བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།
ངའི་མིང་ལ་ཚེ་རིང་བུ་ཁྲིད་དང་དྲ་མིང་དུ་ལ་སྟོད་ཚེ་རིང་ཟེར། ཕ་ཡུལ་གཙང་ལ་སྟོད་དིང་རི་ཁུལ་ནས་ཡིན། ད་ལྟ་བོད་ལྗོངས་སློབ་ཆེན་གྱི་ཤེས་རམས་ཞིབ་འཇུག་སློབ་མའི་ལོ་རིམ་གཉིས་པ་དང་ཆེད་ལས་བོད་ཀྱི་རྩོམ་རིག་ཡིན།
སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།
ལ་སྟོད་ཚེ་རིང་། རང་གིས་དངོས་གཞི་ལོ་བཞི་དང་ཞིབ་འཇུག་ལོ་གཉིས་ཏེ་ཁྱོན་བསྡོམས་པས་ལོ་དྲུག་ཙམ་ལ་མཐོ་སློབ་ཀྱི་འཚོ་བ་རོལ། སློབ་ཆེན་སྐབས་ཀྱི་ཉམས་མྱོང་རེ་གླེང་ན། ལོ་རིམ་དང་པོར་སློབ་གྲྭའི་བཀོད་སྒྲིག་ལྟར་དུ་སློབ་ཚན་ཁག་མི་འདྲ་བ་མང་བས་སློབ་ཚན་ཉན་རྒྱུ་ལས་དཔེ་མཛོད་ཁང་ལ་འགྲོ་བའི་དུས་ཚོད་འབེལ་པོ་མེད་རུང་། སློབ་མ་བུ་བུ་མོ་རེ་འགས་དཔེ་མཛོད་ཁང་ནས་དེབ་གཡར་ཞིང་སློབ་ཚན་གྲོལ་རྗེས་སུ་དང་ཡང་ན་ཉལ་ཁང་དུ་ལྟ་བའང་ཡོད། ལོ་རིམ་དང་པོར་དཔེ་མཛོད་ཁང་དུ་སླེབས་མྱོང་མེད་པའི་སློབ་མ་སྐོར་ཞིག་ཡོད་པ་ཕྱིས་སུ་ཤེས། རང་ཉིད་ནི་མཐོ་འབྲིང་ནས་བོད་ཡིག་ལ་དགའ་པོ་ཞེ་དྲག་ཡོད་རྐྱེན་གྱིས་རྒྱ་ཡིག་དགེ་རྒན་སོགས་ཀྱིས་སློབ་ཆེན་ལ་རྒྱ་ནག་ཏུ་ཕྱིན་ན་ཡག་རབས་བཤད་ཀྱང་མ་ཉན་པར་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་གི་ཆེད་ལས་བདམས་པ་ཡིན། སློབ་ཆེན་དུ་སླེབས་ཤིང་དམག་སྦྱོང་ཚར་བའི་བར་དུ་སློབ་གྲྭའི་ཁོར་ཡུག་ལ་རྒྱུས་ལོན་དང་སློབ་གྲོགས་ལ་འགྲོགས་འདྲིས་བྱེད་པར་མགོ་འཁོར་ཏེ་ཟླ་གཅིག་རིང་ལ་དཔེ་ཆ་རྐང་གཅིག་ཀློག་ཐུབ་མེད། དེ་ནས་དམག་སྦྱོང་ཚར་རྗེས་སློབ་གྲྭས་རིག་ཚན་ཁག་གི་སློབ་དེབ་སྤྲད་པ་དང་ཉལ་ཁང་དུ་ཁ་བརྡའི་ཞོར་ལ«བོད་ཀྱི་དེང་རབས་རྩོམ་རིག་ཕྱོགས་བསྒྲིགས»སོགས་དེབ་དང་དེ་དག་གི་དཀར་ཆག་བམ་ཀློག་ཙམ་བྱས་པ་ཡིན། སློབ་ཁྲིད་དངོས་སུ་མགོ་བཟུང་བ་ནས། རང་ཉིད་སློབ་མ་ཞིག་ཡིན་པའི་ཚོར་སྣང་བྱུང་ཞིང་སློབ་ཚན་མེད་དུས་གྲོགས་མོ་ཚོ་དང་མཉམ་དུ་དཔེ་མཛོད་ཁང་དུ་འགྲོ་རྒྱུའི་ཁ་ཆད་བྱས། དེ་ནས་བཟུང་རང་ཉིད་དགའ་བའི་སྙན་ངག་དང་བརྩམས་སྒྲུང་། འབོལ་རྩོམ། རྣམ་ཐར་དང་ལོ་རྒྱུས། རྟོགས་བརྗོད་སོགས་མང་པོ་ཞིག་ལ་བལྟ་འགོ་བརྩམས་པ་ཡིན་རུང་འགའ་རེ་མགོ་མཇུག་སྐྱོང་ཐུབ་པ་བྱུང་ཞིང་ཁ་ཤས་ལྷག་འཕྲོར་གྱུར་པའང་ཡོད། སྤྱིར་ང་ནི་ཕ་མ་གཉིས་ཀ་ཞིང་པ་ཡིན་པའི་གྲོང་གསེབ་ཀྱི་བུ་མོ་ཞིག་ཡིན་པའི་རྐྱེན་གྱིས། ཆུང་དུས་ནས་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་གཏོང་མཁན་ཉིན་མོའི་སྐར་མ་ལྟར་དཀོན། ང་ཡང་གོང་རིམ་གྱི་འོས་འགན་སློབ་གསོ་ལག་ལྟར་ཆེད་དུ་ཕ་མས་སློབ་གྲྭར་བཏང་བ་ཞིག་ལས་མ་འདས། ལོ་རེའི་སྟོན་ཐོག་སྡུད་དུས། ཕ་མ་གཉིས་ཀས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་དགེ་རྒན་ལས་དགོངས་པ་ལོན་ཐབས་ཀྱིས་ང་ཁྱིམ་ལ་འགུག་ཐབས་བྱས་པ་ད་དུང་ངའི་དྲན་པའི་ངོས་སུ་གསལ། དེ་དུས་ང་ལ་ཕུགས་བསམ་བརྟན་པོ་དེ་འདྲ་མེད་རུང་། རང་ཉིད་འཛིན་གྲྭའི་ནང་དུ་སློབ་སྦྱོང་ཨང་རིམ་དང་པོའམ་གཉིས་པ་ཡིན་པའི་ཆ་ནས་མུ་མཐུད་དུ་སློབ་སྦྱོང་ཡག་པོ་མ་བྱས་ཚེ། གཅིག་ནས་དགེ་རྒན་ཚོ་ལ་བློ་ཕམ་སྟེར་ངེས་ཤིང་། གཉིས་ནས་རང་ཉིད་སློབ་མ་ཚོའི་མདུན་དུ་ཡང་ཁ་སྐྱེངས་ངེས་བསམ་པ་ཞིག་འདུག སྒུལ་ཤུགས་དེ་འདྲའི་འོག་ནས་ངའི་སློབ་སྦྱོང་གི་རྨང་གཞི་ཞན་པ་དེ་ག་ལེར་ཇེ་ལེགས་སུ་སོང་། ཕྱིས་སུ་རང་གིས་ཡིག་ཚད་ལོན་སའི་མཐོ་འབྲིང་དེ་གཞན་ལས་ཡག་པོ་ཡོད་རབས་གཞན་གྱིས་བརྗོད་ལ། རྒན་ལགས་ཀྱིས་ཀྱང་ངའི་ཕ་མ་གཉིས་ལ་མུ་མཐུད་དེ་ང་སློབ་གྲྭར་བཏང་ན་མདུན་ལམ་ཡོད་ཚུལ་གསུངས་པར་བརྟེན། ད་གཟོད་ཁོང་རྣམ་པ་གཉིས་ནས་ངའི་སྦྱངས་འབྲས་ལ་དོ་སྣང་བྱེད་འགོ་ཚུགས། དེ་ནས་སློབ་ཆེན་ལ་རྒྱུགས་འཕྲོད་རྗེས། རྒྱུགས་འབྲས་བཟང་པོ་བླངས་ཏེ་ལས་བྱེད་ཅིག་ཏུ་འགྱུར་རྒྱུ་ནི་གུས་མོའི་ཡབ་ཡུམ་གཉིས་ཀྱི་རེ་བ་ཉག་ཅིག་ཡིན། སློབ་ཆེན་དུ་འཛིན་བདག་དགེ་རྒན་གྱིས་གཙོ་བོ་སློབ་མའི་བདེ་འཇགས་སྐོར་ལ་དོ་ཁུར་བྱེད་པ་དང་རིག་ཚན་ཁག་གི་དགེ་རྒན་ཚོས་རང་ཉིད་ཀྱི་ཁྲིད་བྱའི་སློབ་ཚན་ཁྲིད་པའི་ཞོར་ལ་དཔེ་ཆ་སྤུས་ལེགས་རེ་འོས་སྦྱོར་ཡང་བྱེད། དེ་མིན་ཕལ་མོ་ཆེ་སོ་སོའི་དགའ་ཕྱོགས་ལྟར་འཆར་གཞི་བཟོས་ན་འགྲིག དེ་ཡང་ལོ་རིམ་གཉིས་པ་གསུམ་པའི་སྐབས་སུ་སློབ་གྲྭའི་བཀོད་སྒྲིག་གི་སློབ་ཚན་རེ་འགའ་ལས་མེད་པས། རེས་གཟའ་སྤེན་པ་ཉི་མ་གཉིས་ལ་སློབ་རའི་ཕྱི་ཡི་ཁྱིམ་ཚང་དུ་དགེ་རྒན་བྱེད་དུ་འགྲོ་བ་ཕུད། དུས་ཚོད་མང་ཆེ་ཤོས་དཔེ་མཛོད་ཁང་དུ་དེབ་འདྲ་མིན་ཀློག་བཞིན་བཏང་བ་ཡིན། ལོ་རིམ་བཞི་པར་སྔོན་དང་མི་འདྲ་བར་བྲེལ་ཟིང་ཧ་ཅང་ཆེ་སྟེ་གྲོང་ཁྱེར་འདི་གའི་སློབ་འབྲིང་ཆེ་གེ་མོ་ལ་དངོས་སྦྱོང་དུ་འགྲོ་དགོས་ཤིང་སློབ་ཐོན་དཔྱད་རྩོམ་དང་གཞུང་ཞབས་དང་ཞིབ་འཇུག་གི་ཡིག་རྒྱུགས་བཅས་ལའང་གྲ་སྒྲིག་དགོས་པས་དེབ་ཀློག་པའི་ཁོམ་པ་མེད། སློབ་ཆེན་དུ་རང་ཚོད་ཀྱིས་དཔེ་ཀློག་མང་པོ་བྱས་མྱོང་ཁར། སྙན་ངག་དང་ལྷུག་རྩོམ་སོགས་ཀྱང་མི་ཉུང་བ་ཞིག་འབྲི་ཁུལ་བྱས་མྱོང་མོད། ཡིན་ཡང་དངོས་སུ་སློབ་ཐོན་དཔྱད་རྩོམ་འབྲི་དུས་སུ། རང་ཉིད་ལ་འབྲི་ཆོག་ཆོག་གི་ཤེས་བྱ་ཞིག་མེད་སོང་བས། ལོ་དེ་དག་གི་དཔེ་ཀློག་བྱེད་སྟངས་ལ་མི་འདང་བའི་ཆ་ཤིན་ཏུ་མང་བ་མཐོང་ནས་ཕྱིར་འདང་དང་བསམ་གཞིགས་མི་བྱེད་ཐུ་མེད་བྱུང་།
སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།
ལ་སྟོད་ཚེ་རིང་། སློབ་ཆེན་དུ་ང་དང་འབྲེལ་འདྲིས་ཆེ་ཤོས་ནི་ཉལ་ཁང་གི་བུ་མོ་དག་ཡིན། དེ་དག་ཁྲོད་དུ་ངའི་འགྲོགས་རོགས་དང་ལྟོ་ཚང་གི་རོགས་པ་ཡང་ཚུད། སློབ་ཆེན་གྱི་ཉལ་ཁང་གི་འཚོ་བ་དེ་མཐོ་འབྲིང་སོགས་དང་བསྡུར་ན་རྙོག་དྲ་དང་ཟང་ཟིང་ཤིན་ཏུ་ཆེ་སྟེ། མཐོ་འབྲིང་སོགས་ཀྱི་སྐབས་སུ་འགྲོ་ཉལ་ཟ་གསུམ་ཚང་མ་སློབ་གྲྭའི་སྒྲིགས་ལྟར་འགྲོ་དགོས། སློབ་མར་མཚོན་ན་སློབ་སྦྱོང་ཁོ་ན་ལས་བྲེལ་བ་ཆེན་པོ་གཞན་མེད། དེ་དང་བསྡུར་ན་སློབ་ཆེན་གྱི་བུ་མོའི་ཉལ་ཁང་གི་འཚོ་བར་དྲོ་སྐྱིད་ཀྱི་ཆ་ཡོད་ལ། རྙོག་འཛིང་གི་ཆ་དེ་བས་མང་། བུ་མོ་བརྒྱད་པོ་ཉལ་ཁང་གཅིག་ཏུ་བསྡད་རྗེས་ཐོག་མར་མཉམ་དུ་དམག་སྦྱོང་བྱེད་ལ་ཟ་མ་ཡང་ཟ། དེ་ནས་གཟའ་འཁོར་གཉིས་འདྲའི་རྗེས་ལ་རང་རང་གི་གཤིས་ཀ་མཐུན་ཕྱོགས་ཀྱིས་གཉིས་རེ་གསུམ་རེ་བྱས་ནས་གྱེས་འགྲོ།ང་ཚོའི་ཉལ་ཁང་གི་བུ་མོ་ཚང་མ་ཞིང་འབྲོག་ཁུལ་ནས་ཡོང་བ་ཤ་སྟག་ཡིན། ལོ་རིམ་དང་པོའི་སྐབས་སུ་སློབ་ཚན་མེད་དུས་ཕལ་ཆེར་ཉལ་ཁང་དུ་རང་རང་གི་ཁ་པར་ལས་གློག་བརྙན་ལ་བལྟས་ནས་སྡོད། དེ་ནས་བུ་མོ་གཉིས་ཀྱིས་སློབ་གྲོགས་བུ་གཉིས་ཀྱི་འཕྲིན་ཕྲན་བསྣན་ནས་འབྲེལ་བ་བྱེད་ཅིང་ཉལ་ཁང་དུ་མང་ཆེ་བ་དེ་ལ་མགོ་འཁོར་འདུག གཟའ་མཇུག་ལ་ང་ཚོ་ཁྲོམ་ལ་འགྲོ་བར་གོམས་ཡོད། དེ་ལས་འགའ་རེས་གདོང་པར་བྱུག་རྩི་དང་རེ་འགས་གྱོན་གོས་འདྲ་མིན་ཉོས་ཡོང་ནས་ཉལ་ཁང་དུ་འབྱོར་ན་ཡང་བསྐྱར་ཚོད་ལྟ་བྱེད་ཅིང་བྱུག་རྩི་ཡང་ལད་ཟློས་ཀྱིས་བྱུགས་པར་རིམ་གྱིས་བྱང་བར་གྱུར། ལོ་རིམ་གཉིས་པ་དང་གསུམ་པའི་སྐབས་སུ་ཉལ་ཁང་གི་བུ་མོ་མང་ཆེ་བར་འགྱུར་བ་ཕྱིན་ཏེ་གདོང་ལ་མཛེས་བཟོ་དང་ལྭ་བ་གྱོན་མཁས་པར་གྱུར། དཔེ་ཀློག་ལ་མོས་པ་ཚོ་རྟག་ཏུ་དཔེ་ཀློག་ཁང་དུ་འགྲོ་ལ། ཕྱི་ཚུལ་ལ་འགྱུར་བ་ཐེབས་ཤིང་དགའ་རོགས་ཡོད་མཁན་ཚོ་ལོ་དེ་གཉིས་ལ་དཔེ་ཀློག་བྱེད་པ་ཇེ་ཉུང་དང་དགའ་རོགས་དང་འགྲོགས་པ་ཇེ་མང་དུ་སོང་། སློབ་ཆེན་པ་ཚོའི་ངོས་ནས་བརྗོད་ན། དགའ་ཕྱོགས་མང་པོ་ཡོད་ཀྱང་ང་ཚོའི་ཉལ་ཁང་དུ་ལོ་རིམ་གཉིས་པ་དང་གསུམ་པའི་སྐབས་སུ་བུ་མོ་བརྒྱད་ཀྱི་ནང་ནས་ལྔ་ཡིས་དགའ་རོགས་བསྒྲིགས་པ་དང་། ཞོགས་པར་ལངས་མ་ཐག་གདོང་པར་མཛེས་བཟོ་བྱེད་པར་ཆུ་ཚོད་ཕྱེད་ཀ་ཙམ་སྤྱོད་ལ། ཞོགས་ཟས་བཟས་ཚར་ན་སྤྱིར་བཏང་སློབ་ཁྲིད་ལ་འགྲོ་དགོས། སློབ་ཚན་མེད་པའི་སྐབས་ལ་ཞོགས་པར་ལངས་པ་འཕྱི་ཞིང་ཧ་ལམ་ཉལ་ཁང་དུ་ཁ་པར་ལ་མགོ་འཁོར་ནས་སྡོད། དེ་ཚོ་ཕལ་མོ་ཆེ་མཚན་གུང་གི་ཆུ་ཚོད་དང་པོའི་གཡས་གཡོན་ལ་མ་གཏོགས་མི་ཉལ། དེ་བཞིན་ཉིན་མཚན་ལྟོས་མེད་དུ་དགའ་རོགས་ལ་ཁ་པར་གཏོང་རེས་དང་སྐབས་རེར་ཕན་ཚུན་འཁྲུག་རྩོད་བྱུང་བ་སོགས་ཀྱིས་ཉལ་ཁང་དུ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཤིན་ཏུ་དཀོན། ཁ་པར་གྱི་རྣར་གཞུག་སྤྱད་དེ་གཞས་ལ་ཉན་བཞིན་གཉིད་པར་གོམས་པའི་བུ་མོ་ཡང་རེ་གཉིས་ཡོད་པ་བཅས། གང་ལྟར་རང་ལ་གསལ་ཆ་ཆེ་བའི་ཉལ་ཁང་གི་བུ་མོ་མང་ཆེ་ཤོས་དེ་འདྲ་རེད། རང་གིས་མཐོང་ཚུལ་རགས་མོ་ལྟར་ན། སློབ་ཆེན་གྱི་འཚོ་བའི་ཁྲོད་འཚོལ་སྙེག་དང་དགའ་ཕྱོགས་གཙོ་བོ་དཔེ་ཀློག་ཡིན་པའི་བུ་མོ་ནི་ཤིན་ཏུ་ཉུང་བའི་ཚོད་རེད། ཡིན་ཡང་བུ་མོ་ཁ་ཤས་ཐོག་མར་ཡོང་དུས་དང་འདྲ་བར་ཕྱིའི་ལུས་ལ་འགྱུར་བ་བྱུང་མེད་ཁར་ཤེས་བྱ་འབྱོར་བའི་སྒོ་སྟེ་དཔེ་ཀློག་གི་ཞོར་དུ་བོད་ཡིག་གི་ཚོགས་པའི་ནང་དུ་རང་འགུལ་གྱིས་འཛུལ་ཞིང་དེ་ལས་གཏམ་བཤད་ཀྱི་བློ་སྤོབས་དང་ཉམས་མྱོང་སོགས་བསླབས་ཏེ་སྐབས་སུ་བབ་པའི་སློབ་སྦྱོང་ལ་ཕྱོགས་ནས་དགའ་རོགས་ཀྱི་རྐྱེན་པས་ལུས་སེམས་ལ་ཕོག་ཐུག་གི་ཕམ་ཁ་ཉོས་མེད་མཁན་ཡང་ཡོད། སློབ་གྲྭ་ཡོངས་ཀྱི་བུ་མོ་དེ་འདྲ་རེད་ཅེས་བཤད་ག་ལ་ཕོད་མོད། བུ་མོ་མང་པོ་ཞིག་ལ་དཔེ་ཀློག་གི་གོམས་གཤིས་དང་ཉམས་མྱོང་མེད་པའི་སྡུག་ཡུས་བཤད་པ་གོ་ལ། འཚོལ་སྙེག་གི་ཁ་ཕྱོགས་རྨོངས་ནས་བདེ་སྐྱིད་ཉི་ཚེ་བ་དང་བག་ཕེབས་ཡུན་ཐུང་བ་དེར་མགོ་འཁོར་བ་མཐོང་ན། ཚུལ་དེ་ནི་དེང་རབས་བུ་མོ་ཞིག་གི་འགྲོ་སྟངས་ག་ལ་ཡིན་འདོད་དེ་རང་སེམས་རང་གར་སྐྱོ་ཡོང་།
སྨིན་དྲུག ཉལ་ཁང་དུ་སྐད་ཆེན་པོས་ཁ་པར་གཏོང་བ་དང་ཁ་རྩོད་རྒྱག་པ་སོགས་གཞན་ལ་སུན་པོ་བཟོ་ཞིང་ངལ་གསོ་ལ་བར་ཆད་གཏོང་བ་དེ་ནི་གང་ཞིག་མགོ་མ་ཚོས་པའི་དན་རྟགས་རྣལ་མ་ཡིན། འདིའི་སྐོར་གལ་ཆེ་བས་མཇུག་སྡུད་པའི་གཏམ་དུ་རང་གི་ཤེས་ཚོད་ཅིག་བཤད་བསམ་སོང་།
སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།
