དེ་སྔོན་ང་རང་མདོ་ཁམས་དང་དབུས་གཙང་གི་བཙུན་དགོན་སྐོར་ཞིག་ལ་ཕྱིན་མྱོང་། དེར་བཙུན་མའི་ནང་སེམས་ལ་བཅར་བར་ཡང་བྱས་མྱོང་མོད། ཧ་ལམ་ཕངས་སེམས་རེ་རེ་ཁུར་ནས་ཕྱིར་ལ་ལོག་དགོས་ཐུག་སོང་།

རྗེས་ཤིག་ལ། ཟི་ལིང་གི་རང་ཁྱིམ་གྱི་ཉེ་འཁོར་ན་ཡོད་པའི་དེའུ་འབུར་གླིང་གར་འཆམ་འཆམ་བྱེད་དུས། ལས་གྲོགས་རྒྱ་མོ་སྙན་སྒྲོན་པ་མིང་གྲགས་ཅུང་ཟད་ཡོད་པ་གཤིས་ཀ་བོད་མོ་དང་འདྲ་ཆེ་བ་དེ་དང་ཕྲད། ངེད་གཉིས་ཁ་བརྡ་བྱེད་དུས། མོས། ཁ་ཆེའི་བུད་མེད་འགའ་ལ་སྐད་ཆ་འདྲི་རྩིས་བྱས་རུང་། དེ་ཚོ་ལམ་སེང་གཡོལ་ཞིང་རྒྱང་ལ་བཀྱེད་འཇོག དེ་ནི་ཆུང་དུས་ནས་ཁོ་ཚོའི་གོམས་སྲོལ་གྱིས་བསྡམས་པ་དང་ལུས་སེམས་ལ་བཀག་རྒྱ་བཟོས་པའི་ཞེད་སྣང་སོགས་ཀྱིས་ཡིན་སྲིད་ཅེས་བཤད། 

ཕྱིས་སུ་རི་གྲོང་དང་ལུང་ཁུག་གི་བཙུན་དགོན་ཁག་ལས་འཛེམ་དོགས་ཆེ་ཞིང་མི་ལ་མི་འཁྲི་བའི་བཙུན་མ་སྐོར་ལ་འཕྲད་སྐབས། རང་དབང་མེད་པར་རྒྱ་མོ་སྙན་སྒྲོན་པའི་སྐད་ཆ་དེ་ཡིད་ལ་འཁོར་ཡོང་།

ད་རེས་མདོ་དབུས་ཁམས་གསུམ་གྱི་མཐོ་སློབ་བུ་མོ་སྐོར་ཞིག་གི་ནང་སེམས་ལ་བཅར་དུས་སུའང་། ང་ལ་སེམས་ཁྲལ་ལྷག་མ་ཞིག་སྐྱེས་ཤིང་། དེ་ཡང་ངའི་བསམ་ཚུལ་ལས་འགོང་མ་ཐུབ། ཐ་ན། ཁ་བརྡ་སྤྱིར་བཏང་ཕལ་པ་དེ་འདྲར་ལན་འདེབས་པར་ཡང་འཛེམ་ཆ་ཆེ་ལ། གབ་གབ་སུད་སུད་བྱེད་པས་མི་ཚད་རང་གི་མིང་དང་བསླབ་གནས་ངོ་མ་འགོད་མི་ཐུབ་མཁན་ཡང་བྱུང་། ཁག་མེད། ངས་བསམ་ཤེས་དང་གུ་ཡངས་བརྒྱ་ཆ་བརྒྱ་བྱེད་ཐུབ།

