བཅར་འདྲི་བ། ར་རྫ་འཇམ་དབྱངས་སྐྱིད།

ངའི་མིང་ལ་ཚེ་རིང་སྐྱིད་ཟེར། ཕ་ཡུལ་རྔ་བ་རྫོང་ནས་ཡིན། ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་རམས་འབྱམས་པའི་བསླབ་གནས་ལ་འབད་མུས་ཡིན།  ཆེད་ལས་ནི་རྒྱ་བོད་ལོ་ཙཱ་བ་དང་ལོ་རིམ་དང་པོ་ཡིན། 

སྨིན་དྲུག   སློབ་ཆེན་སློབ་མ་ནི་སློབ་གྲྭ་ཆུང་འབྲིང་གི་དུས་དང་བསྡུར་ན། ལྟོས་བཅས་སུ་རང་དབང་ཡོད་པ་ཞིག་ཡིན་ཚོད། རང་དབང་གི་དུས་ཚོད་བེད་སྤྱོད་ཚུལ་མ་འདྲ་བའི་རྐྱེན་གྱིས་སློབ་མར་བཟང་ངན་འཆོར་སའི་ཁོར་ཡུག་ཅིག་ཏུ་མཐོང་གི་ཡོད། དེས་ན་ཁྱེད་ཀྱིས་སློབ་སྦྱོང་གི་ཞར་དུ་དཔེ་ཀློག་ལ་འབད་གི་ཡོད་དམ། གང་ལྟར་ཕ་མའི་ལྟ་རྟོག་དང་དགེ་རྒན་གྱི་དམ་དྲག་མེད་པའི་ཁོར་ཡུག་དེ་རུ་དུས་ཚོད་ཇི་ལྟར་དུ་གཏོང་གི་ཡོད་པ་ངས་ཤེས་འདོད།

ཚེ་རིང་སྐྱིད། སྔོན་ཆད་སློབ་ཆེན་སྐབས་སུ་དཔེ་མཛོད་ཁང་ནི་ང་རང་ཆེས་འགྲོ་འདོད་སའི་གནས་དེ་ཡིན། སྐབས་དེར་དཔེ་མཛོད་ཁང་ནས་ངས་རྩོམ་ཡིག་ཐན་ཐུན་རེ་བྲིས་ཏེ་ཉི་མ་འཁྱོལ་ཐབས་ཀྱང་བྱས་མྱོང་། ད་ལྟ་སྔར་བཞིན་དཔེ་མཛོད་ཁང་ནི་ང་རང་ཆེས་དགའ་སའི་དཔེ་ཀློག་བྱེད་ས་དེ་ཡིན། དེ་ནི་དགེ་རྒན་དང་ཡང་ན་ཕ་མས་བཀོད་སྒྲིག་བྱས་པ་གཏན་ནས་མིན་པར་རང་འགུལ་གྱིས་སོང་བ་ཞིག་ཡིན། ང་ནི་མ་གཞི་ནས་རང་འགུལ་གྱིས་བྱ་བ་གང་རུང་ལ་འཇུག་པའི་མོས་པ་ཆེ། 

སྨིན་དྲུག   དེ་ལོས་ཡིན། སློབ་གཉེར་དུས་སུ་དཔེ་མཛོད་ཁང་དུ་དཔེ་ཀློག་དང་རྩོམ་འབྲིའི་ལས་སུ་མ་ཞུགས་ན། རྗེས་ཀྱི་སྒྲུང་རིང<<ལྷམ་ཡ་གཅིག>>དང་། བྱ་དགའ་ཐོབ་པའི་སྒྲུང་ཐུང<<བོར་ཟིན་པའི་ལག་ཟུང>>ལྟ་བུའི་བརྩམས་ཆོས་ག་ལ་འབྱུང་ཐུབ། རྒྱུ་འབྲས་ལ་བསླུ་བ་མེད་ཟེར་བ་འདི་འདྲ་བ་ལ་གོ་བ་ལོས་ཡིན། དེས་ན་བློ་ལ་བོགས་ཐོན་ཞིང་བསམ་པ་རྒྱ་བསྐྱེད་པའི་དཔེ་ཀློག་གི་རྨང་གཞིའི་སྒང་ནས་རྩོམ་འབྲིའི་ཤེས་རབ་མ་བརླགས་པར་སྨན་ཤར་ཁྱེད་ལ་རྩོམ་རིག་གི་སྲས་དང་སྲས་མོ་མང་པོ་སྦྲུམ་ཞིང་འཁྲུངས་པའི་རེ་བ་ཡང་ཆེའོ། །

སྨིན་དྲུག   སློབ་ཆེན་ནང་དུ་བུ་མོ་ཚོས་འཚོལ་སྙེག་བྱེད་ས་དང་དགའ་ཁ་ཕྱོགས་ས་གཙོ་བོ་གང་ཡིན་ན། ཁ་ཅིག་གིས། བུ་མོ་ཚོ་ནི་དགའ་རོགས་གང་བྱུང་དུ་སྒྲིག་པ་དང་ཁོ་རེ་ཡའི་བརྩེ་དུང་གི་བརྙན་འཕྲིན་ཟློས་གར་ལ་ལྟ་བ་དང་ཡག་ལས་བཅས་ལ་མགོ་འཁོར་ཡོད་ཚུལ་བཤད། དེ་ནི་གཟུ་བོར་གནས་པའི་སྐད་ཆ་ཞིག་ཡིན་མིན་མ་ཤེས་པས། ངོ་མ་དེ་འདྲ་ཡིན་ནམ།

ཚེ་རིང་སྐྱིད། སློབ་ཆེན་བུ་མོ་ཚོའི་དགའ་ཁ་འཁྱེར་ཕྱོགས་གཅིག་པ་ཞིག་བཤད་ན། དེ་ནི་ཡག་གཏོད་རྒྱུ་དེ་ཡིན་པ་འདྲ། ལྷག་ཏུ་སློབ་ཆེན་སྐབས་སུ་ཡག་གཏོད་རྒྱུར་དགའ་བའི་བུ་མོ་ཧ་ཅང་མང་བའི་ཚོར་བ་བྱིན་སོང་། ཁོ་རེ་ཡ་གཅིག་པུ་ཡང་མ་ཡིན་པའི་བརྙན་འཕྲིན་ཟློས་གར་གཞན་ལ་ལྟ་མཁན་ཡང་མང་། དེ་ནི་གསར་བུ་ཚོ་སྤོ་ལོའི་འགྲན་སྡུར་ལ་ལྟ་རྒྱུར་དགའ་བ་དང་འདྲ་བ་ལས། མཐའ་གཅིག་ཏུ་བུ་མོ་ཚོའི་དགའ་ཕྱོགས་དེ་མི་བཟང་བ་ཞིག་ཏུ་ངས་ནི་མཐོང་མ་སོང་། ཡང་གཅིག་བཤད་ན། ཡག་གཏོད་ཤེས་པ་དེ་ཡང་ཤེས་བྱ་ཞིག་རེད་འདོད། དེས་སོ་སོའི་མཛེས་དཔྱོད་ཀྱི་ལྟ་བ་ཇེ་མཐོར་གཏོང་ཐུབ་པ་མ་ཡིན་ནམ། བརྙན་འཕྲིན་ཟློས་གར་ལ་ལྟ་བ་ཡང་སྤྲོ་སྣང་འཚོལ་སྟངས་རིགས་ཤིག་རེད། དེར་བལྟས་ན་སོ་སོའི་སེམས་ནང་གི་བརྩེ་དུང་ལའང་རྟོག་བཟོ་བྱ་ཐུབ་སྙམ།  གང་ལྟར་ང་རང་སློབ་ཆེན་ན་ཡོད་དུས། བརྙན་འཕྲིན་ཟློས་གར་ལ་ལྟ་བར་ཧ་ཅང་དགའ་མོད། དེས་ནི་ང་ལ་ཤུགས་རྐྱེན་ངན་པ་ཐེབས་མ་མྱོང་བར་མ་ཟད། ལྡོག་སྟེ་ངའི་ཕུགས་བསམ་གྱི་བརྩེ་དུང་ལ་འཚོལ་སྙེག་གི་སྒོ་མོ་ཡང་ཕྱེ་མྱོང་། དེ་ལྟར་ཡང་རང་གི་དགའ་ཕྱོགས་གཙོ་བོ་ནི་དཔེ་ཀློག་ཡིན་པས་ནམ་ཡང་དེ་དང་ཁ་འབྲལ་གི་མེད། གློག་བརྙན་སོགས་ལ་ལྟ་བ་ང་ལ་མཚོན་ན། སེམས་ཁམས་གཡེང་བྱེད་དང་སྙོམ་སྤྱད་ཀྱི་འཚོ་བའི་བྲོ་སྨན་ཙམ་ཞིག་ཡིན་ནོ། །

སྨིན་དྲུག   དེའང་བདེན་ནོ། །ལས་ཀ་གཅིག་ལ་ཕྱོགས་ཆེ་ན་སེམས་ངལ་འབྱུང་བ་ཁོ་ཐག་རེད། ངས་ཀྱང་ནང་ལས་ཀྱི་ཞོར་དུ་རོལ་མོར་ཉན་པ་དང་མཚམས་རེར་རི་ལ་འགོ་བ་དང་དགོང་མོར་ཨ་རིས་གཙོས་པའི་ནུབ་ཕྱོགས་ཀྱི་གློག་བརྙན་སྐོར་ལ་ལྟ་བ་ཡང་ཕྱོགས་ངེས་ཅན་ཞིག་ནས་བཤད་ན་སེམས་ཁམས་གསོ་བྱེད་སེམས་ངལ་སེལ་ཆེད་དུ་ཡིན།