ལ་སྟོད་ཚེ་རིང་། མི་འདྲ་ས་གཙོ་བོ་བུ་ཕལ་མོ་ཆེས་དུས་ཚོད་མང་པོ་རྐང་རྩེད་སྤོ་ལོའམ་ལག་རྩེད་སྤོ་ལོ་དང་རང་གི་དགའ་ཕྱོགས་གསོ་སྐྱོང་བྱེད་པའི་ཕྱོགས་ལ་གཏོང་བ་དེ་རེད་འདོད། ད་དུང་པར་ལེན་སྟངས་དང་རྡུང་ལེན་སོགས་སྦྱངས་དང་སྦྱོང་བཞིན་པ་མཐོང་ཐོས་བྱུང་། ཡིན་ཡང་བུ་མོ་ཚོར་དེའི་རིགས་ཀྱི་དགའ་ཕྱོགས་ཆེན་པོ་མེད་ཁར་རྒྱུན་སྐྱོང་མཁན་ཡང་ཤིན་ཏུ་དཀོན་པའི་ཚོད་རེད། སློབ་ཚན་ཚོགས་སྐབས་སུ་དགེ་རྒན་ལ་དྲི་བ་འདོན་མཁན་སློབ་མ་བུ་མང་ཞིང་། ལྷག་དོན་དུ་དཔེ་ཀློག་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ་དུས་བུ་ཚོ་བློ་སྤོབས་ཆེ་ཞིང་བཤད་རྩལ་བྱང་བ་དང་ནང་དོན་ཡང་ཕུན་སུམ་ཚོགས་པོ་འདུག བུ་མོ་རེ་གཉིས་ཙམ་ལས་མང་པོ་ཞིག་གིས་ཁྲལ་སེལ་སླ་བཅོས་ལས་གྲ་སྒྲིག་མེད་ལ་དེ་བས་བཤད་སྟེགས་སྟེང་སྐད་མགོ་དམའ་མོ་དང་བཤད་ཐབས་ཙམ་བྱེད་པས་ནང་དོན་ཡང་ཆེན་པོ་མེད་པར་འདོད། ངས་བལྟས་ན། བུ་མོ་ཚོར་གཏམ་བཤད་པའི་བློ་སྤོབས་ཆུང་བའི་རྒྱུ་རྐྱེན་གཙོ་བོ་ནི། ལུས་རྟེན་གྱིས་བསྐྱེད་པ་མ་ཡིན་པར་བོད་ཀྱི་ལུགས་སྲོལ་ལྟར་ཉམ་ཆུང་ཡ་རབས་ནི་བོད་པའི་བུ་མོའི་མཚོན་རྟགས་སུ་བརྩི་བ་དེ་དང་། ཡང་བཤད་འདོད་ཡོད་རུང་མི་མང་སར་བཤད་པའི་བློ་སྤོབས་མེད་ལ་ངོ་ཚ་ཆེ་བ་དེའང་གོམས་སྲོལ་ཞིག་ལས་བྱུང་བར་འདོད། དེ་འདྲ་ཡིན་ཙང་། སྤོབས་པ་ཆུང་བའི་བུ་མོ་དག་ལ་སྦྱོང་བརྡར་དང་འགྲན་ཞུགས་ཀྱི་གོ་སྐབས་མང་པོ་སྤྲད་ན་ཚུལ་དེ་ལས་འགོངས་སྲིད་མོད། གྲོང་གསེབ་དང་འབྲོག་ཁུལ་གྱི་བུ་མོ་མང་པོ་ཞིག་ལ་དེའི་ཕྱོགས་ཀྱི་འདོད་པ་ཡོད་མེད་ཀྱང་ཤེས་དཀའ།
སྨིན་དྲུག སྤྱི་ཚོགས་ཀྱི་འདུ་ཤེས་དང་འཚོ་བའི་གོམས་སྲོལ། ཁྱིམ་ཚང་དང་སློབ་གྲྭ་སོགས་སྒྲ་དོག་ཡངས་ཀྱི་སློབ་གསོ་སོགས་ཀྱི་དབང་དུ་ཤོར་ནས་བུ་བུ་མོ་གཉིས་ཀྱི་དགའ་ཕྱོགས་ལའང་ཤན་ཤུགས་ཐེབས་མུས་ཡིན་པ་བསྙོན་དུ་མེད། དཔེར་ན། ལུས་རྩལ་ཏེ་རྐང་སྤོལ་དང་ལག་སྤོལ། རི་འཛེགས་དང་ཆུ་རྐྱལ། གངས་ཤུད་དང་དར་ཤུད་སོགས་ང་ཚོར་མཚོན་ན་སྔར་བཞིན་སྐྱེས་པའི་ལུས་རྩལ་གྱི་ཁྱབ་ཁོངས་ཡིན་པ་ལྟ་བུ། དགའ་ཕྱོགས་དང་འཇུག་ཕྱོགས་མ་འདྲ་ན་མཇུག་འབྲས་གཅིག་པ་ཐོན་དཀའ། བུ་བུ་མོ་སུ་ཡིན་རུང་ཆུང་དུས་ནས་ཉེན་མཆོངས་གང་འཚམ་བྱས་ན་བློ་སྤོབས་རྒྱས་ཤིང་ཡིད་ཆེས་རྙེད་པ་གོར་མ་ཆག
ང་རང་ནི་བུ་མོ་ཚོ་སྤྱོད་པ་འཇམ་ཞིང་གཤིས་ཀ་གཡུང་མོ་ལུག་ལྟར་ཡིན་ན་བཟང་བར་འདོད་པའི་ཁོར་ཡུག་ཏུ་འཚར་བའི་གྲོང་གསེབ་ཀྱི་བུ་མོ་རྣལ་མ་ཞིག་ཡིན་མོད། རང་གཤིས་བཙན་པོ་ཞིག་ཡོད་པ་བཅས་ཀྱིས་གཉའ་བཅག་སྟེ་གཡུང་མོར་གཏོང་མ་ཐུབ། ཆུང་དུས་ཨ་སྟག་ལྷ་མོ་ཞེས་པའི་མིང་ཞིག་ཐོགས་ཡོད་ལ་དོན་དུའང་གནས་པ་ཡིན། ངས་བྱས་པའི་པྲ་ཚག་རེ་རེ་ལབ་ན་མི་ཚར་བའི་ཚོད་ཡིན་རུང་སྐབས་སུ་བབ་པའི་དོན་དག་འགའ་རེ་བཤད་ན། རང་ལ་དྲན་པ་ཡོད་དུས་ནས་སྟོན་ཁར་གྲོ་སིལ་ནས་སིལ་སྨིན་རྗེས་ཤིང་ཏོག་གི་སྡོང་མགོར་འཁྱུད་འཁྱུད་ལ་ཡལ་ག་རྩེ་མོ་ལྡེམ་ལྡེམ་བྱེད་པའི་ཚུལ་དེ་ད་ལྟ་དྲན་རུང་ཤ་གསེང་སྦྲིད་བེར་བེར་བྱེད། དེ་ནས་ཅུང་ཟད་ལག་ཆགས་རྗེས། དབྱར་ཁ་དང་སྟོན་དུས་སུ། སྡེ་བའི་བུ་མོ་ང་དང་ལོ་ཁྱད་ཆེན་པོ་མེད་པ་ཞིག་དང་མཉམ་དུ་ཞོགས་པར་རང་ཚང་གི་བ་གླང་འགའ་བོ་རི་མགོར་རྒྱག་དགོས། ཕྱི་དྲོར་དེ་དག་ཀླུང་ལ་བབས་ན་ཞིང་ནང་དུ་འགྲོར་མ་བཅུག་པར་ན་སྤང་དུ་འཚོ་དགོས། འཚོ་ཞོར་ལ་ངེད་གཉིས་གྲོང་ཚོ་གཞན་པའི་རྫིང་བུའི་ནང་དུ་རྟག་པར་ཆུ་འཛུལ་སྟེག་ནས་ཆུ་རྐྱལ་ཡང་ཤེས་པར་བྱས། དེ་ལ་གཡེང་ཆེ་ནས་ལན་རེར་བ་གླང་གོ་རི་མདོ་ཡི་ཞིང་ནང་དུ་སོང་བའང་མ་ཚོར་ཏེ་ཞིང་ཁྲིམས་བཀག་པར་ཆད་པ་སྤྲོད་དགོས་ཐུག་ནས་ཨ་ཕས་བཙན་དྲག་བསྐུལ་བའང་ལན་གཅིག་ག་ལ་ཡིན། ཁྱིམ་འཁོས་ཞན་རྒྱུ་མེད་རུང་ངའི་ཨ་ཕ་ནི་དངུལ་དོན་མེད་དུ་བརླག་ལ་ཧ་ཅང་མི་འཐད་མཁན་ཞིག་ཡིན་པས་ཅི་ཁག ཞོགས་པར་བ་གླང་དག་རི་འགོར་བརྒྱབ་རྗེས་བྲག་ལ་འཛེགས་མཁས་པའི་ར་མ་ནང་བཞིན་འཛེགས་ཤིང་། རི་དང་ཀློང་གི་བྲག་ངོས་སུ་སྦྲང་ཚང་ཡོད་པ་ལས་སྦྲང་རྩི་དྲུས་པ་ཡང་གྲངས་ཤིག་ག་ལ་ལོན། སྦྲང་རྩི་མང་པོ་རག་དུས་རང་གི་ཨ་ཅག་གིས་བེད་སྤྱོད་བཏང་ཚར་བའི་ངོ་སྣུམ་གྱི་ལྕགས་སྣོད་གོར་གོར་གཙང་མར་བཀྲུས་པ་དེའི་ནང་དུ་ཉར་ཏེ་ཕྱི་ཇའི་སྐོམ་འཐུང་དུས་བག་ལེབ་སྟེང་ལ་བྱུགས་ནས་ཟོས། དེ་ནི་དེང་དུས་རྫས་འགྱུར་གྱིས་བསླད་པའི་སྦྲང་རྩི་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཞིམ་པ་ཡོད།
དེ་ནས་སློབ་ཆུང་འགྲིམ་དུས། ཉིན་རྟག་པར་གྲམ་ཆུའི་ཕ་རོལ་ན་ཡོད་པའི་ཡུལ་ཚོ་ལ་རྐང་ཐང་མར་དུས་ཚོད་ཕྱེད་ལྷག་ལ་འགྲོ་དགོས། ཟམ་པ་ཆུས་ཁྱེར་དུས་དགུན་ཁ་ཡིན་རུང་ཆུ་གྲང་མོའི་ནང་དུ་བརྒལ་ནས་འགྲོ་དགོས། ཆུའི་ཕྱོགས་གཉིས་ནས་སྡེ་བ་སོ་སོའི་བོང་གོག་རེ་ཡོད་དུས་དེ་ལ་ཞོན་རྐྱང་གིས་ཕར་འགྲོ་ཚུར་ཡོང་བྱས་པས་བོང་བུའི་བདག་པོས་ཁ་ལོག་རྒྱག་གི་ཡོད་ཚུལ་གོ་ཡང་ཁག་ཅི། ཨ་ལེ། ཚུལ་འདིས་ང་ལ་དགོད་བྲོ་བའི་དོན་དག་ཅིག་ཀྱང་དྲན་དུ་བཅུག བུ་མོ་སློབ་གྲོགས་དེ་དང་ངེད་གཉིས་བོང་གོག་གཅིག་ལ་འཕོངས་བྱས་ཏེ་གྲམ་ཆུ་བརྒལ་བ་ནས….. དེའི་རྗེས་ཀྱི་ཞོགས་པ་ཞིག་ལ་ནམ་རྒྱུན་ལྟར་ཁོ་མོར་སྐད་གཏོང་དུ་སོང་། ཐོན་ཁ་མ་ལ་མོའི་ཨ་མས་མདོག་སྔོན་པོ་དབྱིབས་བྱིས་པའི་སྙིང་དང་འདྲ་བའི་སྒོར་ཁུག་སྙིང་རྗེ་མོ་ཆ་རྒྱུས་ཡོད་པ་དེ་ལས་སྒོར་མོ་སིལ་མ་འགའ་ཕྱུང་ནས་མོ་ལ་སྟེར་དུས། ཨ་མའི་ལག་མཐིལ་ནས་ཡར་ལྡིང་མར་ལྡིང་བྱེད་པའི་སྒོར་ཁུག་ལྟར་དུ་ངའི་སྙིང་ཆུང་ལུ་གུ་རྩེ་རྩེ་བྱས།
