་ཏུ་འཁུར་བ་མཐོང་རྒྱུ་མང་བ་དེ་དག་གི་འབྱུང་ཁུངས་གཙོ་བོ་ནི། ཁྱིམ་ཚང་གི་སློབ་གསོ་སྟེ་ཕ་མས་རང་གི་རིག་གནས་དང་གོམས་གཤིས་དང་བྱམས་སེམས་བཅས་སྤྱོད་པ་བཟང་པོའི་བག་ཆགས་བྱིས་པའི་རྒྱུད་ལ་འཇོག་མ་ཐུབ་པ་དང་འབྲེལ་བ་ཡོད་དང་ཡོད་པ་རེད་འདོད།
སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།
འབུམ་སྐྱིད། ལོ་བཞིའི་འཚོ་བ་འདི་བརྒྱུད་ནས་ངས་སློབ་ཆེན་གྱི་ཤེས་བྱ་སློབ་ཁྲིད་ཁྲོད་ན་མེད་ཟེར་བའི་སྐད་ཆ་དེ་གཞི་ནས་ཧ་གོ་སོང་། ང་ནི་གཞན་ལ་འབྲེལ་འདྲིས་བྱེད་རྒྱུ་ཅུང་དགའ་པོ་ཡོད་པའི་མི་ཞིག་ཡིན། དེ་བས་ངའི་ཉེ་འཁོར་དུ་མི་རིགས་མི་འདྲ་བ་དང་ལོ་ཚོད་མི་འདྲ་བ། ལས་རིགས་མི་འདྲ་བའི་མི་སྣ་མང་པོ་ཞིག་ཡོད། ཁོ་ཚོར་ཁ་བརྡ་བྱེད་རྒྱུ་དང་མི་ཚེའི་གཏམ་རྒྱུད་ལ་ཉན་རྒྱུ་ནི་ང་ལ་མཚོན་ན་སྤྲོ་སྣང་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན། འདི་དག་གིས་ང་ལ་བཟང་འགྱུར་དང་ངན་འགྱུར་ག་འདྲ་ཐེབས་ཀྱི་འདུག་མིན་མི་ཤེས་མོད། ངས་རང་ནུས་ཅི་ལྕོགས་ཀྱིས་ཁོ་ཚོའི་རྒྱུད་ཀྱི་ཉེས་སྐྱོན་ལ་རྒྱང་བཀྱེད་དང་། ལེགས་བྱང་དང་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱས་པ་ཡིན།
སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།
འབུམ་སྐྱིད། སློབ་ཆེན་གྱི་དགེ་རྒན་ཞིག་ཡིན་ན་རིག་གནས་ཀྱི་ཆུ་ཚད་མཐོ་ལ་ཤེས་རྒྱ་མཐོང་རྒྱ་ཆེ་བས་རིགས་རུས་དང་ལུས་རྟེན་གྱི་དབང་གིས་མཐོ་དམའ་སོགས་དབྱེ་འབྱེད་བྱེད་མཁན་མེད་མོད། འོན་ཀྱང་རིག་གནས་ཀྱི་བག་ཆགས་མཐུག་པའི་དབང་གིས་བསམ་བློ་དང་ལྟ་བ་ལ་ལ་ཞིག་ནི་མ་དག་རྒྱུད་འབྱམས་སུ་སོང་བ་ལས་གཡོལ་ཐུབ་ཀྱི་མེད་པ་འདྲ། འདི་ནི་དུས་ཚོད་ཀྱི་རྒྱུན་དང་སློབ་གསོའི་ཕན་ནུས་ལ་བརྟེན་ནས་རིམ་བཞིན་འགྱུར་བ་འགྲོ་བ་ལས་མྱུར་བ་མྱུར་དུ་འགྱུར་བ་ཐེབས་ཐུབ་པ་ཞིག་ཀྱང་མིན་ཚོད།
སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།