སྨིན་དྲུག   ཁྱེད་ཀྱིས་བསམས་ན། བུ་བུ་མོ་གཉིས་ཀའི་ཆེས་མི་འདྲ་ས་དེ་གང་རེད། དཔེར་ན། སྤོབས་པ་ཆེ་ཆུང་དང་འཛེམ་སྣང་ཡོད་མེད་དེ་སློབ་ཁྲིད་སྐབས་སུ་རྒན་ལགས་ལ་དྲི་བ་འདོན་པའི་སྤོབས་པ་བུ་ཚ་ཚོ་ཆེ་བ་སོགས་ལྟ་བུ། དེའི་རྒྱུ་རྐྱེན་སྐྱེ་ཁམས་ཏེ་ལུས་རྟེན་གྱིས་བསྐྱེད་པ་རེད་དམ། ཡང་ན་ཆུང་དུས་བུ་བུ་མོ་གཉིས་ལ་སྐད་ཆ་བཤད་ཆོག་མིན་ཐད་ནས་ཁྱད་པར་གཏོད་པའི་སློབ་གསོའམ་གོམས་སྲོལ་དེས་བསྐྱེད་པ་རེད་འདོད།

ཚེ་རིང་སྐྱིད། བུ་མོ་དང་བུ་ཚ་གཉིས་ལ་ཞིབ་ཚགས་དང་ནན་ཏན་གྱི་ཁྱད་པར་དང་སྙིང་རྗེ་དང་རྩུབ་སྤྱོད་ཀྱི་རང་བཞིན་ལའང་ཁྱད་པར་ཆེན་པོ་འདུག་སྙམ། དཔེར་ན་ལས་བྱ་ཙམ་བྲིས་ནའང་བུ་མོ་ཚོ་ནི་རྟག་པར་ཞིབ་ཚགས་ཤིང་ནན་ཏན་ཡིན་པས། ཐ་ན་ཚེག་དང་ཤད་ཙམ་ཡང་ལྷག་ཏུ་མི་འཇུག བུ་ཚ་ཚོ་སྤྱིའི་ཆ་ནས་རྩིང་རགས་ཆེ་ལ་དེ་འདྲའི་ནན་ཏན་ཞིག་ཀྱང་མ་རེད་འདོད། བརྩེ་དུང་གི་ཐད་ནས་བཤད་ནའང་། བུ་མོ་ཚོ་སེམས་འགུལ་ཐེབས་སླ་ཞིང་། དོན་མེད་དུ་ཕ་རོལ་པོར་བརྩེ་དུང་གིས་བསླུ་མི་སྲིད། ཡིན་ནའང་བུ་ཚ་ཚོ་ལྟོས་བཅས་སུ་སེམས་འགུལ་ཐེབས་དཀའ་ལ། བརྩེ་དུང་གི་ནང་དུ་མི་བྱིང་བའི་ཁར། བུ་མོ་ཚོའི་བརྩེ་དུང་གི་གཉོམ་སོ་ནས་བཟུང་སྟེ་བསླུ་བྲིད་བྱེད་པར་ཐེ་ཚོམ་མེད་མཁན་ཡང་མང་། 

སྨིན་དྲུག   སློབ་ཆེན་ནང་དུ་བུ་བུ་མོ་གཉིས་ཀའི་སློབ་ཚན་གྱི་སྦྱངས་འབྲས་སུ་བཟང་། ཡིག་རྒྱུགས་ཁྲོད་དུ་བུ་མོ་ཚོས་སྐར་གྲངས་མཐོན་པོ་ལེན་གི་ཡོད་ཚུལ་ཐོས་གི་འདུག དེ་འདྲ་ཡིན་ན། སློབ་གྲོགས་བུ་ཚ་ཚོར་གནོན་ཤུགས་འདུག་གམ།

ཚེ་རིང་སྐྱིད། རང་ངོས་བཤད་ན། དམའ་འབྲིང་སྐབས་སུ་བུ་མོ་འགའ་རེས་ཕྲག་དོག་བྱེད་པ་དང་མི་དགའ་བའི་བུ་མོ་རེ་གཉིས་ལའང་ཕྲད་མྱོང་མོད། སློབ་ཆེན་སྐབས་སུ་སྦྱངས་འབྲས་ལ་འགྲན་རྩོད་བྱེད་པ་དང་ཕྲད་མ་མྱོང་། གཅིག་བྱས་ན་དེ་ནི་རང་གིས་དེ་ལ་དོ་སྣང་མ་བྱས་པས་ཡིན་ཡང་སྲིད། 

སྨིན་དྲུག   སློབ་མ་བུ་བུ་མོ་གཉིས་ཀའི་ནང་ནས་དཔེ་ཀློག་བྱེད་པའི་གྲངས་ཀ་སུ་མང་། དཔེ་ཀློག་གི་ཁ་ཕྱོགས་འདྲའམ། སློབ་གྲྭའི་ནང་དུ་རྒྱུགས་འབྲས་བཟང་བའི་བུ་མོ་མང་པོ་ཐོན་གི་ཡོད་ན་ཡང་། སྤྱི་ཚོགས་སུ་ཞུགས་རྗེས། འབུར་དུ་ཐོན་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ལ་ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།

ཚེ་རིང་སྐྱིད། དེ་ལ་ཡང་དག་པའི་ལན་ཞིག་འདེབས་དཀའ། བུ་མོ་ལ་ལར་དཔེ་ཆ་མང་ཞིང་དེབ་མང་པོ་ཀློག་པར་མ་ཟད་གྲུབ་འབྲས་ཀྱང་འབུར་དུ་འཐོན་གྱི་འདུག དཔེར་ན་ང་ཚོའི་མཐོ་འབྲིང་གི་སློབ་གྲོགས་ཚོའི་ནང་ནས། ད་ལྟ་འབུམ་རམས་པར་རྒྱུགས་འཕྲོད་མཁན་གཅིག་ཡོད་པ་དེ་བུ་མོ་ཞིག་ཡིན། དེ་བཞིན་དུ་བུ་ཚ་ཚོའི་ནང་ལ་དཔེ་ཀློག་བྱེད་མཁན་ཡང་མང་པོ་འདུག  དེ་ནི་འདྲ་བའི་ཆ་རེད། སྤྱི་ཚོགས་སུ་སུས་ནུས་པ་ཐོན་གི་ཡོད་མེད་ནི་གསལ་བོ་བཤད་ཤེས་མ་སོང་མོད། དགོས་དབང་གིས་སྐྱེས་པ་ཚོར་དཔོན་ས་རེ་སྤྲད་པ་དེ་ལ་ལྟོས་ནས་བཤད་པ་ཡིན་ན་མ་གཏོགས། སྤྱི་ཚོགས་སུ་བུད་མེད་ཀྱི་ནུས་པ་ནི་གང་སར་ཁྱབ་ཡོད། དཔེར་ན། བྱིས་པ་ཞིག་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་མེད་དུ་མི་རུང་བ་ཡང་སྐྱེས་མ་ལོས་ཡིན། དེ་ནི་ཆེ་ས་ནས་བཤད་ན་འཛམ་བུ་གླིང་དང་། ཆུང་ས་ནས་བཤད་ན་རང་རེའི་གངས་ཅན་བོད་པའི་ཁྱིམ་ཚང་ཕལ་མོ་ཆེར་ཁྱབ་པ་མ་ཡིན་ནམ། 

