བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།
ངའི་མིང་ལ་དཀར་མོ་རྒྱན་ཟེར། ཕ་ཡུལ་ཙོང་ཁ་ཟི་ལིང་ནས་ཡིན། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་རྩོམ་རིག་ཆེད་ལས་ཀྱི་ལོ་རིམ་དང་པོའི་སློབ་མ་ཡིན།
སྨིན་དྲུག སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་པས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།
དཀར་མོ་རྒྱན། སློབ་ཆེན་ནི་དངོས་གནས་རང་དབང་གིས་ཁེངས་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་ཡིན་པར་སྣང་། དེ་ལ་འཆར་གཞི་ཡོད་པའི་སྒོ་ནས་དཔེ་ཀློག་དང་སློབ་སྦྱོང་བཀོད་སྒྲིག་མ་བྱས་ཚེ། དུས་ཚོད་ནི་ཤེས་མེད་ཚོར་མེད་ཀྱིས་འདས་འགྲོ། ངས་ནི་རྒྱུན་པར་སློབ་ཁྲིད་མེད་པའི་ཉིན་དཀར་གྱི་དུས་ཚོད་མང་ཡང་རུང་ཉུང་ཡང་ཆོག་པ་དག་གང་ཐུབ་ཐུབ་ཀྱིས་བེད་སྤྱད་ནས་དཔེ་ཀློག་བྱེད་ཀྱི་ཡོད་ལ། དེ་ལྟར་རྒྱུན་སྐྱོང་བའི་ཆོད་སེམས་ཀྱང་ཡོད། སྤྱིར་ཡིག་རྒྱུགས་སོགས་ལ་གྲ་སྒྲིག་མ་དགོས་ཚེ། ཉུང་ན་ཡང་ཉིན་རེར་ཆུ་ཚོད་གཅིག་ལ་དཔེ་ཀློག་བྱེད་ཀྱི་ཡོད། ཆག་མེད་དུ་དཔེ་ཀློག་བྱེད་པ་དེའང་ལོ་རིམ་དང་པོའི་སློབ་དུས་གཉིས་པ་ལ་གཟོད་འགོ་བཙུགས་པ་ཡིན།
སྨིན་དྲུག སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།
དཀར་མོ་རྒྱན། དེ་དོན་ཆ་རྒྱུས་གསལ་པོ་མ་བྱུང་། ད་སྔ་ངའི་ཉེ་འགྲམ་ན་ཡོད་པའི་མི་དག་ལ་འཚོལ་སྙེག་ཡོད་མེད་ཀྱང་མི་ཤེས། བུ་མོ་སྐོར་ཞིག་བྲེལ་ཞིང་འཚུབ་པའི་སྒོ་ནས་དགའ་རོགས་ཤིག་སྒྲིག་འདོད་ཀྱི་ཡོད་པ་ནི་དོན་དངོས་ཡིན་ས་རེད། ངས་བལྟས་ན། དེ་བསམ་གཟས་པའི་སྤྱོད་པ་ཞིག་མིན་པར་རང་བཞིན་གྱིས་སེམས་ཁོང་ནས་བབས་ཡོང་བ་ཞིག་དང་འདྲ།ཡིན་ཡང་བུ་དག་ནི་དེ་ལས་ལྡོག་འདུག དེ་མིན། ཁོ་རེ་ཡའི་གློག་བརྙན་ལ་ཟུག་འདུག་པ་ཞིག་ནི་ངས་རིག་མ་མྱོང་། དེ་ལ་དགའ་མཁན་ཡོད་རུང་། དེ་ནི་བགྲང་ཡས་པའི་དགའ་ཕྱོགས་ཀྱི་ཡ་གྱལ་ཙམ་ལས་འདས་ག་ལ་སྲིད། ཡག་ལས་ཀྱི་ཐད་ནས་བཤད་ན། དེ་ནི་སྒོར་མོ་ཙམ་ཡང་མ་ཡིན་པར་དུས་ཚོད་མང་པོ་སྤྱད་དེ་ངོ་ལ་དཀར་འབྱུག་ཚུལ། ཁ་ལ་སྐག་སྐུད་སྟངས། མིག་མཐར་མིག་སྨན་འབྲི་སྟངས། མགོ་སྐྲ་སླེ་སྟངས། ལྭ་བ་ཉོ་ཚུལ་དང་གྱོན་ཚུལ་ཐམས་ཅད་སྦྱངས་ཏེ་ལུས་ངག་ཡིད་གསུམ་དེ་ལ་གཏོད་དགོས་པ་ཞིག་ཡིན་འདུག ལར་བོད་ཀྱི་བུ་མོ་ཚོས་ནི་གཞན་རིགས་ཀྱི་བུ་མོ་ཚོས་ལྟར་དུ་ཡག་ལས་ལ་དང་དོད་ཆེན་པོ་བྱེད་པ་ངས་མཐོང་མ་སོང་། དུས་ཚོད་དང་སྒོར་མོ་དང་སེམས་ཤུགས་དང་བཅས་པ་ཡག་གི་སྒང་ལ་གཏོང་དགོས་ཚེ། ངས་ནི་ངོ་མ་འཇོན་ས་མ་རེད།
སྨིན་དྲུག བུ་མོ་ཚོའི་དགའ་རོགས་སྒྲིག་འདོད་ཀྱི་སེམས་ཁམས་དེ་གཅིག་བྱས་ན། སློབ་གྲོགས་བུ་ཧ་ཅང་ཉུང་བས་མིན་འགྲོ། གང་ཞིག་ཉུང་ན་དེ་རང་བཞིན་གྱིས་རྩ་ཆེན་པོར་ལོག་འགྲོ་བ་མིན་ནམ་འདོད་མོད་ཆ་རྒྱུས་ཅང་མེད། ཡག་ལས་ཀྱི་ཐད་ནས་བཤད་ན། ཁ་དང་ངོ་ཙམ་མ་ཡིན་པར་ལུས་པོའི་ཕྱི་ནང་གཉིས་ལ་གཙང་སྦྲ་དང་གཟུགས་བྱད་ལ་བདག་རེ་བྱེད་པ་དེ་ནི་ལེགས་མོད་ཀྱང་། ཡག་ལས་ལ་མགོ་འཁོར་ནས་དུས་ཚོད་ཕངས་མེད་དུ་གྲོན་ན་ནི། མི་ལུས་ཐོབ་ནས་སློབ་ལ་མི་བསམ་པར། མེ་ལོང་ཁྱེར་ནས་བྱད་ལ་ཕྱི་བདར་བྱེད། ཅེས་པ་ལྟར་མཐོ་རིམ་སློབ་གྲྭ་འགྲིམས་རུང་དོན་སྒོ་ཆུང་བ་མ་ཡིན་ནམ། ང་རང་གི་མཐོང་ཚུལ་ཡིན་ན། ཕྱིའི་པགས་པ་དང་འཁོར་བའི་ཟང་ཟིང་དང་ཚུལ་འཆོས་དང་རྒྱུ་དངོས་པོ་རྐྱང་ལ་དད་ཞེན་ཆེ་བའི་མི་རིགས་ནི། སྤྱིར་ཡང་ནང་