འབུམ་སྐྱིད། དེ་ལྟར་བཤད་ན་ང་ནི་མི་ལས་ཆེན་ཞིག་རེད་དེ། དེ་ལྟ་བུའི་སྐྱུག་བྲོ་བའི་མི་དང་ཕྲད་མ་མྱོང་། ནམ་རྒྱུན་དཀའ་ངལ་སོགས་ལ་ཕྲད་ཅིང་སྡུག་ཐུག་ཐབས་ཟད་པ་མ་ཡིན་ན་རང་གིས་ཐག་གཅོད་བྱས་པ་ཡིན། དགའ་རོགས་ལས་གཞན་སེམས་གཏམ་བཤད་ས་མང་ཆེ་བ་ནི་བུ་མོ་ཚོ་ཡིན་ལགས།
སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་ལ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ་སོགས་ཀྱིས་རེད།
འབུམ་སྐྱིད། ངའི་ཕ་མ་གཉིས་ནི་རང་ལོ་བདུན་བརྒྱད་ཙམ་གྱི་དུས་ནས་བཟའ་འཐོར་བྱུང་སོང་། ཨ་མ་ལགས་ཀྱིས་ཁྱིམ་འདི་ད་བར་དུ་སྐྱོང་ནས་ཡོང་ལ། དཔལ་འབྱོར་གྱི་ཡོང་སྒོ་ཉུང་བས་མཐོ་འབྲིང་ནས་ད་བར་རྒྱལ་ཁབ་ཀྱི་རོགས་རམ་སོགས་ལ་བརྟེན་ནས་ཁྱིམ་ནས་སྒོར་མོ་ལེན་རྒྱུ་ཉུང་ཉུང་བྱས་པ་ཡིན། དབྱར་དགུན་གྱི་སློབ་གསེང་སྐབས་སུའང་ཞོར་ལས་སོགས་སུ་འགྲོ་གི་ཡོད་ལ་འཚོ་བ་དང་བསམ་བློ་གང་གི་ཐད་ནས་ཀྱང་ཁྱིམ་མི་ལ་བརྟེན་པ་ཉུང་བས། སློབ་ཆེན་གྱི་ཁོར་ཡུག་གསར་བར་སླེབས་རུང་གཞན་དང་འདྲ་བར་ཁྱིམ་མི་དྲན་པ་སོགས་ཀྱི་སྡུག་མྱོང་མ་དགོས། སྐབས་དེའི་དཀའ་ངལ་ཆེ་ཤོས་ནི་སློབ་སྦྱོང་ལ་ཁ་ཕྱོགས་གསལ་བོ་ཞིག་མ་རྙེད་པ་དེ་ལགས།
སྨིན་དྲུག འཇིག་རྟེན་གྱི་བྱ་བ་གང་ལ་ཡང་བཟང་བའི་ཆ་དང་ངན་པའི་ཆ་རེ་ཡོད་པ་བཞིན། ཁྱིམ་ཚང་གི་འཁོས་ཀ་ཞན་པ་བཅས་ཀྱི་དཀའ་ངལ་ལས་ཀྱང་མ་ཕམ་པར་རང་ཉིད་རང་མགོ་ཐོན་པ་བྱུང་བ་འདི་ནི། དངོས་གནས་དྲང་གནས་རྐྱེན་ངན་གྲོགས་ཤར་གྱི་དཔེ་བཞིན་སོང་འདུག མི་ཆེན་སྐོར་ཞིག་ཀྱང་སྐྱིད་ཀྱི་བལ་སྤུངས་ནང་ནས་འཚར་བ་མ་ཡིན་པར་སྡུག་གི་ཚེར་མའི་ནང་ནས་ལམ་ལྷོངས་བྱུང་བ་མ་ཡིན་ནམ།
སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲིས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།
འབུམ་སྐྱིད། ངའི་བསམ་པར་ང་ཞེས་པའི་ཐ་སྙད་འདི་མཐོང་མ་ཐོག ཐོག་མར་དྲན་པ་ནི་ང་ནི་མི་ཞིག་ཡིན་འདོད་པ་ལས་ང་ནི་སྐྱེས་མ་ཞིག་ཡིན་འདོད་པ་དེ་མིན། དེ་བས་གཤིས་ཀ་ག་འདྲ་ཡོད་པ་སོགས་ཀྱང་ཕྱོགས་གཅིག་ནས་བལྟས་ན་མི་རེ་རེ་དང་རག་ལས་ཡོད་པ་ཞིག་ཡིན་པར་འདོད་པས་དེའི་ཕྱོགས་ནས་ཀྱང་བསམ་བློ་གཏོང་དགོས་སྙམ།