དབྱར་ཁར་ང་རང་སློབ་གྲྭར་འགྲོ་སྙིང་མ་བྲོ་དུས་ཞིང་ཁར་ཕག་ལྡུམ་འཐུ་རུ་ཡོང་བའི་གྲོགས་མོ་དང་མཉམ་དུ་རྩེད་མོར་གཡེངས་ཤིང་ཉིན་གུང་སླེབས་ན་མཉམ་དུ་ངའི་དཔེ་ཁུག་ཏུ་ཁུར་བའི་བྲོ་ཟ་ཞིང་སྐོམ་འཐུང་བ་བཅས་ཀྱིས་ཉི་མ་གཏོང་། དགོང་ཁར་ཁྱིམ་དུ་ཐད་ཀར་ལོག་ན་གནོང་བ་ཆེ་བས་ཐོག་མར། རྒྱལ་སྒོའི་མདུན་ཐད་ཀྱི་ཁྱིམ་མཚེས་ཚང་གི་སྡོང་ར་ནང་དུ་ཁྱིམ་མིས་ཚོར་ཡོད་མེད་ལ་ལྐོག་ཉན་རྒྱག མཚམས་རེར་འཇབ་ནས་ཁང་པའི་བྱ་འདབས་སུ་ཡོད་པའི་སླེ་བོ་ཆེན་པོའི་འོག་ཏུ་སྦས་ཤིང་དེའི་ཉེ་འགྲམ་དུ་ཡོང་ཡོང་ཡིན་པའི་ཨ་མར་སྐྱབས་བཅོལ་བའང་ཡོད། ཡང་ཐེངས་ཤིག་སློབ་བྱོལ་བྱས་ནས་སྡེ་བའི་གཉའ་ཡི་གྲོ་ཞིང་ཁ་ན་ཡོད་དུས། ཏག་ཏག་ཨ་ཕ་དེར་ཞིང་ཆུ་གཏོང་དུ་ཡོང་གིན་པ་སྟབས་ཡག་ནས་མཐོང་། ལྡེམ་མྱུར་ཆེ་ལ་ལུས་སོར་ཡང་བའི་ང་རང་རྣམ་རིག་ཆེ་བའི་རི་བོང་བློ་ལྡན་བཞིན་དུ་སྐད་ཅིག་ཉིད་ལ་གྲོང་ཞིང་གི་གསེབ་ཏུ་སྦས་པར་ཨ་ཕས་མ་མཐོང་། དེ་ནས་ད་བར་དུ་མི་ལོ་མང་པོ་མང་པོ་ཞིག་ངང་གིས་ཕྱིན་ཚར། ངས་རང་གི་ཆུང་དུས་ཀྱི་འཚོ་བ་སྒྲུང་དུ་ཕབ་པའི་སྐབས་འདིར། བདག་གི་ལས་ལ་བརྩོན་ཞིང་བབ་ཆགས་ལ་དཀའ་ཐུབ་ཀྱིས་འཚོ་བའི་ཕ་དམ་པ་མི་ཡུལ་དང་གྱེས་ནས་མི་ལོ་བཅུ་ཏག་ཏག་འགོར། དེ་ལྟ་ན་ཡང་གཞོན་ལོ་སུམ་ཅུ་ལྷག་ཙམ་ལས་མིན་པའི་ཨ་ཕའི་ཕྲག་གཡས་པར་ལྕགས་ཁེམ་ཞིག་ཁུར་ཞིང་སྟོད་ཐུང་དཀར་པོ་དང་རྐང་སྣམ་ཤུར་མ་ནག་པོ་རྙིང་སོང་ཞིག་གྱོན་པ་ངས་སྙེ་མའི་གསེང་ནས་མཐོང་བའི་ཉིན་དེའི་རྒྱབ་གཟུགས་ད་ལྟ་ཡིན་རུང་བུ་མོ་ངའི་དྲན་པའི་ངོས་སུ་ཐེལ་ཙེ་བཞིན་དུ་བརྐོས་འདུག
ཕ་ཡུལ་གྱི་རི་ལུང་དང་མཚོ་མོ། གྲོ་སིལ་དང་ནས་སིལ། ད་དུང་གསེར་ཆུ་ཡུག་གཅིག་ཏུ་བྱུགས་འདྲའི་པད་ཁ་དང་སྔོ་ལྡེམ་ལྡེམ་བྱེད་པའི་གྲོ་དང་ནས་ཀྱི་ཞིང་ཁ་དག་ནི། རང་བྱུང་ཁམས་ཀྱིས་ཆེད་དུ་ང་དང་ང་འདྲའི་བྱིས་པ་པྲ་ཚག་དག་ལ་རོལ་རྩེད་གཡེང་སའི་དགའ་ཚལ་དུ་བསྐྲུན་པ་ཞིག་ཡིན་པར་འདོད། དེ་བས་ཀྱང་ཕ་མའི་བརྩེ་བ་དང་ཡུལ་མི་ཚོའི་བབ་ཆགས་ལ་དྭངས་གཙང་གི་སེམས་ཁམས། ཁོར་ཡུག་རྙོག་དྲ་ཆུང་ལ་བག་ཕེབས་ཤིང་ཁུ་སིམ་པ། སེམས་ངལ་རང་བཞིན་གྱིས་སེལ་འགྲོ་བའི་ཁོར་ཡུག་དེ་ནི། ངའི་བློ་ལ་སྤོབས་པ་དང་སེམས་ལ་དཔའ་ངར། དྲན་པར་བརྩེ་བ་འཁྱིལ་བྱེད། ཡིད་ལ་འཆར་ཡན་རྒྱས་བྱེད་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན་ངེས། མི་ལེགས་ས་ནི། ཨ་རིའི་དི་སི་ནེ་བྱིས་པའི་དགའ་རྩེད་གླིང་དང་འདྲ་བའི་ཕ་ཡུལ་གྱི་རང་བྱུང་ཁམས་ཀྱི་པང་དུ་རྩེད་འཇོར་གཡེངས་ནས་སློབ་བྱོལ་མང་པོ་བྱས་པར་བརྟེན། ཆུང་དུས་རྒྱུད་ལ་ཐ་སྙད་ཀྱི་གཟུགས་མང་པོ་མ་འབྱོར་བ་དེས་ཆེ་དུས་ང་རང་དཀའ་ངལ་ལ་སྦྱར་བ་དེའོ། །
ང་རང་ལོ་ན་དར་ལ་བབ་པའི་དུས་སུ་དེབ་གཅིག་ལས། བུ་མོ་ཚོའང་རི་ལ་འཛེགས་པ་དང་ཆུ་ལ་རྐྱལ་བ་སོགས་གང་ལྟར་བུ་དང་ཁྱད་མ་བཏོད་ན། ང་ལྟར་སྤོབས་པ་རྒྱས་ཤིང་བསམ་རྒྱ་བསྐྱེད་པར་ཕན་ཐོགས་ཆེ་ཚུལ་བཤད་པ་མཐོང་བས་རང་ཉིད་ཕྱོགས་གཅིག་ནས་འགྲིག་འདུག་འདོད་དེ་དགའ་བས་མི་ཚད། བུ་མོ་ཆུང་བ་ཡང་རི་ལ་འཛེགས་པ་དང་ཆུ་ལ་རྐྱལ་བ་སོགས་ཀྱི་དགའ་བ་བསྐྱེད་པར་ཆེད་དུ་སྣེ་ཁྲིད་པ་ཡིན་པ་བཅས་སོ། །
སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།
ལ་སྟོད་ཚེ་རིང་། སློབ་ཆེན་སྐབས་ལ་འཛིན་གྲྭའི་ནང་དུ་སློབ་མཇུག་རེ་རེའི་ཡིག་རྒྱུགས་ཀྱི་ཨང་རིམ་དང་པོ་ནས་གསུམ་པའི་བར་དུ་ཕལ་མོ་ཆེ་བུ་མོ་ཚོས་བཟུང་འདུག བཞི་པའི་རྗེས་སུ་བུ་ཡང་འདུག བུ་ཚོའི་ཁྲོད་དུ་ཐ་མག་དང་ཆང་རག དྲྭ་ཁང་ནང་དུ་རོལ་རྩེད་ལ་འཇུག་པ་སོགས་ལ་གཞོལ་ཏེ་ཡིག་རྒྱུགས་ཚད་གཞི་མི་ལོན་པ་ཡང་ཡོད། བུ་མོ་ཚོ་མཐོ་འབྲིང་ལྟར་དུ་ཡིག་རྒྱུགས་རན་ཁ་མའི་གཟའ་འཁོར་གཉིས་གསུམ་གྱི་གོང་ལ་ཞོགས་པ་སྔ་པོ་ནས་ལངས་ཏེ་ངག་སྐྱོར་གཏོང་བ་དང་ཉིན་མོར་དྲིས་ལན་གང་རུང་ལ་བལྟ་བ་སོགས་ཀྱིས་སྦྱངས་འབྲས་མཐོན་པོ་ལེན་མཁན་མང་ཞིང་ལས་ཀ་གཞན་ལ་མགོ་འཁོར་ནས་སྦྱངས་འབྲས་དམའ་བའི་བུ་མོ་ཡང་ཡོད་མོད་ཁོ་མོ་ཚོའི་ཁྲོད་དུ་ཡིག་ཚད་མི་ལོན་མཁན་ནི་མེད། དེ་བཞིན་བུ་མོ་ཚོས་སྐར་གྲངས་མཐོན་པོ་བླངས་ན། བུ་ཚོས་སྦྱངས་འབྲས་ལེགས་ཚུལ་དང་རྒྱ་ཡིག་གི་ཆུ་ཚད་ཡག་རབས་བརྩོན་པ་ཆེ་རབས་བཤད་དེ་ཡག་པོར་བརྩི་བ་ལས། ཁོ་ཚོར་གནོན་ཤུགས་ཡོད་རབས་བཤད་པ་ཐོས་མ་མྱོང་།
སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་བཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
ལ་སྟོད་ཚེ་རིང་། ནམ་རྒྱུན་བོད་ཡིག་གི་དཔེ་ཀློག་བྱེད་མཁན་བུ་ཚོའི་ཁྲོད་དུ་མང་། དཔེ་ཀློག་ལ་དགའ་ཞེན་ཆེ་ཞིང་བརྩོན་འགྲུས་ཆེ་བའི་བུ་མོ་ཡང་འགའ་ཤས་ཡོད་དེ། གཙོ་བོ་བུ་མོ་ཚོས་དཔེ་ཀློག་བྱེད་དུས་ནན་ཏན་དང་བསམ་མནོ་ཡག་པོ་མི་གཏོང་བའི་ཚུལ་དང་། ཡིག་རྒྱུགས་ཁོ་ནར་ཁ་གཏད་གཅོག་པ་དེ་སྐྱོན་ཆེན་པོ་ཞིག་རེད་བསམ། དེ་བས་སྤྱི་ཚོགས་སུ་ཞུགས་རྗེས་འབུར་དུ་ཐོན་མ་ཐུབ་པ་ཁག་ཅི་ཡོད།
སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།
ལ་སྟོད་ཚེ་རིང་། ཁྱད་པར་ཡོད་དེ། བུ་མང་པོས་དམག་མི་དང་སྨན་པ། ལུས་རྩལ་གྱི་དགེ་རྒན། བོད་སྨན་སོགས་བདམས་འདུག རང་ཉིད་ཀྱི་ཆེད་ལས་བོད་ཡིག་ཡིན་པའི་ཆ་ནས། སློབ་གྲོགས་བུ་མང་པོ་ཞིག་གི་བོད་ཀྱི་གནའ་རབས་ཀྱི་རིག་གནས་ལོ་རྒྱུས་དང་ཡིག་ཚང་། མིའི་རིགས་རིག་པ་སོགས་བདམས་པ་ལྟོས་བཅས་སུ་བུ་མོ་ཚོ་ལས་མང་བ་མཐོང་། བུ་མོ་ཚོའི་ཁྲོད་ནས་མང་ཆེ་བས་དགེ་རྒན་དང་སྨན་པ་བདམས་འདུག་ལ། ད་དུང་ཆེད་ལས་རྩོམ་རིག་དང་སྒྱུ་རྩོམ། ཡིག་སྒྱུར་སོགས་བདམས་པའང་ཅུང་ཟད་མང་། དེ་ནི་གཙོ་བོ་རང་རང་གི་དགའ་ཕྱོགས་དང་འཇོན་ཕྱོགས་ལ་དམིགས་པ་ཡིན་ཤས་ཆེ་འདུག
སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ། བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།
ལ་སྟོད་ཚེ་རིང་། སྤྱིར་ང་ཚོའི་སློབ་གྲྭར་ཆེད་ལས་རིག་ཚན་ཁ་ཤས་ཡོད་རུང་། རང་ཉིད་དོ་སྣང་ཆེ་བ་ནི་བོད་ཡིག་ཆེད་ལས་ཀྱི་སློབ་མ་དག་ཡིན་ཞིང་། ཁོ་ཚོ་རང་གི་ཆེད་ལས་ལ་དགའ་ཞིང་འབད་པ་ཡང་བྱེད་པ་མཐོང་། བུ་དང་བུ་མོ་གཉིས་རང་གི་སྐད་ཡིག་ལ་དགའ་བའི་མང་ཉུང་བསྡུར་དགོས་ན་གསལ་པོ་ཞིག་ཡོང་དཀའ་མོད། རང་གི་གཡས་གཡོན་གྱི་སློབ་གྲོགས་ཚོའི་ནང་དུ་ནམ་རྒྱུན་ཕན་ཚུན་ལ་ཁ་བརྡ་བྱེད་དུས་བུ་མོ་ཚོས་རྒྱ་སྐད་དམ་ར་མ་ལུག་གི་སྐད་ཆ་བཤད་པ་ཅུང་མང་ཞིང་། རང་ཉིད་ཀྱི་འཕྲིན་ཕྲན་ནང་དུའང་བུ་མང་པོ་ཞིག་གིས་བོད་ཡིག་གི་སྨྱུག་མིང་དང་དངོས་མིང་བཞག་པ་མཐོང་། བུ་མོ་སྐོར་ཞིག་གིས་ནི་དབྱིན་ཇིའི་གསལ་བྱེད་གང་རུང་དང་མེ་ཏོག རྒྱ་ཡིག་སོགས་འཇོག་པར་བལྟས་ན། སྐད་དང་ཡི་གེ་བེད་སྤྱོད་མཁན་གྱི་ཐད་ནས་སློབ་གྲོགས་བུ་ཚོ་མང་བའི་སྣང་བ་བྱུང་། དེ་ལྟ་བུའི་ཁྱད་པར་ཤོར་བའི་རྒྱུ་མཚན་གསལ་པོ་རྟོགས་མ་བྱུང་།
སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།
ལ་སྟོད་ཚེ་རིང་། རང་ཉིད་དགའ་བའི་ལོ་རྒྱུས་དང་རྩོམ་རིག་དགེ་རྒན་འགའ་ཡི་སློབ་ཚན་ལ་ཉན་པར་མོས། དཔེ་ཀློག་བྱེད་དུས་སུ་རང་ཉིད་ལ་ཕྲད་པའི་དོགས་གནད་དག་ལ་གསེད་དཀྲོལ་བྱེད་ཅིང་ཁོང་ཅག་གི་སློབ་ཁྲིད་དང་གཏམ་བཤད་ལ་ཉན་ན། དཔེ་ཆ་ཀློག་པ་ལས་ཀྱང་གསལ་ཁ་ཆེ་ལ་ཕྱོགས་བསྡོམས་ཐུབ་པ་འདྲ་བའི་བློ་སྐྱེད་བྱིན་མྱོང་།
སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།
ལ་སྟོད་ཚེ་རིང་། རང་ཉིད་ཀྱིས་ལོ་དྲུག་མ་ཟིན་ཙམ་ལ་འདི་གར་སློབ་གཉེར་བྱེད་དུས་དགེ་རྒན་འདྲ་མིན་གྱི་སློབ་ཚན་ལ་ཉན་མྱོང་ཞིང་། ཁོང་ཅག་གིས་སློབ་ཁྲིད་དང་བགྲོ་གླེང་བྱེད་པའི་སྐབས་སོགས་ལ་སློབ་མ་ཚང་མ་འདྲ་མཉམ་དུ་བལྟ་བ་ལས། བུ་མོ་ཚོ་ལོགས་སུ་བཀར་ནས་མཐོང་ཆུང་བྱེད་པའི་སྣང་ཚུལ་འདྲ་མཐོང་མ་མྱོང་།
སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།
ལ་སྟོད་ཚེ་རིང་། རིག་ཚན་འདྲ་མིན་གྱི་སློབ་ཚན་ལ་ཉན་མྱོང་ཞིང་དགེ་རྒན་སྐོར་ཞིག་ལ་ཁ་བརྡ་ཡང་བྱས་མྱོང་། ད་དུང་མི་ཤེས་པའི་གནས་རྣམས་བཀའ་འདྲི་ཞུས་པར་ཁོང་ཅག་གིས་རྣམ་འགྱུར་ཡག་པོའི་སྒོ་ནས་ཞིབ་ཏུ་བཤད་པར་མ་ཟད། ལེགས་ཉེས་བླང་དོར་གྱི་ལམ་སྟོན་ཡང་མང་པོ་མཛད་མྱོང་བ་ལས། ཆགས་སྲེད་ཀྱི་སྐད་ཆ་བཤད་པ་དང་སྡོད་བཟོད་མི་བདེ་བ་བཟོ་བའི་དགེ་རྒན་ཞིག་ལ་ང་རང་ཕྲད་མ་བྱུང་།
སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་ལ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ་སོགས་ཀྱིས་རེད།
ལ་སྟོད་ཚེ་རིང་། རང་ཉིད་སྐྱེས་ས་ཞིང་གྲོང་ལུང་ཁུག་ནས་ཡིན་པའི་དབང་གིས་ཕ་མ་གཉིས་སློབ་གསོའི་སྐོར་ལ་རྒྱུས་མངའ་མེད་ཅིང་། ཐ་ན་ཐོག་མར་བོད་ལྗོངས་སློབ་གྲྭ་ཆེན་མོར་ཐོ་འགོད་བྱས་པ་དེའང་རང་གིས་བདམས་པ་ཡིན། དངོས་གཞིའི་ལོ་རིམ་དང་པོ་གཉིས་པ་གསུམ་པ་ལ་དཀའ་ངལ་ཆེན་པོ་ཕྲད་མ་སོང་། ལོ་རིམ་བཞི་པར་ལས་ཀའི་ཡིག་རྒྱུགས་གྲ་སྒྲིག་བྱེད་དུས་རྒྱ་ཡིག་གི་ལམ་ནས་གཏོང་དགོས་བྱུང་བས། སེམས་ངལ་ཆེ་ཞིང་གདེང་ཚོད་མེད་པར་གྱུར། རྒྱུ་མཚན་ནམ་རྒྱུན་བོད་ཡིག་གི་དཔེ་ཆ་ལས་རྒྱ་ཡིག་གི་དཔེ་དེབ་ལ་དེ་ཙམ་དོ་སྣང་མེད་པས་ཡིན་མོད། ཡིན་ཡང་ཞིབ་འཇུག་གི་ཡིག་རྒྱུགས་བོད་ཡིག་གིས་གཏོང་དགོས་པ་དེས་ང་ལ་གདེང་ཚོད་བྱུང་། ང་ནི་གཞན་དང་འདྲིས་སླ་བའི་གཤིས་ཀ་ཅན་ཞིག་ཡིན་པ་དང་མཐོ་འབྲིང་སྐབས་ནས་ཕ་ཡུལ་དང་ཁ་བྲལ་ཡོད་པས་ཕ་མ་དྲན་པའི་གདུང་བ་བྱུང་མ་མྱོང་། དེ་ལྟར་ཡང་ཕ་མའི་རེ་བ་ལྟར་གཞུང་ཞབས་པའི་ཡིག་རྒྱུགས་མ་ལོན་པ་དེ་ནི་ཞིབ་འཇུག་གི་སློབ་སྦྱོང་དུས་ཀྱི་ངའི་སེམས་ངལ་ཆེ་ཤོས་དེ་ཡིན།ད་ལྟར་གཞུང་ཞབས་ཡིག་རྒྱུགས་ཀྱི་འགྲན་རྩོད་ཆེ་ཞིང་ཤེས་རམས་ཞིབ་འཇུག་ལས་ཐོན་ཚར་བ་སྐོར་ཞིག་ཀྱང་གཞུང་ཞབས་པ་ཆགས་མེད་པ་མཐོང་དུས་ཞིབ་འཇུག་འགྲིམ་གྱིན་པའི་ང་ལ་གནོན་ཤུགས་དང་སེམས་ངལ་གཉིས་ཀ་འདུག
སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲེས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།
ལ་སྟོད་ཚེ་རིང་། རང་ཉིད་ཚུད་པའི་མཐའ་འཁོར་གྱི་བུ་མོ་མང་པོ་ཞིག་ལ་རྙོག་འཛིང་ཆེ་བའི་འགྲོ་སྟངས་ཤིག་ཡོད་པར་དོ་སྣང་བྱུང་། དེ་ཡང་གཅིག་གིས་གཅིག་ལ་ཕྲག་དོག་གིས་རྒྱབ་བཤད་བྱེད་པ་དང་རང་གིས་རྒྱུས་ལོན་མེད་པ་གཞན་གྱིས་དེ་ཡག་པོ་མེད་ཚུལ་ཟེར་ན་དོན་མེད་དུ་བུ་མོ་དེར་ངན་ལྟ་བྱེད་པ། ཡང་ཅིག་གིས་བཤད་པའི་སེམས་གཏམ་ཡག་སྡུག་གཉིས་ཀ་སླར་ཡང་མི་གཞན་ཞིག་ལ་བཤད་ནས་མཐའ་མཇུག་རྙོག་དྲ་སློང་བ།བུ་མོ་ཚོ་རང་གི་འགྲོགས་རོགས་དང་མ་འཆམ་པར་ཡང་བསྐྱར་བརྗེ་བ་དང་བསྡུར་ན། བུ་ཚོར་དེ་ལྟ་བུའི་རྙོག་འཛིང་གི་འབྲེལ་བ་ཉུང་བར་འདོད། རང་གི་ངོ་ཤེས་སློབ་གྲོགས་བུ་ཚོ་ལས་རྒྱུས་ལོན་བྱས་པ་ན། ཁོ་ཚོས་ནམ་རྒྱུན་ཉལ་ཁང་སོགས་སུ་བཤད་པ་མང་ཆེ་བ་ནི་བུ་མོ་ཚོའི་ཕྱིའི་རྣམ་པ་དང་གཟུགས་སྐྱེས་ཡག་བཙོག་སོགས་ཡིན་ལ། ཁོ་ཚོའི་ནང་ཁུལ་དུ་དོན་དག་ཙག་ཙིག་ལས་བྱུང་བའི་རྙོག་འཛིང་དེ་འདྲ་མེད་ཚུལ་བཤད། བུ་མོ་ཚོ་དེ་འདྲ་ཡིན་པ། རང་གིས་བསམས་ན། ཁོ་མོ་ཚོའི་རང་རྒྱུད་ལ་གྲུབ་པའི་གཤིས་ཀ་ཞིག་ཡིན་པར་འདོད།