སྨིན་དྲུག  རེད་ལགས། སྤྱིར་ཁྱིམ་ཚང་དུ་ནུས་པ་ཐོན་མཁན་སྐྱེས་མ་ཡིན་པ་བདེན། མཐོ་རིམ་སྤྱི་ཚོགས་དང་རིག་གནས་ཁྱབ་ཁོངས་སུ་སྐྱེས་མ་འབུར་དུ་ཐོན་ཐུབ་ཀྱི་མེད་པ་ཡང་བདེན། ངས་འདང་མང་པོ་བརྒྱབ་མཐར། དེ་ནི་གཅིག་ནས། བུ་མོ་ཚོར་ཆུང་དུས་ནས་ཕུགས་འདུན་སློང་བ་དང་ཡར་སྐྱེད་ཡོང་བའི་ཐད་ལ་གོ་བསྐོན་གསེད་འགྲོལ་བྱེད་སྲོལ་ཆེན་པོ་མེད་པས་དང་། གཉིས་ནས། སློབ་གྲྭའི་དུས་སུ་བསླབ་གཞི་ལ་གཞོལ་ཆེ་ནས་རང་རྐྱ་འཕེར་བའི་དཔེ་ཀློག་སོགས་མེད་པས་རང་བློ་རང་འབྱེད་དང་རང་ཚུགས་ཆགས་མ་ཐུབ་པས་དང་། གསུམ་ནས། སྤྱི་ཚོགས་སུ་ཞུགས་རྗེས་སྔར་བཞིན་ཕྱི་ནང་གཉིས་ནས་སྐྱེས་མ་ལ་བཀག་རྒྱ་ཆེ་བ། བཞི་ནས། ལྷག་ཏུ་ཁྱིམ་ཚང་བཅས་རྗེས་ཁྱིམ་ལས་དང་བྱིས་སྙོར་གྱི་འགན་གཙོ་བོ་འཁུར་མཁན་སྐྱེས་མ་ཡིན་ཁར། ཁྱོ་བོར་ཞབས་གཡོག་རྒྱུག་མཁན(སྐྱེས་མའི་ལས་དོན་ནི་ཁྱོ་གར་ཞབས་གཡོག་སྒྲུབ་རྒྱུ་དེ་ཡིན་ཞེས་ཟུར་ཟ་བྱེད་ཚུལ་ཡོད་པ་ལྟར)ཡང་ཁོ་མོ་ཚོ་ལས་གཞན་སུ། དེའི་ཁར། བུ་མོ་ཚོར་ལས་དོན་རྒྱ་ཆེན་པོ་གཏིང་ཟབ་པོ་སྒྲུབ་པའི་དམིགས་ཡུལ་འཛིན་སྲོལ་ཧ་ལམ་མེད་པ་སོགས་ཕྱི་རྐྱེན་ནང་རྐྱེན་གཉིས་ཀ་བསྡོངས་ནས། སློབ་གྲྭའི་ཁོར་ཡུག་ཆུང་ཆུང(མི་དང་མི་ལ་འདྲ་མཉམ་ཆེ་ས་ཞིག་ཡོད་པ་ནི་སློབ་གྲྭའི་ཁོར་ཡུག་ལས་མ་འདས། རྒྱུ་མཚན་དེ་རུ་སུ་སློབ་སྦྱོང་ལ་བཟང་ན་དགེ་རྒན་ཚང་མ་དེ་ལ་དགའ་བ་ལས། ཁྱིམ་ཚང་གི་འགན་ཁུར་དང་སྤྱི་ཚོགས་ཀྱི་ཁེ་ཕན་རྩོད་རྙོག་སོགས་མེད་པས་ཀྱང་ཡིན་འདོད)དེ་ལས་གཟེངས་སུ་ཐོན་ཡང……  སྤྱིར་བཏང་དེ་ནི་རྒྱུ་འབྲས་གོ་ལྡོག་ཅིག་ཡིན་པས་དེ་ལ་དབྱེ་ཞིབ་དང་རྒྱུས་ལོན་བྱེད་རྒྱུ་ནི་མཐོ་སློབ་བུ་མོ་དག་གི་གཡོལ་དུ་མེད་པའི་འགན་འཁྲི་ཡིན་སྙམ། རང་གི་རྨོངས་ཚོད་མིན་ན། ཚུལ་དེ་ཡང་གོ་རིམ་ཞིག་ཡིན་ཀྱང་སྲིད། སྔོན་ཆད་ང་ཚོའི་དུས་སུ་སློབ་གྲྭ་ཆེན་མོའི་གྲངས་ཀ་དང་རྒྱུགས་འབྲས་ལབ་ཅི་དགོས་ཏེ་སློབ་གྲྭ་ཆུང་འབྲིང་དུ་ཞུགས་པའི་གྲངས་ཀ་དང་རྒྱུགས་འབྲས་ཀྱང་བུ་ཚོ་མང་ཞིང་བཟང་བ་སྨོས་ཅི་དགོས། ཡིན་ཡང་ད་ལྟ་འགྱུར་བ་ཆེན་པོ་འབྱུང་གི་འདུག་པས། འབྱུང་འགྱུར་རྐང་འཛིན་པ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པའི་ཁྲོད་དུ་སྐྱེས་མ་མང་པོ་མེད་ཅེས་ཁ་ཚོན་གཅོད་དཀའ། གང་ལྟར་ང་ཚོ་ད་ནི་གོམས་པའི་སྟོབས་དང་མིས་བཟོས་ཀྱི་གོམས་སྲོལ་མི་ལེགས་པའི་དབང་དུ་མི་འཆོར་ཞིང་། ཤེས་རབ་དང་འཕེལ་སྐྱེས་ལ་གནོད་པའི་ནད་ཅན་གྱི་སློབ་གསོ་མ་ཡིན་པའི་རང་བྱུང་ཚུལ་དང་མཐུན་པ། སྤུས་ལེགས་ཚད་དང་ལྡན་པའི་སློབ་གསོ་སྟེ། མི་ལ་ཤེས་རབ་འཕེལ་ཐུབ་པ། འཇོན་ཐང་བསྐྱེད་ཐུབ་པ། བསམ་གཞིགས་སློང་ནུས་པ། རང་རྐྱ་འཕེལ་ཐུབ་པ། དཀར་ནག་གོ་ལྡོག་གི་དབྱེ་བ་འབྱེད་ཤེས་པ། བླང་དོར་འཇུག་ལྡོག་ལའང་མི་རྨོངས་པ། ལེགས་ཉེས་ཀྱི་སྤུ་རིས་འབྱེད་ཤེས་པའི་བུ་དང་བུ་མོ་མང་པོ་སྐྱེད་སྲིང་ཐུབ་ཚེ། ཐོག་མར་རང་ལ་ཕན་ཞིང་དེ་ནས་རང་བཞིན་གྱིས་སྤྱི་ཚོགས་རྐང་འཛིན་པར་འགྱུར་བ་མ་ཡིན་ནམ། བདག་གཞན་གཉིས་ཕན་དང་འཕྲལ་ཡུན་གཉིས་ཕན་གྱི་བདེ་བའི་ཕྱོགས་སུ་སྙེག་པ་ལས། མང་ཆེ་བར་མཚོན་ན། མིག་མདུན་གྱི་ཁེ་ཕན་ཉི་ཚེ་བ་དང་རང་ཁ་འབུ་ཁུང་ཙམ་དེ་རྐྱང་རྐྱང་སླད་དུ་ག་ལ་ཡིན་ཨང་།  མི་ལ་སློབ་གསོ་ཚད་ལྡན་ཐོབ་པའི་དམིགས་ཡུལ་ཡང་དེ་དག་ལས་ག་ལ་འདས།

སྨིན་དྲུག   ཕོ་མོ་གཉིས་ཀས་བསླབ་གཞིའི་ཆེད་ལས་འདེམས་པ་ལ་ཁྱད་པར་འདུག་གམ། འདུག་ན་དེའི་རྒྱུ་མཚན་རང་རང་གི་དགའ་ཕྱོགས་འཇོན་ཕྱོགས་ལ་བསྟུན་པ་རེད་དམ། ཡང་ན་གོམས་ཕྱོགས་ལོབས་ཕྱོགས་ཀྱི་དབང་དུ་ཤོར་བ་རེད།

ཚེ་རིང་སྐྱིད། དེ་ནི་ཚང་མས་རང་གི་འཇོན་ནུས་གཞིར་བཟུང་གིས་ཆེད་ལས་འདེམས་པ་ཡིན་པ་སྨོས་ཅི་དགོས་འདོད།

སྨིན་དྲུག   དེ་ལ་བསམ་ཚུལ་མི་འདྲ་བ་བྱུང་མོད། དཀར་མོ་རྒྱན་ངེད་གཉིས་ཁ་བརྡ་བྱེད་པའི་ལས་ཚན་ནང་དུ་ཅུང་ཟད་བཤད་ཡོད་པ་དེས་འཐུས་པར་བྱའོ། །

སྨིན་དྲུག   ཁྱེད་ཀྱི་འཛིན་གྲྭར་བུ་མོ་མང་ངམ་བུ་ཚ་མང་། ཡང་ལྟ་རྒྱ་ཆེ་ལ་མིག་རྒྱང་རིང་ཞིང་རང་གི་སྐད་དང་ཡི་གེ་ལ་དགའ་བ་བུ་མོ་ཚོ་རེད་དམ། ཡང་ན་བུ་ཚ་ཚོ་རེད། དེ་གཉིས་ལ་ཁྱད་པར་ཤོར་ཡོད་པ་བདེན་ན། ཅིའི་ཕྱིར་དེ་འདྲ་ཆགས་པ་རེད་འདོད།

ཚེ་རིང་སྐྱིད། ང་ཚོའི་འཛིན་གྲྭར་བུ་མོ་མང་། སྐད་ཡིག་ལ་དུང་བ་ཟབ་མོ་ཡོད་མཁན་ཞེས་བཤད་མི་ཤེས་མོད། རྒྱུན་དུ་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ནི་བུ་ཚ་ཚོ་ཡིན་པ་འདྲ། དེ་ནི་ཁོ་ཚོའི་སྐད་འཕྲིན་དང་གྲོགས་ཚོམས་ལ་བཤེར་བས་ཀྱང་ལྷང་ལ་བུད་ཡོང་གི་འདུག  རང་ཡིག་རང་གིས་མི་སྤྱོད་པ་དེ་ཧ་ཅང་མི་ལེགས་པས་ན། བུ་མོ་ཚོས་བསམ་གཞིག་བྱ་དགོས་པའི་གནད་དོན་ཞིག་རེད་འདོད། 

སྨིན་དྲུག   ཁྱེད་ཀྱིས་སྐད་ཡིག་བེད་སྤྱོད་བྱེད་མིན་གྱི་བསྡུར་ཚད་ལེན་སྟངས་དེ་ཧ་ཅང་བཟང་། འགྲིག་མིན་ཅི་ཆ་མོད། ངས་ཀྱང་རྟག་པར་སྐད་འཕྲིན་དུ་རང་གི་མིང་དང་བཅས་པ་གཞན་ཡིག་གིས་བྲིས་ཡོད་མཁན་ཚོ་ནི་རང་གི་ཡི་གེ་ལ་མི་དགའ་བའི་གྲས་སུ་རང་བཞིན་གྱིས་བཞག་འཇོག ཧ་ཧ།

སྨིན་དྲུག   སློབ་ཆེན་དུ་དགེ་རྒན་གང་དང་སུ་ཡི་སློབ་ཁྲིད་དང་གཏམ་བཤད་ཀྱིས་རང་ལ་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་བསྐྱེད་པ་དང་། ཡང་ན་བློ་སྒོ་འབྱེད་པའི་དགེ་རྒན་དང་དཔེ་དེབ། སློབ་གྲོགས། དྲ་སྒང་འཆད་ཁྲིད་སོགས་ལ་ཕྲད་མྱོང་ངམ། མྱོང་ན་དེས་ཁྱེད་ཀྱི་མི་ཚེ་ལ་བཟང་འགྱུར་ཐེབས་མིན་སྐོར་བྱེ་བྲག་ལ་བབ་ནས་བཤད་རོགས།

ཚེ་རིང་སྐྱིད། སློབ་ཆེན་སྐབས་སུ་དགེ་རྒན་བསོད་ནམས་རྒྱལ་དང་དགེ་རྒན་ཨོཾ་འབར་གཉིས་ཀྱི་རྩོམ་རིག་གི་སློབ་ཁྲིད་ལ་ཉན་པར་སྤྲོ། ཁོང་རྣམ་པ་གཉིས་ཀའི་ཤུགས་རྐྱེན་ལས་ད་གཟོད་ང་རང་རྩོམ་རིག་ལ་དགའ་བར་གྱུར། དེ་བས་རྒན་རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་མིན་པ་ད་ལྟར་སློབ་ཁྲིད་སྐྱིད་པོ་བྱེད་མཁན་འདྲ་ལ་ཕྲད་མ་སོང་། 