སྨིན་དྲུག བསམ་ཚུལ་དེར་ཡང་མོས་མཐུན་ཡོད། ཕོ་མོ་ཚང་མ་མི་ཡིན་པས་ཐོག་མར་མི་རུ་ངོས་བཟུང་ན་ལེགས་མོད་ཀྱང་། ང་ཚོས་དེ་གཉིས་ལ་མཆོག་དམན་དང་བཟང་ངན་གྱི་དབྱེ་བ་འགར་བ་དེ་ཧ་ཅང་མི་བཟང་། དེས་མཇུག་འབྲས་ཀྱང་མི་འདྲ་བ་སྐྱེད་ཀྱི་ཡོད་རེད།
སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།
འབུམ་སྐྱིད། འདི་ལ་དངོས་གནས་ཟེར་རྒྱུ་ཆེན་པོ་མེད་མོད། ཁ་མ་སྟོང་བ་ཙམ་ཞིག་བཤད་ན། སློབ་ཁྲིད་བྱེད་པའམ་སློབ་གསོའི་གོ་རིམ་ཁྲོད་དུ་སློབ་མ་རང་ལ་དབང་བའི་བསམ་བློའི་བར་སྟོང་ཞིག་གམ་དགེ་རྒན་གྱི་བསམ་ཚུལ་དང་མ་འདྲ་བའི་བསམ་བློ་རེ་ཡོད་པའི་དབང་ཆ་ཡོད་འོས་སྙམ།
སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།
འབུམ་སྐྱིད། སློབ་ཆེན་ཐོན་ལ་ཡོད་དུས་འདི་ལ་དགེ་རྒན་དང་སློབ་གྲྭ་ལ་ནི་ཞེན་ཆགས་ཆེན་པོ་མ་བྱུང་། རྒྱུ་མཚན་འདི་ནས་མུ་མཐུད་དུ་ལོ་གསུམ་ལ་འདུག་དགོས་པའི་རྐྱེན་གྱིས་ཡིན་ཤས་ཆེ། སློབ་གྲོགས་ཀྱང་བློས་མི་ཐོངས་པ་མེད་དེ། ཁོ་ཚོ་ཡང་ངའི་སློབ་སྦྱོང་བྱེད་རོགས་ཁོ་ན་ཙམ་ཡིན། ཆེས་བློས་མི་ཐོངས་པ་ནི་ངའི་སྡོད་རོགས་དེ་ཚོ་རེད། ང་ཚོ་ནི་མི་རིགས་མི་གཅིག་ཅིང་སྐད་རིགས་མི་གཅིག་ལ། ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་སོགས་གཅིག་ཀྱང་མི་འདྲ་བའི་བུ་མོ་དྲུག་ཡིན། ལོ་བཞིའི་ནང་ང་ལ་མཚོན་ན་སྐྱིད་པའི་གླུ་ཆུང་ལེན་རོགས་དང་སྡུག་པའི་མིག་ཆུ་འདོན་རོགས་ནི་ཁོ་མོ་ཚོ་ཡིན། ངས་བསམས་ན་ཕོ་མོའི་བརྩེ་དུང་ཡིན་ན་ཆོག གྲོགས་པོའི་མཛའ་བརྩེ་ཡིན་ནའང་རུང་། བརྩེ་དུང་ཟེར་བ་འདི་ནི་རྒྱུ་རྐྱེན་གང་གིས་ཀྱང་འགོག་ཐབས་མེད་པ་ཞིག་རེད་སྙམ། ང་རང་ཁོ་མོ་ཚོར་འདི་ལྟར་ཕྲད་པ་དང་འདྲིས་པ། དགའ་བ་ནི་སྟེས་དབང་ཁོ་ན་ཞིག་མིན་པར་འདོད།
སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།
འབུམ་སྐྱིད། ཨེ་ཛིའི་སྐོར་གྱི་ཤེས་བྱ་རང་ལ་གང་འཚམ་ཞིག་ཡོད། མ་མཐའ་ཡང་རང་ལ་སྲུང་སྐྱོབ་བྱེད་པའི་རྒྱུན་ཤེས་རེ་རྒྱུད་ན་ཡོད། དེ་མིན་བུ་ཕྲུག་གསོ་བའི་ནུས་པ་མ་ཡོད་གོང་ལ་སྦྲུམ་འགོག་བྱ་བ་མ་འཁྱོངས་ན་དེ་ནི་རང་དང་ཕྲུ་གུ རང་གི་དགའ་རོགས་བཅས་ལ་འགན་མ་ཁུར་བའི་བྱ་བ་ཞིག་ཀྱང་རེད་བསམ། སྔོན་ཆད་སློབ་གྲྭའི་ནང་སློབ་གྲོགས་བུ་མོ་ལ་ཕྲུ་གུ་འཁོར་རྗེས་གཞན་ལ་གསང་ནས་སྤྱོད་ཁང་དུ་འཕངས་པ་སོགས་ཀྱི་ལུང་གཏམ་མང་པོ་ཐོས་མྱོང་མོད། ང་རང་དང་རང་གི་ཉེ་འཁོར་དུ་དོན་དག་དེའི་རིགས་བྱུང་མ་མྱོང་ལགས།
སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།
འབུམ་སྐྱིད། ངའི་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲའི་བཟང་རྒྱུ་མེད་པས་སྤྱིར་ཡིན་ན་ཕྱིར་སོང་ནས་སྒོར་མོ་བཙལ་ཏེ་ཁྱིམ་ཚང་གི་དཀའ་ཁག་ཇེ་ཉུང་དུ་བཏང་ན་འགྲིག་མོད། ཡིན་ནའང་ཨ་མ་དང་ཨ་ཅེ་གཉིས་ཀྱི་བཀའ་དྲིན་ལ་ང་རང་ལོ་འགར་རང་གི་འདོད་མོས་ལྟར་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་སོང་བས་གོ་སྐབས་ལེགས་པོ་དམ་འཛིན་བྱེད་འོས་སྙམ་ནས་ཞིབ་འཇུག་འདོན་རྒྱུ་བྱས་པ་ཡིན་ལགས།
སྨིན་དྲུག རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།
འབུམ་སྐྱིད། ང་རང་སྐྱེས་པ་ནས་ད་བར་རང་ཉིད་རང་ལ་མི་དབང་བསམ་པའི་བསམ་པ་ཡོད་མ་མྱོང་། ངས་ཕ་མ་ལ་ཞབས་འདེགས་ཞུ་བ་དང་ཕུ་ནུ་མིང་སྲིང་ལ་རོགས་རམ་བྱེད་པ་ནི་འགན་འཁྲི་ཡིན་མོད། འགན་འཁྲི་དེ་ཙམ་པོ་འགྲུབ་ཆེད་རང་ཉིད་བློས་གཏོང་མི་སྲིད། འདི་ནི་ཧ་ཅང་སྒེར་སེམས་ཅན་གྱི་བསམ་བློ་ཞིག་ཡིན་ན་ཐང་མོད། འོན་ཀྱང་ངའི་འཇིག་རྟེན་དུ་རང་ཉིད་ཀྱི་ལས་དོན་དང་མི་ཚེ་ནི་ངས་ཨང་དང་པོར་འཇོག་གི་ཡོད། ང་ནི་མི་སྒྱིད་ལུག་དང་མིག་རྒྱང་མེད་པ་ཞིག་ཀྱང་ཡིན། ང་ལ་མི་རིགས་དང་རྒྱལ་ཁབ། སྤྱི་ཚོགས་འདིའི་ཆེད་མི་ཚེ་གཏོང་བའི་ཆོད་སེམས་མེད་ལ། རྩོམ་རིག་དང་སྒྱུ་རྩལ་གྱི་ཆེད་དུ་ཡོད་ཚད་གཏོང་བའི་སྤོབས་པའང་མེད། མ་འོངས་པར་ངས་རང་གི་ཨ་མ་ལགས་ལ་གོས་འཇམ་པོ་དང་ཟས་ཞིམ་པོ་གང་འདོད་འདོན་སྤྲོད་བྱེད་པ་དང་། ཨ་ཅེ་ལགས་ལ་ཁྱིམ་ཚང་འདི་སྐྱོང་རོགས་བྱེད་ཐུབ་པ། དེ་ནས་རང་ཉིད་སྤྲོ་བ་ཆེ་བའི་བྱ་བ་ཞིག་ལག་ཏུ་འོངས་ནས་འགྲོ་འདུག་གི་རང་དབང་རང་ལག་ཏུ་ཡོད་ན་དེ་བས་ཆོག་འདོད། གཉེན་སྒྲིག་བྱེད་པ་དང་བྱིས་པ་བཙལ་བ་ནི་ངའི་མི་ཚེ་འདིར་ངེས་པར་འགྲུབ་དགོས་པའི་དོན་དག་ཅིག་མིན་པར་འདོད་པས། དེ་དག་ནི་ཡོད་ཆོག་ཀྱང་མེད་ཀྱང་ཆོག གང་ལྟར་རང་གི་འདོད་མོས་ལྟར་དུ་འཚོ་རྒྱུ་ནི་ངའི་མི་ཚེ་འདིའི་དམིགས་ཡུལ་ཡིན།
སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།
འབུམ་སྐྱིད། དོན་འདི་གོང་དུ་ཞུས་ཟིན་པས་གཏམ་ཉོག་བསྐྱར་བཤད་མི་བྱེད་ལགས།
སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།
འབུམ་སྐྱིད། ང་ལ་རང་གི་ཟླ་གྲོགས་འཚོལ་བར་ངེས་གཏན་གྱི་ཚད་གཞི་གཞན་གང་ཡང་མེད། གཙོ་བོ་གཉིས་ཀའི་གཤིས་ཀ་མཐུན་མིན་དང་ལྟ་བ་མཐུན་མིན། ཕན་ཚུན་ལ་བློ་དཀར་མིན་དེ་གལ་ཆེ། འདི་ནི་རྒྱུ་འབྱོར་བ་དང་ཡིག་རྩལ་ཡོན་ཏན་སོགས་ཀྱིས་ཚད་འཇལ་ཐུབ་པ་ཞིག་མ་རེད་སྙམ། གང་ལྟར་དགའ་རོགས་ཡིན་ནའང་ཆོག བཟའ་ཟླ་ཡིན་ནའང་རུང་། གཞན་ལ་བརྟེན་ནས་འཚོ་མི་དགོས་པའི་ནུས་པ་དེ་རང་ལ་ཡོད་པ་ཡིན་ན། གཞན་མང་པོ་ཞིག་ལ་ཁ་ཡ་བྱེད་མི་དགོས་པར་རང་གི་དབང་དུ་ཡོང་ཡོང་ཡིན་པར་འདོད།
སྨིན་དྲུག དངོས་གནས་རང་མགོ་ཐོན་རྒྱུ་དང་རང་ཁ་སོས་རྒྱུ་ནི་མི་ཞིག་ལ་མཚོན་ན་ཡོད་ཚད་ཀྱི་ཡོད་ཚད་རེད་འདུག
སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།