བསམ་བློ་དང་ལེགས་བྱང་གིས་དབུལ་ཞིང་དེ་ལ་དོ་སྣང་ཆེན་པོ་མེད་པ་ཞིག་ཡིན་པར་འདོད། དེ་བཞིན་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ཏེ་མི་སེར་ཕལ་མོ་ཆེའི་འདོད་བློ(民情)སྤྱི་ཚོགས་གང་གི་གཙོ་རྒྱུགས་སུ་གྱུར་ཚར་ན་ལེགས་ཕྱོགས་སུ་འདྲེན་དཀའ་བ་རྩོད་མེད་ཡིན། མ་གཞི་ངེད་ཅག་གི་རིག་གནས་ནི་དེ་འདྲ་ཞིག་གཏན་ནས་མིན་མོད། ཡིན་ཡང་དེང་འདིར་ཧ་ལམ་ཕོ་མོ་རྒན་གཞོན་མེད་པར་ནང་གི་བསམ་བློ་མ་ཡིན་ཏེ་ཕྱི་དང་ཕྱི་ཡི་པགས་པ་དང་རྣམ་པ་དང་བཟོ་ལྟ་དང་ཆ་ལུགས་དང་། འཇིག་རྟེན་ཆོས་བརྒྱད་དང་འཕྲལ་གྱི་ཁེ་ཕན་ཉི་ཚེ་བ་རྐྱང་ལ་ཕྱོགས་པ་མཐོང་དུས་ཡིད་རབ་ཏུ་ཕངས་ཡོང་། དེ་མིན། ལེགས་ཉེས་ཀྱི་བླང་དོར་འཇུག་ལྡོག་ལ་རྨོངས་ཆེ་བ་སྐོར་ཞིག་རང་དང་ཁྱིམ་མི་ལྷག་ཏུ་བྱིས་པར་གནོད་ཆེ་བའི་མགྱོགས་འཕྲིན་སོགས་ཀྱི་བརྙན་ཐུང་ནང་གི་བཙོག་བཤད་དང་བཅས་པར་མགོ་འཁོར་ནས། ཁྱིམ་ཚང་གི་འཁོར་བ་ཤོར་ཞིང་རང་གི་ཀུན་སྤྱོད་ངན་ལྟུང་དང་མི་གཤིས་ཡ་མ་གཟུགས་སུ་འགྲོ་གིན་པ་ཡང་མང་པོ་བྱུང་དང་འབྱུང་མུས་ཡིན་པ་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྲུབ་ཡོད། དེ་བཞིན། འུ་ཅག་གི་མེས་པོ་མེས་མོའི་རིང་གི་དཔའ་ཡང་དཔའ་ལ་མཛངས་ཀྱང་མཛངས་པ། བློ་ནི་དཀྱེལ་ཡངས་ལ་གཙུག་ལག་རིག་གནས་ལ་འཇུག་པར་མོས་པ་ཆེ་བ། གང་ཞིག་ཐོས་བསམ་ལ་གཞོལ་བ་ལེགས་པར་བརྩི་བའི་མི་སེར་གྱི་འདོད་བློ་རིན་ཆེན་གསེར་ལས་ལྷག་པ་དེ་དང་རིག་གནས་ཀྱི་སྙིང་སྟོབས་དང་རིག་གནས་ཀྱི་རང་རྟོན་དང་རིག་གནས་ཀྱི་ངོས་འཛིན་ལ་སོགས་པ་བརླགས་དང་རླག་མུས་ཡིན་པ་མཐོང་ན་ཡ་ཆུང་མིག་ཆུས་མི་གང་བ་སུ་ཞིག་ཡོད་ཨང་།
སྨིན་དྲུག ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་ལྟོས་བཅས་སུ་བུ་ཚ་ཚོ་ཆེ་བ་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།
དཀར་མོ་རྒྱན། འདི་གར་ང་ཚོའི་སློབ་གྲྭར་བུ་མོ་དག་བུ་ཡི་གྲངས་ཀའི་ལྡབ་གཉིས་ཡན་ཡོད་པས་དེ་ལ་གནད་འཕིགས་པའི་གསལ་བཤད་བྱ་ཐབས་བྲལ། སྣང་ཚུལ་ཞིག་ཡོད་པ་བུ་མོས་དྲི་བ་འདོན་ལ་དྲིས་ལན་ཡང་འདེབས་པ་དེ་རེད། དེ་ཡི་གཏིང་རིམ་གྱི་རྒྱུ་མཚན་ལ་ངས་བསམ་བློ་བཏང་མྱོང་རུང་འདང་མ་ཕོག ཡིན་ཡང་ངའི་མཐོང་སྣེ་ནས། ལན་འདེབས་པར་སྤྲོ་ལ་དྲི་བ་འདྲི་སྤོབས་པ་ནི་མི་ཆེ་གེ་མོ་དེ་ལ་ཤེས་བྱའི་རྫོངས་མཐུག་པ་དང་། ཡིད་ཆེས་ཀྱིས་ཕྱུག་པ་དང་། ནོར་འཁྲུལ་དང་ལེན་ཐུབ་པ་དང་། ཤེས་འདོད་ཀྱི་བློ་འགོག་ཏུ་མེད་པའི་མི་རྐྱང་རྐྱང་ཡིན་པར་འདོད། ངའང་དེའི་རིགས་གྲས་སུ་མ་ཚུད་ཟེར་ཡང་རུང་།
སྨིན་དྲུག སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚོར་གནོན་ཤུགས་འདུག་གམ།
དཀར་མོ་རྒྱན། བུ་དང་བུ་མོ་གཉིས་སུའི་སྦྱངས་འབྲས་ལེགས་པའི་དྲི་བ་དེ་ངའི་ཉེ་འགྲམ་གྱི་བུ་དག་ལའང་དྲིས་མྱོང་། སྤྱིར་ན་ཚང་མས་བུ་མོ་བཟང་མི་ཟེར་བ་མི་འདུག དེ་དོན་ལ་གནོན་ཤུགས་ཡོད་པའི་སྐོར་ནི་བཤད་མཁན་ནམ་ཁས་ལེན་མཁན་མ་བྱུང་།
སྨིན་དྲུག སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
དཀར་མོ་རྒྱན། བསམ་བློ་ཞིབ་ཏུ་བཏང་རུང་རྒྱུ་མཚན་གསལ་བོ་ཤེས་མ་སོང་། ཡིན་ཡང་ཁྱད་པར་ཡོད་ཡོད་ས་རེད། ཨ་ཅེ་ཞིག་གིས་བཤད་ན། བུ་དག་ལོ་རྒྱུས་ཀྱི་དེབ་ཀློག་པར་དགའ་གི་འདུག་ཟེར།
སྨིན་དྲུག ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།