སྨིན་དྲུག   སྡེ་ནུབ་ཕྱོགས་རྒྱལ་ཁབ་ཁ་ཅིག་ལ་མཚོན་ན།ཁྱིམ་ནས་ཕ་མས་རང་གི་བུ་ཕྲུག་ལ་འཚོ་བའི་ནུས་པ་དང་མི་གཤིས་ཀུན་སྤྱོད། དགའ་ཁ་འཁྱེར་ཕྱོགས་སོགས་བསྐྱེད་པར་མ་ཟད། བུ་བཅོལ་ཁང་ནས་ཟ་མ་ཟ་ཚུལ་དང་ཉལ་ཆས་ལྟེབ་སྟངས་ཚུན་ཆད་དེ་མི་ཞིག་འཚོ་བར་མེད་མི་རུང་བའི་རྒྱུན་ཤེས་དང་འཇོན་ཐང་སྐོར་སློབ་སྟངས་ཡོད་ཚུལ་གོ དེ་ནས་སློབ་གྲྭར་ཞུགས་རྗེས།དགེ་རྒན་གྱིས་སློབ་མར་བསམ་གཞིག་གི་སྒོ་མོ་འབྱེད་པའི་སློབ་གསོའམ་དྲི་བ་འདོན་པ། དྲིས་ལན་སློབ་མའི་བསམ་ཚུལ་ལྟར་འདེབས་ཆོག་ཆོག་ཡིན་ཚོད་རེད། བུམ་པ་གང་བྱོའི་ཚུལ་དུ་སློབ་མ་ཡོན་ཏན་གྱི་སྣོད་ཙམ་དུ་འདོད་པ་མ་ཡིན་པར། འདྲ་མཉམ་དང་རང་དབང་དགའ་སྣང་གི་མཁའ་དབུགས་ཁྲོད་དུ་དགེ་སློབ་བགྲོ་གླེང་གི་རྣམ་པས་ཤེས་བྱ་ཡོན་ཏན་ལ་ཐོས་བསམ་དང་ཉམས་ལེན་བྱེད་སྲོལ་ཡོད་ཚུལ་གོ རྣམ་དཔྱོད་ཆེ་ལ་གསར་གཏོད་ཡོད་པ་དེའང་རྒྱུ་མེད་རྐྱེན་མེད་ཅིག་རེད་མི་འདུག་ག

སྨིན་དྲུག   བོད་ཁུལ་གྱི་སློབ་གྲྭ་སྐོར་ཞིག་ཏུ་བུ་མོ་ཚོའི་སེམས་ཤུགས་གཅོག་པའི་སྐད་ཆ་བཤད་མཁན་གྱི་དགེ་རྒན་སྔར་བཞིན་ཡོད། སློབ་ཆེན་གྱི་ཁོར་ཡུག་ཏུ་དགེ་རྒན་དང་བུ་ཚ་སློབ་གྲོགས། ད་དུང་བསླབ་གཞི་སོགས་སུ་སྐྱེས་མ་ལ་ཁྱད་གསོད་མཐོང་ཆུང་དམའ་འབེབས་བྱེད་ཚུལ་འདུག་གམ། འདུག་ན་དེས་ཁྱོད་ལ་སེམས་ཚོར་ག་འདྲ་བྱིན། དེས་རང་གི་ཡར་སྐྱེད་ཀྱི་སེམས་ཁམས་ལ་གནོད་དམ།

ཚེ་རིང་སྐྱིད། རང་ངོས་ནས་བཤད་ན། དགེ་རྒན་དེ་ལྟ་བུ་ཞིག་ལ་ཕྲད་མ་མྱོང་། དེར་མ་ཟད། དགེ་རྒན་མང་པོ་ཞིག་གིས་ངའི་སློབ་སྦྱོང་དང་དགའ་ཕྱོགས་ལ་རོགས་དན་འཛད་མཐའ་མེད་པ་ཡང་མཛད་མྱོང་། ལྷག་ཏུ་ང་སློབ་ཆེན་གྱི་དགེ་རྒན་དག་ལ་ཧ་ཅང་དགའ། གང་ཡིན་ཞེ་ན། ཁོང་ཚོ་བློ་ཁོག་ཡངས་ཤིང་། སློབ་མ་ཚོར་ཞེན་ཁ་ཕྱོགས་རིས་ཀྱང་མེད་པས་ནའོ། །ངས་བསམས་ན། སློབ་མ་བུ་བུ་མོ་སུ་ཡིན་ཡང་དེ་ཚོའི་སེམས་ཤུགས་གཅོག་མཁན་ནི་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་གི་དགེ་རྒན་ཚོ་ཡིན་སྲིད་འདོད། དེ་ཡང་ཁོང་ཚོར་ནད་རིགས་འདྲ་གཅིག་ཡོད་པ་ནི། སློབ་མའི་རྒྱུགས་འབྲས་ཁོ་ནར་བལྟས་ནས་ཡོད་ཚད་དེས་ཐག་གཅོད་པ་དེ་རེད། གལ་ཏེ་ང་རང་སློབ་ཆེན་གྱི་དགེ་རྒན་ཚོ་དང་མ་ཕྲད་པ་ཡིན་ན། ད་དུང་རང་ཉིད་རྩོམ་རིག་ལ་སྤྲོ་སྣང་ཡོད་པའང་ཤེས་ས་མ་རེད་ཅེས་ཁ་ཚོན་གཅོད་ནུས།   

སྨིན་དྲུག   འོ་ལེ། སྤྱིར་བཏང་སློབ་གྲྭ་ཆུང་འབྲིང་ནས་རྒྱུགས་འབྲས་ལ་ཞེ་པོ་ཅིག་ལྟ་བ་དེ་ཡག་པོ་མ་རེད་མོད། ཡིན་ཡང་དེ་ནི་མཐོ་རྒྱུགས་ཀྱི་ལམ་ལུགས་དེས་བཙིར་ཡོང་སྟེ་འགྲན་རྩོད་ཚ་ཚ་འུར་འུར་དུ་བཏང་བས་ཡིན་ངེས། སློབ་ཆེན་དུ་རང་དབང་དང་གུ་ཡངས་ཆེ་བའང་ཞིབ་འཇུག་ནི་ད་ལོ་མ་འཕྲོད་ཀྱང་ཡང་ཡང་སྤྲད་ཆོག་ལ་ལྗོངས་དང་ཞིང་ཆེན་གང་དུ་སྤྲད་ཆོག་ཆོག་སོགས་ཀྱི་ལམ་ལུགས་དེ་དང་འབྲེལ་བ་ཡོད་པས་ཡིན་སྲིད། ཡིན་ཀྱང་སློབ་མར་དོན་མེད་དུ་དམའ་འབེབས་དང་ཁྱད་གསོད་གཏོང་བ་དེ་ལེགས་བྱང་མེད་ཅིང་ཀུན་སྤྱོད་མི་གཙང་བའི་དགེ་རྒན་བྱེ་བྲག་པའི་བྱ་སྤྱོད་ལས་མ་འདས་སེམས།

སྨིན་དྲུག   སློབ་སྦྱོང་གི་གནོན་ཤུགས་དང་ཡང་ན་འཚོ་བའི་དཀའ་ཉོག་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྐོར་ཞིག་ཏུ་དགེ་རྒན་གྱིས་བུ་མོ་སློབ་མ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་པའམ་ཐ་ན་བརྙས་བཅོས་བྱས་ཚུལ་ཡང་ཐོས་མྱོང་། དེ་སྐོར་གང་རིགས་ལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་གི་ཡོད། ཡང་སློབ་མ་བུ་བུ་མོ་གཉིས་ལས། གང་གིས་ཁྱོད་ཀྱི་དཀའ་ངལ་སེལ་རོགས་དང་ཡང་ན་སེམས་གཏམ་ལ་ཉན་ནས་གདུང་སེམས་མཉམ་བསྐྱེད་བྱེད།

ཚེ་རིང་སྐྱིད། རང་ཉིད་ད་སྔ་དེ་ལྟ་བུའི་དགེ་རྒན་ཞིག་ལ་ཕྲད་མ་སོང་། རྗེས་མར་ཡང་འཕྲད་སྲིད་རྒྱུ་མ་རེད་འདོད། གལ་སྲིད་དགེ་རྒན་གཟིག་ལྤགས་གྱོན་པའི་བོང་བུ་དེ་འདྲ་ཡོད་པ་ཡིན་ན། ང་ཚོས་ངེས་པར་དུ་དེ་ཚོ་ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་བཙན་རྫོང་དུ་འདེད་དགོས་པ་ངོ་མ་རེད། 

སྨིན་དྲུག   དགེ་རྒན་དང་ཕ་མའི་གཤོག་འོག་ཏུ་ཡོད་པ་ལྟ་བུའི་མཐོ་འབྲིང་ནས་གློ་བུར་དུ་སློབ་སྦྱོང་དང་འཚོ་བ་གང་གི་ཐད་ནས་ཀྱང་རང་རྐྱ་འཕེར་ཞིང་རང་མགོ་འཐོན་དགོས་པའི་སློབ་ཆེན་གྱི་ཁོར་ཡུག་དེར་སླེབས་པའི་བར་བརྒལ་གྱི་དུས་ཡུན་ནང་དུ་ཁྱོད་དཀའ་ངལ་ལ་ཕྲད་སོང་ངམ། ཕྲད་པ་ཡིན་ན། བློ་འདྲི་ས་མེད་པའམ་ཕ་མ་དྲན་པ་སོགས་སེམས་ཀྱི་དཀའ་ངལ་རེད་དམ། ཡང་ན་སློབ་སྦྱོང་གི་གནོན་ཤུགས་སམ་ཐབས་ལམ་མ་རྙེད་པས་དང་ས་ཆ་དང་ཁ་ཟས་ལ་མ་གོམས་པ། ཕ་མས་སྤྲད་པའི་སྒོར་མོ་སྤྱོད་མ་ཤེས་པར་མ་འདང་བ་སོགས་ཀྱི་འཚོ་བའི་དཀའ་ངལ་རེད།  