སྨིན་དྲུག རེད་ཡ། བུ་མོ་དེ་ཚོའི་གཤིས་ཀར་མི་རིགས་གཞན་གྱི་ཤུགས་རྐྱེན་ཐེབས་པ་ཞིག་མིན་པ་གསལ་བོ་རེད། རྒྱུ་མཚན། ཁོ་མོ་ཚོ་ནི་བོད་ཀྱི་སྲོལ་རྒྱུན་རྫོངས་མཐུག་སའི་ས་ཆ་སྟེ། ཆབ་མདོ་ནས་ཡིན་པ་གསུམ་དང་གཙང་ཁུལ་གྱི་གསུམ། ནག་ཆུ་ནས་གཅིག གཞན་དེ་ཀོང་པོ་ནས་ཡིན་རུང་བོད་ཡིག་ཆེད་ལས་ཡིན་པས་ནའོ། །
སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།
ལ་སྟོད་ཚེ་རིང་། སློབ་ཁྲིད་དང་དོ་དམ་བྱེད་སྟངས་ལ་བསམ་ཚུལ་མེད། དངོས་གཞིའི་སྐབས་སུ་ཉལ་ཁང་རྒྱ་ཆུང་ཞིང་སློབ་མ་བརྒྱད་རེ་མཉམ་དུ་འདུག་དགོས་པས་རྙོག་དྲ་ལྷགས་ནས་མ་འཆམ་པ་ཡང་བྱུང་། ད་ལྟ་སྟེ་ཞིབ་འཇུག་དུས་ལ་ཉལ་ཁང་དུ་མི་བཞི་ལས་མེད་ལ་ཉལ་ཁང་རྒྱ་ཆེ་བ་དཔེ་ཆ་འཇོག་ས་ཡང་བཟོས་ཡོད་པ་བཅས་ཀྱིས་དཔེ་ཀློག་བྱེད་པར་ཡང་སྟབས་བདེ། ཟ་ཁང་དུ་ཟ་མའི་རིན་གོང་དང་སྤུས་ཀ ཟས་རིགས་སྣ་ཁ་མང་ཉུང་བཅས་ཚང་མ་འགྲིག་འདུག དཔེ་མཛོད་ཁང་ཆུང་བས། གལ་སྲིད་སློབ་གྲྭས་དཔེ་མཛོད་ཁང་ཁ་ཤས་བཟོ་ཐུབ་ན་ཡག་པོ་ཡོང་རྒྱུ་རེད་ཅེས་རེ་བ་ཆེན་པོ་བྱེད་མཁན་གྱི་སློབ་གྲོགས་མང་།
སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།
ལ་སྟོད་ཚེ་རིང་། སློབ་ཆེན་ལོ་བཞིའི་རིང་ལ། ཆེས་དགའ་འོས་ཤིང་བག་ཆགས་ཟབ་པ་ནི་གྲོགས་མོ་ཚོ་དང་མཉམ་དུ་གཤིབ་པའི་ལོ་ཟླ་དེ་དག་རེད། ཡང་ཕངས་སེམས་ཆེ་བ་ནི་སློབ་ཆེན་མཐར་ཕྱིན་རྗེས་སྔ་མ་ནང་ལྟར་གྲོགས་མོ་ཕན་ཚུན་ལ་གཅིག་ཕན་གཅིག་རོགས་བྱེད་མཁན་དཀོན་པ་དེ་རེད།
སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།
ལ་སྟོད་ཚེ་རིང་། སློབ་གྲྭ་ཆེན་མོའི་ནང་དུ་ཨེ་ཛི་དང་བླངས་པ་མང་པོས་དེའི་སྐོར་གྱི་ཤེས་བྱ་བརྒྱུད་སྒྲོག་བྱེད་པར་ཡོང་ཞིང་རང་ཉིད་ཀྱང་བྱེད་སྒོའི་ནང་བཞུགས་མྱོང་ཡོད། ད་ཕན་ངའི་ཁོར་ཡུག་ཏུ་ཨེ་ཛེའི་ནད་དུག་ཕོག་མཁན་དང་སྦྲུམ་འཁོར་མྱོང་བའི་སློབ་མ་ཡོད་པ་གོ་ཐོས་མ་བྱུང་།སློབ་ཆེན་ལོ་བཞིའི་ནང་དུ་ངས་དགའ་རོགས་སྒྲིག་མྱོང་མེད། ཞིབ་འཇུག་སློབ་མའི་སྐབས་སུ་ཨ་ མདོ་མཚོ་སྔོན་ནས་ཡིན་པའི་སྐྱེས་པ་ཞིག་གིས་དགའ་པོ་ཡོད་རབས་བཤད་ནས་དགའ་རོགས་སྒྲིག་ཁུལ་གྱིས་གཟའ་འཁོར་གཉིས་ཙམ་སོང་རྗེས། དབུས་གཙང་གི་རོགས་པ་ཞིག་གིས་ཨ་མདོ་ཞིག་གི་ཁ་ནས་སྐྱེས་པ་དེར་ཕ་ཡུལ་དུ་བཟའ་ཟླ་དང་བུ་ཕྲུག་གཉིས་ཀྱང་ཡོད་པ་ཤེས་རྗེས་ང་རང་ཧང་སངས་ཧོན་འཐོར་བར་གྱུར། ངེད་གཉིས་དགའ་རོགས་སྒྲིག་ཡུན་གཟའ་འཁོར་གཉིས་ལྷག་ལས་མེད་ཙ་ན་དེའི་རིང་ལ་ལུས་འབྲེལ་སོགས་བྱེད་པའི་བསམ་པ་དང་གོ་སྐབས་མ་བྱུང་ལ། གལ་སྲིད་བྱུང་བ་ཡིན་རུང་ང་ལ་བདེ་ཐང་ལ་དོ་སྣང་བྱེད་པའི་ཕྱོགས་ཀྱི་ཤེས་བྱ་ཆེན་པོ་མེད། དེ་སྔོན་ཞིབ་འཇུག་སློབ་མར་འབྱོར་ཐོ་འགོད་དུས་རང་ཉིད་ལས་ལོ་རིམ་གཉིས་ཀྱིས་མཐོ་བའི་ཨ་ཅག་དེ་ཚོས་ང་ལ་དྲན་སྐུལ་དུ་ཞིབ་འཇུག་སློབ་མ་ཡིན་པའི་ཨ་མདོའི་སྐྱེས་པ་དེ་ཚོས་གལ་སྲིད་ཁྱེད་དང་དགའ་རོགས་སྒྲིག་འདོད་ཟེར་ཡང་ཁ་ཡ་མ་བྱེད། ཁོང་ཚོ་ཚང་མ་ལོ་ཆེན་པོ་ཡིན་པའི་སྒང་ལ་ཕ་ཡུལ་ན་བཟའ་ཟླ་ཡོད་པ་ཤིན་ཏུ་མང་བ་རེད་ཟེར། དེ་དུས་དོན་དེར་སྣང་བ་ཆེན་པོ་བཞག་མེད། ཞིབ་འཇུག་སློབ་མ་ཡིན་པའི་ཨ་མདོའི་སྐྱེས་པ་མང་པོས་དབུས་གཙང་གི་བུ་མོ་ཚོ་ལ་དགའ་རོགས་སྒྲིག་འདོད་ཅེས་མགོ་སྐོར་གཏོང་བའི་ཚུལ་དང་། ཕ་ཡུལ་དུ་ཡོད་པའི་རང་གི་བཟའ་ཟླ་བུ་ཕྲུག་ལ་འགན་འཁུར་གྱི་མེད་པའི་བྱ་སྤྱོད་དེ་མཐོང་དུས། སྔོན་མའི་ལྟ་སྟངས་ལས་བརྒལ་ཏེ་བག་ཆགས་མི་ལེགས་པ་ཞིག་རང་བཞིན་གྱིས་བཞག་འཇོག
སྨིན་དྲུག ཉེན་ཁ་ཆེ་བ་ལ། ཨ་མདོ་པའི་ནང་དུའང་ཚང་མ་བཟང་པོ་ཡིན་པའི་ངེས་པ་མེད། ཅེས་ངས་རང་ལ་བཤད་ཡོད་པ། ས་ཆ་ཚང་མར་མི་ཡག་བཙོག་གཉིས་ཀ་ཡོད་དང་ཡོད་རེད།
སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།
ལ་སྟོད་ཚེ་རིང་། རང་ཉིད་སློབ་ཆེན་ནས་ཐོན་རྗེས། གཞུང་ཞབས་པའི་ལས་ཀར་ཞུགས་རྒྱུ་རེ་བ་ཆེ་བས་ཡིག་རྒྱུགས་བཏང་ཡང་མ་འཕྲོད་པས་ཞིབ་འཇུག་ལ་བཏང་བ་ཡིན་ལ་ལོན་ཡང་ལོན་སོང་། ཞིབ་འཇུག་སློབ་མ་ནས་མཐར་ཕྱིན་ན། ཡང་གཞུང་ཞབས་ཀྱི་ལས་ཀ་ལོན་པར་འབད་བརྩོན་བྱ་ངེས་ཡིན། རྒྱུ་མཚན་མི་ཞིག་ལ་ལས་ཀ་གཏན་འཁེལ་ཞིག་བྱུང་ནས་དཔལ་འབྱོར་གྱི་ཡོང་འབབ་དང་འགྲོ་སོང་ཐད་ལ་རང་མགོ་ཐོན་ན་ཕ་མ་གཉིས་ལ་དྲིན་བཟོ་བྱེད་སྟངས་ཡག་ཤོས་ཤིག་ཡིན་པར་མ་ཟད། གཡས་གཡོན་གྱི་སྤུན་མཆེད་ཚོ་དང་ཁྱིམ་གྱི་མནའ་མ་ལ་ཡང་གང་ལ་གང་འཚམ་གྱིས་ཁུག་དམར་རེ་ཡང་བསྐུར་ཐུབ་ངེས། ལས་ཀ་ཏན་ཏིག་ཅིག་རག་རྗེས་དེ་ནས་རིམ་གྱིས་མུ་མཐུད་དུ་འབུམ་རམས་པའི་ཡིག་རྒྱུགས་གཏོང་ཐུབ་ན་བསམ་པ་དེ་ནི་ངའི་ད་ལྟའི་རེ་བ་ཉག་ཅིག་ཡིན།
སྨིན་དྲུག ཨ་ཙི་ཨ་ཙི། སློབ་ཀྱིན་སློབ་ཀྱིན་ངར་ཤུགས་ཇེ་ཆེ་ཡིན་པ་མཐོང་ནས་ང་རང་སེམས་གཏིང་ནས་དགའ་སོང(དེ་སྔོན་ང་མིན་ན། ཁྱོད་ཀྱིས་ཁྱིམ་ཚང་གི་འཁོས་ཀ་མི་བཟང་ཞེས་ཞིབ་འཇུག་ལའང་སྤྲོད་འཆར་མེད་པ་འདྲ།)མི་དང་མི་ཡི་སྤུས་ཀ་དང་གོ་རྟོགས་ཀྱང་གཙོ་བོ་སློབ་གསོ་ལས་བྱུང་བ་ཡིན་ན། ཁྱོད་ཀྱིས་མི་ཚེ་དོན་སྙིང་ལེགས་པར་ལོན་པའི་བཀྲ་ཤིས་ཁ་གཡང་ཡང་འབོད་དོ། །དེ་མིན། སྨན་ཤར་ཁྱོད་གཞན་དང་མི་འདྲ་བར་ནང་གི་མནའ་མ་ཡང་ཞེ་ལ་ཐོགས་པའི་ཚུལ་འདིས་ཀྱང་ང་ལ་སེམས་འགུལ་ཐེབས་སུ་བཅུག