འབུམ་སྐྱིད། ང་ལ་བློ་ཕམ་ཆེན་པོ་སྐྱེ་ངེས་རེད། འདི་ཡང་ངས་ཁྱིམ་ཐབས་བྱེད་འདོད་མེད་པའི་རྒྱུ་རྐྱེན་གལ་ཆེ་བ་ཞིག་ལགས། ད་སྐབས་ཁྱིམ་ལས་དང་བྱིས་པ་སྙོར་རོགས་བྱེད་མཁན་གྱི་སྐྱེས་པ་ཡང་མང་པོ་ཡོད་མོད། དེ་ཡང་ལག་རོགས་བྱེད་པ་ཙམ་ཁོ་ནའོ། །ལས་ཀ་ལ་ཕོ་ལས་དང་མོ་ལས་ཡོད་ཟེར་བ་ནི་གནའ་སྔ་མོའི་དུས་ཀྱི་འཚོ་བ་རོལ་སྟངས་ཤིག་ཡིན། དེང་སང་ད་དུང་སྐྱེས་མ་དག་ཁྱིམ་ལས་རྐྱང་ལ་བཀོལ་བ་དེ་ནི་གནས་ལུགས་དང་མི་མཐུན་པ་ཞིག་རེད་འདོད། ད་སྐབས་སྤྱི་ཚོགས་སུ་ལུས་རྟེན་ལ་ཁྱད་མེད་པར་རང་ཁ་རང་གསོ་བྱེད་པའི་ལས་ཀ་ཡོད་པས་གཞན་ལ་མགོ་སྒུར་ནས་འདུག་དགོས་དོན་རྩ་བ་ནས་མེད་པར་འདོད།།
སྨིན་དྲུག ཁྱེད་དང་འདྲ་བ་སྐོར་ཞིག་གིས་མི་ཚེ་ཁྱིམ་ལས་ཁྲོད་དུ་ཟད་ན་མི་འགྲིག་པའི་གནས་ལུགས་རྟོགས་འདུག ད་ནི་གནས་ལུགས་ཤོག་ངོས་སུ་མ་བསྐྱུར་བར་འཚོ་བར་ཐིམ་དུ་འཇུག་རྒྱུ་དེ་རང་རེད།
སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།
འབུམ་སྐྱིད། ང་ལ་དེ་འདྲའི་ཁྱོ་ག་ཞིག་ཡོད་མི་སྲིད། ཡོད་པའི་དབང་དུ་བཏང་ན་གཉེན་འཐོར་བྱེད་རྒྱུ་ལས་ལམ་གཞན་ཡོད་པ་མ་རེད།
མཐར། ཁྱེད་ཀྱིས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དང་དོན་བསྡུས་པོ་དང་ཁ་གསལ་པོའི་ངང་ནས་འདེབས་པར་ཐུགས་རྗེ་ཆེ་ཞུ།
འབུམ་སྐྱིད། གོང་གི་ལན་དེ་དག་ནི་ང་རང་ཁོ་ནའི་བསམ་ཚུལ་ཙམ་ལས་གཞན་སུས་ཀྱང་མི་མཚོན། ཡིན་ཡང་འདི་དག་ཚང་མ་རང་གི་སེམས་གཏམ་དག་མ་ཡིན། ཉིན་འདི་དག་ལ་བྱ་བ་ཉ་ཉོག་མང་བས་དྲི་བ་དག་ལ་ལན་གསལ་བོ་ཞིབ་མོ་ཞིག་འདེབས་ཁོམ་མ་བྱུང་། ཡིག་ནོར་དང་ཚིག་སྐྱོན་མང་པོ་ཡང་ཤོར་ཡོད་པས་དངོས་གནས་དགོངས་དག་ཞུ། དགེ་རྒན་ཁྱེད་ཀྱི་བྱ་བར་དལ་འགོར་བྱས་སོང་། རྗེས་སུ་གོ་སྐབས་བྱུང་ན་ཁྱེད་ལ་མཇལ་འདོད་ཆེན་པོ་ཡོད་ལ་ཁྱེད་ཀྱི་བསླབ་བྱ་ལ་ཡང་ཉན་འདོད་ཆེ། དེ་ལྟ་བུ་སྐལ་བ་བཟང་པོ་ལ་བསྒུགས་ནས་ཡོད། མཐར་ཁྱེད་ཀྱི་ལུས་སེམས་བདེ་ཐང་ཡོང་ཞིང་བྱ་གཞག་འདོད་བློ་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།
སྨིན་དྲུག ལགས་སོ། །ཡིན་དང་ཡིན། ཁྱེད་དང་ཁྱེད་འདྲ་བའི་སྨན་ཆུང་གང་མང་ལ་ཐུག་རྒྱུར་ང་དགའ་པོ་ཡོད། ད་རེས་ཀྱི་ལེ་ཚན་འདི་བརྒྱུད་ནས་ང་ལའང་བློ་བསྐྱེད་དང་ལག་འབབ་གཉིས་ཀ་བྱུང་སོང་། ངོ་མ་ཡིན། མཐོ་སྒང་གི་ནམ་ཟླ་ལྟར་དྭངས་པའི་ཁྱེད་ཅག་གི་སེམས་ཁམས་དེས་ངའི་སེམས་ལ་ཡང་བྱབས་ཁྲུས་རེ་རེ་བྱེད། ཟླ་འདི་གཉིས་ཀྱི་རིང་ལ་ཡི་གེའི་ལས་ཀ་ལ་གཞོལ་ཆེ་བས། བཟའ་ཟླས་ཀྱང་དེ་འདྲའི་ཚད་ལས་འདས་ན་ལུས་པོར་གནོད་ཚུལ་གཞན་ལ་དཔེ་བཞག་ནས་བཤད་པ་ཤ་ཚ་བའི་གཏམ་ཡིན་པ་བདེན་མོད། ཁྱེད་ཅག་གི་སེམས་ཁམས་རེ་རེ་ཉུལ་དུས་ངའི་སེམས་ལ་དགའ་བ་གར་ཡོང་མི་ཤེས་པ་ཞིག་རྒྱས་ཤིང་དེས་སེམས་ངལ་ཡང་རང་བཞིན་གྱིས་སེལ་འགྲོ། མཚམས་རེར་ཐུན་མོང་གི་དྲན་པས་བསྐྱེད་པའི་མི་སྒེར་གྱི་ཉམས་མྱོང་འདྲ་ཆེ་བ་ལ་ཨང་འདོད་ནས་བསམ་གཞིགས་ཀྱི་ཀློང་ལ་ཤོར་འགྲོ། ལན་རེར་སྟོད་དབུས་གཙང་དང་སྨད་རྒྱལ་མོ་ཚ་བ་རོང་ཀུན་ཏུ་གནས་ཀྱང་རིག་གནས་དང་གོམས་གཤིས་དང་ཆོས་ལུགས་སོགས་ཧ་ལམ་གདུགས་དཀར་ཡུག་གཅིག་ལྟ་བུའི་འོག་ཏུ་འཚོ་བའི་ང་ཚོ་ཇི་འདྲའི་འདྲ་བ་ལའང་འདོད་ཡོང་། ད་རེས་ཀྱི་ལས་ཀ་འདི་ཡག་ཙམ་བྱུང་ན་འདོད་ནས་ཉིན་དང་ཉིན་སྦྲེལ་ནས་བྱས། དགའ་འོས་པ་ཞིག་ལ། སྤྱི་ཚོགས་སུ་ཁྱབ་པའི་བཤད་ཚུལ་ལས་ལྡོག་སྟེ་རང་གི་རིག་གནས་ཀྱི་འདུ་ཤེས་ཡོད་ཅིང་སློབ་སྦྱོང་ལ་བཟང་བ། ད་དུང་ཕུགས་འདུན་ཅན་གྱི་བུ་མོ་ཡང་སྐོར་ཞིག་ཡོད་པ་མཐོང་ནས་དགའ་ཞིང་། མུ་འགོད་རྩོམ་ཡིག་འདི་སྤེལ་རིམ་ཁྲོད་དུ་བུ་མོ་སྐོར་ཞིག་ལ་སེམས་ཤུགས་རྒྱས་ནས་སྔོན་ལ་བཏབ་པའི་ལན་ཡག་པོ་འཁྱོངས་མི་འདུག་ཟེར་ནས་རང་ལ་རེ་བ་མཐོན་པོ་འཛིན་པའི་ཚུལ་སོགས་མཐོང་བས་ཡིད་རབ་ཏུ་དགའ་བ་དང་བཅས་སོ། །
མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་བསམ་བློའི་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།
2023/06/ 27 ཉིན་གྲུབ།

མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ཙོང་ཁ་དཀར་མོ་རྒྱན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། གསུམ་པ། ལ་སྟོད་ཚེ་རིང་།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3670
དཔྱད་མཆན་སྤེལ།