[ནང་དོན་གནད་བཏུས།] «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ»ནི་བོད་མི་རང་གིས་ནང་པའི་སྔ་དར་ཚད་མའི་རྗེས་སུ་འབྲངས་ནས་བརྩམས་པའི་ད་ཡོད་ཚད་མའི་བསྟན་བཅོས་སྔ་ཤོས་དེ་ཡིན།  འདིའི་མཛད་པ་པོ་ནི་ཁྲི་སྲོང་ལྡེ་བཙན་ཡིན་པ«དཀར་ཆག་ལྡན་དཀར་མ»སོགས་མང་པོ་ཞིག་ཏུ་བཀོད་ཡོད་ལ། གླེང་གཞི་རང་ལ་བལྟས་ན་ཡང་ཁྲི་སྲོང་གི་སྐབས་ཀྱི་བོད་མི་ཞིག་གིས་མཛད་པ་ཐག་གཅོད་ཐུབ། འགའ་ཞིག་གིས་འདིའི་མཛད་པ་པོ་ཞི་འཚོའི་སློབ་མ་དར་མ་ཤཱནྟི་གྷོ་ཥ་ཡིན་པར་འདོད་པ་ལ་རྒྱུ་མཚན་མ་མཐོང་།  གཞུང་ཚད་ལེའུ་བཅོ་ལྔ་དང་། བརྗོད་བྱ«དགོངས་འགྲེལ»ལས་གསུངས་པའི་རིགས་པ་བཞིའི་སྐོར་ཡིན། འདིའི་ནང་ཕྱོགས་གླང་ཡབ་སྲས་ལུགས་ཀྱི་ཚད་མའི་སྐོར་རང་ལུགས་སུ་མ་བཤད་པ་ལས་སྐབས་དེར་བོད་མིས་བར་དར་དང་ཕྱི་དར་ནང་པའི་ཚད་མ་ལ་འཆད་ཉན་བྱུང་མེད་པར་ཤེས།  འདི་ནི«དགོངས་འགྲེལ»གྱི་ནང་གི་རིགས་པ་བཞིའི་སྐོར་བཤད་པའི་གཞུང་རྒྱས་ཤོས་དེ་ཡིན་པས་དེ་ལ་སློབ་སྦྱོང་བྱ་མཁན་དག་ལ་དགོས་མཁོ་ཆེ་བ་མ་ཟད། འདིའི་མཛད་པ་པོ་དང་མཁན་ཆེན་ཞི་བ་འཚོའི་བར་གྱི་འབྲེལ་པ། མཛད་པ་པོས་ནང་ཆོས་ལ་བཟུང་བའི་ལྟ་བ་དང་། ནང་ཆོས་ཀྱི་ཤེས་ཚད། མཁན་ཆེན་ཞི་བ་འཚོས་བོད་ཀྱི་ནང་ཆོས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་སོགས་ཀྱི་ཐད་ཞིབ་འཇུག་གི་རིན་ཐང་ལྡན་ཡོད།

[གནད་ཚིག] «བཀའ་ཡང་དག་པའི་ཚད་མ།»  «མདོ་སྡེ་དགོངས་འགྲེལ།» བཙན་པོ་ཁྲི་སྲོང་ལྡེ་བཙན། རིགས་པ་བཞི།


འདིར་བོད་ཀྱི་ཚད་མའི་བསྟན་བཅོས་སྔ་ཤོས་གྲས«བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པའི»མཛད་པ་པོ་སུ་ཡིན་དང་། དེའི་གླེང་གཞི་དང་གཞུང་དངོས་ཀྱི་བསྟན་དོན་ཇི་ལྟ་བུ་ཡིན་མིན་དང་། ཁུངས་གང་གི་རྗེས་སུ་འབྲངས་པ་དང་། རྗོད་བྱེད་ཐ་སྙད་འགའ་ཟུར་དུ་བཀོལ་བ་བཅས་ཚན་པ་འགའི་སྒོ་ནས་སྤྱི་ཁོག་ཙམ་གླེང་བར་བྱ།

གཅིག གཞུང་ཚད་དང་མཚན་གྱི་དོན།

བསྟན་བཅོས་འདི«སྡེ་བསྟན»སྣ་ཚོགས(ཅོ)ནང་དུ་བསྡུས་ཡོད་པ་དང་། པོད་དེའི་ཤོག་ལྡེབ་(173)རྒྱབ་ངོས་ནས་(205)རྒྱབ་ངོས་བར་སྣེ་རིང་ཤོག་ལྡེབ་སུམ་ཅུ་སོ་གཉིས་དང་ངོས་གཅིག་ཡོད། མཚན་ཆ་ཚང་ལ«བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ»བཞུགས་ཞེས་བྲིས་ཡོད་ཅིང་གཞུང་ཚད་ལ་ལེའུ་བཅོ་ལྔ་ཡོད། འདི་ཉིད་ལས། “འཇིག་རྟེན་དག་བཀའ་ཡང་དག་པའི་ཚད་མ་རིན་པོ་ཆེ་འདི་ལྟ་བུ་མི་སྤྱོད་པ”[1]ཞེས་སོགས་གསུངས་པ་ལྟར་མཚན་གྱི་དོན་ཡང་། བཀའ་ཡང་དག་པའི་ཚད་མ་ཞེས་པ«དགོངས་འགྲེལ»ལྟ་བུ་སངས་རྒྱས་ཀྱི་བཀའ་མི་སླུ་བ་དག་ལ་བྱ་ཞིང་། དེ་དག་ལས་མདོ་ཙམ་བཏུས་ནས་བྲིས་པ་ཡིན་པས«བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ»ཞེས་སུ་བྱ་བར་སྣང་། ད་ལྟ་བཞུགས་པའི་རྒྱ་གར་མཁས་པའི་རྗེས་སུ་འབྲངས་ནས་བརྩམས་པའི་བོད་ཀྱི་ཚད་མའི་བསྟན་བཅོས་སྔ་ཤོས་དེ་ཡིན་ཞིང་། གཙོ་བོ«དགོངས་འགྲེལ»དང་མངོན་པའི་གཞུང་དང་ཐོགས་མེད་ཀྱི་གཞུང་ལས་བྱུང་བའི་ཚད་མའི་སྐོར་གྱི་དོན་རྣམས་བརྗོད་བྱར་བསྡུས་ཡོད། བསྟན་བཅོས་འདི་དུས་རབས་བརྒྱད་པའི་ནང་བོད་ཀྱི་ནང་ཆོས་ཀྱི་གཞུང་ལུགས་འཕེལ་རིམ་དང་། ལྷག་པར་ཚད་མའི་སྐོར་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཡིན་པ་མ་ཟད། སྐབས་དེའི་འགྱུར་གྱི་ཚིག་དང་གཞུང་ལུགས་ཀྱི་རྩོམ་གཤིས། འདིའི་མཛད་པ་པོ་དང་མཁན་ཆེན་བར་གྱི་འབྲེལ་པ། མཛད་པ་པོས་ནང་ཆོས་ལ་བཟུང་བའི་ལྟ་བ་དང་། ནང་ཆོས་ཀྱི་ཤེས་ཚད། མཁན་ཆེན་ཞི་བ་འཚོས་བོད་ཀྱི་ནང་ཆོས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་སོགས་ཀྱི་ཐད་གཞུང་སྤྱི་དང་བྱེ་བྲག་འདིའི་གླེང་གཞི་དེ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། བོད་དུ་ཚད་མའི་སྐོར་གྱི་བསྟན་བཅོས་ཤིན་ཏུ་མང་པོ་མཛད་ཡོད་ཀྱང་ཕལ་མོ་ཆེ་ནི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་རྗེས་སུ་འབྲངས་ཏེ་བྲིས་པ་ལས། «དགོངས་འགྲེལ»དང་ཐོགས་མེད་ཀྱི་གཞུང་ལས་བྱུང་བའི་ཚད་མའི་སྐོར་ལ་དཔྱད་པ་བྱས་པ་དཀོན་པས་དེའི་སྐོར་ཞིབ་དཔྱད་བྱེད་པ་ལ་ལྷག་ཏུ་རིན་ཐང་ལྡན། གཞན་ཡང«མདོ་སྡེ་དགོངས་འགྲེལ»ནང་གི་རིགས་པ་བཞིའི་དོན་གཞུང་འདི་ལྟ་བུ་རྒྱས་པར་བཤད་པ་ཞིག་གཞན་དུ་མི་སྣང་ཞིང་། གཏན་ཚིགས་ཀྱི་སྒྲོམ་གཞི་དང་། གོ་སླ་བའི་དཔེ་དང་། རྒྱས་བཤད་བཅས་ཀྱིས་མཚན་ཉིད་ཀྱི་གཞུང་ལ་སློབ་སྦྱོང་བྱེད་མཁན་དག་ལ་བློ་བསྐྱེད་མི་ཉུང་བ་སྟེར་ཐུབ་པ་གདོན་མི་ཟའོ།  །