ཚེ་རིང་སྐྱིད། མཇུག་འབྲས་ཀྱི་གནོན་ཤུགས་ནས་འབུད་ཐུབ་པ་ནི་ང་ལ་མཚོན་ན་བདེ་སྐྱིད་ལྡན་པའི་དོན་དག་ཅིག་ཡིན་ལ། སློབ་ཆེན་དུ་རང་དབང་གི་དུས་ཚོད་ཡོད་པས་རང་ཉིད་ཀྱི་ནང་སེམས་ལ་བཅར་ཐུབ་པའམ་རང་ཉིད་ངོ་མ་རྙེད་ཐུབ་པའི་ཚོར་བ་སྐྱེས་མྱོང་། དེའི་ཕྱིར་སློབ་ཆེན་སྐབས་སུ་ད་གཟོད་རང་ཉིད་ཀྱི་དགའ་ཕྱོགས་ལ་འཚོལ་སྙེག་བྱེད་པའི་སྤོབས་པའང་བྱུང་། 

སྨིན་དྲུག   བུ་མོ་ཚོ་དོན་དག་ཆུང་ཙག་གི་སྟེང་ནས་ཀྱང་མི་འཆམ་པར་ཕན་ཚུན་ལ་ཕྲག་དོག་ཡོད་ཚུལ་ཞིག་གོ་སོང་། དེ་ནི་བུ་མོ་ཚོའི་རྒྱུད་ལ་གྲུབ་པ་ཞིག་རེད་འདོད་དམ། ཡང་ན་མིག་འདྲེས་རྣར་འཇགས་སུ་སོང་བའི་ཁྱིམ་ཚང་ཁོར་ཡུག་གི་སློབ་གསོ་ལས་བྱུང་བ་ཞིག་རེད་སྙམ། དེ་ལ་ཁྱེད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་ཨེ་མྱོང་།

ཚེ་རིང་སྐྱིད། ཕལ་ཆེར་སེམས་པ་གུ་དོག་པས་ཡིན་རྒྱུ་རེད། ང་རང་ཡང་ཧ་ཅང་གུ་དོག་པའམ་སེམས་ཚོར་རྣོ་བས། ཚིག་རྩུབ་མོ་དང་རྩིས་ཐང་ལ་གནོད་པའི་སྐད་ཆ་གང་ཡིན་རུང་དེ་ངའི་སེམས་ལ་ཧ་ཅང་གཟན། དེའི་ཕྱིར་ངས་ནམ་ཡང་རང་ཉིད་ཀྱི་སེམས་པ་གུ་ཡངས་ཤིང་ཁོག་རྒྱ་ཆེ་བ་ཞིག་ཏུ་འགྱུར་བར་འབད་ཀྱིན་ཡོད།

སྨིན་དྲུག   དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་དང་སློབ་གྲྭས་དོ་དམ་བྱེད་སྟངས། ད་དུང་སློབ་མའི་འཚོ་བ་སྟེ་ཉལ་ཁང་གི་ཆ་རྐྱེན་དང་ཟ་ཁང་གི་ཟ་མ། དཔེ་མཛོད་ཁང་གི་མཐུན་རྐྱེན་སོགས་སློབ་ཆེན་གྱི་ཁོར་ཡུག་དེ་ལ་རང་གི་བསམ་ཚུལ་ཞིག་བཤད་པའི་གོ་སྐབས་བྱུང་ན། ཁྱོད་ཀྱིས་ཅི་ཞིག་བཤད་འདོད།

ཚེ་རིང་སྐྱིད། གལ་ཏེ་ང་ལ་གོ་སྐབས་རེ་ཡོད་ན། དགེ་རྒན་གྱིས་སློབ་མའི་ཤེས་བྱའི་ཆུ་ཚད་དང་དགའ་ཕྱོགས། ཆེད་ལས་སོགས་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་ཐོག དགེ་སློབ་བར་ལ་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་སྤྲད་ན་དེ་ལས་ཀྱང་ཡག་པར་འདོད། ང་ནི་གཤམ་ནས་ཉན་ཉན་ལ་སྡོད་རྒྱུར་མི་དགའ་ཞིང་། ལྷག་ཏུ་དགེ་རྒན་གྱིས་བཤད་བཤད་ཐམས་ཅད་དང་ལེན་ཐུབ་མཁན་ཞིག་ཀྱང་མིན་པས། སློབ་ཁྲིད་སྐབས་སུའང་དགེ་སློབ་བར་དུ་བསམ་བློ་བརྗེ་རེས་དང་ཕན་ཚུན་རྒྱུས་ལོན་བྱེད་པ་བཅས། གང་ལྟར་འདྲ་མཉམ་གྱི་སློབ་སྦྱོང་གི་ཁོར་ཡུག་ལ་དགའ་བོ་ཡོད། དཔེར་ན་ཁོ་ཧྥེ་འཐུང་ཞོར་དགེ་རྒན་དང་བགྲོ་གླེང་བྱེད་པ་ལྟ་བུ་སོགས་ལ་ཧ་ཅང་མོས་པ་ཆེ། སྤྱིར་ཡིན་ན་ཞིབ་འཇུག་དང་འབུམ་རམས་པའི་སློབ་མ་ཡིན་ན། ལྷག་ཏུ་སློབ་སྦྱོང་ལ་རང་དབང་དང་རང་ལ་བར་སྟོང་ངེས་ཅན་རེ་ཡོད་རྒྱུ་གལ་ཆེན་པོ་རེད་འདོད། དེའི་ཕྱིར་མི་གཅིག་པུར་དབང་བའི་སྡོད་ཁང་ལ་ཤིན་ཏུ་དགའ། དེ་མིན། དཔེ་མཛོད་ཁང་དུ་བོད་ཡིག་གི་དཔེ་ཆ་ཉུང་དྲགས་ན། བོད་ཀྱི་སློབ་མ་ཚོས་བོད་ཡིག་གི་སྐོར་ནས་རྒྱུ་ཆ་སོགས་བཙལ་བ་ལ་ཡང་གནོད་པར་འདོད་པས། དེའང་དེང་གི་སློབ་ཆེན་གྱི་དཔེ་མཛོད་ཁང་གི་གནས་ཚུལ་སྐྱོ་བོ་འདྲ་རེད་ཅེས་བཤད་འདོད།

སྨིན་དྲུག   འདྲ་མཉམ་དང་རང་དབང་། སློབ་མར་སློབ་སྦྱོང་གི་བར་སྟོང་ངེས་ཅན་མཁོ་བར་འདོད་པ་དང་། དེའི་ཁར་སློབ་ཆེན་གྱི་དཔེ་མཛོད་ཁང་གི་མཐུན་རྐྱེན་བཟང་ན་སྙམ་པའི་བསམ་ཚུལ་དེ་དཔེ་ཡག་པོ་རེད། དཔེ་དེབ་ཀྱིས་དབུལ་ན་སློབ་མ་རང་བཞིན་གྱིས་ཤེས་བྱས་དབུལ་འགྲོ་བ་མ་ཡིན་ནམ། གོང་དུ་རང་དབང་གི་སློབ་ཁྲིད་བྱེད་སྟངས་ཆ་འདྲ་བ་ཞིག་བཤད་ཟིན་པས་འདིར་བསྐྱར་ཟློས་མི་བྱེད་དོ། །

སྨིན་དྲུག   མི་ལོ་བཞིའི་རིང་ལ། དགོས་པའི་ཡོན་ཏན་སྦྱོང་ས་དགའ་བའི་དགོད་སྒྲ་འཆོར་ས་སྡུག་གི་རྔུལ་ཆུ་འདོན་ས་རེ་བའི་རྨི་ལམ་སྦྲུམ་ས་དེར། ཆེས་དགའ་འོས་ཤིང་བརྗེད་དུ་ཕངས་པའི་དོན་བཟང་ལ་ཁྱེད་རང་ཕྲད་མྱོང་ངམ། དེ་དང་ཁ་འབྲལ་ཁར་ཆེས་ཞེན་ཆགས་ཆེ་ས་དེ་ཅི་ཡིན།

ཚེ་རིང་སྐྱིད། ང་ལ་མཚོན་ན། སློབ་ཆེན་སྐབས་ཀྱི་རང་དབང་ནི་ནམ་ཡང་ཞེན་ཆགས་ཆེ་ས་དེའོ། །

སྨིན་དྲུག   དེང་སྐབས་ཨེ་ཛི་ནད་དུག་སློབ་ཆེན་ཁག་ལ་ཡང་ཐོན་ཡོད་པས། ཁྱེད་ནས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་གིས་དགའ་རོགས་སྒྲིག་དུས་རང་གི་བདེ་ཐང་ལ་མཉམ་འཇོག་བྱེད་ཀྱི་ཡོད་དམ། དེ་མིན། སྦྲུམ་འགོག་མ་ཐུབ་པར་ཕྲུ་གུ་འཁོར་ནས་སྡུག་ལ་གཏད་པའི་སློབ་མ་བྱུང་མྱོང་ངམ། བུ་མོ་ཚོར་ལུས་རྟེན་གྱིས་བསྐྱེད་པའི་ལན་ཆགས་དེ་འདྲ་བྱུང་དུས། ཕྲུ་གུ་སྐྱེད་མཁན་དགའ་རོགས་ཀྱིས་སེམས་གསོ་དང་རོགས་རམ་བྱེད་ཀྱི་ཡོད་དམ།

ཚེ་རིང་སྐྱིད། ང་ནི་བདེ་ཐང་ལ་ཧ་ཅང་དོ་སྣང་ཡོད་མཁན་ཞིག་ཡིན་པས། ནད་ལ་སོགས་པའི་དཀའ་ངལ་གང་ལའང་ཕྲད་མ་མྱོང་། གལ་སྲིད་དེ་འདྲའི་གནས་ཚུལ་ལ་ཕྲད་པའི་བུ་མོ་ཡོད་ན་དགའ་རོགས་དང་ཁྱིམ་མི། དགེ་རྒན་དང་སློབ་གྲོགས་བཅས་ཀྱིས་རོགས་རམ་བྱེད་རྒྱུ་ཧ་ཅང་གལ་ཆེ་སྙམ།