དཀར་མོ་རྒྱན། རིག་ཚན་དང་རྩིས་ཚན་གཉིས་ཀའི་བུ་བུ་མོའི་བསྡུར་ཚད་མང་ཉུང་གི་ཁྱད་པར་ཆེ་བ་ནི་སྤྱི་ཆོས་ཤིག་ཏུ་གྱུར་འདུག སྤྱིར་ན་དགའ་ཕྱོགས་དང་གོམས་ཕྱོགས་གཉིས་ཀ་ལ་འབྲེལ་བ་ཡོད་ཀྱི་རེད་མོད། ཡིན་ཡང་ངས་བལྟས་ན། བག་ལ་ཞ་བའི་གོམས་སྟོབས་ཀྱི་དབང་དུ་ཤོར་ནས་ཆེད་ལས་འདེམས་དུས་སུ། ང་བུ་ཡིན་པས་རྩིས་ཚན་གྱི་ཆེད་ལས་དང་། ཡང་ན་ང་བུ་མོ་ཡིན་པས་རིག་ཚན་གྱི་ཆེད་ལས་འདེམས་རྒྱུ་ཡིན་ཞེས་བྱེད་མཁན་ཡོད་ཀྱི་མ་རེད་བསམ།
ནུབ་ཕྱོགས་རྒྱལ་ཁབ་དག་ཀྱང་འཕེལ་རྒྱས་མ་བྱུང་བའི་སྔོན་ལ། བུ་མོ་ཚོར་ཆུང་དུས་སློབ་སྦྱོང་གི་གོ་སྐབས་འདྲ་མཉམ་མ་བྱུང་བས་ཤེས་བྱའི་རྨང་གཞི་སྐྱོ་བའི་ཁར། ཆེད་ལས་འདེམས་སྟངས་མ་གཅིག་པས་ཕོ་མོ་གཉིས་ཀྱི་མི་ཚེའི་གོ་བབ་དང་གྲུབ་འབྲས་ལ་ཧེ་བག་ཆེན་པོ་ཤོར་ཡོད། ལོས་ཡིན། ཉི་མ་རྟག་པར་བསམ་བློར་སྐྱེད་ཐོན་རྒྱུ་མེད་པ། རྒྱུད་ལ་ཡོན་ཏན་རྐང་གཅིག་འབྱོར་རྒྱུ་མེད་པ་དག་བྱས་ནས་བསྡད་ན། ཕོ་མོ་སུ་ཡིན་རུང་ཡར་སྐྱེད་མེད་པ་གླེང་ཅི་དགོས། ཕྱོགས་ངེས་ཅན་ཞིག་ནས་བཤད་ན། སྐྱེས་མ་ལ་སློབ་གསོ་འདྲ་མཉམ་ཐོབ་པ་དེས་ཨ་རི་རྒྱལ་ཁབ་དང་བཅས་པའི་འཕེལ་རྒྱས་ལ་རམ་འདེགས་ཆེན་པོ་བྱས་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་སྐྱེས་པ་དར་གཞོན་ཀུན་གཡུལ་ལ་སོང་ཤུལ་དུ་སྐྱེས་མ་འཇོན་ཐང་ཅན་མང་པོ་ཞིག་མཐོ་རིམ་ལས་རིགས་ཁྲོད་དུ་ཞུགས་ནས་བྱས་རྗེས་མི་དམན་པ་བཞག་པ་བདེན་ལ། གཡུལ་ས་ནས་ཕྱིར་ལོག་པའི་སྐྱེས་པ་ཚོས་སྔར་གྱི་ལས་ཀ་ཤོར་དོགས་ཀྱིས་སྐྱེས་མ་འཇོན་ཐང་ཅན་དག་ལ་ཕྲག་དོག་དང་གླེང་ཕྱོགས་དང་འགོག་རྐྱེན་བཟོས་ཏེ་སྐྱེས་མ་མང་པོ་ཕྱིར་ཁྱིམ་དུ་དེད་པའང་དོན་དངོས་ཡིན། དེ་བས། གནད་འགག་གང་ཞིག་དང་འཚོ་ཚིས་ཁ་རྒྱབ་ལ་འཕྲད་དུས་ད་རུང་གུ་ཡངས་ཤིང་ཁེ་ཕན་མི་རྩོད་ན་ནི་མི་དེ་ལ་ཕྲག་དོག་མེད་པ་མཚོན་པ་མ་ཡིན་ནམ། སློབ་གསོ་དང་ཆེད་ལས། འཇོན་ཐང་དང་ནུས་པ་སོགས་ནི་དེ་འདྲའི་གལ་ཆེན་ཡིན་ཕྱིར། ང་ཚོས་ཀྱང་བུ་མོ་དང་བུ་ཚ་སུ་ཡིན་རུང་། ལྷག་པར་དུ་མི་ཚེ་གཅིག་ལ་ཤུགས་རྐྱེན་ཐེབས་པའི་ཐོག་མའི་བག་ཆགས་གྲུབ་དུས་སུ། སེམས་ཤུགས་གཅོག་པ་དང་ཁྱད་གསོད་བྱེད་པ་མ་ཡིན་པར་ངར་ཤུགས་སློང་བ་དང་ཕུགས་འདུན་བསྐྲུན་པའི་སློབ་གསོ་གཏོང་རྒྱུ་ཤིན་ཏུ་རབ་ཏུ་གལ་ཆེ། དེ་ནས་གཞོན་དུས་སུ་ཡར་བསྐྱེད་འབྱུང་བའི་ཆེད་ལས་རིགས་བདམ་ནས་དེ་ལ་གཞོལ་ཚེ། ནམ་ཞིག་གང་དེས་རང་གི་མི་ཚེའི་རིན་ཐང་མངོན་པའི་ཞོར་ལ་གཞན་ལ་ཕུན་ཚོགས་ཀྱང་བསྐྲུན་པ་མ་ཡིན་ནམ། དེ་ནི་ནུབ་ཕྱོགས་པས་རང་དོན་འགྲུབ་ན་གཞན་དོན་ཞོར་ཞེས་པ་དང་དོན་གཅིག་པའོ། །
སྨིན་དྲུག ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ། བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད།
དཀར་མོ་རྒྱན། གཞན་པ་ལ་གསལ་ཆ་ཆེར་མེད། ང་ཚོའི་སློབ་གྲྭའི་གྲངས་ཉུང་མི་རིགས་སྐད་བརྡ་དང་རྩོམ་རིག་སློབ་གླིང་ནི་བུ་ལས་བུ་མོ་ཧ་ཅང་མང་ལ། བསྡུར་ཚད་ང་ཚོའི་སློབ་གྲྭ་སྤྱི་དང་མཚུངས། རང་གི་སྐད་དང་ཡི་གེ་ལ་དགའ་ཞེན་ཆེ་ཞེས་བཤད་མཁན་ནི་བུ་དག་ཡིན་རུང་། དགའ་ཞེན་ཅན་གྱི་བུ་མོའང་ཡོད་པ་ཡིན། བུ་སྐོར་ཞིག་ལབ་རྒྱག་རྒྱུ་དང་ངོམ་པར་དགའ་བའི་གཤིས་ཀའི་དབང་གིས་དགའ་ཞེན་ཆེ་བའི་སྣང་བ་བྱིན་ཡང་སྲིད།
སྨིན་དྲུག སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།
