“མེ་ཏོག །ཟོག་ཆས་སྦྱིན་ལ་ཤོག །ཟོག་ཆས་སྦྱིན་ལ་ཤོག” སྒོ་ཁར་ཁ་བ་ཉུང་ངུ་རེ་བབས་འདུག་ཅིང་ཨ་མས་སྔར་བཞིན་བཞོ་ཟོ་ཁྱིམ་དུ་བཞག་སྟེ་ལྷས་ནང་དུ་སོང་། ང་རང་ཡར་ལངས་ཏེ་ཐབ་ཁུང་དུ་ལྕི་ལེབ་གསུམ་བཞི་ཞིག་བཅུག་རྗེས་ལྷས་ནང་དུ་འགྲོ་མགོ་བརྩམས། དེ་རིང་ནམ་རྒྱུན་དང་མི་འདྲ་བར་ཁ་བ་ཅུང་ཙམ་བབས་འདུག་པས་གློ་རྡེག་ཏུ་ནང་སེམས་ལ་དེ་རིང་ཅི་ཞིག་བཟོ་དགོས་ཨང་སྙམ་པ་ཞིག་བྱུང་། ཨ་མས་འབྲི་མོ་རོག་པོ་དེའི་སྐེ་ནས་གཟབ་ནན་ངང་འཇུས་ཏེ་ཐུམ་འབུའི་ནད་ཀྱི་སྨན་སྦྱིན་བཞིན་འདུག །ང་རང་འབྲོག་ས་ནས་འཚར་ཞིང་འབྲོག་ས་ནས་གཞོན་པ་ཡིན་མོད་སྒོ་ཟོག་དང་སྒོ་ཁྱི་དག་ལ་ནི་ཧ་ཅང་སྐྲག་ཅིང་སྙིང་ཉེ་བོ་ཞིག་རྒྱུན་པར་བཟོ་ཐུབ་ཀྱིན་མི་འདུག །དེས་ན་བར་ཐག་ཅུང་ཙམ་ཡོད་པ་ཞིག་བཟོས་ཏེ་ཟོག་ཆས་བླུགས་སའི་གཞོང་པ་ཁྱེར་ནས་ཆུ་འགྲམ་དུ་སོང་། ཉི་མ་གཅིག་གི་བྱ་བ་ཀུན་ལོ་ངོ་གཅིག་ལ་བསྐྱར་ནས་བསྐྱར་དུ་སྒྲུབ་བཞིན་པ་ནི་འབྲོག་པའི་འཚོ་བ་ཡིན་མོད། ཨ་མ་དེ་ལ་ནམ་ཡང་སུན་སྣང་སྐྱེ་མ་མྱོང་ཞིང་། དེ་ལས་རྦད་དེ་མེ་ཏོག་ལ་རྟག་པར་འབྲོག་པའི་ཁྱད་ཆོས་དང་འབྲོག་པའི་ཡོན་ཏན་ཡང་ཡང་འཆད་ཅིང་། རྗེས་སུ་མོ་རང་ལ་ནད་འདྲ་བྱུང་སྟེ་འཇིག་རྟེན་འདི་དང་བྲལ་སོང་ཚེ། སྒོ་ཟོག་ནི་ཁྱོད་རང་གཉིས་པོའི་སྐྱེ་བ་འདིའི་བདེ་སྐྱིད་ཀྱི་གཞི་མ་ཡིན་ཞེས་བཤད་སྲིད། ཟོག་ཆས་སྦྱིན་ཐུབ་མ་ཐུབ་ཀྱི་བར་གླགས་དེ་ནས་མེ་ཏོག་མལ་ལས་ལངས་ཏེ་སྒོར་ཡོང་ནས་”ཨ་མ། ཨ་མ། ངའི་སྐེ་དཀྲིས་དམར་བོ་དེ་གང་དུ་བཞག་ཡོད།”
“མཆོད་ཁྲིའི་ཞབས་ལ་བཞག་ཡོད།”
ཅེས་ཁོང་གཉིས་སྐད་བརྡ་འཕྲོད་ལ་མི་འཕྲོད་པ་རེ་བཤད་ཅིང་སླར་ཡང་ལས་ཀར་ཞུགས་མགོ་བརྩམས།

གཉིས།

ལུག་ཁྱུ་སྒོ་ལ་མངགས་རྗེས་སྐར་ཚོགས་ཐང་དུ་འཕོས་པ་བཞིན་དུ་རྩྭ་ཐང་ནི་དཀར་བོང་ངེར་འགྱུར་ཞིང་། ང་རང་ཐག་རིང་ཞིག་ཏུ་བུད་འགྲོ་བ་བཞིན་བོད་གོས་ཚར་རུས་མཐའ་ཁ་བརྒྱན་པ་ཞིག་གྱོན་ཏེ་ཁ་པར་རུམ་དུ་བཅུག །རྟ་ཕོ་རྐྱང་ངུ་དེ་ལ་གཟན་ཆས་བྱིན་རྗེས་ཟོག་རྗེས་སུ་ཁྲིད་དེ་སོང་། ཨ་མས་ད་དུང་སྐྱེ་མེད་ཅིང་སྐྱེ་བའི་ཚུལ་ཙམ་ཡང་མེད་པའི་བྱིས་པ་ལ་བསླ་བཞིན་པའི་བལ་གྱི་རྐང་སྣམ་དེ་ལག་ཏུ་འཇུས་ཏེ་སླ་ཞོར། དེ་ཙམ་སེམས་པ་སྐྱིད་པོ་མི་འདུག་ཨང་སྙམ་པ་ཞིག་གདོང་ལ་ཤར་ཏེ།
“ཁྱོད་རང་དེ་རིང་ལུག་ལ་སོང་། ད་སང་ཉིན་ནས་ཁྱོད་རང་འགྲོ་ལ་ཉེ་སོང་། དོ་ནུབ་འུ་ཚོས་ལུག་ཤ་ཞིམ་པོ་ཞིག་བཙོ་དགོས།”
“འོ་ཡ་ཨ་མ། སྤྱང་ཀི་དང་འཕྲད་ཚེ་ང་ནི་བྲོས་པ་ལས་ངས་ལུག་ལ་སེམས་ཁུལ་བཟོ་ཐུབ་རྒྱུ་མ་རེད། ད་དུང་དྲེད་མོང་ལ་ཐུག་ན་ང་ནི་རླུང་ལངས་ནས་འགྱེལ་རྒྱུ་རེད།”
“དབྱར་གཞུང་ཡིན་མོད་དྲེད་མོང་ཡོད་མ་རེད། ནགས་མེད་པས་དྲེད་མོང་ཡོད་མ་རེད། བྱིས་པ་ཞིག་གི་བསམ་ཚུལ་འཆད་ཀྱིན་མ་འདུག”
“ཧ་ཧ་ཧ་ཧ། “ཞེས་གད་མོ་དགོད་ཞོར་དུ་ཧ་ཅང་སོས་དལ་གྱི་འཚོ་བ་དེ་མུ་ནས་རོལ་མགོ་བཟུང་།
འོན་ཀྱང་རྔ་བ་ནས་མཚོ་སྔོན་དུ་མནའ་མར་ཡོང་བའི་མེ་ཏོག་ལྟ་བུ་ལ་མཚོན་ན། འཚོ་བ་དང་ཟ་མ། གཞན་མཐའ་ན་ཉལ་སྟངས་དང་སྐད་ཆ་བཤད་སྟངས་ཀྱི་ཁྲོད་ནའང་དཀའ་ཁག་དང་ངལ་དུབ་མང་པོ་འཕྲད་རུང་། རང་སེམས་རྣམ་དག་ཅན་གྱི་བུ་མོ་ཞིག་ཡིན་སྟབས་ཉིན་གཅིག་ལའང་སུན་སྣང་སྐྱེ་མ་མྱོང་ཞིང་། ཉིན་འདི་དག་གི་རྣམ་འགྱུར་དང་འཛུམ་མདངས་ལ་བལྟས་ཚེ་རང་ཉིད་རྒྱལ་ཁབ་ཀྱི་ལས་བྱེད་ཅིག་ཀྱང་ཡིན་པ་བརྗེད་འདུག །མི་ཚེའི་འདི་ཁྲོད་དུ་བརྩེ་དུང་རྣམ་དག་ཅིག་ཡོང་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུར་ཆགས་རུང་། ཁྱིམ་མཚེས་དང་ནང་མི། གྲོགས་པོ་དང་ཉེ་འབྲེལ་སུས་ཀྱང་ཡིད་ལ་འཁོར་མ་མྱོང་བ་ནི་ཉིན་གཅིག་ལ་སློབ་གྲྭར་འགྲོ་མ་མྱོང་བའི་འབྲོག་པ་ང་རང་ལ། རང་ཉིད་ལས་ལོ་ངོ་གསུམ་གྱིས་ཆེ་ཞིང་ད་བར་དུ་མི་ལོ་བཅུ་ལྷག་ཏུ་འཚོ་བ་སློབ་གྲྭར་བསྐྱལ་བའི་བུ་མོ་གཞོན་ནུ་འདི་ཆུང་མར་ཁྲིད་ཡོང་བ་རེད། མི་གཅིག་གི་མི་ཚེའི་ཁྲོད་དུ་ལོ་ངོ་བཅུ་ཁ་ཞིག་གི་འཚོ་བ་ནི་ཐེངས་མ་དུ་ཞིག་ཡོད་དམ། རང་ཉིད་ལ་གཞན་ལས་ལྷག་པའི་སློབ་འབྲས་དང་རྣམ་དཔྱོད། ཕལ་བ་ལས་བརྒལ་བའི་སོས་དལ་ངང་མི་ཚེ་མཇུག་བསྡུ་ཐུབ་པའི་ལས་ཀ་ཞིག་རང་ལག་ཏུ་ཡོད་ཡོད་ཉིད་ལ་ཡུལ་དུ་བཞག་ཅིང་། འབྲོག་ས་རུ་སྐྱེས་ཤིང་འབྲོག་ས་ན་འཚོ་བཞིན་པའི་སྐྱེས་པ་གཅིག་གི་ཆེད་དུ་ཕ་ཡུལ་བོར་ཞིང་རྒྱང་དུ་ཡོང་བ་ནི་ད་ཚོད་དུ་མཐོང་བར་དཀོན་པའི་བརྩེ་དུང་ཞིག་ལོས་ཡིན་ཨང་། ཁོ་མོའི་མི་ཚེའི་ཁྲོད་དུ་མ་འོངས་པར་ཅི་ཞིག་འཐོབ་ཡོང་བ་དང་ཅི་ཞིག་ཤོར་འགྲོ་བ་ནི་སུས་ཀྱང་བརྗོད་པར་དཀའ་མོད། ལྕགས་ཕོར་ཆུང་ཆུང་ཞིག་གི་ཆེད་དུ་ཤི་འཐམ་རོ་འཐམ་མི་བཟོ་བར། རང་ཉིད་ལ་དབང་བའི་བརྩེ་དུང་དང་འཚོ་བ། མ་འོངས་ཀྱི་བདེ་སྐྱིད་ལྷག་མ་ཞིག་རག་པར་གཏོང་ཕོད་དང་ལྡན་པ་ནི་ཅིས་ཀྱང་ཕལ་བའི་མི་ཞིག་མིན་པར་མཚོན་འོས།

གསུམ།

ཉི་མ་ཁང་རྒྱབ་ཀྱི་གྲུབ་ཆེན་རྨ་སེ་བློ་གྲོས་ཆེན་མོ་མཆོག་གི་སྒྲུབ་ཕུག་ཡོད་སའི་ཨ་མཆོག་ནང་གི་རི་རྩེ་ནས་རྒྱང་རིང་དུ་ཡང་ཡང་བཞུད་རྗེས། སྦྲ་ནག་གི་ཀླད་ཀ་ནས་དུ་བ་སྨུག་ནག་འཐོར་བ་ཞིག་ནམ་མཁའ་ལ་གནམ་ངོ་གནག་པའི་སྤྲིན་པ་ཚོམ་བུ་ཞིག་དང་འདྲ་བར་རླུང་བུ་བསིལ་མོ་རེས་གཏོར་རྗེས། ངས་སྨན་ཆུང་ཕུ་ནས་ཟོག་རུག་ཞོར་དུ་ཀླུ་གཡང་གང་ཞིག་ཡོད་མེད་ལྟས། ཨ་མས་ཞོགས་པ་ལྷས་གཉའ་ལ་འཕོས་པའི་ལྕི་བ་རྣམས་ཆེ་ཆུང་རག་བསྡུས་ཤིག་ཕྱེས་ཏེ་སྐོམ་ཟིན་པ་དག་རྒྱབ་ཀྱི་སླེ་བོའི་ནང་དུ་འཕངས་ཏེ། ད་དུང་སྐོམ་མ་ཐུབ་པ་རྣམས་ཀྱི་ཐོག་ཏུ་ཆུ་ཤོག་ཆུང་ཆུང་ཞིག་བཀབ་ཅིང་དོ་ནུབ་གནམ་བབས་མིན་སེམས་ལ་ཚེགས་བྱས།
“འབའ། འབའ། འབའ། ”
ལུ་གུ་རྣམས་ཀྱང་གཞི་ནས་གཉིད་ལ་སད་པ་ལྟར་ཀུ་ཅོ་ཆེན་པོའི་ངང་ནས་འབའ་ཞིང་སྦྲ་ནག་གི་ལྟག་ན་རྒྱུགས། ཏག་ཏག་ཨ་མས་མེ་ཏོག་གིས་ལུག་ཁྱུ་ཁྱིམ་དུ་དེད་སོང་བ་ཤེས་རྗེས།
“དེ་རིང་ལུག་ངན་དེ་ཚོ་ཚང་ཡོད་ན་མེད་ན”
ཞེས་ཁེར་ལབ་བྱེད་ཞོར་དུ་རྒྱབ་ཀྱི་སླེ་བོའི་ནང་གི་ལྕི་བ་ཁྱིམ་དུ་བླུགས། མེ་ཏོག་ཁྱིམ་དུ་ཐོན་མ་ཐག་ཏུ་སྐེ་དཀྲིས་ཕུད་དེ།
“ཨ་མ་ཤ་བཙོས་ཟིན་ནམ། ཟོས་ན་ཆོག་པ་ཨེ་རེད། དེ་རིང་ལྟོགས་ནས་ཤི་ལ་ཉེ་སོང་། ལུག་དེ་ཚོ་ནི་རྩྭ་ཐང་དང་ཆུ་བོ་འདི་འདྲ་གཙང་ས་ཞིག་ནས་སེམས་ཚིམ་གྱིན་མི་འདུག །ལུང་པ་ཕུ་མདའ་གཉིས་ལ་བསྐོར་ཏེ་འགྲོ་དགོས་ཀྱིན་འདུག །ལྟོགས་པའི་ཐོག་ཏུ་དཀའ་ལས་མྱོང་ཐལ། ད་ངོ་མ་རྗེས་སོར་ཟོག་ལ་སོང་ན་སྐྱིད་ས་འདུག”
ཅེས་ཐབ་ཀའི་གཡས་སུ་སྤུས་མོ་བཙུགས་ཏེ་ཇ་འཐུང་། སྨན་ཆུང་ནང་ནི་དབྱར་མཚེས་ཡིན་སྟབས་ལོ་གཅིག་གི་ནང་དུ་ཟླ་བ་གཉིས་ཙམ་ལས་འདུག་གིན་མེད་པས། ཆ་རྐྱེན་ཡོད་རུང་ཁང་པ་བཀབ་མེད་ཅིང་ཐ་ན་རླངས་འཁོར་འགྲོ་ཐུབ་པའི་ལམ་ཞིག་ཀྱང་མེད། ཀླུ་གཡང་དབྱར་གཞུང་དང་དགུན་སྟོད་གཉིས་པོར་འབྲོག་ན་འདུག་ཅིང་དེ་ལས་གཞན་པའི་དུས་ཚོད་མང་རག་ཏུ་ཁུལ་ཐོག་ཏུ་ལས་ཀ་གཉེར་གྱིན་ཡོད་མོད། ཡིན་ན་ཡང་མོ་རང་རང་གི་ཕ་ཡུལ་དུ་ཡོད་ཚེའི་ལས་གནས་ལྟ་བུའི་ལྕགས་ཕོར་ཡག་པ་ཞིག་མེད། མོ་རང་འདི་ན་ཡོང་བའི་ལོ་ངོ་འདི་ཚོར་ཉིན་གཅིག་ལའང་ཕངས་སེམས་དང་འགྱོད་པ་སྐྱེ་མ་མྱོང་ལ། ཕ་མ་དང་ཡུན་རིང་བྲལ་ཅིང་ལོ་རེ་རེའི་ནང་དུ་ཕ་ཡུལ་དུ་ཐེངས་མ་གཅིག་ཙམ་འགྲོ་བ་ལས་རྒྱུན་དུ་མི་ཐོན་པས། མོས་སྔ་ཚེ་ནས་ཨ་མ་ལ་མ་འདང་ཞིག་སེམས་གཏིང་ནས་བཞག་ཡོད་ལ། དེས་མོ་རང་གཏན་ནས་རང་ཉིད་ཀྱི་ཕ་མ་དང་གྱེས་བྲལ་བྱུང་བའི་ཚོར་བ་སྟེར་གྱིན་མེད་པར་མ་ཟད། ཨ་མ་ཞེས་འབོད་པས་ནི་མོ་དང་ཨ་མ་གཉིས་ཀྱི་བར་དུ་མཛའ་བརྩེ་ཉེ་རུ་བཏང་བ་ལྟ་བུ་ཞིག་འབྱུང་གིན་ཡོད།
དུས་རྒྱུན་ཁྱིམ་དུ་ཕྱི་ནང་གཉིས་ཀའི་འགྲུལ་བ་འདྲ་མིན་རེ་ཐོན་ཡོང་ཚེ་ཁོ་ཚོས་ཨ་མར།
“འདི་ཁྱེད་ཚང་གི་བུ་མོ་ཡིན་ནམ། གཏན་ནས་རིག་མ་མྱོང་ཨང”
ཞེས་རྟག་པར་འདྲི་བཞིན་ཡོད།

བཞི།

སྔར་བཞིན་ཉི་འོད་ལམ་ལམ་དུ་འཕྲོ་བའི་དབྱར་མཚེས་ཀྱི་ནམ་མཁའ་ནི། གཡའ་དྭངས་ལ་སྤྲིན་དཀར་གྱི་བང་རིམ་མེད་ཅིང་། དུ་ནག་གི་འབག་བཙོག་ཙམ་ཡང་མེད་པར། མཛེས་སྡུག་གིས་ཕྱུག་པའི་བྱེའུ་ཆུང་གི་མཁར་གཞིར་གྱུར།
“ལམ་ནས་སེམས་ཆུང་བྱོས། ཁུལ་ཐོག་ཏུ་ཐོན་རྗེས་རྡོ་རྗེ་སྐྱབས་ཀྱི་ཁ་པར་ཐོག་ཏུ་ཁ་པར་རྒྱོབས་ཤོག”
“འོ་ཡ། སེམས་ཁུར་མི་དགོས། སེམས་ཁུར་མི་དགོས།”
མེ་ཏོག་ཁུལ་དུ་ལས་ཀའི་དོན་དུ་ཕྱིར་ལོག་སོང་། སྨྲ་མི་ཤེས་པའི་ཚོར་བ་ཞིག་གམ། ཡང་ན་ཐ་སྙད་དང་རྣམ་འགྱུར་གྱིས་མཚོན་ཐབས་བྲལ་བའི་སེམས་ཚོར་ཞིག་ལྷད་མེད་ངང་ནང་སེམས་སུ་སྐྱེས་སོང་། འུ་གཉིས་ནི་རྒྱལ་ཁབ་ཀྱི་ཚད་ལྡན་གྱི་ཆོ་ལོ་ཡོད་པའི་བཟའ་ཚང་ཆུང་ཆུང་ཞིག་ཡིན་ནའང་། འཚོ་བ་དང་ལས་ཀའི་ཆེད་དུ་སོ་སོའི་ས་ནས་སོ་སོ་འདུག་དགོས་པ་ནི་ལས་དབང་ཞིག་ཡིན་ལ་འདིའང་རྒྱུ་འབྲས་ཀྱི་འཁོར་ལོ་ཞིག་ཡིན་པ་འདྲ། སྔར་བཞིན་ཨ་མ་ངེད་གཉིས་གཅིག་པུ་ཁང་ཆུང་འདིའི་སྐྱ་ཡ་བཞིན་དུ་འཚོ་བ་རོལ། སྐྱེ་བ་གཅིག་གི་ནང་དུ་ནང་སེམས་ཀྱི་ཁེན་སར་གྱུར་པའི་ཚེ་སྟོད་ཀྱི་ཕ་མ་གཉིས་དང་། ཚེ་སྨད་ཀྱི་སྐྱིད་སྡུག་བཤད་སའི་ཆུང་མ་ནི་ང་ལ་མཚོན་ན་ཚེ་གཅིག