སྨིན་དྲུག   མཐར་ཕྱིན་རྗེས་མུ་མཐུད་དུ་ཞིབ་འཇུག་ལ་རྒྱུགས་སྤྲོད་གི་ཡིན་ནམ། ཡང་ན་སྤྱི་ཚོགས་སུ་འཇུག་གི་ཡིན། རྒྱུ་མཚན་ཅི།

ཚེ་རིང་སྐྱིད། ད་ལྟ་ཞིབ་འཇུག་སློབ་མ་ཡིན། ཞིབ་འཇུག་ལ་རྒྱུགས་སྤྲད་པའི་རྒྱུ་མཚན་རང་ཉིད་ཀྱི་དཔེ་ཀློག་གི་ནུས་པ་དང་ལྟ་རྒྱ་མཐོང་རྒྱ་ཆེ་རུ་གཏོང་འདོད་པ་ཙམ་མོ། ། 

སྨིན་དྲུག   རང་གི་དབང་ལ་ཡོང་བ་ཡིན་ན། ཁྱེད་ཀྱིས་འཚོ་བ་ག་འདྲ་ཞིག་བསྐྱལ་འདོད། མ་གསང་དྲང་མོར་ལབ་རོགས། ཁྱེད་ཅག་གིས་མ་འོངས་འཚོ་བར་བློས་བསླངས་ཅི་འདྲ་བྱེད་མིན་ཤེས་ན་འདོད།

ཚེ་རིང་སྐྱིད། རང་ཉིད་དགའ་སའི་མི་དང་མཉམ་དུ་ས་ཆ་སོ་སོར་འགྲུལ་བཞུད་བྱེད་པ་དང་། རང་ཉིད་སྤྲོ་བའི་བྱ་བ་དེ་ནམ་ཡང་མཇུག་སྐྱོང་ཐུབ་ན་བསམ། 

སྨིན་དྲུག   མ་འོངས་པར་རང་གིས་སྦྱངས་པའི་ཡོན་ཏན་གྱིས་རང་གི་མི་ཚེ་དོན་སྙིང་ལེན་པར་འབད་རྩིས་ཡིན་ནམ། ཡང་ན་བཟའ་ཚང་ཞིག་བཙལ། བུ་ཕྲུག་རེ་སྐྱེས། འཚོ་ཚིས་ཁ་རྒྱབ་ཀྱིས་འདངས་པས་ན། ཡིད་ཚིམ་མགུ་གང་ནས་སྡོད་རྩིས་ཡིན།

ཚེ་རིང་སྐྱིད། ལེགས་བྱང་ཅན་གྱི་ཨ་མ་ཞིག གུ་ཡངས་ཆེ་བའི་ཆུང་མ་ཞིག ཕ་མར་བཅངས་པའི་བརྩེ་བ་ལ་ནམ་ཡང་འགྱུར་བ་མེད་པའི་བུ་མོ་ཞིག་བྱེད་འདོད་ཁར། ད་དུང་རང་ཉིད་ཀྱི་འདུན་མ་གཏན་དུ་མི་འབོར་བའི་མི་ཞིག་ཀྱང་བཅའ་འདོད།  

སྨིན་དྲུག  ཁྱེད་ཀྱི་སེམས་ནང་གི་རང་གི་བཟའ་ཟླ་ག་འདྲ་ཞིག་རེད། བཟའ་ཟླ་བཙལ་དུས། མེད་དུ་མི་རུང་བའི་ཆ་རྐྱེན་གང་དག་ཚང་དགོས། དཔེར་ན། སྐྱེས་གཟུགས་དང་རྒྱུ་འབྱོར་གཙོ་བོར་ལྟ་གི་ཡིན་ནམ། ཡང་ན་མི་གཞི་བཟང་ཞིང་འཇོན་ཐང་ཡོད་པ། རང་ལ་གུས་བརྩི་ཆེ་ཞིང་སྐྱིད་སྡུག་མཉམ་མྱོང་ཐུབ་པ་ཞིག་བཙལ་གི་ཡིན།

ཚེ་རིང་སྐྱིད། བཟའ་ཟླའི་མདུན་ནས་རང་ཉིད་ངོ་མ་སྟོན་ཐུབ་པ་དེ་ཆ་རྐྱེན་དང་པོ་ཡིན། གཉིས་པ་གཉིས་ཀའི་འཇིག་རྟེན་གྱི་ལྟ་ཚུལ་དང་རིན་ཐང་གི་ལྟ་ཚུལ་སོགས་ལ་འགལ་བ་ཆེན་པོ་མེད་པ་ཞིག གསུམ་པ་ནི་གཉིས་ཀ་སོ་སོའི་ཕ་མར་དགའ་ཞིང་བརྩི་བ་ཞིག་ཡིན་ན་བསམ། 

སྨིན་དྲུག   ཁྱེད་ལའང་རང་ཉིད་ངོ་མ་སྟོན་བསམ་པའི་དྲན་ཚུལ་འདི་འདྲ་ཡོད་པར་ང་རང་ཧང་སང་། ངས་གནའ་ནས་འུ་ཅག་ཁྲོད་ཀྱི་སྐྱེས་མ་མང་པོ་ཞིག་སེང་རས་འོག་ནས་འཚོ་བ་སྐྱེལ་པ་དེར་བསམ་བློ་མང་པོ་བཏང་མཐར། གཞན་ལས་གྲུབ་དོན་ཞིག་རྙེད་པ་ནི། བདག་པོ་དང་གཡོག་པོའི་བར་དུ་བརྩེ་དུང་ངོ་མ་ཆགས་མི་སྲིད་ཅེས་པ་དེའོ། །འདྲ་མཉམ་མ་ཡིན་པའི་བཙན་དབང་གི་འོག་ཏུ་རང་ཉིད་ངོ་མ་རྗེན་པར་སྟོན་མི་ཐུབ་པ་ཆོས་ཉིད་ཡིན་ན། གང་དུ་འདྲ་མཉམ་དང་རང་དབང་མེད་པའི་གནས་དེ་རུ། གང་གིས་སྤྲེལ་ལབ་འཁྲབ་རྒྱུ་དང་རྫུས་མའི་གདོང་འབག་འོག་ཏུ་འཚོ་བ་བསྐྱལ་རྒྱུ་ལས་འོས་ཅི། དེ་ནི་བདག་པོ་གང་གིས་བསྐྱེད་པའི་རྒྱུ་འབྲས་བསླུ་མེད་ཡིན། ཁྱེད་ཀྱིས་ཕྱི་གསལ་ནང་གསལ་བའི་འཚོ་བ་ཞིག་ལ་སྙེག་གི་ཡོད་པ་མཐོང་ནས་ང་རང་དགའ་སོང་། དེ་ནི་ངའི་ཆ་དེ་ཁྱོད་ཀྱི་སྟེང་ནས་རྙེད་པས་ཀྱང་ཡིན་སྲིད། དེ་ལས་གཞན། རང་དབང་གི་འཚོ་བ་མ་ཡིན་པའི་གཞན་དབང་གི་བཙིར་གནོན་འོག་ཏུ་ཚུད་པའི་མི་ལ། བསམ་བློར་འཆར་ཡན་དང་རྣམ་དཔྱོད་རྒྱས་པའི་གསར་གཏོད་འབྱུང་མི་སྲིད་ཅེས་ཀྱང་བསྟན་འདུག་པས། མི་ཞིག་རང་དབང་གིས་འཚོ་ཞིང་རང་ཉིད་ངོ་མ་སྟོན་ཐུབ་མིན་དེ་ཡང་ཧ་ཅང་གལ་ཆེ(འདི་ནི་བཙན་དབང་འོག་གི་ཆུང་མ་ཙམ་ཡང་མ་ཡིན་པར་ཕ་མའི་བཙན་དྲག་འོག་ཏུ་འཚོ་བའི་བྱིས་པ་ལའང་སྦྱར་ཆོག)། དེ་ནི་ཚད་མཐོ་ས་ཞིག་ནས་བཤད་ན། མི་ཞིག་གི་མི་ཚེ་གང་བོའི་ལྟོ་གོས་གཏམ་གསུམ་དང་འབྲེལ་བ་ཡོད་པར་སྙམ།

སྨིན་དྲུག   གཉེན་སྒྲིག་བྱས་རྗེས། བཟའ་ཟླས་ཁྱིམ་ལས་དང་བྱིས་སྙོར་དང་བྱིས་པའི་སློབ་གསོ་སོགས་ལ་འགན་མ་ཁུར་བར་ལས་ཀ་མང་པོ་རང་གི་འགན་དུ་བབ་ན། འཁང་ར་ཅི་ཡང་མེད་པར་དོ་དོ་ཏན་ཏན་གྱིས་བྱེད་ཐུབ་བམ། མཐོ་རིམ་སློབ་གསོ་ཐོབ་རུང་སྲོལ་རྒྱུན་གྱི་སྐྱེས་མ་ནང་ལྟར་མི་ཚེ་ཁྱིམ་ལས་ནང་དུ་ཟད་དགོས་ཐུག་ཚེ། ཁྱོད་ལ་བློ་ཕམ་ཡོད་དམ།

ཚེ་རིང་སྐྱིད། དེ་འདྲ་མི་ཡོང་བའི་རེ་བ་དང་འབད་པ་གཉིས་ཀ་ཡོད། དེ་མིན་ཨ་མ་ཞིག་ལ་ཡོད་འོས་པའི་བརྩེ་བ་དང་བྱམས་སེམས་སོགས་ནི་ཕངས་མེད་དུ་རང་གི་བུ་ཕྲུག་ལ་སྦྱིན་ངེས་ཡིན། དེ་ནི་བཟའ་ཟླ་དང་ཁྱིམ་ཚང་གི་འགན་འཁྲིའི་ནང་ལ་མ་བསྲེས་པར་རང་ངོས་ནས་འབུལ་འདོད་པ་ཞིག་གོ།  