གཉིས། མཛད་པ་པོ་སུ་ཡིན་མིན།

སྤྱིར«བཀའ་ཡང་དག་པའི་ཚད་མ་མདོར་བསྟན་པ»ཞེས་པ་བམ་པོ་གཅིག་ཅན་ཞིག་ཡོད་པ«འཕང་ཐང་དཀར་ཆག»ཏུ་འཁོད་ཅིང་། ཡང«ལྡན་དཀར་མ»དང«འཕང་ཐང་མ»གཉིས་ཀ་རུ་བམ་པོ་བདུན་ཅན«བཀའ་ཡང་དག་པའི་ཚད་མ»ཞེས་པ་ཞིག་བཞུགས་པ་འཁོད། བཅོམ་ལྡན་རལ་གྲིའི«བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད»དུ། “བཀའ་ཡང་དག་པའི་ཚད་མའི་མདོར་བསྟན་བམ་པོ་གཅིག །འགྲེལ་པ་བམ་པོ་བདུན།”[2]ཞེས་སྔ་མ་མདོར་བསྟན་དང་ཕྱི་མ་དེའི་འགྲེལ་པ་ཡིན་པར་གསུངས། འོན་ཀྱང«ལྡན་དཀར་མ»རུ་བམ་པོ་བདུན་ཅན་ལས་མ་འཁོད་ཅིང«འཕང་ཐང་མར»གཉིས་ཀ་འཁོད་པ་ལ་བརྟག་ན་བདུན་ཅན་སྔར་བརྩམས་ཤིང་གཅིག་ཤོས་ཕྱིས་སུ་བརྩམས་པ་ཡིན་ལ།  ཕྱི་མ་དེ་སྔ་མ་ལས་བསྡུས་ཏེ་མདོར་ཙམ་བྲིས་པ་ཞིག་ཡིན་སྲིད། ད་ལྟ་བཞུགས་པ་འདིའི་གཞུང་ཚད་ལ་བརྟག་ན་བམ་པོ་བདུན་ཡོད་དཀའ་འམ་སྙམ་སྲིད་ཀྱང་བམ་ཚད་ལ་མང་ཉུང་ཅི་རིགས་སུ་ཡོད་པས་ངེས་པ་མེད་ལ། འདིའི་མཛད་པ་པོ་ཁྲི་སྲོང་དུས་ཀྱི་བོད་མི་ཡིན་པ་ལས་བམ་པོ་བདུན་ཅན་དེ་ཡིན་དགོས། «འཕང་ཐང་མ»རུ་བམ་པོ་གཅིག་ཅན་དེ་ཁྲི་སྲོང་གིས་མཛད་པའི་གྲས་སུ་བཅུག་མེད་པ་ལས་ཀྱང་དེ་ཉིད་ཕྱིས་སུ་བརྩམས་པ་ཤེས། འདིའི་མཚན་ལ«བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ»ཞེས་འཁོད་ཀྱང་དེ་ནི་གོང་ཞུས་ལྟར«དགོངས་འགྲེལ»ལྟ་བུ་བཀའ་ཚད་མ་ལས་བཏུས་པའི་དོན་ཡིན་གྱི། «བཀའ་ཡང་དག་པའི་ཚད་མ»ཞེས་པའི་བསྟན་བཅོས་ལས་བཏུས་པའི་སྐོར་གང་ཡང་མི་གསལ།  འདིའི་མཇུག་ཏུ“དཔལ་གྱི་ཞལ་ནས་གསུངས་པ་ནང་གཅིག་གིས་གཅིག་བཀྲོལ་ཏེ། ལྷད་མ་ཞུགས་པའི་གསུང་རབ་ཉིད་ཡིན་པས་གང་གིས་བཀླགས་པ་དང་ཐོས་པ་དང༌། བསམས་པ་ཙམ་གྱིས་ཀྱང་སྡིག་པ་འབྱང་ཞིང་བསོད་ནམས་འཕེལ་བ་ཡིན་ནོ། །”[3]ཞེས་འབྱུང་བའང་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་དེ་གཅིག་ནས་གཅིག་ལ་བརྒྱུད་དེ་བཀྲལ་བ་བསྟན་པ་ཙམ་ཡིན་པས་གོ་ནོར་འབྱུང་མི་རུང་།  «སྡེ་བསྟན»སྣ་ཚོགས(ཇོ)ནང་དུ«འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ»ཞེས་པའི་ནང་དུ་རིགས་པ་བཞི་ལས་ལྟོས་པའི་རིགས་པ[4]གསུངས་སྐབས་སུ། “དེ་དག་ཀྱང་འདྲ་བ་ལ་ལྟོས་ཏེ་མི་འདྲ་བའི་ཆ་ཡོད་པ་དང་གཉིས་སུ་འགྱུར་ཏེ། དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་ནི་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པ་བཀའ་ཡང་དག་པའི་ཚད་མ་ལས་འབྱུང་བ་བཞིན་དུ་བལྟ་བར་བྱའོ། །”[5]ཞེས«བཀའ་ཡང་དག་པའི་ཚད་མ»ལ་ཞལ་འཕངས་མཛད་ཅིང་། དེའི་སྐོར་ད་ལྟ་བཞུགས་པའི«བཀའ་ཡང་དག་པའི་ཚད་མ་ལས་མདོར་བཏུས་པ»རུ་རྒྱས་པར་གསུངས་ཡོད། འགྲེལ་པ་དེ་མཛད་མཁན་ཀླུའི་རྒྱལ་མཚན་ཡིན་ཞིང་སྐབས་དེར་བསྟན་བཅོས་འདི་བརྩམས་ཟིན།  «བུ་སྟོན་ཆོས་འབྱུང»དུ་ལུང་འདི་འདྲེན་སྐབས་ལྷ་བཙན་པོ་ཞེས་བྱུང་ཡང«སྡེ་བསྟན»རང་དུ་ལྷ་བཙན་ཞེས་པ་ལས་མི་འདུག་སྟེ་ཆད་དམ་དཔྱད། དེར«བཀའ་ཡང་དག་པའི་ཚད་མ»རྩོམ་པ་པོ་ལ་ལྷ་བཙན་བྱང་ཆུབ་རྫུ་འཕྲུལ[6]ཞེས་གསུངས་ཤིང་། ལོ་རྒྱུས་ཡིག་ལམ་དུ་ཁྲི་སྲོང་ལྡེ་བཙན་ལ་བྱང་ཆུབ་རྫུ་འཕྲུལ་ཞེས་འབོད་སྲོལ་ཡོད་མེད་མི་ཤེས་ཀྱང་། བཙན་པོ་ཞེས་པའི་མིང་དེ་དངོས་སུ་བྱུང་བ་སྨོས་མ་དགོས། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པའི»དབུར། “ཟ་ཧོར་གྱི་བིཀྵུ་ཐེག་པ་ཆེན་པོ་པ་ཡུལ་ཁ་ག་ས་ར་ནར་སྐྱེས་པ་དར་མ་ཤཱནྟི་གྷོ་ཥ་ཞེས་བྱ་བ་འཇིག་རྟེན་གྱིས་ཨཱཙརྱ་བོ་དྷི་སཏྭ་ཞེས་བཏགས་པ་གསུང་རབ་ཐམས་ཅད་ལ་མཁས་ཤིང་། ཚུལ་ཁྲིམས་དང་ཤེས་རབ་རབ་ཏུ་ལྡན་པས་མི་འཕྲོགས་པའི་བརྩོན་འགྲུས་ལ་ཞུགས་པ་ཞིག་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་པ་ལས་ཐོས་པ།”ཞེས་འཁོད་པའི་དར་མ་ཤཱནྟི་གྷོ་ཥ་ཞེས་པ་དེ་བཅོམ་ལྡན་རལ་གྲིའི«བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད»[7]དུ་ཞི་བ་འཚོའི་སློབ་མ་ཞིག་ཡིན་པར་གསུངས། འོན་ཀྱང«སྒྲ་སྦྱོར་བམ་གཉིས»སོགས་སྔོན་གྱི་ཡིག་རྙིང་དུ་མར་ཞི་བ་འཚོའི་མཚན་ལ་ཨཱ་ཙཱརྻ་བོ་དྷི་ས་ཏྭ་ཞེས་འཁོད་ཅིང་འདིར་ཡང་དེ་ལྟར་འཁོད་པ་དང་། ཆོས་འབྱུང་རྙིང་པ་ཁག་ཏུ་ཞི་བ་འཚོའི་སློབ་མ་དེ་ལྟ་བུ་ཞིག་བོད་དུ་ཕེབས་པ་ཡང་མ་མཐོང་བས་ཞི་བ་འཚོ་རང་ཡིན་པར་སྙམ། བཅོམ་ལྡན་རལ་གྲི་ཡིས་ཞི་འཚོ་སློབ་མ་དེ་ཉིད་ཀྱིས་བསྟན་བཅོས་འདི་རྩོམ་པ་གསུངས་པ་ནི་དེ་བས་ཀྱང་ཁུངས་མེད་དེ། འདིར་དར་མ་ཤཱནྟི་གྷོ་ཥ་ཞེས་པ་ནི་བསྟན་བཅོས་འདིའི་རྩོམ་པ་པོའི་དགེ་བའི་བཤེས་གཉེན་ཡིན་པ་འཁོད་ཀྱི་མཛད་པ་པོ་ཡིན་པ་མ་འཁོད་པའི་ཕྱིར་དང་། འདིའི་གླེང་གཞི་རུ་མཁན་པོས་ནང་པའི་ཆོས་ནི་འཇིག་རྟེན་པའི་གཙུག་ལག་ལས་ཁྱད་པར་འཕགས་པར་བརྗོད་པ་ལ“རྣམ་པར་དུ་མར་གསུངས་པའི་རྗེས་སུ་བསམས་ཏེ་བརྟགས་ན།”ཞེས་སོགས་འབྱུང་བའང་ནང་ཆོས་གསར་དུ་སྤེལ་བའི་བོད་ཡུལ་དུ་འབྲེལ་གྱི་ནང་ཆོས་ཀྱི་ཤེས་ཚད་མཐོན་པོ་ཅན་གྱི་རྒྱ་གར་གྱི་ནང་པའི་མཁས་པ་ཞིག་གིས་དེ་ལྟར་སྨྲ་བ་འབྲེལ་མི་ཆགས་པའི་ཕྱིར་དང་།  ཀླུའི་རྒྱལ་མཚན་གྱི«དགོངས་འགྲེལ་གྱི་རྣམ་བཤད»དུ་འདིའི་མཛད་པ་པོ་ལ་ལྷ་བཙུན་བྱང་ཆུབ་རྫུ་འཕྲུལ་ཞེས་གསུངས་པའི་ཕྱིར་དང་། “ཚད་མ་ཞེས་བྱ་བ་ནི་རིང་ཐུང་སོར་ལ་སོགས་པས་གཞལ་བ་དང༌། མང་ཉུང་ལ་བྲེ་ལ་སོགས་པས་གཞལ་བ་དང༌། ལྕི་ཡང་ལ་སྲང་ལ་སོགས་པས་གཞལ་བ་ལྟ་བུ་ཡིན་ཏེ།”[8]ཞེས་པ་ལྟ་བུའི་ཚིག་གི་འགྲོས་དུ་མ་ཞིག་ལ་བརྟག་ནའང་བོད་རྩོམ་དུ་སྣང་བའི་ཕྱིར་རོ། །[9]དེས་ན་སློབ་དཔོན་ཞི་བ་འཚོའི་དངོས་སློབ་ཡིན་ལ་བོད་ཀྱི་བཙན་པོ་ཡིན་པ་ཞིག་ལ་ཁྲི་སྲོང་ལྡེ་བཙན་ལས་གཞན་དུ་མེད་ཕྱིར«བཀའ་ཡང་དག་པའི་ཚད་མ་ལས་མདོར་བཏུས་པའི»མཛད་པ་པོ་ཁྲི་སྲོང་ལྡེ་བཙན་ཡིན་པ་ལྟ་བུར་སྣང་། དོགས་པ་གཙོ་བོ་ནི་གཞུང་འདི་ལ་བལྟས་ན་འདིའི་མཛད་པ་པོ་གཞུང་ལུགས་ཀྱི་ཤེས་ཚད་མཐོ་པོར་སླེབས་ཡོད་པ་ཤེས་ཐུབ་ཅིང་། དེས་ན་སྲིད་ཀྱི་བྱ་བ་མང་བའི་བཙན་པོ་ཞིག་གིས་ནང་ཆོས་ཀྱི་གསུང་རབ་བོད་དུ་འགྱུར་བའི་དུས་ཐུང་ངུའི་ནང་སློབ་སྦྱོང་གི་འབྲས་བུ་འདི་ལྟར་ཡོང་སྲིད་དམ་སྙམ་པ་དེ་ཡིན། གཅིག་བྱས་ན་བོད་ཀྱི་མཁས་པ་གཞན་གྱི་མཐུན་འགྱུར་འོག་བརྩམས་ཤིང་དགོས་པའི་ཆེད་དུ་རྩོམ་པ་པོ་ལ་བཙན་པོ་རང་གི་མཚན་བཀོད་པ་ཡིན་སྲིད།

གསུམ། བརྗོད་བྱ།

༡ མཆོད་བརྗོད་དང་སྔོན་གླེང་།

དབུའི་མཆོད་བརྗོད་དུ་སྟོན་པ་དང་ཉེ་སྲས་བརྒྱད་སོགས་ལ་མཆོད་བརྗོད་མཛད་ཡོད་ཅིང་། ཕྱིས་ཀྱི་གཞུང་འགྲེལ་དག་ཏུ་འདི་ལྟ་བུ་མཐོང་དཀོན་པས་དེ་ཡང་གནའི་སྲོལ་ལུགས་སུ་ངེས། དེ་ནས་ཨཱཙརྱ་བོ་དྷི་སཏྭ་ཆེ་བ་བརྗོད་ཅིང་། དེ་ཁོང་གི་དགེ་བའི་བཤེས་སུ་གྱུར་པ་དང་།  མཁན་པོའི་ཞལ་ནས། མི་ཞིག་གིས་ངག་སྨྲ་བ་ཡང་མེད་ལུས་ཀྱི་སྤྱོད་པ་ཡང་མེད་ན་མི་དེའི་རྒྱུད་ཚོད་བཟུང་དུ་མི་རུང་ཡང་། སྨྲ་བ་དང་སྤྱོད་པ་ཡོད་ན་དེ་ལས་གཞན་གྱི་སྐྱོན་ཡོན་དབྱེར་རུང་བ་དང་། སངས་རྒྱས་བཅོམ་ལྡན་འདས་ནི་བདག་གིས་མངོན་སུམ་དུ་མ་མཐོང་ཡང་དེའི་སྨྲ་བ་དང་སྤྱོད་པ་གཙུག་ལག་ལས་བྱུང་བ་མཐོང་ན། སངས་རྒྱས་ཀྱི་བསྟན་པ་ནི་གཞན་དང་མི་འདྲ་བ་ཟབ་ཅིང་རྒྱ་ཆེ་བ་ཁོང་དུ་ཆུད་པ་དང་། མཁན་པོ་ཁོང་སངས་རྒྱས་རང་ཉིད་ལ་སྙིང་དུ་སྡུག་པས་བསྟོད་པ་མ་ཡིན་ཞིང་། འཇིག་རྟེན་གྱི་ལྷ་དག་གིས་གནོད་པར་བྱས་པས་དེ་དག་ལ་བསྔགས་པ་མི་བརྗོད་པ་ཡང་མ་ཡིན་གྱི། འོན་ཀྱང་རིགས་པས་བརྟག་ན་སངས་རྒྱས་ཀྱི་བསྟན་པ་ཁོ་ན་གཞན་ལས་ཁྱད་ཞུགས་པས་སྲོག་སྤང་དུ་མི་རུང་བ་དང་འདྲ་བར་དམ་པའི་ཆོས་ཀྱང་གཟུང་དགོས་པ་དང་། འཇིག་རྟེན་གྱི་ལྷ་དང་མི་ལ་ཡོན་ཏན་དང་མཐུ་ཡོད་པ་ཀུན་ཀྱང་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱས་པའི་དགེ་རྩ་ལས་མ་བྱུང་བ་མེད་དེ། གཙུག་ལག་ཡོད་དོ་ཅོག་གི་སྙིང་པོ་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་སོགས་ཀྱིས་རྣམ་པར་དུ་མས་བདམས་ཡོད་པར་བཀོད་ཡོད་དེ།  “ཟ་ཧོར་གྱི་བིཀྵུ་ཐེག་པ་ཆེན་པོ་པ་ཡུལ་ཁ་ག་ས་ར་ནར་སྐྱེས་པ་དར་མ་ཤཱནྟི་གྷོ་ཥ་ཞེས་བྱ་བ་འཇིག་རྟེན་གྱིས་ཨཱཙརྱ་བོ་དྷི་སཏྭ་ཞེས་བཏགས་པ་གསུང་རབ་ཐམས་ཅད་ལ་མཁས་ཤིང་། ཚུལ་ཁྲིམས་དང་ཤེས་རབ་རབ་ཏུ་ལྡན་པས་མི་འཕྲོགས་པའི་བརྩོན་འགྲུས་ལ་ཞུགས་པ་ཞིག་བདག་གི་དགེ་བའི་བཤེས་གཉེན་དུ་གྱུར་པ་ལས་ཐོས་པ། དཔེར་ན་མི་ཞིག་སྨྲ་བ་ཡང་མེད། སྤྱོད་པ་ཡང་མེད་ན་དེའི་ཚོད་གཟུང་དུ་ཡང་མི་རུང་སྟེ། སྨྲ་བ་དང་སྤྱོད་པ་ཡོད་ན་ཡོན་ཏན་དང་ལྡན་པའམ། ཉེས་པ་དང་ལྡན་པ་ཡང་གདོད་བྱེ་བྲག་དབྱེར་རུང་། མཐུ་ཅི་ཡོད་པ་ཡང་ཤེས་པར་ནུས་པ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང་འཇིག་རྟེན་གྱི་ལྷ་རྣམས་ཀྱང་བདག་གིས་མངོན་སུམ་དུ་མ་མཐོང་མོད་ཀྱི་དེ་དག་གིས་སྨྲས་པ་དང་། སྤྱོད་པ་སོ་སོའི་གཙུག་ལག་ལས་བྱུང་བ་མཐོང་ན་བདེ་བར་གཤེགས་པའི་བསྟན་པ་ནི་གཞན་གང་དང་ཡང་མི་འདྲ་བར་བཟང་ལ་རྒྱ་ཆེ་བ་ཉིད་དུ་བདག་གིས་ཁོང་དུ་ཆུད་དེ། སངས་རྒྱས་ཀྱི་བསྟན་པ་ལ་འདི་སྐད་དུ་བསྟོད་པ་ཡང་བདག་གི་སྒོར་བྱམས་པའི་ཕྱིར་སྙིང་དུ་སྡུག་སྟེ་བསྟོད་པ་ཡང་མ་ཡིན། འཇིག་རྟེན་གྱི་ལྷ་དག་གི་གཙུག་ལག་ལ་བསྔགས་པ་མི་སྨྲ་བ་ཡང་དེ་དག་གིས་བདག་ལ་གནོད་པ་བྱས་པའི་ཕྱིར་ཞེ་སྡང་བ་ཡང་མ་ཡིན་ཏེ། རིག་པས་བརྟགས་ན་དེ་ལྟར་ཁྱད་ཞུགས་ཀྱིས་སེམས་ཅན་ལ་སྲོག་སྤང་དུ་མི་རུང་བ་དང་འདྲ་བར་དམ་པའི་ཆོས་ཀྱང་བཟུང་ཞིང་བཅང་བར་བྱའོ། །འཇིག་རྟེན་གྱི་ལྷ་དང་མི་ལ་ཡོད་པའི་ཡོན་ཏན་དང་མཐུ་ཡོད་པ་ཀུན་ཀྱང་ཡུན་རིང་པོའི་དུས་ནས་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་ལས་མ་བྱུང་བ་མེད་དེ། གཙུག་ལག་གོ་ཅོག་གི་སྙིང་པོ་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་དུ་མར་གསུངས་པའི་རྗེས་སུ་བསམས་ཏེ་བརྟགས་ན།”ཞེས་སོ། །འདི་ལས་མཁན་ཆེན་ཞི་བ་འཚོས་འདིའི་མཛད་པ་པོ་ལ་སངས་རྒྱས་ཀྱི་ཆོས་ཀྱི་རིན་ཐང་སྒོ་དུ་མ་ནས་བརྗོད་དེ་ཆོས་ལ་དད་དུ་བཅུག་ཅིང་། ཕྱིན་ཆད་ཆོས་འདོར་མི་རུང་བའི་བསླབ་བྱ་གནང་པ་དང་།  ལྷ་ག་གེ་མོ་ལ་དད་མོས་བྱེད་པའི་ཆོས་ལུགས་སྣ་ཚོགས་ལས་སངས་རྒྱས་ཀྱི་ཆོས་ཁྱད་དུ་འཕགས་པ་བསྟན་ཏེ། བོད་ཀྱི་ཡུལ་ལྷ་སྣ་ཚོགས་ལ་དད་མོས་བྱེད་པའི་ཆོས་ལུགས་ལས་དོན་གྱིས་སངས་རྒྱས་ཀྱི་ཆོས་ཁྱད་པར་འཕགས་པའི་གནས་ལུགས་གོ་བར་མཛད་ཡོད་པ་ཤེས་ཐུབ། དེ་བཞིན་མཁན་པོའི་མཚན་ལ་དར་མ་ཤཱནྟི་གྷོ་ཥ་ཞེས་བྱ་བ་དང་། ཨཱཙརྱ་བོ་དྷི་སཏྭ་ཞེས་འཇིག་རྟེན་པ་དག་གིས་ཕྱིས་སུ་བཏགས་པ་དང་། ཁོང་གི་འཁྲུངས་ཡུལ་གྱི་མིང་བཅས་བྲིས་ཡོད། «དབུ་མ་རྒྱན་གྱི་རང་འགྲེལ»ལས། “བློ་ནོར་ལྡན་པས་ལུགས་གཞན་ལ། །ཇི་ལྟར་སྙིང་པོ་མེད་མཐོང་བ། །དེ་ལྟར་དེ་དག་སྐྱོབ་པ་ལ། །གུས་པ་ཤིན་ཏུ་སྐྱེ་བར་འགྱུར། །བདག་ཤེས་པ་སུ་ཞིག་གཞན་གྱི་ལུགས་ནི་རིགས་ངན་བླུན་པོའི་སྐྱེ་བོ་ལ་ཡང་གྲགས་པའི་ཡུལ་རགས་པ་ལ་ཡང་འཁྲུལ་པར་མཐོང་ལ། དེ་བཞིན་གཤེགས་པའི་གསུང་རབ་ཐོག་མ་དང༌། བར་དང༌། ཐ་མར་དགེ་བ། གསེར་བཟང་པོ་ལྟ་བུར་བསྲེག་པ་དང༌། གཅད་པ་དང༌། བརྡར་བ་དང༌། འདྲ་བའི་མངོན་སུམ་དང༌། རྗེས་སུ་དཔག་པ་དང༌། རང་གི་ཚིག་རྣམས་ཀྱིས་གནོད་པར་མ་གྱུར་པ་ནི་འཁོར་བ་རྣམས་དང་མ་འདྲེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཤིན་ཏུ་འཐིབས་པོ་ལ་འཁྲུགས་པ་མེད་པར་མཐོང་ནས་མི་དང་ལྷ་ཡུལ་པའི་འདྲེན་པ་མཐའ་དག་གི་ཅོད་པན་གྱི་ཕྲེང་བས་ཞབས་པད་མ་གཉིས་མཛེས་པར་བྱས་པ་དང་ལྡན་པའི་འཇིག་རྟེན་གྱི་བླ་མ་བདག་ཤེས་པ་སུ་ཞིག་མངོན་པར་མ་ཞེན་པའི་ཚུལ་གྱིས་སྒྲུབ་པ་སྙིང་པོར་བྱེད་པའི་དད་པ་མི་སྐྱེད།”[10]ཅེས་གསུངས་པ་དང་འདིར་བཀོད་པའི་ཤཱནྟི་གྷོ་ཥའི་གསུང་གཉིས་བསྡུར་བ་ལས་ཀྱང་དེ་ཉིད་ཞི་བ་འཚོ་ཡིན་པ་ངེས་ཐུབ།

དེའི་འཕྲོར། “ཨཱཙརྱ་བོ་དྷི་སཏྭས་གསུངས་པ་མད་དེ། དེ་བཞིན་གཤེགས་པའི་བསྟན་པ་ཡན་ལག་བཅུ་གཉིས་དང་ལྡན་པའི་གསུང་རབ་ནི་ཡིད་བཞིན་གྱི་ནོར་བུ་དང་མཚུངས་སོ། །སོ་སོའི་བསམ་པ་རྫོགས་པར་འགྱུར་བས་ན་གང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་འདོད་ཀྱང་རུང་། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་འདོད་ཀྱང་རུང་། སྒྲ་དང་ཡི་གེའི་འབྲུ་ལ་མཁས་པ་འདོད་ཀྱང་རུང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཚད་མ་དང་སྦྱར་ཞིང་རྟོགས་པར་བྱ་བ་ལ་སོགས་ཏེ་གང་འདོད་ཀྱང་རུང་། དེ་བཞིན་གཤེགས་པའི་བསྟན་པ་ལ་མཉན་པ་དང་བསམ་པ་དང་གོམས་པར་བྱ་བ་ལས་འདའ་བ་མེད་དོ། །”ཞེས་མཁན་པོས་གསུངས་པ་མཛད་པ་པོའི་ཐུགས་ལ་བབ་པ་བསྟན་ཅིང་། སངས་རྒྱས་ཀྱི་ཆོས་ཀྱི་ཆེ་བ་མང་དུ་བརྗོད་པར་མཛད་དོ། །ཚིག་འདི་དག་ལས་འདིའི་མཛད་པ་པོས་ནང་ཆོས་ལ་ཚད་ཇི་ཙམ་གྱིས་གུས་བཀུར་བྱེད་ཀྱི་ཡོད་པ་དང་ནང་ཆོས་དང་འབྲེལ་པའི་རྒྱ་གར་གྱི་མཚན་ཉིད་ཀྱི་གཞུང་གིས་ཐུགས་ཡིད་ཇི་ཙམ་འཕྲོག་ཡོད་པ་ཡང་ཤེས་ཐུབ།  དེའི་འཕྲོར་ཁོང་གིས«བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ»བརྩམས་པའི་རྒྱུ་མཚན་བྲིས་ཏེ། “སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལྟ་བུ་ཟབ་ཅིང་རྒྱ་ཆེ་སྟེ། ཟད་མི་ཤེས་པ་ལ་བདག་འདྲ་བའི་ཤེས་པ་རྒྱ་ཆུང་ཞིང་རྨོངས་པས་དགོངས་པའི་དོན་གོབ་ལོབ་ཏུ་བཤད་པ་ནི་རྒྱ་མཚོ་ཆེན་པོ་ལ་བྱ་གག་གི་རྩལ་གྱིས་གཅོད་པར་རྩོལ་བ་དང་འདྲ་སྟེ་མི་ནུས་པར་མངོན་པ་ལ་བདག་གི་ཚོད་མི་འཛིན་པར་ཅིའི་ཕྱིར་བཤད་ཅེ་ན། འཇིག་རྟེན་ན་ཚད་མར་བྱེད་པ་རྣམས་དང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་རིགས་པ་བཞི་འབྱུང་བ་མཐོང་ན་བཤད་པ་འདི་དག་འདྲི་བ་ཡང་མི་སེམས་པ་ཞིག་སྟེ། འཇིག་རྟེན་དག་བཀའ་ཡང་དག་པའི་ཚད་མ་རིན་པོ་ཆེ་འདི་ལྟ་བུ་མི་སྤྱོད་པར་སངས་རྒྱས་ལ་སོགས་པ་མུ་སྟེགས་ཅན་རྣམས་བདག་བདག་གི་རང་བཟོས་འཇིག་རྟེན་སླུ་ཞིང་ཚད་མར་སྟོན་པའི་ལུགས་མཐོང་ནས་གསུང་རབ་ཀྱི་ཚད་མ་བཅབས་ན་དཀོན་མཆོག་གསུམ་ལ་སྙིང་རིང་བ་དང་། སེམས་ཅན་ལ་འཁུས་པར་གྱུར་ཏེ་དེའི་ཕྱིར་མི་བཟོད་པ་ནི་མིག་ཏུ་གྲ་མའི་དུམ་བུ་སོང་བ་དང་འདྲ་བར་ཉམ་ང་ནས་མཁས་པ་དག་ལ་བསྐུལ་བའི་རྐྱེན་ཙམ་དུ་འདི་བྲིས་སོ། །”ཞེས་སོ། །དེ་ཡང་སངས་རྒྱས་ཀྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་དང་། ཁོང་གི་ཤེས་རབ་དམན་པ་ལ་བལྟས་ན་བྱ་གག་གིས་རྒྱ་མཚོ་ཆེན་པོ་གཅོད་པའི་རྩོལ་བ་བསྟེན་པ་དང་འདྲ་བས་མི་འོས་ཤིང་། འཇིག་རྟེན་ན་ཚད་མར་བྱེད་པ་རྣམས་དང«དགོངས་འགྲེལ»ལས་རིགས་པ་བཞི་འབྱུང་བ་ལྟར་ན་བཤད་ཀྱང་མི་དགོས་པར་འདུག་མོད། འོན་ཀྱང«དགོངས་འགྲེལ»ལས་གསུངས་པའི་རིགས་པ་བཞི་ལ་སོགས་པ་བཀའ་ཡང་དག་པའི་ཚད་མ་རིན་པོ་ཆེ་ལྟ་བུ་ཡོད་བཞིན་དུ་དེ་དག་ལ་མི་སྤྱོད་པར་མུ་སྟེགས་ཅན་གྱིས་རང་བཟོ་བྱས་པ། བསླུ་བ་རྣམས་ལ་འཇུག་པ་མཐོང་ཞིང་། དེ་ལ་གལ་ཏེ་འདི་ལྟ་བུ་མ་བྲིས་ན་དཀོན་མཆོག་གསུམ་ལ་སྙིང་རིང་བ་དང་། སེམས་ཅན་ལ་འཁུ་བར་འགྱུར་བར་བསམས་ནས། མིག་གི་ནང་དུ་གྲ་མའི་དུམ་བུ་སོང་བ་དང་འདྲ་བར་མ་བཟོད་པར་འདི་བྲིས་པར་གསུངས་སོ། །