དཀར་མོ་རྒྱན། དེ་འདྲ་དཀོན། སློབ་གྲྭ་ཆེན་མོ་གཅིག་པུའང་མིན། བློ་སྒོ་འབྱེད་པའི་དགེ་རྒན་ཞིག་ལ་ཐུག་ན་བསོད་ནམས་རེད་འདོད། ངས་བལྟས་ན། སློབ་ཆེན་དུ་ང་ཚོའི་མི་གཤིས་ཀྱང་གྲུབ་ཟིན་ལ། རང་གཞན་གཉིས་ཀ་ཨུ་ཚུགས་ཀྱང་ཆེ་བར་འདུག རང་གིས་ཡིད་ཆེས་པ་གང་དེ་བརྟན་པོར་སྲུང་བའི་དུས་ཤིག་དང་། མི་དང་མིའི་དབར་ཁྱད་པར་ཆེ་བ་ལ་ཧང་སང་བའི་དུས་ཤིག་ཀྱང་རེད་འདུག དེས་ན་གནས་སྐབས་དམིགས་བསལ་བ་འདིར་གཞན་ལས་སྐུལ་ལྕག་དང་སེམས་འགུལ། བློ་སྐྱེད་གསར་པ་འབྱུང་དཀའ་ལ། སློབ་ཆེན་དགེ་རྒན་གྱིས་ཀྱང་དམིགས་བསལ་བའི་བློ་སྒོ་འབྱེད་དཀའ་འདོད། གསར་གཏོད་ཅན་གྱི་ལྟ་གྲུབ་དང་བསླབ་བྱ་ལྟ་བུ་རྙེད་དཀའ་བས་ཨེ་ཡིན་ནམ་སྙམ། གང་ལྟར་ངའི་མཐོང་སྣེར་ད་ལྟའི་སྐབས་འདིར་གང་ཟག་ཆེ་གེ་མོས་བློ་སྒོ་ཕྱེ་བ་ལས། མི་སྒེར་རང་རང་གི་ཇུས་འགོད་ལས་མི་རེ་རེའི་མི་ཚེའི་ལམ་བུ་ཕུན་སུམ་ཚོགས་མིན་སྣ་ཚོགས་བདམ་དང་འདེམས་བཞིན་པའང་མང་འདོད།
སྨིན་དྲུག བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།
དཀར་མོ་རྒྱན། དམའ་འབེབས་ཀྱིས་ནི་སེམས་ལ་ཅིས་མི་གནོད། གཉའ་ཅིས་མི་གཅོག ཡིད་ཆེས་ཅིས་མི་བརླག འཕེལ་རྒྱས་ཅིས་མི་དགག ངོ་མ་བོད་ཁུལ་ཙམ་དུ་མ་ཟད། སློབ་གྲྭ་ཆེན་མོ་ཡིན་རུང་དེ་འདྲའི་དམའ་འབེབས་ཀྱི་བསམ་བློ་འཁྱེར་མཁན་ཚོ་དང་འབྲལ་དུ་མེད། ང་རང་ཉིད་དེ་འདྲའི་མངོན་གསལ་ཞིག་ལ་ཐུག་མ་མྱོང་རུང་། རྣ་ཐོས་མང་པོ་བྱུང་། སློབ་གྲོགས་ཤིག་གིས་བཤད་ན། ཁོ་ཚོའི་སྐྱེས་མ་ཆབ་སྲིད་དགེ་རྒན་ཞིག་གིས། སྐྱེས་མ་ཚོ་ལ་རང་ཉིད་གསོ་མཁན་གྱི་ཁྱོ་ག་ཞིག་བྱུང་ནས་ཕྲུ་གུ་སྙོར་བའི་སྐལ་བ་བྱུང་ཚེ་སྐྱིད་ཐག་ཆོད་པ་རེད། ང་ལའང་དེ་འདྲའི་གོ་སྐབས་བྱུང་ན་དགའ་དགའ་ཡིན་ཞེས་པ་དང་། ཡང་སྐྱེས་པས་བཟའ་ཟླ་གཡུག་པ་ནི་བུད་མེད་དག་གི་ལེ་ལོའི་རང་གཤིས་མངོན་པའི་སྐྱོན་རེད་ཅེས་ཀྱང་བཤད་སོང་ཟེར། ཡ་མཚན་རེད། ང་རང་ཆེས་སུན་པ་ནི་རང་ཉིད་ཀྱང་བུད་མེད་ཡིན་ཞེས་གཏམ་སྣ་དྲངས་ནས་བུད་མེད་ཀྱི་གནས་བབ་ཇེ་སྡུག་ཏུ་གཏོང་བའི་སྐད་ཆ་གནས་མ་ཡིན་པར་བཤད་མཁན་གྱི་སྤུན་མོ་ཚོ་ཡིན། བུ་མོ་ཁ་ཅིག་གིས་ང་རང་ཡང་བུད་མེད་ཡིན་ཟེར་བཞིན་དུ་བུད་མེད་ལ་དམའ་འབེབས་བྱེད་ལ། བུ་ཁ་ཅིག་གིས་ང་ལ་ཡང་ཨ་མ་དང་ནུ་མོ་ཡོད་པས་ངས་བུད་མེད་ལ་དམའ་འབེབས་བྱེད་ནི་མ་རེད་ཟེར་ཞོར་དུ་ཡང་དམའ་འབེབས་བྱེད། དགོད་བྲོ། དེ་དང་དེ་ལྟ་བུ་དྲ་ཐོག་ཏུ་མང་ལ། གང་ནའང་ཡོད། དེང་གི་དུས་ལ་ཕོ་མོའི་ཐོབ་ཐང་འདྲ་མཉམ་ཞེས་པའི་ཚིག་ལ་འཛེམས་པས་ཐད་ཀར་དུ་དམའ་འབེབས་བྱེད་པ་ཉུང་མོད། ཡིན་ཡང་། རྣམ་པ་དུ་མའི་སྒོ་ནས་བུད་མེད་ལ་གཉའ་ཤིང་འགེལ་བ་དང་། (ཤ་མདོག་ནི་དཀར་ཞིང་། ཤ་སྐམ་ཞིང་རིད་ལ། ལུས་སུ་བ་སྤུ་ཡོད་མི་ཆོག་པས་མི་ཚད། གོས་གྱོན་དུས་ཀྱང་སྐྱེས་པ་ཚོའི་བསམ་ཚུལ་དང་མ་མཐུན་པ་ཡིན་ན་སྐྱེས་པའི་ཁྱུ་ཚོགས་ཀྱིས་རྒོལ་ལ། བུད་མེད་ཁ་གཅིག་གིས་ཀྱང་གང་དེ་ངོ་ཚ་དང་བྲལ་བར་རྩི། དེ་མིན་མི་ཁ་འཁུར་དགོས་ལ་མཐོང་ཆུང་བྱེད་སའི་གནས་སུ་འགྱུར་སྲིད་པ། འདི་གར་བུ་རང་གིས་བུ་མོ་གང་མང་ལ་འབྲེལ་བ་འཛུགས་འདོད་རུང་། རང་གི་སྐྱེས་མ་ནི་གཞན་དང་དགའ་རོགས་སྒྲིག་པའི་ཉམས་མྱོང་སྤུ་ཙམ་མེད་མཁན་ཞིག་དགོས་པ། དེ་མིན་ན་མི་གཙང་བར་རྩི་མཁན་ཡང་དུས་རབས་ཉེར་གཅིག་པ་ལ་ཡོད་པ།(འདིར་བཤད་པ་ཚང་མ་མིན)རྒྱུ་མེད་རྐྱེན་མེད་ཀྱིས་སྐྱོན་བརྗོད་བྱེད་པ་དང་།(བུད་མེད་ཡིན་ཕྱིན་ཕྲག་དོག་པ། ཁ་མང་བ། དེ་དག་ལ་ར་སྤྲོད་ཅི་ཡང་མི་དགོས་པར་ངན་ཁག་ཡོད་ཚད་བུད་མེད་ཚང་མས་འཁུར་དགོས་པ། ངའི་སློབ་གྲོགས་ཤིག་གིས། ཐ་ན་བུ་མོ་ཚོའི་ཉལ་ཁང་དུ་རང་ལ་བར་སྟོང་ཡོད་པ་དང་གོས་སོགས་བརྗེ་བར་སྟབས་བདེ་ཆེད་དུ་ཡོལ་བ་འཐེན་པ་དེར་ཡང་བུ་མོ་ཚོ་བྱེད་རྒྱུ་འབེལ་ལ་རྙོག་འཛིང་ཆེ་ཞིང་ཕྲག་དོག་ཆེ་བའི་ཕྱོགས་སུ་ཅི་མི་སྙམ་པར་སྦྲེལ་ནས། ཁོ་ཚོས་ཡོལ་བ་མི་འཐེན་པ་ནི་ནང་ཕན་ཚུན་འབྲེལ་བ་བཟང་བའི་རྟགས་མཚན་ཡིན་ཟེར། བུ་ཚ་གཞན་ཞིག་གིས། རྒྱུ་མཚན་ལུགས་མཐུན་མེད་རུང་། སྲོལ་རྒྱུན་དང་ཡང་མི་མཐུན། ང་ཡང་མི་གོམས་པར་འདུག་པས། སྐྱེས་མ་ཚོ་ལབ་ཙེ་བསྟོད་པར་འགྲོ་མི་འོས། སོང་ན་ཡ་མཚན་རེད་ཟེར།)རུས་པའི་གཏིང་ནས་མིག་ལ་མི་རན་པ། (སློབ་སྦྱོང་སྟེང་ནས་ཁས་བླངས་རུང་། ཐ་ན་ཧ་ཅང་རྒྱུན་ལྡན་གྱི་སྤོ་ལོ་རྩེ་བའི་སྐབས་སུའང་བུ་ཚོ་ཕམ་པར་བཏང་ཚེ། ཧ་ཅང་མི་འདོད་པའི་རྣམ་འགྱུར་སྟོན། སློབ་གྲོགས་ཤིག་གིས་ངའི་ངོ་ལ་བལྟས་ནས། ངས་བུ་མོ་ཞིག་ཀྱང་མི་ཐུབ་པ་དཔེ་སྲིད་དམ་ཟེར། ད་རུང་གུང་གསེང་སྐབས་ལ། ངས་རླངས་འཁོར་རྒྱུགས་ལེན་དགོས་ཞེས་བཤད་ཚེ། ཁྱེད་ཀྱིས་རླངས་འཁོར་ག་ལ་འཇོན་ཟེར་ནས་འཕྱ་མཁན་ཡང་འདུག)དེ་དག་གིས་ནི་ངོ་མ་སེམས་པ་ན་རུ་འཇུག དམའ་འབེབས་རེད་ཟེར་དཀའ་བ་ཞིག དེ་ལ་ཧ་ཅང་མངོན་གསལ་གྱི་རྒོལ་བའི་ཆ་མེད་རུང་། དེའི་གསེང་ལ་སྦས་པ་ནི་བརྫུས་པའི་དམའ་འབེབས་དང་ངོ་བོ་གཅིག་པ་ཡིན།
སྨིན་དྲུག ཁྱེད་རང་ངོ་མ་ཡག་པོ་རེད། མི་སུ་ཞིག་ཡིན་རུང་མ་མཐའ་ཡང་རང་ཉིད་འཚོ་སའི་ཁོར་ཡུག་ཏུ་འདྲ་མཉམ་འབྱུང་གི་ཡོད་མེད་ཤེས་དགོས་པ་སྨོས་མེད་རེད། དེ་འདྲ་མིན་ཚེ…. འདིའི་སྐོར་མཇུག་སྡུད་པའི་སྐད་ཆའི་ནང་དུ་ཅུང་ཟད་གླེང་བར་བྱའོ། །
སྨིན་དྲུག སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།
དཀར་མོ་རྒྱན། གསལ་ཆ་ཆེར་མེད། སྤྱིར་ན་བུ་མོ་ཚོའི་སེམས་ཚོར་རྣོ་ཞིང་སེམས་ཞིབ་པ། སྐད་ཆ་གསོང་པོར་བཤད་ཐུབ་ལ་སེམས་གསོ་ལའང་མཁས་པ་ནི་སྨོས་མེད་རེད། ང་རང་གི་ངོས་ནས་བཤད་ན། ཕ་མ་ལ་དཀའ་ངལ་དང་སེམས་ཚོར་སོགས་བཤད་པར་དགའ།
སྨིན་དྲུག དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ། ཕ་མས་སྤྲད་པའི་སྒོར་མོ་སྤྱོད་མ་ཤེས་པར་མ་འདང་བ་སོགས་ཀྱི་དཀའ་ངལ་རེད།
དཀར་མོ་རྒྱན། ཕྲད་དང་འཕྲད་ཀྱི་འདུག གཙོ་བོ་དེ་སྔའི་སློབ་ར་དང་ཡོངས་སུ་མི་མཐུན་པའི་འགྲོ་ལུགས་དེར་མ་ལོབས་པ་ཡིན་ལ། ཉིན་རེ་རེ་དང་། ཐ་ན་མ་འོངས་པ་ཆ་ཚང་རང་གི་ལག་པར་ཡོད་ཅིང་ཉིན་རེའི་གྲུབ་འབྲས་ལ་རྒྱུགས་ཀྱི་ཨང་རིམ་ལྟ་བུའི་ཚད་ཤིང་མེད་པའི་འུ་ཐུག་དང་ཅི་བྱ་གཏོལ་བྲལ་དེ་ཡིན། གཞན་དཔལ་འབྱོར་གྱི་སེམས་ཁྲལ་ཡང་ཧ་ལམ་སློབ་མ་ཚང་མ་ལ་ཡོད་པ་འདྲ་ཞིག་ཡིན།
སྨིན་དྲུག བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲིས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།
དཀར་མོ་རྒྱན། བུ་ཚོ་ནི་སྤྱིའི་ཆ་ནས་ཚོར་བ་རྟུལ་བོ་ཡིན་ལ། དེར་བརྟེན་འགལ་ཟླ་ལ་ཡང་ཧ་ཅང་དྲག་པོའི་རིགས་གཅིག་པུ་ལས། གཞན་ཁ་བརྡའི་སྐབས་ཀྱི་སྐམ་བཀྲག་དང་། ཡང་ན་མིག་ལོག་དང་མ་རངས་པའི་རྣམ་འགྱུར་ལ་སོགས་པ་ཚོར་ཐབས་མེད། མདོར་ན་བུ་དག་གི་སེམས་ཚོར་རགས་པས་ཤེས་ཀྱི་མེད། དེའི་རྐྱེན་པས་འགལ་བ་ཆེ་འབྲིང་ཆུང་གསུམ་ལས་ཁ་རྩོད་དྲག་པོ་དང་རྡུང་རེས་ཕུད། དོན་དག་ཆུང་ཙག་གི་སླད་དུ་བསླངས་པའི་ཕྲག་དོག་ཏུ་བརྗོད་པའི་ཆོས་དེ་ནི་རྟུལ་བོའི་རང་བཞིན་ཡིན་པའི་རྐྱེན་གྱིས་བུའི་སྟེང་དུ་ཧ་ལམ་མི་སྣང་བར་གྱུར།
