ཉེ་ཆར་ཁྲ་འགུ་རིན་པོ་ཆེ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་དེ། ཕྱི་ནང་གི་ཡུལ་གྲུ་ཀུན་ཏུ་ཡོངས་བསྒྲགས་བྱས་ཤིང་། གང་སར་དགོངས་རྫོགས་མཆོད་འབུལ་དང་མྱུར་བྱོན་སྨོན་ལམ་ཚོགས་བཞིན་པ་ལགས་མོད། ངའི་མཐོང་ཐོས་ཀྱི་ཉེ་རྒྱང་གི་ཀར་དགོན་ཕལ་གྱིས་དེ་ཙམ་དོ་སྣང་མཛད་པའི་སྣང་ཚུལ་མ་བྱུང་ལ། བདག་ཀྱང་དང་པོར་ཁོང་ཉིད་མྱ་ངན་ལས་འདས་པར་དེ་ཙམ་སེམས་ཕམ་མ་བྱུང་སྟེ། གཅིག་ནས་ཆོས་འབྲེལ་ལྟ་ཞོགས་ཞལ་ཙམ་ཡང་མཇལ་མ་མྱོང་པས་དང་། གཉིས་ནས་རིན་པོ་ཆེ་ཁོང་གི་སྐུ་ཚེའི་མཛད་པ་ལ་རྒྱུས་མངའ་ཅི་ཡང་མེད་པས་ཡིན་སྲིད། འོན་ཀྱང་། དེ་རིང་ཁོང་གི་མཛད་རྣམ་དང་དེ་འབྲེལ་གྱི་རྩོམ་ཡིག་འགའ་རེ་དང་ཕྱག་རྩོམ་རྡོ་རྗེ་འཆང་ཐུང་མའི་འགྲེལ་བ་ཞིག་བཅས་ཞིབ་མཇལ་ཞུས་པ་ན། ཡིད་ལ་ད་ལྟའི་གནས་བབས་མཐོང་བས་སྐྱོ་བ་དང་། སེམས་ལ་མ་འོངས་སྔོན་རྟོག་གིས་འཇིགས་པའི་ཚོར་བ། འཕྲལ་དུ་བྱུང་བའི་ལྐོག་གྱུར་གྱི་འབྲེལ་བ་ཞིག་བྱུང་བ་བཅས་བཤད་ན།

གཅིག 

ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེ་བ་ཞིག་ནས། རང་བཞིན་ཕྲག་ཏུ་བབས་པའི་འགན་འཁྲི་དང་དུ་བླངས་ཏེ། བསྟན་པ་ཡང་དར་གྱི་ཕྱག་ལེན་ཐོག་བཤད་སྒྲུབ་གཉིས་ཆར་མཛད་པ་བསམ་གྱིས་མི་ཁྱབ་པ་བསྐྱངས་བ་དང་། ལྷག་ཏུ་རང་རེའི་ཆོས་བརྒྱུད་འདིའི་བསྟན་རྒྱུན་འཛིན་སྐྱོང་ཐད། དམིགས་གསལ་གྱི་དུས་སྐབས་སུ་མི་སྣ་དམིགས་གསལ་བ་ཁོང་འདྲ་མ་བྱུང་བ་འདྲ་བས། བཀའ་དྲིན་ཡང་ཡང་བསམ་ན་རྗོད་ལས་འདས་པ་ཞིག་རེད།
ཁྱད་པར་དུ། ཁོང་གིས་དུས་ཀྱི་འཕེལ་རྒྱས་དང་བསྟུན་པའི་གོ་སྐབས་དམ་འཛིན་གྱིས་བསྟན་པ་ཕྱོགས་བཅུར་སྤེལ་བ་དང་། ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་ཐུགས་ལ་བཅངས་ནས། རྒྱལ་དབང་མཆོག་ལ་སྐུ་ཡོན་ཕུལ་བ་དང་། དེ་བཞིན། སློབ་འབངས་ལ་ལྟ་རྟོག་དང་མི་སྣ་གསོ་སྐྱོང་ཐད་མིག་ལྟོས་ཧ་ཅང་ཡག་པོ་བཞག་
མཛད་པ་སོགས། ཟུར་གང་ནས་མཇལ་ཡང་“སྐྱེས་ཕོ་རབ་སོང་རྗེས་དཀར་པོ། མཛོ་ཁྱུང་དཀར་རྨོས་རྗེས་ནག་པོ”ཤ་སྟག་ཡིན་པས། ཅི་ལྟར་བསམ་ཡང་བཀའ་དྲིན་ཆེ་མོད། ཁོང་གི་བཀའ་དྲིན་ཙམ་ཡང་དྲན་མི་ཤེས་པ་མ་ཟད། དོ་སྣང་ཅི་ཡང་མི་སྤྲོད་མཁན་རང་རེའི་ཁོར་ཡུག་ཏུ་མང་བ་འདིས། ད་དུང་ང་ཚོས་ཕ་ངོ་ཟིན་གྱི་མེད་པའི་རང་རྟགས་སུ་མཐོང་ནས་སྐྱོ་དུང་དུང་གི་ཚོར་བས་ཁྱབ་སོང་།