དེའི་འཕྲོར། “ཆོས་སོ་ཅོག་གི་དབང་བགྱིད་པ་རིགས་པའི་རྣམ་པ་སྨོས་པ་འཇིག་རྟེན་ན་རྒྱལ་པོ་དག་བདག་གི་རིགས་སུ་ཅི་འདོད་པ་དག་གི་དབང་གིས་འགྲུབ་པ་བཞིན་དུ་ཆོས་སོ་ཅོག་ལ་བདག་གི་ཕྱོགས་སུ་གཟུང་པ་ཡང་ཇི་ལྟར་འདོད་པའི་རིགས་པའི་དབང་གིས་འགྲུབ་སྟེ། ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་རིགས་པ་ཞེས་བྱ་བ་ཆོས་ཀྱི་རྗེས་སུ་གསུངས་པའི་རིགས་པ་བཞི་བརྗོད་དོ། །”ཞེས་གསུངས་ཏེ་གཞུང་དངོས་བྲི་བར་མཛད་ཅིང་། དེ་ཡང་ཇི་ལྟར་རྒྱལ་པོས་རང་གི་མངའ་རིས་ལ་གང་འདོད་དུ་དབང་བསྒྱུར་བ་ལྟར་ཆོས་རྣམས་ཀྱི་གནས་ལུགས་འབྱེད་པ་ཡང་རིགས་པ་ཁོ་ན་ལ་རག་ལས་པར་བསྟན་ཅིང་། དེས་རིགས་པ་ལ་གཙིགས་འཛིན་ཆེན་པོ་བྱེད་ཀྱིན་པ་ཤེས་ཐུབ་པ་དང་། ཁོང་གིས་བསྟན་བཅོས་འདི་བརྩམས་པའི་དགོས་པ་ཡང་རིགས་པ་འདི་ལྟ་བུའི་གནད་གོ་ནས་ཕྱིན་ཅི་ལོག་གི་ལྟ་གྲུབ་དང་ཆོས་ལུགས་རྣམས་ཉམས་པར་འགྱུར་བར་དགོངས་པ་ཡིན་ནོ། །དེས་ན་བོད་དུ་ནང་ཆོས་དར་བའི་དུས་རིམ་དང་པོ་ནས་དད་པ་ཙམ་དང་སྒོམ་བྱ་རྒྱུ་ཙམ་མ་ཡིན་པར་རིགས་པའི་ལམ་ནས་དབྱེ་ཞིབ་དང་སྦྱོང་པ་བྱ་བའི་ལུགས་སྲོལ་ཞིག་ཆགས་ཀྱིན་ཡོད་པར་སྣང་། དེ་ཡང་ཞི་བ་འཚོ་ནི་རྒྱ་གར་གྱི་མཁས་པ་ཆེན་པོ་ཡིན་པ་དང་ཁོང་གི་བསྟན་བཅོས«ཚད་ཆེན»དང«དབུ་མ་རྒྱན»སོགས་གང་གི་ནང་དུ་ཡང་རིགས་ལམ་ནས་ཤེས་བྱའི་གནས་ལུགས་འབྱེད་ཀྱིན་པའི་སྣང་ཚུལ་ཞིག་ཡོད་པ་ལྟར་དེའི་ཤུགས་རྐྱེན་བོད་ཀྱི་ནང་ཆོས་སློབ་གཉེར་བ་དག་ལ་ཡང་ཐོག་མ་ནས་ཐེབས་པ་ཡིན།

༢ གཞུང་དངོས་ཀྱི་བརྗོད་བྱ་ཉིང་བསྡུས།

དེ་ཡང་མཆོད་བརྗོད་དང་གླེང་གཞི་སོང་རྗེས་སུ་འདི་ཉིད་ལས«དགོངས་འགྲེལ»གྱི་མཚན་དངོས་སུ་སྨོས་ནས་དེ་ལས་གསུངས་པའི་རིགས་པ་བཞི་བརྗོད་པར་གསུངས་ཤིང་། རིགས་པ་བཞི་ནི་རྒྱ་གར་གྱི་མཚན་ཉིད་མཁན་པོ་དག་གིས་ཤེས་བྱ་གཞི་ཡི་གནས་ལུགས་རྟོགས་པའི་ཐབས་སུ་གཏན་ལ་ཕབ་པ་ཞིག་ཡིན། བོད་འགྱུར་ལ་བལྟས་ན་རིགས་པ་བཞི་ཅུང་རྒྱས་པ་ཐོག་མར་གསལ་ས་ནི«མདོ་སྡེ་དགོངས་འགྲེལ»ཡིན་པར་སྣང་། དེ་ཡང«མདོ་སྡེ་དགོངས་འགྲེལ»གྱི་ལེའུ་བཅུ་པ«འཇམ་དཔལ་གྱི་ལེའུ»ལས།  “རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། །”[11]ཞེས་རིགས་པ་བཞི་གསུངས་ཡོད། «དགོངས་འགྲེལ»དུ་རིགས་པ་བཞིའི་དོན་ཡང་གསུངས་ཤིང་། ལྷག་ཏུ་འཐད་པས་སྒྲུབ་པ་ཅུང་རྒྱས་པར་གསུངས་ཡོད། དེ་ཡང་དོན་གཉིས་ཀྱི་སྒོ་ནས་བཤད་དེ། 1 ཡོངས་སུ་དག་པ་དང་། 2མ་དག་པའོ། །དང་པོ་ལ་ལྔ་བཤད་དེ། 1 དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད། 2དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད། 3 རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད། 4ཡོངས་སུ་གྲུབ་པའི་མཚན་ཉིད་དང་། 5 ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕབ་པར་བསྟན་པའི་མཚན་ཉིད་བཅས་ལྔ་དང་། ཡོངས་སུ་མ་དག་ལ་ཡང་བདུན་དུ་དབྱེ་སྟེ། 1 དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང་། 2 དེ་ལ་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། 3 ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང་། 4 ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། 5 གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་། 6 ཡོངས་སུ་མ་གྲུབ་པའི་མཚན་ཉིད་དང་། 7 ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་བཅས་བདུན་ཡིན།

དེ་ནས་ཐོགས་མེད་ཀྱི་གཞུང་དུ་ཡང་རིགས་པ་བཞིའི་སྐོར་བྱུང་ཞིང་། ལྷག་པར«ཉན་ས»ལས་དེའི་དོན་གོ་སླ་པོར་བཀྲལ་ཡོད། འོན་ཀྱང་ཐོགས་མེད་ཀྱི་གཞུང་དུ་ཡོངས་སུ་དག་པ་ལྔ་དང་མ་དག་པ་བདུན་གྱི་སྐོར་མི་གསལ། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པའི»ལེའུ་དང་པོའི་ནང་དུ་ལྟོས་པའི་རིགས་པ་གསུངས་ཤིང་། ལེའུ་གཉིས་པའི་ནང་དུ་བྱ་བ་བྱེད་པའི་རིགས་པ་གསུངས། ལེའུ་གསུམ་པར། གཏན་ཚིགས་སྒྲུབ་པའི་རིགས་པ་གསུངས་ཤིང་། འདི་དང«དགོངས་འགྲེལ»དུ་གསུངས་པའི་འཐད་སྒྲུབ་ཀྱི་རིགས་པ་གཉིས་དོན་གཅིག་ཡིན། དེ་ནས་ལེའུ་བཞི་པ་དང་། ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཅས་སུ་རིམ་པ་བཞིན་དུ་གོང་དུ«དགོངས་འགྲེལ»ལས་བཤད་པའི་འཐད་སྒྲུབ་ཀྱི་རིགས་པ་ལས་འཕྲོས་པའི་ཡོངས་སུ་དག་པ་ལྔ་བཤད་ཡོད། ལེའུ་དགུ་པར་ཚད་མའི་གྲངས་དང་མཚན་ཉིད་ཀྱི་བཀའ་ཐང་ཞེས་བྱ་ཞིང་། ཚད་མའི་དོན་དང་། ཚད་མའི་གྲངས་བཅས་གསུངས་ཡོད། དེ་ནས་ལེའུ་བཅུ་པ་དང་བཅུ་གཅིག་དང་བཅུ་གཉིས་བཅས་སུ་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་རིམ་པ་བཞིན་དུ་བཤད་ཡོད། ལེའུ་བཅུ་གསུམ་པའི་ནང་དུ«དགོངས་འགྲེལ»གྱི་འཐད་སྒྲུབ་ཀྱི་རིགས་པ་ལས་འཕྲོས་པའི་ཡོངས་སུ་མ་དག་པ་བདུན་བཤད་ཡོད། ལེའུ་བཅུ་བཞི་པའི་ནང་དུ་རིགས་པ་བཞིའི་ཕྱི་མ་ཆོས་ཉིད་ཀྱི་རིགས་པ་བཤད་ཡོད། ལེའུ་བཅོ་ལྔ་པ་ལ«ཚད་མའི་ཡོན་ཏན་བཀོད་པའི་ལེའུ»ཞེས་བྱ་ཞིང་དེའི་ནང་དུ་བཀའ་ཡང་དག་པའི་ཚད་མའི་ཕན་ཡོན་གྱི་སྐོར་བཤད་ཡོད། དེས་ན་ལེའུ་བཞི་པ་ནས་བཅུ་གསུམ་གྱི་བར་འཐད་སྒྲུབ་ཀྱི་རིགས་པའི་དོན་བཤད་པ་ལས་འཕྲོས་ཏེ་བྱུང་བས་བསྡུས་ན་འདིའི་ལེའུ་བཅོ་ལྔ་ལས་ཚད་མའི་ཕན་ཡོན་བསྟན་པ་ཕུད་གཞན་རྣམས་ཀྱི་བརྗོད་བྱ་རིགས་པ་བཞིའི་ནང་དུ་འདུས་པ་ཡིན།  «མངོན་སུམ་ཡོངས་སུ་དག་པའི་མཚན་ཉིད་ཀྱི་ལེའུ»རུ། སྒོ་ལྔའི་ཤེས་པ་གང་རུང་དང་ཡིད་ཤེས་གཉིས་དུས་མཉམ་དུ་སྐྱེ་བ་ལས་ལྔ་ཆར་དང་དུས་མཉམ་དུ་མི་སྐྱེ་བ་དང་། འོན་ཀྱང་སྐྱེ་བ་མགྱོགས་པས་མགལ་མེ་འཁོར་ལོར་སྣང་བ་ལྟར་ཅིག་ཅར་སྐྱེ་བ་ལྟ་བུར་འཁྲུལ་བ་སོགས་ཀྱི་གསལ་བཤད་ཀྱང་མཛད། «མདོ་སྡེ་དགོངས་འགྲེལ»དང«ལང་གཤེགས»ཀྱི་ལུང་དྲངས་ཏེ་ཀུན་གཞིའི་རྣམ་ཤེས་ཀྱང་བཤད། «རྗེས་སུ་དཔག་པ་ཡོངས་སུ་དག་པའི་ལེའུ»རུ་ཐོགས་མེད་ཀྱི་གཞུང་ལས་འབྱུང་བ་ལྟར་འདིར་ཡང་རྟགས་དང་ལས་དང་ཆོས་དང་རྒྱུ་དང་འབྲས་བུ་ལས་རྗེས་སུ་དཔག་པ་བཤད་ཅིང་། ཚུལ་གསུམ་གྱི་རྣམ་བཞག་སོགས་མི་གསལ། «རང་གི་རིགས་ཀྱི་དཔེའི་མཚན་ཉིད་ཀྱི་ལེའུ»རུ་མངོན་སུམ་གྱིས་རྟོགས་ཀྱང་རུང་རྗེས་དཔག་གིས་རྟོགས་ཀྱང་རུང་དེ་ལ་ཐེ་ཚོམ་སེལ་ཕྱིར་དཔེ་བསྟན་དགོས་པར་བཤད་ཅིང་། འདུས་བྱས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པའི་དཔེ་རུ་འཚོ་བ་དངོས་ཀྱི་ནང་བྱུང་བ་མང་པོ་ཞིག་བཞག་པར་མཛད། «ཡོངས་སུ་གྲེགས་པའི་ལེའུ»རུ། མངོན་སུམ་གྱིས་མཐོང་། རྗེས་དཔག་གིས་རྟོགས། དཔེ་ཡང་ཡོད་ན་དོན་དེ་ལྟར་གཅིག་ཏུ་ངེས་པ་ལ་ཡོངས་སུ་གྲེགས་པ་ཞེས་བྱ་བ་སྣང་། དཔེར་ན། སྔོན་གྱི་གནས་ཚུལ་བྱེ་བྲག་པ་ཞིག་ཐོས་ཏེ། ཐེ་ཚོམ་དུ་གྱུར་ན་དེ་ལྟར་སུས་མཐོང་ཞེས་དྲི་བ་ནི་མངོན་སུམ་གྱིས་དག་མིན་དཔྱོད་པ་དང་འདྲ་བ་དང་། དེ་ལྟར་ཡིན་པ་ཅིས་མངོན་ཞེས་པ་ནི་རྗེས་སུ་དཔག་པས་དག་མིན་དཔྱོད་པ་དང་འདྲ་བ་དང་། དེ་དང་འདྲ་བ་གཞན་ལ་སྲིད་དམ་ཞེས་པ་ནི་དཔེ་ཡོད་མེད་དཔྱོད་པ་དང་འདྲ་བ་དང་། དེ་གསུམ་ཀ་ཚོགས་ན་ཡིད་ཆེས་ནས་ཁས་ལེན་པ་ནི་ཡོངས་སུ་གྲེགས་པ་དང་འདྲ་ཞེས་ཟེར། «ཤིན་ཏུ་རྣམ་པར་དག་པའི་ལུང་གི་མཚན་ཉིད་ཀྱི་ལེའུ»རུ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལ་ལུང་རྣམ་དག་ཏུ་བཤད་ཅིང་། དེར«རྣམ་འགྲེལ»དུ་གསུངས་པའི་དཔྱད་གསུམ་གྱིས་དག་ཚུལ་སོགས་ཅི་ཡང་མི་གསལ། «ཚད་མའི་བཀའ་ཐང»གི་ལེའུར། ཚད་མ་ལ་མངོན་སུམ་དང་རྗེས་དཔག་ཡིད་ཆེས་པའི་ལུང་བཅས་གསུམ་དུ་གྲངས་བཅད་མཛད། མདོར་ན་ཤེས་བྱའི་གནས་ལུགས་དེ་འཐད་མིན་ཚད་མ་གསུམ་གྱི་སྒོ་ནས་དཔྱོད་དགོས་ཤིང་། ཚད་མ་གསུམ་དེ་ཡང་དག་པ་ཡིན་མིན་ཡོངས་སུ་དག་པ་ལྔ་དང་མ་དག་པ་བདུན་གྱི་སྒོ་ནས་དཔྱོད་དགོས་པར་གསུངས་ཏེ། འདི་ནི«རྣམ་འགྲེལ»སོགས་སུ་ཤེས་བྱ་གནས་ལུགས་དེ་ཚད་མ་གཉིས་ཅི་རིགས་ཀྱིས་རྟོགས་ཤིང་དེ་ཉིད་མི་སླུ་བ་ཇི་ལྟར་འགྲུབ་པ་ལ་རང་ངེས་གཞན་ངེས་ཀྱི་སྐོར་གསུངས་པ་དང་མི་མཐུན་པའི་ཆ་གཙོ་བོ་ཞིག་ཡིན། ལྷག་མའི་བརྗོད་བྱ་རྒྱས་པར་བྲིས་ན་ཡི་གེ་མང་བར་འགྱུར་བས་བརྩོན་པ་དང་ལྡན་པ་དག་གིས་གཞུང་རང་ལ་ལྟ་བར་བྱ།