ཡིན་ཡང་བུ་མོ་དག་ཚོར་བ་རྣོ་ཞིང་སྐྱེན་པས། མིག་ལོག་ཙམ་གྱིས་ཀྱང་ཧ་ཅང་རྩུབ་པོའི་འགལ་བ་མ་ཡིན་པའི་ལྐོག་ལབ་དང་མ་འདོད་པའི་རྣམ་པ་གཞན་སློང་ངེས། བུ་མོ་ཚོའི་གཤིས་ཀ་དེ་འདྲའི་རྩུབ་པོ་རང་མིན་ཙ་ན། དེ་གའི་བརྡ་ལ་དེ་འཚམ་གྱི་ལན་ཞིག་དགོས་པ་ལྟ་བུར་གྱུར་ཡོད། དེ་ཡང་བརྡ་ལ་བསྟན་པའི་ལན་དག་ལ་ནི་ཕྲག་དོག་ཅེས་པའི་མིང་བཏགས་ཡོད་པ་རེད། ཡིན་ནའང་ངས་བལྟས་ན། དེ་ནི་བུ་ཚོའི་རྡུང་རེས་སྐབས་བཅངས་པའི་སྡང་སེམས་ཆེན་པོ་དེ་འདྲ་ཞིག་མིན།
ཡང་བཤད་སྲོལ་གཞན་ལ། བུ་མོ་ཚོས་སྡང་སེམས་དེ་དུས་ཡུན་རིང་པོར་ཉར་ནས་འདུག་ལ། བུ་དག་དང་བསྡུར་ན་ཁོག་ཆུང་ཟེར། དེའང་བུ་ཚོས་འགལ་ཐུག་དྲག་པོ་བྱུང་རྗེས་སེམས་ལ་བཟུང་ནས་མི་འདུག་པ་བདེན་ལ། ཚོར་བའང་དེ་འདྲའི་རྣོན་པོ་མིན་པས་སེམས་ལ་ཉར་བར་ཡང་དཀའ་འདོད། དེས་ན་བུ་མོ་དག་གིས་མ་འདོད་པའི་སེམས་ཚོར་བུ་ཚ་ལྟར་དུ་དྲག་པོའི་ལམ་ནས་གློད་པར་བྱེད་ས་མེད་ཙ་ན། དུས་ཡུན་ཅུང་རིང་བོར་ཉར་བ་ཡང་རྒྱུན་ལྡན་ཡིན་པར་འདོད།
སྨིན་དྲུག ཕྲག་དོག་མིན་དེའང་བུ་བུ་མོ་གཉིས་ཀའི་ཚོར་ཤེས་རྣོ་རྟུལ་ལས་བྱུང་བར་འདོད་པའི་སྨན་ཤར་ཁྱེད་ཀྱི་ཕྲ་ཞིང་ཞིབ་ཚགས་པའི་དབྱེ་ཞིབ་བྱེད་སྟངས་ཀྱི་རིག་པ་དེ་ལ་དགའ་པོ་ཞེ་དྲག་བྱུང་། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལ་དེ་བཞིན་ཚོར་བ་ཞིབ་ཅིང་རིག་པ་རྣོ་པོས་འཇུག་ཐུབ་པ་ཡིན་ན་ནི་མི་ཤེས་བྱ་བ་ཡོད་ས་མ་རེད།
སྨིན་དྲུག དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།
དཀར་རྒྱན། སྤྱིའི་ཆ་ནས་སློབ་ཆེན་ལ་རང་དབང་དང་རང་ཉིད་འཕེལ་རྒྱས་ཀྱི་མཐུན་རྐྱེན་དེ་སྔའི་ཁོར་ཡུག་གང་ལས་ཀྱང་ཡག་པོ་འདུག
སྨིན་དྲུག མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།
དཀར་མོ་རྒྱན། འཚོ་བ་སྤྱིའི་ཆ་ནས་བདེ་ཞིང་སྐྱིད་པ་ཡིན་ལ། ཅིག་ལ་འགྲོ་དུས་ཕ་མ་བློས་མི་ཐོངས་པར་འདུག
སྨིན་དྲུག དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།
དཀར་མོ་རྒྱན། ཉེན་ཁའི་འདུ་ཤེས་ཡོད་ལ། འཚོ་བའི་ཁྲོད་སྡུག་ལ་སྦྱར་བ་དེ་འདྲར་ཐུག་མ་མྱོང་།
སྨིན་དྲུག མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།
དཀར་མོ་རྒྱན། ཞིབ་འཇུག་ལ་རྒྱུགས་སྤྲོད་རྒྱུ་ཡིན། དེང་སང་ན་གཞོན་པའི་དུས་སུ་རང་ལ་འཕེལ་རྒྱས་གང་འཚམ་གཏོང་ཅི་ཐུབ་བྱས་ནས། ལང་ཚོ་ལ་བེད་སྤྱོད་ལེགས་པོ་དང་མ་འོངས་པར་སྟབས་བདེ་བསྐྲུན་བསམ།
སྨིན་དྲུག རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།
དཀར་མོ་རྒྱན། རང་གིས་སྒྲུབ་མི་འདོད་པའི་དོན་དག་མི་སྒྲུབ་པའི་དབང་ཆ་དང་ཐོབ་ཐང་ཡོད་པའི་འཚོ་བ་ཞིག་སྐྱེལ་འདོད། དེའི་ཁར་ད་དུང་། ནགས་ཆུ་འཛོམས་ས་མེ་ཏོག་གི་དྲི་བསུང་འཐུལ་ས་བྱ་བྱིའུ་གསུང་སྙན་སྒྲོག་སའི་ཡུལ་ཁམས་ཤིག་ཏུ་ཁང་པ་རང་གི་འདོད་བློ་ལྟར་བཟོས་པ་ཞིག ཉིན་རེའི་ལས་དོན་གྲུབ་རྗེས་སུ། བཟའ་མི་ཚང་མས་མཉམ་དུ་རང་བྱུང་གི་ཆུ་སྒྲ་དང་ནུབ་ཁའི་ཉི་མའི་མཚར་སྡུག་ལ་མཉམ་རོལ་བྱེད་པའི་འཚོ་བ་དོན་གྱིས་ཕྱུག་པ་ཞིག་རོལ་འདོད།
སྨིན་དྲུག མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པ་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན། ཡང་ན་སྤྱི་ཚོགས་ཉམས་རྒུད་དང་སྐད་ཡིག་ཉམས་ནུབ་ཏུ་འགྲོ་བ་སོགས་ལ་བཟང་འགྱུར་གཏོང་བའི་ལས་ལ་འབད་པའི་ཕུགས་འདུན་རྒྱ་ཆེན་པོ་ཡོད་དམ།