སྨིན་དྲུག  མི་སུ་ཡིན་རུང་ཐོག་མར་གཉེན་སྒྲིག་མིན་དང་བྱིས་པ་སྐྱེ་མིན་གྱི་ཐོབ་ཐང་དོ་བདག་རང་ལ་ཡོད་པ་བདེན་མོད་ཀྱང་། ཁྱིམ་ཚང་བཅས་ཤིང་ཕྲུ་གུ་སྐྱེས་རྗེས་སུ། ཕོ་ས་མོ་ས་གང་ཡིན་རུང་ཁྱིམ་ཚང་ལ་འགན་ཁུར་དང་ཁྱིམ་མི་ལ་བདག་གཅེས་བྱེད་པའི་འོས་འགན་ཆ་མཉམ་དུ་ཡོད་པས། གང་དེ་སྐྱིད་ཀྱི་རྟ་ཁ་འཚོ་རོགས། སྡུག་གི་ཡོབ་ཆེན་མནན་རོགས་ཉན་པའི་རེ་བ་ཆེའོ། །

སྨིན་དྲུག  གལ་སྲིད་ཁྱོ་གས་ཕྱི་ནས་ཟུར་མོ་བསྟེན་ན། རྙོག་དྲ་དེ་རང་གི་ཁྱོ་ག་ལས་སེལ་གི་ཡིན་ནམ། ཡང་ན་འུ་ཅག་གི་སྲོལ་རྒྱུན་ལྟར་དུ། ཟུར་མོ་དེ་དང་ཁྱོད་ཤི་ང་གསོན་གྱི་དགྲ་ཤ་རྩོད་གི་ཡིན(གསལ་བཤད་དགོས་པ་ནི། སྐྱེས་པ་ཚོ་རྐྱང་རྐྱང་དེ་འདྲ་རེད་ཟེར་བ་མིན་ཏེ། གཙོ་བོ་དེང་དུས་ཀྱི་སྐྱེས་མ་ཚོས་དོན་དག་དེར་ཇི་ལྟར་གདོང་གཏོད་པ་དང་ཐག་གཅོད་ཚུལ་ཤེས་འདོད་པས་ཡིན)།

ཚེ་རིང་སྐྱིད། ཞེ་སྡང་མེད་ཟེར་ན་རྫུན་དུ་འགྲོ་མོད། ཡིན་ཡང་ཁྱོད་ཤི་ང་གསོན་གྱི་ལས་ལ་ནི་དངོས་གནས་འཇུག་མི་འདོད། ཟུར་མོ་བསྟེན་པའི་རྒྱུ་མཚན་གསལ་བོར་ཤེས་པའི་འོག་ནས་དོན་དག་ཐག་བཅད་ན་བཟང་འདོད། ངས་བསམས་ན་བཟའ་ཟླས་ཟུར་མོ་བསྟེན་པར་ཕྱི་རྐྱེན་ནང་རྐྱེན་གཉིས་ཡོད་པར་འདོད། གཅིག མ་གཞི་ནས་བཟའ་ཚང་འགྲིག་མཐུན་མ་བྱུང་སྟེ་བརྩེ་དུང་ལ་གས་ཁ་ཤོར་ན་ཕྱི་ནས་ཟུར་མོ་བསྟེན་པ་རྒྱུན་ལྡན་ཡིན་པ་ལྟ་བུ། ཡིན་ཡང་དེ་ནི་ཁྱོ་ཤུག་གཉིས་ལ་ལན་པ་ཡོད་པར་འདོད། གཉིས། བཟའ་ཟླ་གཉིས་ལ་བརྩེ་དུང་ཡོད་བཞིན་རེ་ཞིག་འགལ་ཟླར་སོང་བ་རྐྱེན་བྱས་ནས། བཟའ་ཟླས་ཟུར་མོ་ཐེངས་གཅིག་བསྟེན་པ་ཡིན་ཚེ། ང་ཡིན་ན་སེམས་རྒྱ་བསྐྱེད་དེ་གུ་ཡངས་གཏོང་ཐུབ་ཐུབ་བྱེད་ངེས། རྒྱུ་མཚན་དེ་ནི་བརྩེ་དུང་གི་བར་འཛུལ་ཐེངས་གཅིག་ལས་ཆེན་པོ་མིན་པས་བར་ཆད་དེ་ལས་ཐར་ཐུབ་འདོད་པས་ཡིན། གཅིག་བྱས་ན་ལྷད་མེད་ཀྱི་བརྩེ་དུང་ནི་བར་ཆད་སྣ་ཚོགས་ལ་འཕྲད་སྲིད་པས། ཟུར་མོ་ཟུར་ཕོ་བསྟེན་པ་དེ་ཡང་དྲང་མོར་བཤད་ན་བརྩེ་དུང་གི་བར་ཆད་ཙམ་ཡིན་སྙམ། དེ་ལྟ་བུའི་བར་ཆད་ལ་ནི་རང་གཞན་སུ་ཡིན་རུང་གུ་ཡངས་དང་བཟོད་སྒོམ་ཡོད་པའི་སྨོན་ལམ་ཡོད།གསུམ།  དེ་གཉིས་གང་ཡང་མིན་པར་བསམ་གཟས་ནས་ཟུར་མོ་བསྟེན་ཁར་འབྲེལ་བ་རྒྱུན་སྐྱོང་བ་ཡིན་ན་ནི། སུས་ཀྱང་གུ་ཡངས་ཐུབ་རྒྱུ་མ་རེད་འདོད། སྐབས་སུ་བབ་པ་ནི་རང་ཉིད་འཚོ་བའི་འཇོན་ཐང་དང་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པར་བཏང་སྟེ། མ་མཐའ་ཡང་རང་དང་བྱིས་པ་འཐུས་ཤོར་དུ་མི་འགྲོ་བ་ཞིག་ཅིས་ཀྱང་བྱེད་དགོས་འདོད། རྒན་ལགས། འདི་ནི་ངའི་ད་ལྟའི་དྲན་ཚུལ་ངོ་མ་ཡིན་མོད། འོན་ཀྱང་མ་འོངས་པའི་འཚོ་བར་ཆ་རྒྱུས་མེད་ཅིང་འཁོར་བར་རྙོག་དྲ་ཆེ་བས་རང་གི་བསམ་དོན་ལྟར་ཡོང་མིན་ཡང་སུས་ཤེས་ཨང་།

སྨིན་དྲུག  སྲན་མ་མ་ཆོད་དེ་ཡོས་ཀྱི་སྟེང་ལ་རྒྱུག་པ་མ་ཡིན་པ་འདི་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་སྐྱེས་མའི་མ་འདྲ་བའི་ཆ་དེ་ཡིན་སྲིད། ཧ་ཅང་ལེགས། དེ་མིན་པ་རང་ཉིད་གནས་སའི་སྤྱི་ཚོགས་ཀྱི་ངོ་བོ་དང་མིའི་བག་ཆགས་སུ་སིམ་པ་གང་མང་ཞིག་གིས་ང་ཚོའི་ལུས་ངག་ཡིད་གསུམ་དང་ལྟོ་གོས་གཏམ་གསུམ་བཅས་པར་གནོད་གི་ཡོད་པ་ཤེས་དགོས་པ་གཞིར་བཞག་ཐོག་ནས། ག་ལེར་གོམས་གཤིས་དེའི་དབང་དུ་ཤོར་བའི་སོ་སོའི་ཁྱོ་གའང་འཇམ་པོའི་ཐབས་ལ་བརྟེན་ནས་འགྱུར་བ་གཏོང་བ་ལས་དྲག་པོའི་ལམ་དུ་སོང་ན་རང་གཞན་གཉིས་ལ་གནོད་པའང་ཤེས་དགོས། གང་ལྟར་ད་ནི་ང་ཚོས་རང་ངོ་རང་གིས་ཟིན་གྱིན་པ་ལ་ཤིན་ཏུ་དགའ་འོས།

ངས་རྒྱུན་དུ་བུ་མོ་ཚོར་རང་མགོ་ཐོན་རྒྱུ་གལ་ཆེ་བ་གླེང་བའི་དུས་མཚུངས་སུ། བཟའ་ཟླ་རིགས་རུས་གཅིག་པ་བཙལ་ན་བཟང་ཚུལ་ཡང་ལབ་གི་ཡོད། དེ་ལྟ་ན་ཡང་། ཁུར་སེམས་ཆུང་ཞིང་ལང་ཤོར་དུ་འགྲོ་སླ་བའི་སྐྱེས་པ་སྐོར་ཞིག་ལམ་དུ་འཇུག་དགོས་པ་དངོས་གནས་ཡིན་པའང་དགོངས་པ་མ་ཚོམས་ངས་བཤད་ཀྱི་ཡོད། དེ་འདྲ་མིན་ཚེ་ང་ཚོ་འཁོར་བའི་འདམ་དུ་བྱིང་འགྲོ་བ་རང་གི་ཉམས་མྱོང་དང་བཅས་པར་བརྒྱུས་ནས་གླེང་གི་ཡོད། དེ་ནི་སྨན་ཤར་ཞིག་གིས་ཤེས་དཀའ་ཚོད་ཡིན་པས་ཆང་ས་མ་བརྒྱབ་གོང་ནས་རང་ཉིད་ཀྱི་ཆ་རྐྱེན་ཏེ་ཅི་ཞིག་མཁོ་ཞིང་གང་དེ་མི་ཆོག་པ་ཚང་མ་ཕ་རོལ་པོར་གོ་བརྡ་སྤྲད་དེ་ཤེས་སུ་བཅུག་ན་ལེགས། དེ་འདྲ་མིན་ཚེ། ང་ཚོའི་རབས་ཀྱི་སྐྱེས་མ་དག་ལ་མཚོན་ན་ནི། ལུས་པོ་པགས་པ་ཉེད་ཉེད། སེམས་པ་སེག་བརྡར་རྒྱག་རྒྱག རྣམ་རིག་ལུ་གུ་ལྡིང་ལྡིང་། ཐབས་ཤེས་གློག་དམར་འཁྱུག་འཁྱུག་ཅིག་མ་ཐུབ་ཚེ། ཁྱིམ་མགོ རང་མགོ ལས་མགོ་ཚང་མ་ཐོན་མི་སྲིད། ཡིན་ཡང་དྲག་པོའི་སྤྱོད་པ་སྤངས་ཤིང་འཇམ་པོའི་ཐབས་ལ་བརྟེན་པ་ཡིན་ཚེ། བོད་ཀྱི་སྐྱེས་པ་ཚོ་ཡང་གནས་ལུགས་རྩ་བ་ནས་མི་འགྲོ་བ་ཞིག་གཏན་ནས་རེད་མི་འདོད། གཙོ་བོ་ཆུང་དུས་ཀྱི་ཁོར་ཡུག་དང་སློབ་གསོས་དེ་འདྲ་སྐྱེད་སྲིང་བྱས་ཡོད་པ་བསྙོན་དུ་མེད་མོད། རྩ་བ་འགྲིག་ན་ཡལ་གར་འགྱུར་བ་གཏོང་སླ་བས་མཇུག་འབྲས་ཡག་པ་རང་གི་འཁོར་བ་དང་ཁོར་ཡུག་གི་སྣང་ཚུལ་སྐོར་ཞིག་ལས་ཀྱང་ར་འཕྲོད་ཡོད། དེང་གི་དུས་འདིར་ཡང་སྐྱེས་མ་ལ་ཤས་ཤིག་གིས་གཞན་རིགས་ལ་གཡེམ་རྒྱུག་བྱེད་ཀྱི་ཡོད་མོད། མང་ཆེ་ཤོས་ཐོག་མར་བཟང་ཡང་མཇུག་འབྲས་ངན་པ་མཐོང་ཆོས་སུ་གྱུར་ཡོད་ན། རང་སྡུག་རང་གིས་ཉོ་ག་ལ་དགོས།