བཞི། རྩོད་པའི་རྣམ་གཞག་ཇི་ལྟར་འཁོད་པ་ཟུར་དུ་གླེང་བ།

«གཏན་ཚིགས་སྒྲུབ་པའི་ལེའུའི»ནང་དུ་འཁོད་པའི་རྩོད་པའི་ཚུལ་འདི་སྐབས་དེའི་རྩོད་པའི་སྒྲིག་གཞི་ཇི་ལྟར་ཡིན་པ་ལ་དཔྱད་གཞི་ཆེ་ཡང་མཐའ་དག་བཤད་ན་མང་བར་འགྱུར་བས་འགའ་ཞིག་བཤད་པར་བྱ།  དེ་ཡང་དེ་ཉིད་ལས། “དེ་ལ་དམ་བཅའ་བ་ཞེས་བྱ་བ་ནི་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་འབྲས་བུ་དང་བཅས་པར་ཁས་བླངས་པའོ། །འབྲས་བུ་གང་ཞེ་ན། གང་གིས་ཡལ་གཟུགས་འཁྲ་བར་བྱ་བ་ཡིན་ཏེ། ཇི་ལྟར་དམ་བཅས་མ་གྲུབ་ན་ཕ་ལོགས་ཀྱི་སྐྱབས་སུ་འགྲོ་བ་དང༌། དེའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། བསམ་གཏན་ལ་མཉམ་པར་གཞག་པ་དང་ཤེས་རབ་བསྒོམ་པའོ། །”ཞེས་རྩོད་པའི་སྔོན་དུ་རང་གི་ཇི་སྐད་དམ་བཅས་པ་དེ་བཞིན་དུ་འབྲས་བུ་བཅས་པ་ཁས་ལེན་དགོས་པ་དང་། འདིའི་འབྲས་བུ་ཡལ་གཟུགས་འཁྲ་བ་ལ་གསུངས་ཏེ།  དེ་ནི་རྩོད་པ་རྒྱལ་ཕམ་གྱི་སྐུགས་འཇོག་པ་ལ་གོ་བ་ཡིན། དེ་ཡང་རྩོད་པ་ཕམ་ན་གཞན་དེའི་བསྟན་པ་ལ་སྐྱབས་སུ་འགྲོ་བ་དང་། བསྟན་པ་ལ་ཞུགས་པ། བསམ་གཏན་ལ་མཉམ་པར་བཞག་པ་དང་ཤེས་རབ་བསྒོམ་པ་སོགས་དགོས་པར་བཤད། “འདི་ལྟ་བུ་ལ་སོགས་པ་སེམས་ཅན་གྱི་དོན་དུ་འགྱུར་བས་ཡལ་གཟུགས་འཁྲ་བར་བྱའི་ལྷ་ཁང་གཞིག་པ་དང་ཡུལ་གྲུ་དབྲོག་པ་དང་སྲོག་གི་བར་ཆད་དང༌། ལུས་ཀྱི་སྡུག་བསྔལ་དུ་འགྱུར་བ་ལ་སོགས་པ་སྡིག་ཏོ་མི་དགེ་བའི་ཡལ་གཟུགས་མི་བཅའོ། །”ཞེས་རྩོད་པ་ཕམ་པའི་ཆད་ལས་ལ་གོང་གི་དེ་ལྟ་བུ་བྱས་ན་སེམས་ཅན་གྱི་དོན་དུ་འགྱུར་གྱི། ལྷ་ཁང་གཞིག་པ་དང་ཡུལ་གྲུ་འཕྲོག་པ་དང་སྲོག་གི་བར་ཆད་དང་། ལུས་ཀྱི་སྡུག་བསྔལ་དུ་འགྱུར་བ་སོགས་ཀྱི་སྡིག་པའི་ལས་ལ་ཞུགས་སུ་མི་རུང་བར་གསུངས། དེའི་འཕྲོར། “ཡལ་གཟུགས་འཁྲ་བ་མེད་པར་བཙན་ན་ཡང་འགྲན་ཏོར་ཅན་ཁས་བརྒྱ་པ་དང་འདྲ་བར་འགྱུར་གྱི་ཅི་རིགས་པར་ཡལ་གཟུགས་འཁྲ་བར་བྱའོ། །”ཞེས་རྩོད་པ་རྒྱལ་ཕམ་གྱི་སྐུགས་མེད་ན་འགྲན་ཏོར་ཅན་ཁས་བརྒྱ་པ་དང་འདྲ་བས་ངེས་པར་ཆད་ལས་བྱ་དགོས་པར་བཤད།  དེའི་འཕྲོར། “ཡལ་གཟུགས་འཁྲས་བ་དེ་ལ་ཕམ་རྒྱལ་དང༌། གཉིས་ཀར་མི་འགྱུར་བའི་བྱེ་བྲག་ཏུ་བྱ་བ་ནི་ཡོན་ཡོད་པ་དང་ཁྲིན་ཅན་དང་བར་མདོ་དང་གསུམ་དུ་ཤེས་པར་བྱའོ། །དེ་གང་ཞེ་ན། མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མས་གྲུབ་ན་ཡོན་ཡོད་པ་ཞེས་བྱ་སྟེ། རྒྱལ་པོ་མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མས་སུན་ཕྱུང་བ་ཁྲིན་ཅན་ཞེས་བྱ་སྟེ་ཕམ་པའོ། །མཚན་ཉིད་བཞི་འམ་ལྔས་ཡོངས་སུ་མ་དག་པའི་ཚད་མས་གྲུབ་ཅེས་ཟེར་ཡང་རུང༌། སུན་བྱུང་ཞེས་ཟེར་ཡང་རུང༌། ཚད་དང་མ་སྦྱར་བར་ཆེ་གེ་མོ་ཞིག་གི་ཕྱིར་རོ་ཞེ་འམ། གང་ཆེ་གེ་མོ་ཞིག་ཏུ་འགྱུར་རོ་ཞེ་འམ། འདི་ལྟ་བུ་ལ་སོགས་ཏེ་ཚིག་རྒྱལ་བ་སྨྲས་པ་ནི་བར་མདོ་བ་ཞེས་བྱ་སྡེ། གྲུབ་པ་སུན་འབྱིན་པ་གཉིས་ཀ་ལ་མ་གཏོགས་ཀྱིས་སླར་བསྐྱར་བའི་གཏན་ཚིགས་ཞིག་ཡོད་ན་མཚན་ཉིད་ཀྱིས་ཡོངས་སུ་དག་པའི་ཚད་མ་དང་སྦྱར་ཞིང་གཏན་ལ་དབབ་པའོ། །ཕྱོགས་རེ་རེ་འཛིན་པ་གཉིས་ཀ་ལ་བསྐྱར་བའི་གཏན་ཚིགས་མེད་ན་ཁ་ཙམ་དུ་དོར་རོ། །”ཞེས་ཡོན་ཡོད་པ་དང་ཁྲིན་ཅན་དང་བར་མ་དོ་གསུམ་ལས་ཚད་མས་ཡོངས་སུ་དག་ན་ཡོན་ཡོད་པ་སྟེ་རྒྱལ་བ་དང་། ཚད་མས་སུན་ཕྱུང་ན་ཁྲིན་ཅན་ཏེ་ཆད་ལས་བྱ་ཡུལ་དང་། དེ་གཉིས་གང་ཡང་མིན་པར་རང་དགར་ཚིག་གིས་རྒྱལ་ཕམ་སྨྲ་བ་ནི་བར་མ་དོ་ཡིན་པས་རྒྱལ་ཕམ་གཉིས་ཀ་ལ་མ་གཏོགས་པའི་ཕྱིར་ཡང་བསྐྱར་གཏན་ཚིགས་ཡོད་ན་ཚད་མ་དང་སྦྱར་ནས་གཏན་ལ་དབབ་ཀྱི་མེད་ན་རྒྱལ་ཕམ་གང་གི་གྲས་སུ་མི་བརྩི་བར་དེ་གར་དོར་བར་བྱ་བར་གསུངས་སོ། །