གོང་གི་གནས་ཚུལ་ལས་ལྡོག་ཅིང་གླེང་རི་བ་ཞིག་ཡོད་པ་ནི། སྨན་ཤར་ལ་ལ་རང་ཉིད་ལས་རྣམ་པར་བརྒལ་བའི་མཚར་ཉམས་དེའོ། །དེ་ནི་རྒྱུས་ལོན་མེད་པའི་སྤྱི་ཚོགས་ཤིག་གིས་རང་སྣང་གང་ཤར་དུ་མཐོ་སློབ་བུ་མོ་ཚོའི་སྣང་བརྙན་ནག་པོར་བཟོ་བ་ལ་བརྡ་ལན་སྤྲད་པ་ཞིག་དང་། ཡང་རང་དང་ལོ་ཁྱད་མེད་པའི་སྟག་ཤར་ཚོ་ལ་སྨན་ཤར་རྣམས་ཀྱིས་དྲན་ཚུལ་ངོ་མ་བསྟན་པ་ཡང་ཡིན་ན། འཇིག་རྟེན་འཁོར་བར་འཇུག་འགྱུར་གྱི་ཕོ་གསར་ཚོར་དེ་ལ་ཇི་ལྟར་གདོང་ལེན་གྱི་དུས་ཚོད་དང་ཡང་ཁྱེད་ཅག་ངོ་མ་མཐོང་བྱེད་ཀྱི་མེ་ལོང་ཞིག་སྤྲད་པའང་ཅི་ལ་མིན། གོམ་པ་ཆུང་རུང་མདུན་དུ་སྤོས་ཡོད་པས་འགྲིག་འདུག འགྲོ་བ་མིའི་འཕེལ་རྒྱས་ཀྱང་སོར་མོ་གང་རེ་གང་རེས་མདུན་དུ་སྤོས་པ་ཞིག་ལས། མཆོངས་ཐེངས་གཅིག་གིས་རི་རྩེར་སླེབས་པ་ཞིག་ཡོད་ཚོད་མི་འདུག

གསལ་བཤད་ཐུང་ངུ་།

རང་ཉིད་ལ་སྔོན་མ་ཞིག་ནས་འཆར་གཞི་ཡོད་ཀྱང་ཐོག་ལ་མ་སོང་། ད་རེས་མ་འོངས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་རྐང་འཛིན་པ་ཡིན་འགྱུར་གྱི་མཐོ་སློབ་བོད་ཡིག་ཆེད་ལས་ཀྱི་བུ་མོ་སྐོར་ཞིག་ལ་ཆེད་དམིགས་སུ་བཅར་བའི་ལས་ཀ་ཞིག་མགོ་བརྩམས་ཚར། དེར་མ་ཟད། ལན་དུ་བྲིས་པའི་རྩོམ་ཡིག་ཀྱང་རིམ་བཞིན་འབྱོར་མུས་ཡིན་པས། གཟའ་འཁོར་རྗེས་མའམ་ཡང་ན་དེའི་རྗེས་མ་གང་རུང་ནས་དུས་ཡུན་ཐུང་ཙམ་ནང་དུ་རིམ་པས་མི་མོའི་སྐྱིད་སྡུག་གི་འཕྲིན་སྟེགས་སུ་འགོད་རྩིས་ཡིན།

དེ་མིན། ཀློག་སྟབས་བདེ་བོ་ཡོང་ཆེད་དུ་ངའི་དྲི་བ་ཉེར་གཅིག་པོ་ཚང་མའི་ཡིག་མདོག་སྔོན་པོ་དང་། བུ་མོ་ཚོའི་དྲིས་ལན་ཆ་ཚང་ཁ་དོག་ཁམ་དམར། ཁོ་མོ་ཚོས་བཏབ་པའི་ལན་ལས་ང་ལ་བསམ་ཚུལ་ཐན་ཐུན་རེ་བྱུང་བའི་ཡི་གེའི་ཁ་དོག་ལྗང་ཁུར་བཟོས་ཡོད་པ་བཅས། ལུས་ཚེགས་སེམས་ཚེགས་གཉིས་ཀ་ཆེ་བའི་ལས་ཀ་འདིས་དོན་གཉེར་ཅན་གྱིས་གཙོས་པའི་འབྲེལ་ཡོད་དག་ལ་བློ་སྐྱེད་ཅུང་ཟད་རེ་བྱིན་ན། ངའི་བསམ་དོན་ཡང་དེ་གས་འགྲུབ།

2023/06/02/ཉིན་ཚར།

 


འཕྲིན་སྟེགས་འདི་ནི་གཙོ་བོ། མི་མོའི་སྐྱིད་སྡུག མི་སྐྱའི་སློབ་གསོ།

འཚོ་བའི་རང་མདངས། ཕོ་མོའི་བརྩེ་དུང་། སྤྱི་ཚོགས་ཤེས་བྱ། མི་ཚེའི་བྱུང་བ། …….

ལེགས་རྩོམ་འོས་སྦྱོར་བཅས་ས་བཅད་བདུན་ལས་གྲུབ་པ་ཞིག་ཡིན།


པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3587