མཇུག་སྡུད་པའི་སྐད་ཆ་ནི། ལས་ཀ་འདིར་ཁྱེད་ཅག་གི་རྒྱབ་སྐྱོར་མེད་ན་ང་གཅིག་པུས་ཡོང་ཐབས་ག་ལ་ཡོད། སྤྱིར་བོད་པ་ཐུན་མོང་གི་སྤྱི་དོན་སྒོས་སུ་རང་ཅག་འཁོས་ཆུང་སྐྱེས་མའི་འཚོ་གནས་ལ་གནོད་པ་གང་ཡིན་དེ་ལ་ཚང་མས་མཉམ་རུབ་བྱས་ན་འགྲིག་ཀྱང་འགྲིག་ལ་འབྲས་བུའང་ཐོན་པར་སེམས། དེ་ཡང་གདོད་མར་འགྲོ་བ་མི་འཕེལ་འགྱུར་བྱུང་བའི་དུས་སུའང་མི་ཁེར་མ་གཉིས་མ་ཙམ་གྱིས་རི་དྭགས་གཅན་གཟན་ཆེ་རིགས་བསད་པ་མིན་ལ། ཕ་རོལ་དགྲ་ལ་རྒོལ་བ་བྱེད་པར་དཔའ་རྒོད་ཁེར་རྒྱུག་དང་མདའ་རྒོད་ཁེར་འཕེན་བྱས་པ་ཞིག་ཀྱང་མིན་ཚོད། སྐྱེས་པ་མང་པོས་དཔུང་བ་མཉམ་གཤིབ་དང་མདུང་ཁ་གཅིག་ལ་བསྐོར་བར་བརྟེན། གཟོད་གཅན་གཟན་གྱི་ཁ་ཟས་དང་དགྲ་བོའི་ལག་ཉེས་རྐྱང་ལ་མ་ཤོར་བར་འཚོ་བའི་གླགས་རྙེད་ཅིང་ཚེ་སྲོག་གི་རྒྱུན་བསྐྱངས་པར་ངེས། དཔུང་རྡང་གཅིག་ཏུ་སྦྲེལ་བ་ལྟ་བུའི་སྒྲིགས་སྲོལ་ལ་མ་གནས་པར་ལོགས་སུ་འཚོ་བའི་སྐྱེས་མ་ཚོས་ནི་ཁྱིམ་མགོ་ཐོན་ཐབས་དང་བྱིས་པ་མང་པོར་ལྟ་སྐྱོང་གི་ཞར་ལ་རི་དྭགས་ཆུང་རིགས་བདའ་བའམ་ཉ་རིགས་འཛིན་པ་ལ་ཡང་རང་གི་བྱིས་པ་རང་མགོ་ཐོན་ཙམ་ཚོ་དང་མཉམ་དུ་བྱེད་པ་བཅས་བསྐལ་པ་རིང་ཙམ་ལ་དེ་ལྟར་ཡོང་བ་ལས་གྲུབ་པའི་གདོད་མའི་བག་ཆགས་དེས། ད་ཆ་ཡིན་རུང་རང་རིགས་སྐྱེས་མ་ཚོ་ཕན་ཚུན་མཉམ་ལས་དང་རུག་རུག་དང་རྡོག་རྩ་གཅིག་ཏུ་བསྒྲིལ་བ་ཧ་ཅང་ཉུང་། ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་གཅིག་གྲོགས་གཅིག་སྨན་གྱི་སྒྲིགས་སྲོལ་མ་ཆགས་པ་དེས་ནི་དོན་དུ་རང་གཞན་གཉིས་ལ་གནོད། དེ་རིང་ཁྱོད་ཀྱིས་གཞན་གྱི་དཀའ་སྡུག་ལ་ཁ་ཡ་མ་བྱས་ཚེ། ནམ་ཞིག་རང་ཉིད་དཀའ་ངལ་ལ་འཕྲད་དུས་གཞན་གྱིས་ཀྱང་ཁ་ཡ་མི་བྱེད་པ་རྒྱུན་ལྡན་ཡིན་པ་ལྟ་བུ། ད་ནི་སྨན་ཤར་ནང་ཁུལ་དང་སྐྱེས་མ་ཕན་ཚུན་བར་དོན་མེད་པའི་རྩོད་པ་སྤངས་ཤིང་ཁྱིམ་དུ་ཨ་མ་སྐོར་ཞིག་གིས་རང་གི་ནར་མ་སོན་པའམ་སོན་བཞིན་པའི་བུ་མོ་ཚོའི་རྣ་ལམ་དུ་གཞན་ལ་སྡིགས་མོ་དང་ཕྲག་དོག་དང་གླེང་ཕྱོགས་བཟོ་བ་རྩ་བ་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་ཡར་བསྐྱེད་ཀྱི་སེམས་དང་མཐུན་འགྲིག་ཡོང་བའི་སྐད་ཆ་བཤད་པ་བཅས་ཀྱིས་མཚོན། ལོ་ཆུང་དག་གི་རྒྱུད་ལ་ས་བོན་ལེགས་པོ་བཏབ་ན་ནི་རིགས་མཐུན་རྣམས་སེམས་ཁམས་རྒྱུན་ལྡན་ངང་ནས་འཚར་སྐྱེས་འབྱུང་བར་ཕན་རླབས་ཆེ་བས་མི་ཚད། རང་གི་བུ་མོ་ཡང་ཁོག་རྒྱ་ཆུང་བ་མིག་རྒྱང་ཐུང་བ་ཞིག་ཏུ་ཆགས་པ་མི་སྲིད་པས་དོན་དུ་དེའང་རང་གཞན་གཉིས་ཕན་ཡིན་ཞེས་པ་ནི་འཕྲོས་གཏམ་ཙམ་མོ། །གཙོ་བོ་ད་རེས་སྐྱེས་སྨན་དང་སྨན་ཤར་མང་པོས་མཉམ་རུབ་བྱེད་པ་འདི་ནི་སྔ་ལྟས་བཟང་བོ་ཞིག་ཏུ་མཐོང་ལ། རྗེས་རབས་པར་མིག་དཔེ་འཇོག་སྟངས་ཤིག་ཀྱང་ཡིན་པར་བསམས་ནས་དགའ་བ་སྒོམ་གི་ཡོད་ཅེས་པ་དེའོ། །

དེར་མ་ཟད། ཁྱེད་ཀྱིས་སློབ་སྦྱོང་གི་བར་གསེང་ནས་དུས་ཚོད་མང་པོ་སྤྱད་ཅིང་རྣམ་འགྱུར་ཡག་པོའི་སྒོ་ནས་གོང་གི་དྲི་བ་དག་ལ་ལན་དྲང་མོ་དོན་བསྡུས་པོ་ཁ་གསལ་པོའི་ངང་ནས་བཏབ་པར་ཐུགས་རྗེ་ཆེ་ཞུ་བའི་དུས་མཚུངས་སུ། བདག་དང་དཔུང་རྡང་གཅིག་པའི་གྲོགས་མོ་དང་། བྱ་མདོ་བདེ་སྐྱིད་སྒྲོལ་མ།  ལ་སྟོད་ཚེ་རིང་། ཙོང་ཁ་དཀར་མོ་རྒྱན་བཅས་ཀྱིས་གཙོས་པའི་རོགས་རམ་མཐུན་འགྱུར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན།

2023/06/06ཉིན་གྲུབ།

 


མུ་འགོད། ལེའུ་གཉིས་པ།  ཙོང་ཁ་དཀར་མོ་རྒྱན། 

འཕྲིན་སྟེགས་འདི་ནི་གཙོ་བོ།
      མི་མོའི་སྐྱིད་སྡུག མི་སྐྱའི་སློབ་གསོ། འཚོ་བའི་རང་མདངས། ཕོ་མོའི་བརྩེ་དུང་།སྤྱི་ཚོགས་ཤེས་བྱ། མི་ཚེའི་བྱུང་བ། ལེགས་རྩོམ་འོས་སྦྱོར་བཅས་ས་བཅད་བདུན་ལས་གྲུབ་པ་ཞིག་ཡིན།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3593