དེའི་འོག་ཙམ་དུ། “གྲུབ་པའི་མཐའ་རྫོགས་པ་གང་ཞེ་ན། སོ་སོའི་ཕྱོགས་བཟུང་སྟེ། ཡང་དག་པ་གང་ཡིན་པའི་ཡུལ་བསྟོད་ན་གྲུབ་པའི་མཐའ་ཕྱོགས་འགའ་ཙམ་གྱིས་མི་བརྩད་པར་གཙུག་ལག་འབྱུང་བའི་མདོ་ཆེ་གེ་ཐོག་ཐག་ཏུ་བསྐྲུན་ཏེ། བཙད་ཀྱི་རོ་སྙིས་དྲག་གམ། སྨྲ་བདེ་མི་བདེ་འམ། ཚིག་དོར[12]མི་དོར་ཙམ་གྱི་ཡུས་སུ་མི་འབྱུང་ངོ༌། །དེ་སྟེ་ལ་ལ་ཞིག་ངོ་གང་དྲག་དང༌། སྨྲ་གང་བདེ་དང༌། སྒྲ་ལ་གང་མཁས་ཀྱིས་བརྒྱ་ཞིང་རྩོད་ན་ནི་འཇིག་རྟེན་གྱི་འགྲན་ཐོར་ཅན་ཁས་བརྒྱ་པར་ཟད་དེ་དོན་མེད་ཀྱིས་ཡལ་གཟུགས་མི་འཁྲ་བར་ཅི་དགར་རྩོད་ཅིག །”ཅེས་གྲུབ་མཐའ་ཕྱོགས་རེ་ཙམ་མི་རྩོད་པར་གཙུག་ལག་གི་མདོ་ཆེན་མོ་དག་ལ་རྩོད་དགོས་ཀྱི་རྩོད་པའི་རྒྱབ་དཔུང་སུ་བཙན་དང་། སྨྲ་བདེ་མི་བདེ་དང་། ཚིག་དོར་མི་དོར་སོགས་ལ་བལྟ་མི་རུང་བ་དང་།  ངོ་གང་དྲག་དང་། སྨྲ་གང་བདེ་དང་། སྒྲ་ལ་གང་མཁས་ཀྱིས་རྩོད་ནས་རྒྱལ་ན་ཡང་རྒྱལ་བའི་དོན་མེད་པས་སྐུགས་མི་འཇོག་པར་གསུངས།

དེའི་འོག་ཏུ། “གཙུག་ལག་གི་མདོ་བསྐྲུན་པ་དེ་ཡང་གང་ཞེ་ན། ཆོས་སོ་ཅོག་གི་ཐོག་མའི་མཐའ་དང་ཐ་མའི་མཐའི་ལོ་རྒྱུས་དང༌། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རིམ་པ་དང་རྣམ་གྲངས་དང༌། འཁོར་བ་ན་གནས་པའི་རྒྱུ་ཅི་ལས་བྱུང༌། ཐར་པར་བྱ་བའི་ལམ་གང་ཡིན། འཁོར་བ་ན་གནས་པའི་ཉེས་པ་ཅི་ཡོད། ཐར་པར་གྱུར་པའི་ཡོན་ཏན་ཅིས་འཕགས། ལུང་ལས་འབྱུང་བའི་ཚིག་འགལ་བ་འདྲ་བ་ཞིག་ཡོད་ན་གང་ཡང་མི་སྤང་བར་གཉིས་ཀ་མཐུན་པར་སྒྲུབ་པ་དང༌། འདི་རྣམས་བསྐྲུན་པའོ། །”[13]ཞེས་རྩོད་པའི་གཞི་བསྟན་པའང«དབའ་བཞེད»དུ་ཞང་བཙན་བཞེང་ལེགས་གཟིགས་དང་བཻ་རོ་ཙ་ན་གཉིས་ཀྱིས་རྩོད་པའི་ཚུལ་བཀོད་པ་དྲན་སློང་པ་ཞིག་ཏུ་སྣང་། རྩོད་ལན་བྱ་སྐབས་མངོན་པ་ནས་བཤད་པ་ལྟར་མགོ་གཅིག་པ་དང་། རྣམ་པར་ཕྱེ་བ་དང་། དྲི་བ་། ལུང་དུ་མི་བསྟན་པ་བཅས་བཞི་བཤད་པ་ལས་ཕྱིས་ཀྱི་འདོད་ལེན་དང་རྟགས་མ་གྲུབ་སོགས་ཀྱི་རྣམ་བཞག་ཅི་ཡང་བཤད་མེད་པ་སྨོས་མ་དགོས།

ལྔ། ཁུངས་གང་ལ་གཏུགས་པ།

འདིའི་དབུར«དགོངས་འགྲེལ»ལས་གསུངས་པའི་རིགས་པ་བཞི་འབྲི་བར་གསུངས་པ་ལྟར་གཙོ་བོ«དགོངས་འགྲེལ»ལ་གཏུགས་པ་ཡིན་ཞིང་། གཞུང་གི་སྤྱི་ཁོག་གི་འགྲོས་ཀྱང«དགོངས་འགྲེལ»གྱི་རིགས་པ་བཞི་གསུངས་པའི་གཞུང་དང་སྤྱིའི་ཆ་ནས་མཐུན། འོན་ཀྱང་འདིའི་ནང་དུ་དྲངས་པའི«དགོངས་འགྲེལ»གྱི་ཚིག་དུམ་བུ་དག་ཚིག་སྦྱོར་གྱི་ཆ་ནས་ད་ལྟ་མཇལ་དུ་ཡོད་པའི་བོད་ཡིག་ཐོག་བཞུགས་པའི«དགོངས་འགྲེལ»གྱི་འགྱུར་དང་ཅུང་ཟད་མི་འདྲ་བ་ཞིག་ཏུ་སྣང་ཞིང་དོན་གྱི་གནད་གཅིག་ཏུ་བབ་ཡོད། ད་དུང«དྲན་པ་ཉེར་བཞག་གི་མདོ།» ཆོས་མངོན་པ།(མངོན་པའི་གཞུང་གང་ཡིན་མི་གསལ།) «འཕགས་པ་ལང་ཀ་གཤེགས་པའི་མདོ།» «འཕགས་པ་ཕུང་པོ་གསུམ་པའི་མདོ།» «འཕགས་པ་བཟང་སྐྱོང་གིས་དྲིས་པའི་མདོ།» «འཕགས་པ་རྒྱ་ཆེར་རོལ་བའི་མདོ།» «ཐམས་ཅད་མཁྱེན་པས་གསུངས་པའི་སྡེ་སྣོད་གསུམ་པའི་ལུང་།»  «འཕགས་པ་ཆོས་ཀུན་འགྲོ་བའི་མདོ།» «འཕགས་པ་མ་དྲོས་པ་ཀླུའི་རྒྱལ་པོས་དྲིས་པའི་མདོ།» «འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ»སོགས་ཀྱི་ལུང་ཡང་དྲངས་པར་མཛད་ཡོད། གཞན་ཡང་འདི་ཉིད་ལས། “ཨཱ་ཙརྱ་ཨཱ་སཾ་གས་སྨྲ་བའི་རྒྱན་རྣམ་པ་ལྔར་བསྟན་པ་ལྟ་བུའི་ཚུལ་གྱིས་ཚིག་ཏུ་བརྗོད་ཅིང་བསྟན་པའོ། །”[14]ཞེས་གསུངས་པའི་སྨྲ་བའི་རྒྱན་ལྔ་ཐོགས་མེད་ཀྱི«སའི་དངོས་གཞི»[15]རུ་གསལ་ཞིང། ཨཱ་ཙརྱ་ཨསཾ་ག་ཞེས་པའང་འཕགས་པ་ཐོགས་མེད་ཡིན། ཚད་མ་ལ་མངོན་སུམ་དང་རྗེས་སུ་དཔག་པ་ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་དུ་གསུངས་པའང་ཐོགས་མེད་ཀྱི«རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི»སོགས་སུ་གསུངས་པ་དང་མཐུན། འདིའི་ནང་དུ་ཕྱོགས་གླང་ཡབ་སྲས་ཀྱི་མཚན་མ་བྱུང་ལ་དེའི་གཞུང་དྲངས་ནས་ཁུངས་སུ་བྱས་པ་ཡང་མི་སྣང་། ལེའུ་བཅུ་གཉིས་པར།  “བརྟི་ཀའི་ཚུལ་གསུམ་པའི་རྗེས་སུ་དཔག་པ་ནི་བེའི་ཤེ་ཤི་ཀའི་(བྱེ་བྲག་པ)རྗེས་སུ་དཔག་པའི་མཚན་ཉིད་དཔག་པར་བྱ་བ་དང་འབྲེལ་པར་གྲུབ་པ་དེ་དང་ལྡན་པ་ལ་ཡོད་པ་དེ་མེད་པའི་རྟགས་ཀྱིས་རྗེས་སུ་དཔག་གོ་ཞེས་ཟེར་བ་དང་མཐུན་སྟེ། དེ་ལ་ཡང་ཁྱབ་པར་སྟོན་པས་མི་མཐུན་པར་ཡོད་པ་དང་། སང་ཀྱ་དང་བརྟི་ཀ་པ་ལ་སོགས་པའི་བདག་དང་གཞན་གྱི་རྗེས་སུ་དཔག་པ་ཞེས་བྱ་བ་ཡང་ནེའི་ཡ་ཡི་ཀའི་ཚད་མ་དང་མཐུན་པ་རྟགས་དུ་བ་ལ་སོགས་པ་མཐོང་བའི་རྗེས་སུ་དཔག་ཏུ་ཟད་དེ་མཚན་ཉིད་གཞན་དང་མི་སྦྱོར་བས་དུ་བ་མཐོང་བ་ལ། ན་བུན་ལྟ་བུ་འདྲ་བ་གཞན་དང་ནོར་བ་ཡང་འབྱུང་སྟེ་ཆར་གང་ན་འབབ་པ་ན་མེ་ཡོད་པར་དཔོག་པ་ལྟ་བུ་རང་བཞིན་ལ་སོགས་པ་མི་མཐུན་པ་ཡོད་པ་དང་། བརྟི་ཀ་པའི་མི་དམིགས་པའི་གཏན་ཚིགས་ནི་མི་མན་ས་ཀའི་(སྤྱོད་པ་བ) དངོས་པོ་མེད་པའི་ཚད་མ་དང་མཐུན་ཏེ། ཕྱོགས་ཀྱི་བྱེ་བྲག་ལ་ལ་ཞིག་ན་བུམ་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར་བུམ་པ་མེད་པར་སྤྱོད་པའི་ཡུལ་དུ་འགྲུབ་སྟེ། རི་བོང་གི་རྭ་ལ་སོགས་པ་གཞན་མེད་པའི་ཡུལ་དུ་གྲུབ་པ་བཞིན་ནོ་ཞེས་བྱ་བ་ཡང་བུམ་པ་མེད་པའི་ཐང་བུ་མངོན་སུམ་དུ་གྱུར་པ་ལས་བུམ་པ་མེད་པ་ཞེས་བྱ་བ་ཡང་ལོགས་ཤིག་ན་མེད་པས་བསྒྲུབ་པ་དང་། སྒྲུབ་པར་བྱེད་པ་གཉིས་སུ་དབྱེར་མེད་དེ་རང་བཞིན་མི་མཐུན་པ་ཡོད་པ་དང་། ”[16]ཞེས་གསུངས་པའི་བརྟི་ཀ་ཞེས་པ«རྣམ་འགྲེལ»ཡིན་ནམ་སྙམ་སྟེ། འདིའི་ནང་དུ་གསུངས་པའི་ཚུལ་གསུམ་གྱི་དོན་དང་རྗེས་དཔག་གཉིས་སུ་གསུངས་པ་དང་། མི་དམིགས་པའི་རྟགས་ཀྱི་མཚན་གཞི་སོགས«རྣམ་འགྲེལ»ལྟར་དུ་འདུག་པས་སོ། །འོན་ཀྱང་དེ་འདིར་བཀག་པར་མཛད་པ་ནི་ཡ་མཚན་ཏེ། ཞི་འཚོ་ཡབ་སྲས་ཀྱིས«རྣམ་འགྲེལ»ལས་གསུངས་པའི་རྟགས་ཡང་དག་གི་མཚན་ཉིད་དང་གཏན་ཚིགས་ཡང་དག་གསུམ་གྱི་མཚན་གཞི་ཚད་མའི་གྲངས་དང་མཚན་ཉིད་སོགས་གཅིག་ཏུ་ཚད་མར་འཛིན་པ་དེ་གཉིས་ཀྱི་གཞུང་ལ་བལྟས་པས་ཤེས་ཤིང་། འདིའི་མཛད་པོ་མཁན་ཆེན་གྱི་སློབ་མ་ཡིན་བཞིན་དུ་དེ་ལྟར་བཀག་ནས་འདུག་པས་སོ། །