གཉིས།

སྤྱིར་ན། འུ་ཅག་གི་བསོད་ནམས་དམན་པ་དང་། སྒོས་སུ་ཡུལ་དུས་ཀྱི་འཕོ་འགྱུར་དབང་བཙན་པས། འདི་ལྟར་རྒྱལ་བ་ཡབ་སྲས་རྣམས་དང་བར་ཐག་ཇེ་རིང་དུ་བཀྱེད་བཞིན་པའི་ཚོར་སྣང་བྱུང་། དེ་ཡང་རང་རེའི་གཞོན་ནུ་ཙམ་དུ་མ་ཟད་བསླབ་པ་རྒན་གྲལ་དུ་ཕེབས་པ་རྣམས་ཀྱི་ནང་དུ་ཡང་། རྒྱལ་བ་ཡབ་སྲས་ཟེར་ན་དད་པའི་སྤུ་ལོང་གཡོ་བ་ལྟ་ཅི། ལྡོག་སྟེ་སྒྲོ་འདོགས་དང་བསྐུར་འདེབས་བྱེད་པར་འཇིགས་སྣང་ཙམ་ཡང་མེད་ལ། ཆོས་བརྒྱུད་གཞན་གྱི་བན་རྒན་འགའ་རེ་ལ་བརྒྱུད་པའི་བླ་མ་ལས་ཀྱང་ལྷག་པའི་དད་གུས་ཚད་ལས་བརྒལ་བར་འཇོག དེ་ཡང་། ངེས་མེད་སྟེས་དབང་གིས་ཡབ་སྲས་རྣམས་དང་ཡུལ་དུས་ཀྱི་བར་ཐག་ཅིག་བྱུང་བ་དང་། ང་ཚོས་རང་ཉིད་བོར་བཞིན་པའི་བརྒྱུད་རིམ་ཁྲོད་ནས་སེམས་ཀྱི་བར་ཐག་ཧ་ཅང་རིང་པོ་ཞིག་བྱུང་འདུག་སྟེ། ཕྱི་མའི་འབྱུང་རྩ་ནི་བསྟན་པ་སིལ་བུར་འཐོར་བ་དང་ཉམས་རྒུད་བྱུང་བའི་དུས་སུ། རང་གི་ཆོས་བརྒྱུད་ལ་ནུས་པ་ཅི་ཡང་མ་བཏོན་པར། འཚོ་བ་གང་བཟང་གི་དགོན་པར་ཉུལ་ནས་གཞན་གྱིས་གནང་བའི་ཟས་རིན་ལ་རང་ཉིད་ཀྱི་དད་པ་དང་ཡིད་ཆེས་སྤྲད་བཞག་པ་ཁོ་ནར་ཐུག་འདུག མདོར་བསྡུས་ན། ཁྲ་འགུ་རིན་པོ་ཆེ་ལྟ་བུའི་སྐྱེས་བུ་ཞིག་ཞིང་བརྗེས་པ་ན། ང་ཚོའི་སེམས་ལ་རྙིང་མའི་བན་རྒན་ཞིག་འདས་པའི་ཚོར་སྣང་ཙམ་ཡང་མི་འདུག་ལ། དེ་ལྟར་དོ་སྣང་སྤྲོད་མཁན་ཡང་ཧ་ལམ་མེད་པའི་ཚོད་དུ་གྱུར་པ་འདིས། མ་འོངས་པར་རྒྱལ་བ་ཡབ་སྲས་རྣམས་འདས་ཀྱང་སྤྱིར་བཏང་གི་མི་ཞིག་ཤི་བ་ཙམ་ལས། ཆོས་བརྒྱུད་འདི་ལ་མཚོན་ན་“ཕ”ཞིག་ཤི་བ་ལྟ་བུའི་བསམ་བློ་གཏོང་མཁན་ཉུང་དུ་འགྲོ་བ་རེད་ཨང་སྙམ་པའི་མ་འོངས་རྟོག་གི་འཇིགས་སྣང་ཚ་སོབ་སོབ་ཅིག་བྱུང་།