དཀར་མོ་རྒྱན། འདུན་མ་ཆེན་པོ་ཡིད་ལ་བཅངས་ནས་རང་གི་མི་ཚེའི་རིན་ཐང་མངོན་པའི་ཆེད་དུ་འབད་པ་ལས། མི་གཞན་སུ་དང་ཐ་ན་བུ་ཕྲུག་གི་ཆེད་དུ་ཡང་། (བུ་ཕྲུག་ལ་ལེགས་འགྲུབ་འབྱུང་བར་ཨ་མའི་ཡོད་ཚད་བློས་གཏོང་དེ་དགོས་ངེས་ཀྱི་ཆ་རྐྱེན་མིན་ལ། ཨ་མ་ཕུལ་བྱུང་ཅན་ཞིག་ཏུ་གྱུར་པ་དེས་རང་བཞིན་གྱིས་བུ་ཕྲུག་ལ་སློབ་གསོའི་ཁོར་ཡུག་དཔེ་མེད་ཀུན་ལས་ཀྱང་རིན་ཐང་གཞལ་དུ་མེད་པ་ཞིག་བསྐྲུན་པ་ནི་བུ་ཕྲུག་ལ་བསྩལ་བའི་གནང་སྦྱིན་ཆེ་ཤོས་དེ་ཡིན། དེ་བཞིན་བཟའ་ཟླའི་འཇོན་ཐང་མངོན་པ་ལའང་ངས་གེགས་བར་ཆད་བྱེད་པ་ག་ལ་སྲིད།) རང་གི་རིན་ཐང་དང་ཕུགས་བསམ་ནི་ནམ་ཡང་བློས་གཏོང་མི་བྱེད་ཁོ་ཐག་ཡིན།
སྨིན་དྲུག བསམ་ཚུལ་དེར་མོས་མཐུན་ཆེན་པོ་བྱུང་། ད་ནི་བུ་ཕྲུག་ཕོ་བ་མ་ལྟོགས་ཙམ་དང་ལུས་པོ་མ་གྲང་ཙམ་གྱིས་འགྲིག་འདུག་འདོད་ན་ནོར་འཁྲུལ་ལོ། །བྱིས་པ་ག་འདྲ་ཆགས་མིན་ནི་ཕ་མ་གཉིས་ཏེ་སྒོས་སུ་ཁ་འདྲིས་ཁོག་འདྲིས་ཆེ་བའི་ཨ་མ་དང་འབྲེལ་བ་ཆེ་བས་ན། ཨ་མས་བློས་གཏོང་གི་ཟོལ་གྱིས་ཚང་མ་སྣང་ཆུང་དུ་བཞག་སྟེ། རང་མགོ་མ་ཐོན་རང་རྐྱ་མ་འཕེར་ན་ཕྲུ་གུ་ཇི་ལྟར་གསོ་སྐྱོང་བྱེད། ཕྲུ་གུའི་སླད་དུ་ཡོད་ཚད་བློས་གཏོང་དགོས་པའི་ལྟ་ཚུལ་ཡང་མི་དག་པ་དེ་ཤར་ཕྱོགས་པའི་ཁྲོད་དུ་དར་ཆེ་བ་ཞིག་ཡིན་ཚོད་ནའང་ད་ནི་ལོ་རྒྱུས་ཀྱི་དྲན་པར་རང་སོར་འཇོག་པ་ལས་དངོས་ཡོད་ཁྲོད་ལག་ཏུ་ལེན་རྒྱུ་ཞིག་མིན་ནོ་སྙམ།
སྨིན་དྲུག ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།
དཀར་མོ་རྒྱན། བཟའ་ཟླ་ནི་ཚེ་གང་ལ་མཉམ་དུ་འཚོ་བ་རོལ་ཐུབ་མཁན་ཞིག མེད་དུ་མི་རུང་བ་ནི་མི་གཞི་ལེགས་པོ་ལས་གཞན་ཡར་སེམས། ད་དུང་ངས་ཧ་ཅང་གལ་ཆེར་འཛིན་པ་ཞིག་ནི་ང་དང་ངའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ་དེ་ཡིན། ཡང་མ་འོངས་པའི་འཚོ་བ་དེ་བས་སྟབས་བདེ་ཆེད་དུ་བཟའ་ཟླ་ནི་རང་དང་ལམ་བུ་གཅིག་སྟེང་གི་མི་ཞིག་ཡིན་ན་ལེགས་འདོད་དོ། །
སྨིན་དྲུག གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།
དཀར་མོ་རྒྱན། བཟའ་ཚང་བཅས་ཚེ་ཁྱིམ་ཚང་གི་འགན་འདྲ་མཉམ་དུ་འཁུར་འོས་སེམས། གལ་ཏེ་ངོ་མ་ཁོ་རང་ཉིད་ཀྱིས་ཁག་ལེན་མི་ཐུབ་ཚེ། དཔལ་འབྱོར་ལ་བརྟེན་ནས་ཁོའི་ནང་ལས་ཀྱི་རིན་པའམ། ངེད་གཉིས་ཀས་རིན་ཕྱེད་རེ་བྱིན་ནས་མ་མ་བཙལ་ཆོག ཁྱིམ་ཚང་བཅས་ནས་འགན་འཁྱེར་རྩིས་རྩ་བ་ནས་མེད་ཚེ་ཁྱིམ་ཚང་ལའང་གང་དེ་ཅི་ལ་མཁོ།
སྨིན་དྲུག གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།
དཀར་མོ་རྒྱན། དེ་དོན་ནི་ཁོས་ཟུར་མོ་བསྟེན་པ་ལས་ངས་བསྟེན་པ་མིན་པས། ང་དང་འབྲེལ་བ་ག་ལ་ཡོད། ཐག་གཅོད་བྱེད་མིན་ཡང་ཁོའི་གདམ་ཀ་རེད། ཁོས་ཟུར་མོ་བསྟེན་པ་ནས་བཟུང་ཁྱིམ་ཚང་ལ་འགན་མ་ཁུར་པ་ཡིན་པས་ཁོ་ལ་སྐད་ཆ་བཤད་པའི་ཐོབ་ཐང་ག་ལ་ཡོད། རྗེས་སུ་གུ་ཡངས་བྱེད་མིན་ནི་དོན་རྙོག་དྲ་ཚ་བས་དབྱེ་ཞིབ་མི་འདྲ་བ་བྱེད་དགོས། ད་སྔ་ང་ལའང་ཉམས་མྱོང་མེད་པས་བཤད་ཤེས་མ་སོང་།
སྨིན་དྲུག ལགས་སོ། །མཇུག་སྡུད་པའི་སྐད་ཆ་ནི། ལར་མི་སུ་ཞིག་ཡིན་རུང་མ་མཐའ་ཡང་རང་ཉིད་འཚོ་སའི་ཁོར་ཡུག་ཏུ་འདྲ་མཉམ་འབྱུང་གི་ཡོད་མེད་ཤེས་ན་འགྲིག་ལ། ལྷག་ཏུ་རང་རེའི་མཐོ་སློབ་བམ་དེ་ལས་སློབ་གསོའི་རིམ་པ་མཐོ་བ་རྣམས་ལ་ནི། མི་རིགས་ཀྱི་ཐོབ་ཐང་དང་མི་སྒེར་གྱི་རྩིས་ཐང་གི་འདུ་ཤེས་ཡོད་དགོས་པ་གཞིར་བཞག་ཐོག