སྨིན་དྲུག ཁྱོད་ལ་མཚོན་ན། འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བ་ཅི་ཞིག་རེད། གལ་སྲིད་རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།
ལ་སྟོད་ཚེ་རིང་། ངའི་སེམས་སུ་འཇིག་རྟེན་འདིར་ཆེས་མེད་དུ་མི་རུང་བ་ནི་དྲིན་ཆེན་ཡབ་ཡུམ་ཡིན་པར་རྟག་ཏུ་འདོད། སྐབས་རེ་ཨ་ཕ་ན་ནས་སྨན་ཁང་དུ་ལུས་པ་དང་ཨ་མ་ན་ནས་སྨན་ཁང་ལ་སྟོན་དགོས་ཐུག་པའི་དབང་གིས་རང་ཉིད་ལ་བར་ཆད་ཆེན་པོ་ཞིག་ཡོང་བའི་སྔོན་འགྲོ་མིན་ནམ་སྙམ་པ་ཡང་བྱུང་། ད་དུང་ངའི་སེམས་ཀྱི་འགྱོད་སྣང་དང་སྐྱོ་གདུང་ཆེ་ཤོས་ནི་བདག་ལ་ཤིན་ཏུ་ནས་གློ་བ་ཉེ་བའི་རྨོ་མོ་འདས་མོ་ཁོང་གིས། ང་ཡིག་རྒྱུགས་ལོན་ནས་དགེ་རྒན་ཞིག་གམ་གླ་ཆ་ལེན་མཁན་ཞིག་ཏུ་གྱུར་པ་མཐོང་མ་ཐུབ་པ་དེ་ལགས། རྨོ་མོའི་མི་ཚེའི་ནང་དུ་ཕྲུ་གུ་མང་པོ་སྐྱེས་ཤིང་འཚོ་ཚིས་ཁ་རྒྱབ་ཞན་པའི་དབང་གིས་ནམ་རྒྱུན་དུ་དངུལ་ལ་མཐོང་ཆེན་པོ་བྱེད། རྨོ་མོ་ཁོང་གི་ལག་ཏུ་སྒོར་མོ་བཅུ་ཡོད་ནའང་ཤིན་ཏུ་མང་བའི་ཁ་གྲངས་ཤིག་ཏུ་བལྟ། ཁོང་གིས་ང་རང་སློབ་ཆེན་ཐོན་རྗེས་གླ་ཕོགས་ལེན་པའི་ལས་བྱེད་ཅིག་ཏུ་འགྱུར་བར་ཤོག་ཅེས་ཉིན་རེའི་ཞོགས་པར་སྨོན་ལམ་རྒྱག་གི་ཡོད་ཅེས་གསུངས་མྱོང་། ང་རང་སློབ་ཆེན་མཐར་མ་ཕྱིན་གོང་སྟེ་གཞེས་ནིང་གི་དགུན་ཁར་རྨོ་མོ་མི་ཡུལ་ནས་གྱེས་པ་དེས་ང་ལ་ཕངས་སེམས་དང་འགྱོད་པ་དྲག་པོ་སྐྱེས་སུ་བཅུག དེར་བརྟེན་ད་ལྟའི་རང་གི་དམིགས་ཡུལ་དང་མ་འོངས་འཚོ་བའི་བློས་བསླངས་གཅིག་པུ་དེའང་རང་ཉིད་ལ་དབང་བའི་ལས་ཀ་ཞིག་རག་རྗེས། ཕ་མའི་རེ་འདོད་ལྟར་དུ་ལྷ་ས་དང་ལྷོ་ཁ་སོགས་འགྲོ་འདོད་ཤིན་ཏུ་ཆེ་བའི་གནས་རྣམས་ལ་ཁོང་གཉིས་འཁྲིད་ཐུབ་ཅིང་བདེ་ཞིང་ལྷོད་པའི་འཚོ་བ་རོལ་ཞོར་དང་ལས་ཀ་བྱེད་ཞོར་དུ་རང་གི་དཔེ་ཀློག་དང་རྩོམ་འབྲི་ཡང་རྒྱུན་སྐྱོང་ཐུབ་པའི་ཁར། ད་དུང་བོད་ཀྱི་ཉམ་ཐག་བུད་མེད་མང་པོའི་གནས་སྟངས་ལ་དོ་སྣང་བྱེད་རྒྱུ་དེ་ཡང་འཚོ་བའི་ཆ་ཤས་ཤིག་ཏུ་བརྩི་ངེས་ཡིན།
སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།
ལ་སྟོད་ཚེ་རིང་། སློབ་ཆེན་ནང་ནས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད། ང་ལ་དགའ་ཕྱོགས་གཙོ་བོ་གསུམ་བྱུང་། གཅིག་ནི་ཆེད་ལས་དང་འབྲེལ་བའི་དཔེ་ཆ་བལྟ་རྒྱུ་དང་། གཉིས་ནི་བོད་ཀྱི་ཉམ་ཐག་བུད་མེད་ཚོའི་གནས་སྟངས་ལ་དོ་སྣང་བྱེད་རྒྱུ། གསུམ་ནི་ཕ་ཡུལ་ལ་སྟོད་དང་འབྲེལ་བའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ་བཅས་སོ། །འབྱུང་འགྱུར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ལས་ཀ་ཡག་པོ་ཞིག་རག་སྟེ་རང་གི་ཁ་ཐབས་ཀྱིས་རང་ཉིད་གསོ་ཐུབ་ཅིང་ཕ་མ་གཉིས་ལ་སྲི་ཞུ་རེ་སྒྲུབ་ཐུབ་པ། དེ་དང་མཉམ་དུ་རང་དང་གཤིས་ཀ་མཐུན་པའི་བཟའ་ཚང་ཞིག་བཙལ་ཞིང་བུ་ཕྲུག་གསོ་སྐྱོང་བྱེད་པའི་ཞོར་ལ། རང་ཉིད་ཀྱི་དགའ་ཕྱོགས་མུ་མཐུད་དུ་རྒྱུན་བསྲིངས་ཏེ་བོད་ཀྱི་བུད་མེད་ཀྱི་གནས་སྟངས་སྐོར་ལ་དོ་ཁུར་དང་དཔེ་ཀློག་གི་གོམས་གཤིས་ཚེ་གཅིག་ལ་རང་རྒྱུད་དུ་འཇགས་པའི་རེ་བ་དང་སྨོན་འདུན་ཆེན་པོའང་ཡོད།
སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།
ལ་སྟོད་ཚེ་རིང་། དངོས་གཞིའི་སྐབས་སུ་ངས་རང་ཉིད་ཀྱི་བཟའ་ཟླ་ཅི་འདྲ་ཞིག་འཚོལ་མིན་ཐད་ལ་བསམ་བློ་བཏང་མ་མྱོང་། ད་ལྟའི་ཞིབ་འཇུག་སློབ་མའི་འཚོ་བའི་ནང་ཉེ་འགྲམ་དུ་གཉེན་སྒྲིག་ཚར་བའི་གྲོགས་མོ་ཡོད་ལ། གཉེན་སྒྲིག་བྱེད་འཆར་ཡོད་པའི་གྲོགས་མོ་ཡང་ཡོད་པས། རང་ཉིད་ཀྱིས་ཀྱང་ཕྱིས་སུ་བཟའ་ཟླ་གང་འདྲ་ཞིག་འཚོལ་མིན་ལ་བསམ་བློ་དང་གྲོགས་མོ་རེ་གཉིས་དང་མཉམ་དུ་ཁ་བརྡ་ཡང་བྱས་མྱོང་། ངས་རང་གི་མི་ཚེ་སྐྱེལ་རོགས་ཀྱི་མི་བུ་དེའི་ཕྱིའི་རྣམ་པ་ཡག་རབས་དང་རྒྱུ་དཔལ་འབྱོར་དབང་ཐང་ཆེ་བ་ལ་ལྟ་མི་འདོད། ཁ་ཐབས་རང་མགོ་ཐོན་པའི་བཟའ་ཟླ་ཞིག་དང་གཙོ་བོ་རང་ཉིད་ལ་ལྷག་བསམ་རྣམ་དག་ཡིན་པ་གང་ཞིག འགན་འཁྲིའི་འདུ་ཤེས་ཟབ་ཅིང་ཕན་ཚུན་དབར་ལ་བརྩི་བཀུར་ཆེ་བ། བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་ཞིང་རང་ཉིད་དང་ཐུན་མོང་གི་སྐད་ཆ་མང་བ། སྐྱིད་སྡུག་མཉམ་མྱོང་ངང་མི་ཚེ་མཐའ་འཁྱོལ་ཐུབ་པའི་བཟའ་ཟླ་ཞིག་ཡིན་ན་འགྲིག་འདུག
སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།
ལ་སྟོད་ཚེ་རིང་། ང་རང་ཁྱིམ་གྱི་ལས་ཀ་ཙག་ཙིག་བྱེད་རྒྱུར་དགའ་པོ་ཡོད་པ་བདེན་རུང་། གཉེན་སྒྲིག་བྱས་རྗེས་ཁྱིམ་ལས་དང་བྱིས་སྙོར་སོགས་རང་ཉིད་གཅིག་པུའི་མགོ་ལ་བབས་ན། ལས་ཀ་དེ་དག་ནི་ཉིན་འགའ་དང་ཡང་ན་ཟླ་འགའི་དོན་དག་ཅིག་གཏན་ནས་མིན་པས་ངས་བཟའ་ཟླར་འཁང་ར་དང་སྡུག་ཡུས་བྱེད་པ་གཏན་འཁེལ་རེད། ང་ལ་ཕ་ཡུལ་གཅིག་པའི་ངོ་ཤེས་རི་འཛེག་སྣེ་ཤན་པ་ཕོ་ལོ་སོ་བརྒྱད་ལ་ཟིན་པ་ཞིག་ཡོད། ཁོང་གིས་ལ་སྟོད་སྐད་ཀྱི་སྐོར་ལ་དཔེ་ཆ་ཞིག་བྲིས་ཚར་ནས་ང་ལ་ཞུ་དག་བྱེད་རོགས་ལབ་ནས་བྱས་པར་ངེད་གཉིས་ཆ་རྒྱུས་ཡོད་པར་གྱུར། ཁོང་གིས་རང་གི་བཟའ་ཟླར་ཞིབ་འཇུག་སློབ་མ་གཏོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་མ་ཟད། རང་གིས་ལས་ཀའི་ཞོར་དུ་དཔེ་ཀློག་བྱེད་ཅིང་སྤྱི་ཚོགས་སུ་དཔེ་ཀློག་ལ་མོས་པ་ཚོ་དང་མཉམ་དུ་གཟའ་མཇུག་ལ་རྟག་ཏུ་འཛོམས་པ་དང་ཁོང་ཉིད་ཀྱི་ཕྲུ་གུ་ཡང་ཁྲིད་དེ་དཔེ་ཀློག་ལ་གོམས་སུ་འཇུག ད་དུང་ནམ་རྒྱུན་ང་ཚོ་ཁ་བརྡ་བྱེད་དུས་ཁོང་གིས་རང་གི་ཆུང་མར་ཁྱིམ་ལས་མང་པོའི་རོགས་བྱེད་ཀྱི་ཡོད་ཚུལ་བཤད་པ་སོགས་ཀྱིས་དེ་ལྟ་བུ་ནི་ཁྱིམ་འགན་མཉམ་ཁུར་དང་བཟའ་ཚང་འགྲིག་མཐུན་གྱི་དོན་དང་ལྡན་པའི་མི་ཚེ་ཞིག་ལ་ངོས་འཛིན་དགོས་རྒྱུ་རེད་ཀྱང་འདོད་མྱོང་།གལ་སྲིད་རང་ཉིད་དེ་ལས་ལྡོག་སྟེ་མི་ཚེ་ཁྱིམ་ལས་ནང་དུ་ཟད་ཅིང་རང་ཉིད་ཀྱི་དགའ་ཕྱོགས་མང་པོ་འཐུས་ཤོར་སོང་བ་ཡིན་ན། ང་ལ་བློ་ཕམ་དང་སྡུག་བསྔལ་ཆེན་པོ་ཡོང་ངེས་རེད།
སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།
ལ་སྟོད་ཚེ་རིང་། གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། ངས་ཐོག་མར་ཁྱོ་གའི་ས་ནས་རྩད་གཅོད་ནན་མོ་བྱེད་པ་དང་། རྒྱུས་ལོན་བྱུང་རྗེས་བུ་ཕྲུག་གི་ཆེད་དུ་སྤྱོད་ངན་དེ་མཇུག་བསྒྲིལ་དགོས་པའི་ཐ་ཚིག་སྒྲོག་ངེས་ཡིན། གལ་སྲིད་ཐེངས་གཉིས་པ་གསུམ་པ་བཅས་མུ་མཐུད་ནས་ཟུར་མོ་བསྟེན་ན་གཉེན་འཐོར་བྱེད་དགོས་ཀྱང་སྐབས་དེར་ཁྱོ་ག་དང་ཁོའི་ཟུར་མོ་གཉིས་ཀ་བཙལ་ཏེ་ཐག་གཅོད་ནན་མོ་བྱེད་ངེས་ཤིང་རང་སྟེང་ནས་ཐག་གཅོད་མ་ཐུབ་ན་ཁྲིམས་ལ་གཏུག་ངེས་ཡིན། དེང་གི་སྤྱི་ཚོགས་འདིར་གཉེན་འཐོར་བྱེད་པ་ནི་རྒྱུན་གཏན་ཞིག་ཏུ་མཐོང་བས། གལ་སྲིད་བུད་མེད་གང་ཡིན་ལ་ཁྱིམ་ཚང་དུ་དྲག་སྤྱོད་དང་ཁྱོ་གས་མགོ་གཡོག་མགོ་སྐོར་ལན་མང་བཏང་སྟེ་ནང་སེམས་ལ་ཕོག་ཐུག་བཟོས་ནས་དེ་དང་མཉམ་དུ་འཚོ་བ་སྐྱེལ་ཐབས་མེད་ན། ཁ་འབྲལ་པ་ནི་གདམ་གསེས་ཡག་ཤོས་དེ་ཡིན་པར་འདོད། མཇུག་མཐར། སྙིང་ཉེ་བའི་རྒན་ར་རྫ་འཇམ་དབྱངས་སྐྱིད་ལགས་ཀྱིས་སློབ་ཆེན་པའི་བུ་མོ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་སྟངས་ལ་རྒྱུས་ལོན་ཆེད་དུ། ཁོ་མོ་ཚོའི་སེམས་ཀྱི་སྐད་ཆར་ཉན་པ་དང་འཚོ་བ་དང་ཁོར་ཡུག་གི་སྣང་ཚུལ་རྒྱུས་ལེན་གྱིས་དབྱེ་ཞིབ་བྱས་པར་རང་ཉིད་ཀྱིས་སློབ་ཆེན་གྱི་བུ་མོ་ཚོའི་ཚབ་བྱས་ཏེ་སྙིང་ཁོང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྐུ་ལས་ཁག་སོང་ །
སྨིན་དྲུག ཁྱོད་ཀྱིས་དེ་ལྟར་བསམ་ཤེས་བྱས་པར་ཧ་ཅང་དགའ་སོང་། རང་གི་མི་ཚེའི་མདུན་ལམ་ལ་རང་གིས་ཁ་ལོ་ཐུབ་པའི་སྨོན་ལམ་བཟང་པོ་ཡོད། མཇུག་སྡུད་པའི་སྐད་ཆ་ནི། སློབ་མ་སུ་ཞིག་ཡིན་རུང་ཉལ་ཁང་དུ་སྐད་ཆེན་པོས་ཁ་པར་གཏོང་བ་དང་ཁ་རྩོད་རྒྱག་པ་སོགས་གཞན་ལ་སུན་པོ་བཟོ་ཞིང་གཞན་གྱི་ངལ་གསོ་ལ་བར་ཆད་གཏོང་བ་དེ་ནི་གང་ཞིག་མགོ་མ་ཚོས་པའི་དན་རྟགས་རྣལ་མ་ལས་མ་འདས། རང་དབང་ཟེར་བ་ལ་ཡང་མ་མཐའ་དང་ཡ་མཐའ་མེད་པ་ཞིག་གཏན་ནས་མིན་ཏེ། གཞན་ལ་མི་གནོད་པའི་འོག་ནས་ད་གཟོད་རང་གིས་ལོངས་སྤྱོད་ཆོག་པ་བདེན་ཡང་། ཉལ་ཁང་ནི་དེ་ལ་སྡོད་མཁན་སློབ་མ་ཐུན་མོང་གི་བར་སྟོང་ཞིག་ཡིན་པ་ལས་སྒེར་ཁང་མིན་པ་ལྷག་ཏུ་མཐོ་སློབ་ཚོས་ཤེས་རིགས། རང་དབང་གི་གོ་དོན་ཙམ་ཡང་མ་ཤེས་ཚེ། སློབ་གྲྭ་དང་སྤྱི་ཚོགས་གང་ཡིན་རུང་རྙོག་དྲ་ཡོང་བ་དཔགས་པས་ཀྱང་ལོས་ཤེས། དཔེར་ན། ཁྱོད་ལ་ཉལ་ཁང་དུ་གཞས་སྒྲ་ཆེན་པོ་ཉན་པའི་རང་དབང་ཡོད་རུང་གཞན་ལ་གནོད་པའི་ཐོབ་ཐང་མེད། དེ་བཞིན་རང་ཁྱིམ་དུ་བརྙན་འཕྲིན་སྒྲ་ཆེན་པོ་ལྟ་བའི་རང་དབང་ཡོད་ཀྱང་དེས་ཁྱིམ་མཚེས་གཡས་གཡོན་ལ་གནོད་སྐྱེལ་བའམ་སུན་པོ་བཟོ་བའི་ཐོབ་ཐང་མེད་པ་ལྟ་བུ། དེ་བཞིན་ཁྱིམ་ཚང་དུ་ཁྱོད་ཀྱིས་རང་གི་ཉལ་ཁང་ངམ་བར་སྟོང་བཙོག་པོར་བཟོས་ཆོག་རུང་། ཁྱིམ་མི་གང་པོར་དབང་བའི་ཁྱབ་ཁོངས་ཏེ་འདུག་ཤག་དང་དཔེ་ཁང་། གཙང་ཁང་། ཐབ་ཚང་སོགས་པར་ཅི་ལ་ཆོག ད་དུང་མཚན་མོར་མི་གཉིད་པའི་རང་དབང(ན་སོ་རྒྱས་མེད་པའི་ལོ་ཆུང་ཚོ་མི་ཐེ)ཁྱོད་ལ་ཡོད་རུང་དེས་རང་གི་ཁྱིམ་མི་དང་བུ་ཕྲུག་ལ་གནོད་སྐྱེལ་བའི་ཐོབ་ཐང་ངམ་རང་དབང་ཁྱོད་ལ་ཡོད་པ་མིན། དེ་ལྟར་རིགས་བསྒྲེས་ན། རང་གི་རང་དབང་དང་གཞན་གྱི་རང་དབང་མང་པོ་སྦྲེལ་འདུག་པ་མཐོང་ག རང་གི་འོས་མ་ཡིན་པའི་རང་དབང་ལོངས་སྤྱོད་དུས་གཞན་གྱི་རང་དབང་དང་སོས་དལ་མང་པོ་ཤོར་གི་ཡོད་པ་མ་ཡིན་ནམ། གཞན་ལ་གནོད་མི་སྐྱེལ་བའི་གནས་སྟངས་འོག་ནས་ཉལ་ཁང་དུ་རྣར་གཞུག་བཙུགས་ནས་གཞས་ལ་ཉན་གིན་གཉིད་པ་དེ་ཁྱོད་ཀྱི་རང་དབང་ཡིན་སྲིད། དེར་མ་ཟད། སློབ་ཆེན་སློབ་མ་ཚོས་དགའ་རོགས་སྒྲིག་པ་དང་ཡག་ལས་བྱེད་པ་སོགས་ཀྱང་མི་སྒེར་གྱི་ཐོབ་ཐང་ཡིན་པ་གདོན་མི་ཟ། ཡིན་ཡང་རང་དབང་ལོངས་སྤྱོད་མ་ཤེས་པར་ངན་ལྟུང་དང་ལམ་ལོག་ཏུ་སོང་བ་མང་བ་ཤེས་གསལ་ལྟར་ན། ཕ་མས་ངལ་རྩོལ་ལས་བསྒྲུབས་པའི་རྒྱུ་དངོས་དང་རང་གི་གསེར་ལས་དཀོན་པའི་སློབ་སྦྱོང་གི་དུས་ཚོད་འཕྲོ་བརླག་མ་བཏང་བར་སློབ་ཆེན་འགྲིམས་པ་ལ་དོན་སྒོ་ཆེ་ན་དྲན་ནས་བཤད་པ་ཡིན།
མཐར། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་དཔུང་རྡང་གཅིག་པའི་གྲོགས་མོ་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།
2023/06/20ཉིན་གྲུབ།

མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
དང་པོ། རྔ་བ་ཚེ་རིང་སྐྱིད། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ།
གཉིས་པ། མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ། ཙོང་ཁ་དཀར་མོ་རྒྱན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3664
དཔྱད་མཆན་སྤེལ།