དེ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ«རྣམ་འགྲེལ»རྩ་བ་དང་། དེའི་འགྲེལ་པ། «ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་རྩ་འགྲེལ»རྣམས་འགྱུར་འཕྲོ་ཞིག་དང་། གཞན«རིགས་ཐིགས»སོགས་ཚད་མའི་བསྟན་བཅོས་ཐོར་བུ་ཉེར་ལྔ་འགྱུར་བ«དཀར་ཆག་ལྡན་དཀར་མའི»ནང་དུ་འཁོད་ཡོད། གཞན་ཡང«དཀར་ཆག་འཕང་ཐང་མའི»ནང་དུ་བོད་མིས་བརྩམས་པའི་གྲས་སུ།“ ན་ཡ་བིན་དྷུའི་བརྗེད་བྱང་། བམ་པོ། ན་ཡ་བིན་དྷུའི་སྐབས་ཀྱི་བརྗེད་བྱང་། ཤུ་ལོག”[17]ཅེས་པ་གཉིས་འཁོད་ཡོད་ཅིང་། འདིའི་ན་ཡ་བིན་དྷུ་ནི«རིགས་ཐིགས«ཀྱི་སྐད་དོད་ཡིན།  འདི་ཉིད་བསྟན་པ་སྔ་དར་གྱི་སྐབས་སུ་ཡོད་པ་གདོན་མི་ཟ་ཡང་ད་ལྟའི«བསྟན་འགྱུར«སོགས་སུ་མི་བཞུགས།  གཞན་ཡང་བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ལོ་ཙཱ་བ་དྷརྨ་ཨ་ལོ་ཀ་དང་། བཻ་རོ་ཙ་ན་དང་། ཡེ་ཤེས་སྡེ་དང་། དཔལ་བརྩེགས་དང་། ལོ་ཆེན་ནམ་མཁའ་སྟེ་ལྔ་ཡོད་པ་དེ་དག་གིས་བསྒྱུར་བའི་འགྱུར་བྱང་འཁོད་པའི་གཞུང་ཚན་བཅུ་བཞི་ད་ལྟའི«བསྟན་འགྱུར»དུ་བཞུགས་པའི་ནང་དྷརྨ་ཨ་ལོ་ཀས་བསྒྱུར་བའི«ཕྱོགས་ཆོས་དགུའི་འཁོར་ལོའི»འགྱུར་བྱང་དུ[18]མཁན་ཆེན་ཞི་བ་འཚོ་དང་མཉམ་དུ་བསྒྱུར་བ་གསལ་བ་ལས་ཁྲི་སྲོང་གི་སྐུ་དུས་སུ་བསྒྱུར་བ་ཤེས་ཐུབ། འོན་ཀྱང་ཁྲི་སྲོང་གི་དུས་སུ«ཚད་མ་མདོ»དང«སྡེ་བདུན»ལ་འཆད་ཉན་བྱ་བའི་སྲོལ་མ་དར་བ་ཡིན་ནམ་གང་ལྟར«བཀའ་ཡང་དག་པའི་ཚད་མ་ལས་མདོར་བཏུས་པའི»ནང་དུ་རིགས་པ་བཞིའི་སྐོར་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ལྟར་དུ་བཤད་མེད་ཅིང་། ཕྱིས་ཀླུའི་རྒྱལ་མཚན་གྱིས་བརྩམས་པའི«དགོངས་འགྲེལ་གྱི་འགྲེལ་པ»རུ་རིགས་པ་བཞིའི་སྐོར་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ལྟར་དུ་བཤདཡོད། དེས་ན«བཀའ་ཡང་དག་པའི་ཚད་མ་ལས་མདོར་བཏུས་པ»ནི་ཕྱིས་ཀྱི་མཁས་པ་དག་གིས་རྒྱ་གར་གྱི་ནང་པའི་ཚད་མ་ལ་དུས་རིམ་གསུམ་དུ་ཕྱེ་བ་ལྟར་ན་འདི་ནི་དུས་རིམ་དང་པོ་སྟེ། ཕྱོགས་གླང་གོང་གི་ནང་པའི་ཚད་མའི་སྐོར་ཏེ«དགོངས་འགྲེལ»ནང་གི་རིགས་པ་བཞི་དང་། ཐོགས་མེད་ཀྱི་གཞུང་དུ་བྱུང་བའི་ཚད་མའི་སྐོར་ཐོར་བུ་བ་དག་གི་རྗེས་སུ་འབྲངས་ཏེ་བྲིས་པ་ཞིག་ཡིན།

དྲུག ཐ་སྙད་འགའ་ཟུར་དུ་བཀོལ་བ།

“འབྲུ་མར་རེད་པ་ནི་མཐུན་པ་ལྟོས་པའོ། །”ཞེས་དང“དངོས་པོར་རེད་པ་དེ་དག”ཅེས་གྲུབ་པའི་དོད་དུ་རེད་ཅེས་བྲིས་པ་དང་། “ཆོས་གག་ཀྱང་མྱ་ངན་ལས་བཟླར་མེད་པས”ཞེས་དང“སྤྱོད་ལམ་བཞི་ལས་གག་ཀྱང་རུང”ཞེས་གང་ཞེས་པའི་དོད་དུ་གག་བྲིས་པ་དང་། “ལོག་པར་ལྟ་བའི་དྲ་བ་བསྩལ་བའི་ཕྱིར།”ཞེས་བསལ་ཞེས་པའི་ས་ལ་ཙ་བཏགས་པ་སོགས་སུ་བྱུང་སྟེ། དེ་ནི་ཁྲི་སྲོང་དུས་ཀྱི་གསུང་རབ་རྣམས་སུ་འབྱུང་བ་སྐྱོག་སྟོན་གྱི«ལི་ཤིའི་གུར་ཁང»དུ་གསུངས། འོན་ཀྱང་དེ་ལྟར་གཅིག་ཏུ་ངེས་པའང་མིན་ཏེ། ཕྱིས་ཀྱི་པ་ཚབ་ཀྱིས་བསྒྱུར་བའི«དབུ་མ་ཚིག་གསལ»དུ། “སྐྱེ་བས་ན་སྐྱེ་བ་སྟེ་བདག་ཉིད་ཀྱིས་དངོས་པོར་རེད་པའོ། །”[19]ཞེས་བྱུང་བ་ལྟ་བུ་ཕྱིས་སུ་བསྒྱུར་བའི་གཞུང་དུའང་མང་པོ་མཐོང་རྒྱུ་ཡོད་པར་སྣང་། ཡང“འཕགས་པའི་ས་ཐོབ་པས་གོང་མའི་ས་ཡོངས་སུ་གྲེག་པར་བྱེད་པ་ལ་སོགས་པའོ། །”ཞེས་དང“ཡོངས་སུ་གྲེགས་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་མངོན་སུམ་དུ་དམིགས་པ་དང་། རྗེས་སུ་དཔག་པར་རིག་པ་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བ་དང་གསུམ་ཚོགས་ན་འགྲུབ་པ་ལ་གཅིག་ཏུ་ངེས་པ་འདི་ནི་ཡོངས་སུ་གྲེགས་པའི་མཚན་ཉིད་ཅེས་བྱ་སྟེ། ”ཞེས་ཡོངས་སུ་གྲེགས་ཞེས་པ་ཞིག་ལན་མང་དུ་བྱུང་སྟེ། དོན་ནི་ཡོངས་སུ་གྲུབ་པ་ཞེས་པ་སྟེ། «མདོ་སྡེ་དགོངས་འགྲེལ»དུ་གསལ།[20]ཡང“གང་གིས་ཡལ་གཟུགས་འཁྲ་བ་བྱ་བ་ཡིན་ཏེ།”ཞེས་དང་།“སྡིག་ཏོ་མི་དགེ་བའི་ཡལ་གཟུགས་མི་བཅའོ། །”ཞེས་དང་། “ཡལ་གཟུགས་འཁྲ་བ”་ཞེས་པ་ལེན་འགའ་བྱུང་སྟེ། དོན་ནི་རྒོལ་སྔ་ཕྱི་རྩོད་པའི་ཚེ་རྒྱལ་ཕམ་གྱི་སྐུགས་འཇོག་པ་ལ་གོ་བ་ཡིན།  “འབྲུ་ལྷག་ལྷུག་ཙམ་དུ་བརྔོས་ཏེ”ཞེས་པ་ནི་འབྲུ་ཅུང་ཟད་བརྔོས་པ་ལ་ཟེར་བར་སྣང་། “གང་བཏང་བསྐྲུན་ཞེས་འདྲི་བ་དང”ཞེས་པ་ལྟ་བུ་བསྒྲུན་གྱི་ཚབ་ཏུ་བསྐྲུན་ཞེས་དྲིས་པ་མང་དུ་མཐོང་། ཡང“དྲང་བ་གང་ཞེ་ན། འཕགས་པ་ལང་ཀ་གཤེགས་པའི་མདོ་ལ་སོགས་པ་ལས་འབྱུང་བ་ལྟ་བུའི་སྒྲོ་འདོགས་པ་དང་ཕྲི་བ་མེད་པའོ། །”[21]ཞེས་པའི་ཕྲི་བ་མེད་པ་ནི་སྐུར་འདེབས་མེད་པ་སྟེ། འདིའི་ཕྲི་བ་དང་ཕྱིས་ཀྱི་སྐུར་འདེབས་གཉིས་དོན་གཅིག་ཏུ་སྣང་། ཡང“ཡོན་ཡོད་པ་དང་ཁྲིན་ཅན་དང་བར་མ་དོ”གསུམ་གསུངས་པའི་ཡོན་ཡོད་པ་ནི་རྩོད་པ་རྒྱལ་ནས་ཡོན་ཡོད་པ་དང་། ཁྲིན་ཅན་ནི་རྩོད་པ་ཕམ་ནས་ཆད་ལས་དང་ལྡན་པ་དང་།  བར་མ་དོ་ནི་རྒྱལ་ཕམ་གང་ལ་ཡང་མ་གཏོགས་པ་ལ་བྱ། གཞན་ཡང“བཙད་ཀྱི་རོ་སྙིས་དྲག་གམ།”ཞེས་དང་། “རྨེའུ་དང་སོ་བ་ཡང་ནས་སུ་རིགས་གཅིག་པ་དང་། སྐྱུར་རྩི་དང་ཅི་ཁག་ཀྱང་ཤིང་གི་ནང་ན་རིགས་མཐུན་པ་ནི་འདྲ་བའི་ཆ་ཡོད་པའོ། །”ཞེས་དང་། “ཀླན་ཀ་ཚོལ་བ་ལ་སྐུངས་གཞར་བར་ཕྱིར་དྲིས་ཏེ་བསྟན་ཏོ། །”ཞེས་སོགས་བྱུང་སྟེ་ཞིབ་ཏུ་དཔེ་རང་ལ་གཟིགས་པར་འཚལ། “ཨཱ་ཙརྱ་ཨཱ་སཾ་ག”ཞེས་དང་། “ཟ་ཧོར་གྱི་བིཀྵུ་ཐེག་པ་ཆེན་པོ་པ་ཡུལ་ཁ་ག་ས་ར་ནར་སྐྱེས་པ་དར་མ་ཤཱནྟི་གྷོ་ཥ་ཞེས་བྱ་བ་འཇིག་རྟེན་གྱིས་ཨཱཙརྱ་བོ་དྷི་སཏྭ་ཞེས་བཏགས་པ”ཞེས་དང་། “འཕགས་པ་ནཱ་གརྫུ་ནས་ཆོས་ཀྱི་སྙིང་པོ་དགེ་བར་ཇི་སྐད་བཤད་པ་བཞིན་ནོ། །”ཞེས་མིའི་མིང་འབྲི་སྐབས་རྒྱ་སྐད་སོར་བཞག་གིས་བྲིས་པ་ཡང་གནའི་འབྲི་ལུགས་སུ་སྣང་སྟེ། «སྒྲ་སྦྱོར་བམ་པོ་གཉིས་པའི»གླེང་གཞིར།  “ཉི་འོག་གི་མཁན་པོ་ཨཱ་ཙཱརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨྨ་ཏཱ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨྨ་དང་། རཏྣེནྡྲ་ཤཱི་ལ་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ།” ཞེས་དང་།“གནའི་མཁན་པོ་ཆེན་པོ་ནཱ་གཱ་རྫུ་ན་དང་། བ་སུ་བནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང་།[22]ཞེས་དང་། «ལྟ་བའི་ཁྱད་པར»མཁན་པོ་ཡེ་ཤེས་སྡེས་མཛད་པ་ལས། “ཨཱཙཱརྱ་ནཱ་ག་རྫུ་ནས་དབུ་མའི་ཀ་ཀ་རི་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མ་ཞེས་བྱ་བ་དང་། ”ཞེས་དང་། “ཨཱཙཱརྱ་བྷ་བྱས་མཛད་པ་ལ་ནི་མདོ་སྡེ་བའི་དབུ་མ་ཞེས་བཏགས། ”ཞེས་དང“ཨཱཙཱརྱཤཱནྟ་རཀྵི་ཏས་མཛད་པ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་བཏགས་སོ། །”[23]ཞེས་དང་། “ཨཱརྻ་ཙཱརྻ་ཀ་མ་ལ་ཤཱི་ལས་དབུ་མའི་བསྟན་བཅོས་དབུ་མ་སྣང་བ་ཞེས་བྱ་བ་མཛད་པ་ལས་ནི”[24]ཞེས་དང་། “སྔོན་གྱི་དབུ་མའི་མཁན་པོ་ཨཱཙཱརྱ་ནཱ་གཱ་རྫུ་ན་དང་། ཨཱརྱ་དེ་ཝས་དབུ་མའི་བསྟན་བཅོས་མཛད་པར་ཟད་དེ། རྣམ་པར་གཉིས་སུ་ཕྱེ་བ་ཡང་མེད། དེའི་འོག་ཏུ་ཨཱཙཱརྱ་ཨ་སཾ་ག་དང་། བ་སུ་བན་དྷུས་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་བསྟན་བཅོས་མཛད་དེ”[25] ཞེས་སོགས་བྱུང་བ་ལྟར་རོ། །

བདུན། མཇུག་བསྡུ་བ།

དེ་ལྟར་གཞུང་འདི་ལས་སྐབས་དེར་བོད་མིའི་ནང་མཚན་ཉིད་ཀྱི་གཞུང་གི་ཤེས་ཚད་ཧ་ཅང་མཐོ་པོ་ཅན་བྱུང་ཡོད་པ་དང་། འདིའི་མཛད་པ་པོས་དེ་བཞིན་གཤེགས་པའི་གསུང་རབ་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་དང་། སྒྲ་ལ་མཁས་པ་དང་ཚད་མའི་སྒོ་ནས་ཆོས་རྣམས་ཀྱི་གནས་ལུགས་རྟོགས་པ་ལ་ཡང་མེད་དུ་མི་རུང་བ་ལྟ་བུར་མཐོང་གི་ཡོད་པ་དང་། རིགས་ལམ་ལ་ཤིན་ཏུ་རྩིས་ཆེན་པོ་བྱེད་པ། དེ་ཡང་མཁན་ཆེན་གྱི་ཤུགས་རྐྱེན་ལས་བྱུང་བ།   རིགས་པའི་ལམ་ནས་རྩོད་པ་རྒྱལ་ཕམ་བྱུང་ཚེ་བསྟན་པ་ལ་ཞུགས་པ་སོགས་ཀྱི་ཆད་པ་གཅོད་པ་ལས་ལུས་དང་སྲོག་ལ་གནོད་པའི་ལས་མི་བྱ་བའི་འདུ་ཤེས་དང་ལྡན་པ། སྐབས་དེར་སྔ་དར་ནང་པའི་ཚད་མ་ལས་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་འཆད་ཉན་བྱུང་མེད་དམ་སྙམ་པ།   སྐབས་དེའི་འགྱུར་དང་བསྟན་བཅོས་ཀྱི་ཚིག་གི་འགྲོས། གཞན་བོད་ཀྱི་ཚད་མའི་ལོ་རྒྱུས་ཀྱི་ཆ་ཤས་ཏེ་བསྟན་པ་སྔ་དར་སྐབས་ཀྱི་ཚད་མའི་འཆད་ཉན་གྱི་ཐོག་མའི་རྣམ་པ་སོགས་རགས་ཙམ་རྟོགས་ཐུབ་པ་ཡིན་ནོ། །


མཆན་དང་ལུང་ཁུངས།

[1]ཁྲི་སྲོང་ལྡེ་བཙན། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།» «སྡེ་བསྟན»ཤིང་པར། སྣ་ཚོགས། (ཅོ) ཤ་174་རྒྱབ་ངོས།

[2]བཅོམ་ལྡན་རིག་པའི་རལ་གྲི། «བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད།»དབུ་མེད་བྲིས་མ། 49མདུན།

[3]ཁྲི་སྲོང་ལྡེ་བཙན། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།» «སྡེ་བསྟན»ཤིང་པར། སྣ་ཚོགས། (ཅོ) ཤ་205་རྒྱབ་ ངོས།

[4]«བུ་སྟོན་ཆོས་འབྱུང»དུ་འཐད་པ་བསྒྲུབས་པའི་གཏན་ཚིགས་ཀྱི་སྐབས་ནས་ཞེས་གསུངས་ཀྱང་གཞུང་རང་དུ་ལྟོས་པའི་རིགས་པའི་སྐབས་སུ་བྱུང་།

[5]ཀླུའི་རྒྱལ་མཚན།  «འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ།» «སྡེ་བསྟན»ཤིང་པར། སྣ་ཚོགས།(ཇོ) ཤ་136་རྒྱབ་ངོས།

[6]འདིའི་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་དང་རྫུ་འཕྲུལ་ནི་དེའི་སྤྲུལ་པ་སྟེ་དོན་ལ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཞེས་པའི་དོན་ཡིན་ནམ་དཔྱད།

[7]བཅོམ་ལྡན་རིག་པའི་རལ་གྲི། «བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད།» འབྲས་སྤུངས་གནས་བཅུའི་ལྷ་ཁང་ནས་ཐོན་ཞིང་ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱིས་གློག་ཀླད་དུ་བཅུག་པའི་སྣེ་རིང་།  ལྡེབ། 40མདུན་ངོས་ན། “ཞི་བ་འཚོའི་སློབ་མ་ཟ་ཧོར་དྷརྨ་ཤན་ཏི་གྷོ་ཤས་བྱས་པའི་བཀའ་ཡང་དག་པའི་ཚད་མའམ་ཚད་མའི་ཡོན་ཏན་བཀོད་པ་ལེའུ་བཅོ་བརྒྱད་པ། ”ཞེས་དང་། ཡང་ལྡེབ། 75མདུན་ངོས་ན། “དཔལ་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་འབུམ་གྱི་རྒྱ་ཆེར་འགྲེལ་པ་དང་བརྗེད་བྱང་གཉིས། བཀའ་ཡང་དག་པའི་ཚད་མའི་མདོར་བསྟན་བམ་པོ་གཅིག” ཅེས་བྱུང་བས་དཔྱད།

[8]ཁྲི་སྲོང་ལྡེ་བཙན། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།» «སྡེ་བསྟན»ཤིང་པར། སྣ་ཚོགས། (ཅོ) ཤ་192་རྒྱབ་ངོས།

[9]«བྱེ་བྲག་རྟོགས་བྱེད»དང«ལྟ་བའི་ཁྱད་པར»གཉིས་ཀར་ཞི་བ་འཚོའི་མཚན་ལ་ཤནྟ་རཀྵི་ཏཿཞེས་བྲིས་ཡོད་པས་འདིར་ཤཱནྟི་གྷོ་ཥ་ཞེས་བྱུང་བར་ཡིག་ནོར་ཡིན་ནམ་ད་དུང་ཅུང་ཟད་དཔྱད་འོས། །ཏཱ་ར་ནཱ་ཐའི«རྒྱ་གར་ཆོས་འབྱུང»ལས། “ལྷ་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ན། མཁན་པོ་བོ་དྷི་ས་ཏྭའི་མཚན་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཞི་བའི་དབྱིངས་ཞེས་པ་ཡིན་པར་བཤད་ཀྱང༌། མཚན་དུ་མ་འབྱུང་བ་མི་འགལ་ཞིང༌། རང་གི་མཁན་བུ་སད་མི་མི་བདུན་ཀུན་ལའང་རཀྵི་ཏ་ཞེས་པའི་ཤཱནྟ་རཀྵི་ཏའི་མཚན་ཟུར་རེ་ཡང་འདུག་པས་མཚན་གྱི་རྣམ་གྲངས་ཞི་བ་འཚོ་ཡང་ངེས་པར་ཡིན་ནོ། །འོན་ཀྱང་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བཤད་མཛད་མཁན་གྱི་ཞི་བ་འཚོ་དང༌། དབུ་མ་རྒྱན་མཛད་པ་པོ་ཞི་བ་འཚོ་མི་གཅིག་པར་འདོད་པ་ལྟར་ན། དེ་གཉིས་ལས་གང་ཡིན་བརྟག་དགོས་པ་ཙམ་སྣང་ངོ༌། །”ཞེས་བྱུང་། ཏཱ་ར་ན་ཐ། «རྒྱ་གར་ཆོས་འབྱུང» [M] ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤ 257

[10]ཞི་བ་འཚོ། «དབུ་མ་རྒྱན་གྱི་རང་འགྲེལ།» «སྡེ་བསྟན»ཤིང་པར། དབུ་མ། (ས) ཤ་83་མདུན།

[11]སྟོན་པ་ཤཱཀྱ་མུ་ནེ། «འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོ།» «སྡེ་དགེའི་བཀའ་འགྱུར»ཤིང་པར། མདོ་མང་། (ཅ) ཤ་51་མདུན་ངོས།

[12]ཚིག་དོར་ནི་རྟོག་གེའི་ཚིག་དོན་བཅུ་དྲུག་གི་ཡ་གྱལ་ཏེ། «ཚད་མ་རྣམ་པར་འཇོམས་པ་མདོར་བཤད་པའི་འགྲེལ་པ»ལས། “ཚིག་དོར་གྱི་མཚན་ཉིད་ཀྱང་ཕྱིར་རྒོལ་བ་དང་རྩོད་པའི་དུས་སུ་ཚིག་ཟློས་བུ་ལ་སོགས་པ་སྐྱོན་དུ་གྲུབ་པ་ཁོ་ནའོ་ཞེས་ཟེར་རོ། །”ཞེས་གསུངས། «སྡེ་བསྟན»ཤིང་པར། དབུ་མ(ཨ) 295མདུན་ངོས་ན་གསལ།

[13]ཁྲི་སྲོང་ལྡེ་བཙན། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།» «སྡེ་བསྟན»ཤིང་པར། སྣ་ཚོགས། (ཅོ) ཤ་179་རྒྱབ་ངོས།

[14]ཁྲི་སྲོང་ལྡེ་བཙན། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།» «སྡེ་བསྟན»ཤིང་པར། སྣ་ཚོགས། (ཅོ) ཤ་181་རྒྱབ་ངོས།

[15]ཐོགས་མེད་ཀྱི«སའི་དངོས་གཞི»ལས། “སྨྲ་བའི་རྒྱན་གང་ཞེ་ན། དེ་ནི་རྣམ་པ་ལྔར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། བདག་དང་ཕ་རོལ་གྱི་ལུགས་ཤེས་པ་དང་། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ་དང་། མི་འཇིགས་པ་དང་། བརྟན་པ་དང་། ངོ་མི་བཟློག་པའོ། །”(«སྡེ་བསྟན»ཤིང་པར། སེམས་ཙམ། (ཚི) ཤོག་ངོས་195མདུན་ངོས་ན་གསལ།)ཞེས་གསུངས་སོ། །

[16]ཁྲི་སྲོང་ལྡེ་བཙན། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།» «སྡེ་བསྟན»ཤིང་པར། སྣ་ཚོགས། (ཅོ) ཤ་200་རྒྱབ་ངོས།

[17]དཔལ་བརྩེགས་དང་ཆོས་ཀྱི་སྙིང་པོ་སོགས། «དཀར་ཆག་འཕང་ཐང་མ།» [M] པེ་ཅིང་། མི་རིགས་དཔེ་སྐྲན་ཁང་། 2012ལོའི་པར་ཐེངས་དང་པོ།  ཤ་56

[18]སློབ་དཔོན་ཕྱོགས་ཀྱི་གླང་པོ། «ཕྱོགས་ཆོས་དགུའི་འཁོར་ལོ།» «སྡེ་བསྟན»ཤིང་པར། ཚད་མ། (ཅེ)ཤ་93མདུན་ངོས།

[19]ཟླ་བ་གྲགས་པ།  «དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ།» «སྡེ་བསྟན»ཤིང་པར། དབུ་མ། (འ)ཤ་4་མདུན་ངོས།

[20]«དགོངས་འགྲེལ»ལས། “དེ་ལྟར་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་གང་ཡིན་པ་དེ་ནི་གྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཕྱིར་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །” («སྡེ་དགེའི་བཀའ་འགྱུར»ཤིང་པར། མདོ་མང་།(ཅ)ཤ51རྒྱབ་ངོས་ན་གསལ།) ཞེས་སོ། །

[21]ཁྲི་སྲོང་ལྡེ་བཙན། «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ།» «སྡེ་བསྟན»ཤིང་པར། སྣ་ཚོགས། (ཅོ) ཤ་179་རྒྱབ་ངོས།

[22]པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤི་ལ་དང་། ལོ་ཙཱ་བ་ཛྙཱ་ན་སེ་ན་སོགས། «སྒྲ་སྦྱོར་བམ་པོ་གཉིས་པ།»   «སྡེ་བསྟན»ཤིང་པར། སྣ་ཚོགས། (ཅོ) ཤ་131་རྒྱབ་ངོས།

[23]མཁན་པོ་ཡེ་ཤེས་སྡེ།  «ལྟ་བའི་ཁྱད་པར།» «སྡེ་བསྟན»ཤིང་པར། སྣ་ཚོགས།(ཇོ) ཤ་213་རྒྱབ་ངོས།

[24]མཁན་པོ་ཡེ་ཤེས་སྡེས། «ལྟ་བའི་ཁྱད་པར།» «སྡེ་བསྟན»ཤིང་པར།  སྣ་ཚོགས།(ཇོ) ཤ་215་མདུན་ངོས།

[25]མཁན་པོ་ཡེ་ཤེས་སྡེ། «ལྟ་བའི་ཁྱད་པར།» «སྡེ་བསྟན»ཤིང་པར། སྣ་ཚོགས།(ཇོ) ཤ་216་མདུན་ངོས།

ཡོངས་ཁུངས། 2022ལོའི«མཚོ་ལྷོའི་ནང་བསྟན།»


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3623