དེ་དང་འབྲེལ་ཡོད་ཀྱི་རང་དབང་དང་ཐོབ་ཐང་ཡོད་དོ་ཅོག་ལ་མི་རྨོངས་པ་ཞིག་ངེས་པར་དུ་ཡིན་དགོས་སྙམ། དེ་འདྲ་མིན་ཚེ་རང་ལ་ལྷན་སྐྱེས་སུ་མངའ་བའི་ཐོབ་ཐང་མང་པོ་ཤོར་འགྲོ་བ་ཡིན་ལ། ཐོབ་ཐང་གི་གོ་དོན་ཙམ་ཡང་མ་ཤེས་ཚེ་གཞན་གྱི་འཕྱ་སྨོད་བྱེད་ཡུལ་དུའང་འགྱུར་ངེས། དེ་ཡང་། ད་ལོའི་ལོ་མགོ་ཙམ་ལ། ཉི་ཧོང་གི་སྤྱི་ཚོགས་རིག་པ་དང་མོ་ཐོབ་དོན་གཉེར་པ་སྟེ་མཁས་པ་ཝེ་ནོ་ཆི་ཟེ་ཀོ (上野千鹤子 <<厌女>> ཞེས་པའི་དེབ་རྩོམ་མཁན་ཡང་མོ་རང་ཡིན) དང་། པེ་ཅིན་སློབ་ཆེན་གྱི་འབུམ་རབས་པ་མཛངས་མ་གསུམ་གྱིས་དྲ་སྒང་ནས་སྐྱེས་མའི་ཐོབ་ཐང་སྐོར་གླེང་རྗེས་སུ་རེ་ཞིག་ཚ་ཚ་འུར་འུར་དུ་སོང་བ་དོ་སྣང་ཅན་ཚོས་ཤེས་ཡོད་ན་ཐང་། མཛངས་མ་དེ་ཚོར་ཁ་རྡུང་གཏོང་བ་དང་འཕྱ་སྨོད་བྱེད་པ་གཙོ་བོ་ནི་སྐྱེས་མའི་ཐོབ་ཐང་གི་ཤེས་བྱ་དབེན་པས་ཁོ་ཚོའི་རྣ་བརྫད་ཅིང་མཚན་སྙན་བརླགས་སོང་འདོད་པས་ཡིན་པར་སེམས། ཡིན་ཡང་རང་གིས་བལྟས་ན། མཛངས་མ་དེ་ཚོས་ཐོབ་ཐང་མ་ཤེས་ཏེ་བླུན་རྟགས་ཆེན་པོ་བསྟན་པ་ཞིག་ཏུ་མ་མཐོང་མོད། གནད་འགག་ཁོ་ཅག་གི་ཁྱིམ་གཞི་ཆེན་པོའི་འདུ་ཤེས་དང་བུ་ཕྲུག་ནི་ཕ་མའི་རྒྱུ་ནོར་དུ་འདོད་པའི་བག་ཆགས་དང་བུ་མོ་དེ་ཚོའི་མི་སྒེར་གྱི་འདུ་ཤེས་བར་གྱི་འགལ་ཟླ་ཨེ་ཡིན་འདོད། སྤྱིར་ཡང་རྩོད་རྙོག་གང་རིགས་བྱུང་དུས། དེ་ལ་རྩོད་གཞི་ཆེ་བ་མདུད་པ་མི་གྲོལ་བ་ཞིག་ཧ་ལམ་མི་དགོས་པར། གང་དེར་འཚོ་བའི་མིའི་བག་ཆགས་སུ་སིམ་པའི་འདུ་ཤེས་ལ་ཕོག་ཐུག་ཕྲ་མོ་རེ་སོང་ཚེ། བླུན་པོའི་རིགས་ནི་གྱང་ཁའི་རྩྭ་བཞིན་དེའི་རྗེས་སུ་སྙེག་པ་ཆོས་ཉིད་ཡིན། མཚན་སྙན་འབར་བའི་པེ་ཅིན་སློབ་ཆེན་དུ་སློབ་གཉེར་བྱེད་མཁན་ཡིན་ལ། སློབ་གསོ་ཐོབ་ཚད་མཐོ་ཞིང་ཤེས་བྱ་ཡོན་ཏན་ལྡན་པར་བརྟེན་སྡེ་རྒྱ་མོ་ཚོར་སྐད་བརྡའི་དབང་ཆ་ཡང་གང་འཚམ་ཡོད་མུས་ཡིན་རུང་ཐོབ་ཐང་གི་ཤེས་བྱ་ཞན་པ་རྐྱེན་བྱས་ནས་སྐྱེས་པ་སྐོར་ཞིག་གིས་གཙོས་པའི་དྲ་འབུ་དག་གི་རྩེད་སྤྱད་དུ་གྱུར་ན། སྙིང་རྗེ། མ་གཞི་ཁ་སྟབས་ཞན་ལ་ཁ་ཕྱོགས་རྨོངས་པའི་རང་རེ་ཚོ་ནི་བཤད་ཀྱང་ཅི་དགོས། ང་ཚོ་དེ་བས་མགོ་མི་ཁྱོགས་པའི་གནས་སུ་ལྷུང་བར་ཐེ་ཚོམ་སྤུ་ཉག་ཙམ་ཡང་སྐྱེ་མི་དགོས་ཞེས་པ་དེའོ།།
རེད་ལགས། དོན་དག་འདི་འདྲ་བའང་རང་ཅག་ལ་འབྲེལ་བ་མེད་པ་མིན་པས། ཏག་ཏག་སྐབས་དེར། སྨན་ཆུང་ཁྱེད་དང་འུ་གཉིས་གྲོས་བྱས་ནས། ཁྱེད་ཀྱིས་དོན་རྐྱེན་དེ་བརྙན་ལས་རྒྱ་ཡིག་ཏུ་བཏང་ཞིང་བོད་ཡིག་ཏུ་སྒྱུར་རྩིས་བྱས་པ་ཡིན་ན་ཡང་། ཁྱོད་ལ་སློབ་སྦྱོང་གི་འགན་ཁུར་ལྕི་ཞིང་ལས་ཀ་དེ་ཚེགས་ཀྱང་ཆེ་བར་འདོད་ནས་རྗེས་ལ་ངས་བཀག་པ་མ་ཡིན་ནམ། ཁྱེད་ཀྱི་ཧུར་སེམས་ལའང་རྗེས་སུ་ཡི་རང་ཡོད།
དེ་མིན་གཞན། ད་རེས་ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། རང་དང་དཔུང་རྡང་གཅིག་པའི་གྲོགས་མོ་ལགས་དང་བྱ་མདོ་བདེ་སྐྱིད་སྒྲོལ་མ། རྔ་བ་ཚེ་རིང་སྐྱིད། ལ་སྟོད་ཚེ་རིང་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན།
མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ་ཞེས་པའི་ ལས་ལ་འཇུག་དུས་ཀྱི་ཐོག་མའི་དྲན་ཚུལ། ར་རྫ་འཇམ་དབྱངས་སྐྱིད།
ལེའུ་དང་པོ། རྔ་བ་ཚེ་རིང་སྐྱིད། <<མཐོ་སློབ་བུ་མོའི་ནང་སེམས་ལ་བཅར་བ>>
འཕྲིན་སྟེགས་འདི་ནི་གཙོ་བོ།
མི་མོའི་སྐྱིད་སྡུག མི་སྐྱའི་སློབ་གསོ། འཚོ་བའི་རང་མདངས། ཕོ་མོའི་བརྩེ་དུང་།
སྤྱི་ཚོགས་ཤེས་བྱ། མི་ཚེའི་བྱུང་བ། ལེགས་རྩོམ་འོས་སྦྱོར་བཅས་ས་བཅད་བདུན་ལས་གྲུབ་པ་ཞིག་ཡིན།
མུ་འགོད། ལེའུ་གསུམ་པ། ལ་སྟོད་ཚེ་རིང་།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3631
དཔྱད་མཆན་སྤེལ།