གསུམ། 

ང་རང་སྒེར་ནས་ཁོང་དང་དངོས་སུ་ཆོས་འབྲེལ་བྱུང་བ་ཞིག་མེད་ཀྱང་། རྒྱལ་དབང་མཆོག་གི་ཡོངས་འཛིན་ཡིན་པའི་ངོས་ནས་སེམས་ཀྱི་མཐོ་ས་རུ་བཞུགས་ཡོད། ཁོང་ཉིད་དགོངས་པ་རྫོགས་རྗེས་དམིགས་གསལ་གྱི་འབྲེལ་བ་ཞིག་བྱུང་སོང་ཞེས་བཤད་ན། དེ་ནི་སུས་ཀྱང་བདེན་པར་འཛིན་མི་སྲིད་མོད། ཆོས་ཀྱི་འབྲེལ་བ་ཞེས་པ་ནི་དད་པ་དང་ཡིད་ཆེས་ཀྱི་ཀློང་དུ་ལྐོག་གྱུར་གྱི་འབྲེལ་ཟམ་འཛུགས་པ་ཙམ་ཡིན་པས། བྱིན་རླབས་ལ་ཉེ་རིང་མེད་ཅེས་པའི་གོ་བ་ཡང་འདི་ནས་ལེན་དགོས་པ་མིན་ནམ་སྙམ།
ཉེ་ཆར་«གཞུང་ལུགས་ཀྱི་རོལ་མཚོ།» ཞིབ་མཇལ་ཞུས་པ་ན། ཁོང་གི་མཛད་རྗེས་ལ་དད་པ་དང་དང་བ་འཕེལ། ལྷག་ཏུ་དེབ་ཀྱི་སྒྲིག་སྦྱོར་གྱི་མཛེས་སྡུག་ཀྱང་དད་དུངས་ཀྱི་གྲོགས་སུ་གྱུར། སྔོན་སྒྲུབ་བརྒྱུད་གོང་མའི་ཕྱག་སྲོལ་ལ། ཕྱག་ཆེན་ཐུན་མིན་གྱི་སྔོན་འགྲོ་བླ་མ་ལ་མོས་གུས་སྐྱེ་བའི་ཐབས་སུ། རྣམ་ཐར་མང་པོ་ཀློག་བཅུག་སྲོལ་ཡོད་པ་དེ་ལྟར་ན། ཆོས་ཕྱོགས་ནས་ཀྱང་ངས་དེབ་འདི་བཀླགས་པའི་དོན་སྙིང་བྱུང་སོང་ཨང་སྙམ་བཞིན། ཡིད་སེམས་སྤྲོ་བས་བརྟས།
དེབ་ཀྱི་མཇུག་ཏུ་ཁོང་གིས་མཛད་པའི་རྡོ་རྗེ་ཆང་ཐུང་མའི་འགྲེལ་པ་ཞིག་བཞག་ཡོད་པར་མཐོང་། རྡོ་རྗེ་ཆང་ཐུང་མ་ནི་འདོན་པ་ཞིག་དབུ་ཚུགས་ནས་གྱེར་དགོས་པའི་ཆོས་ཚན་རྩ་ཆེན་ཞིག་དང་། ངས་ཆེས་འདོན་གྲངས་མང་ཤོས་ཀྱི་ཆོས་ཚན་ཞིག་ཀྱང་ཡིན་མོད། ད་བར་ཚིག་གི་ངོ་གདོང་ནས་གོ་བ་རོབ་ཙམ་ཡོད་པ་ལས། སྔོན་འགྲོ་དང་དངོས་གཞིའི་ཞི་ལྷག་གི་སྒོམ་རིམ། མཇུག་གི་བསྔོ་བ་བཅས་ལ་ཞིབ་ཆ་ཡོད་པའི་ངེས་ཤེས་ཅི་ཡང་མེད།
དེ་རིང་རྒྱས་བསྡུས་འཚམ་ལ་ནང་དོན་གསལ་བའི་འགྲེལ་པ་འདི་མཇལ་བས། འོ་སྐོལ་ཐུན་མིན་གྱི་ལྟ་དགོངས་ཕྱག་ཆེན་གྱི་ནང་དོན་ལ་གོ་རྟོགས་ཕྲན་ཙམ་བྱུང་བ་དང་། དེ་སྔོན་རང་རེའི་བླ་མ་མཁས་གྲུབ་མང་པོ་མཇལ་ཡང་། ཕྱག་ཆེན་སྐོར་ནས་འདི་ལྟ་བུའི་རྒྱུས་ལོན་ཅི་ཡང་མ་བྱུང་བས། ཁོང་ནི་ངའི་མི་ཚེའི་ནང་ཆེས་ཐོག་མར་གདམས་ངག་རྩ་ཆེན་ཞིག་འདོམས་མཁན་གྱི་བླ་མ་ཞིག་ཏུ་གྱུར་སོང་བ་འདྲ། དེ་ལྟ་བས་ན། ང་ལ་མཚོན་ན་བླ་མས་བྱིན་གྱིས་བརླབས་པ་དང་རྗེས་སུ་གཟུང་ཟེར་བ་ཡང་འདི་ལས་ལྷག་པའི་འགྲེལ་བཤད་ཅི་ཡང་མེད་དོ། །

༢༠༢༣/༦/༡༡
ཀར་རྒྱམ་གྱིས།


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3615