་གི་སྙིང་པོ་ཡིན་ལ། ཆ་རྐྱེན་དང་སྟབས་བདེའི་དབང་དུ་སོང་སྟེ་འཆད་ན་ཆུང་མ་ནི་རང་དང་ཉེ་ས་རུ་ཡོད་ན་སྐྱིད་ཀྱི་མགོ་ཞིག་ཡོད་པ་ཡིན་རུང་ལས་གང་བྱས་འུ་གཉིས་སོ་སོའི་དགའ་ཕྱོགས་ཀྱི་ཕྱོགས་སུ་སོང་ན་ད་གཟོད་ང་ལ་བདེ་བ་ཐོབ་པ་ལྟ་བུའི་སེམས་ཚོར་ཡོང་བར་འདུག །སྐྱེ་བ་དུ་མའི་རིང་དུ་དྲན་ཞིང་དྲན་ལ། སྐྱེ་བ་དུ་མའི་རིང་དུ་མ་འགྲུབ་པའི་གསོལ་འདེབས་དང་སྨོན་ལམ་གྱིས་བརྣགས་པའི་བག་ཡངས་ཀྱི་འཚོ་བ་ཞིག་ང་ལ་གནང་སོང་། ཡིད་འོང་དང་སྙིང་དུ་སྡུག་པའི་འཚོ་བ་ནི་ཡུན་ཐུང་ཡིན་ལ། གྱེས་བྲལ་དང་ན་ཟུག་གིས་གཙེས་པའི་མི་ཚེ་ནི་ད་གཟོད་སྐྱེ་བ་གཅིག་གི་འཚོ་རོགས་ཡིན། གུ་ཡངས་ཤིང་བདེ་སྐྱིད་ཀྱིས་ཕྱུག་པའི་ཁྱིམ་ཚང་རྣམ་དག་གི་མི་ཚེ་འདི་རོལ་གྱིན་རོལ་གྱིན་གེགས་དང་འབྱུང་པོའི་བར་ཆད་ནི་སེལ་ཐབས་ཤིག་གཏན་ནས་མི་འདུག །ཁྱོད་རང་ཅིས་ཀྱང་བྱ་བ་ཅི་སྒྲུབ་འགྲུབ་ཅིང་བློ་ཆོས་ལམ་དུ་འགྲོ་བའི་དུས་ཚོད་ནང་དུ་ཉེ་འཁོར་གྱི་བརྩེ་དུང་། བདག་སྐྱོང་། མཛའ་བརྩེ། ཉེ་འབྲེལ། རོགས་དགའ་ས། འདང་ཕུ་ནུ། རྩྭ་དང་རྩི་ཤིང་བཞིན་དུ་རྒྱས་ཤིང་ཡིབ་པའི་ཁུང་ཞིག་མེད་པའང་ཆགས། ཕོ་ལོ་བཅུ་དྲུག་བཅུ་བདུན་ཐོག་ནས་སྒོ་རུ་སོང་ཞིང་། འདུ་འཛི་ཆེ་བའི་གྲོང་ཁྱེར་དུ་རང་ཉིད་གཅིག་པུས་འཐབས། ལོ་ངོ་དུ་མའི་མཐའ་རུ་ཡར་ལྷ་སའི་ཇོ་བོ་མ་མཇལ་ཞིང་། མར་རྒན་མོའི་ཆོ་ལྷག་ཀྱང་མ་རག་སྟེ་མཐར་ཨ་མའི་གོམ་དུ་འབྲོག་པ་ཞིག་མི་བྱེད་ཐབས་ཤིག་མི་འདུག་ཨང་། ཡུལ་གྱར་གྱི་མི་ཚེའི་མཐའ་རུག་སྟེ་ཡུལ་དུ་ལོག་པའི་ནང་སེམས་ནི། དཔའ་བོ་གཡུལ་ལས་རྒྱལ་བ་ལྟར་རམ། མེ་འཁོར་ཤུགས་ཀྱིས་རྒྱུགས་པ་ལྟ་བུའོ། །

༢༠༢༣/༣/༢༦

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3538