དེ་རིང་ངས་འདི་ནས་ཤེས་བྱ་མཛོད་ཀྱི་ནང་གི་གཞན་སྟོང་དབུ་མའི་བཤད་པའི་སྐབས་དེ་དག་ཞིབ་བཀླགས་ཤིག་བྱས་པ་ཡིན། དེའི་སྐབས་ཤིག་ཏུ་གཞུང་འདི་ལས། བོད་རྣམས་ཀྱིས་བྱམས་པའི་གཞུང་གསུམ་གྱི་དབུ་མའི་ལུགས་འདི་ལ་སེམས་ཙམ་རྣམ་རྫུན་པའི་ལུགས་ཞེས་འཆད་ཀྱང་། སྤྱིར་སེམས་ཙམ་པ་གཞིར་བྱས་ཀྱི་རྣམ་བདེན་རྫུན་གྱི་ཐ་སྙད་ནི་བོད་རྣམས་ཀྱིས་རང་དགར་བཏགས་པར་ཟད་ལ། དོན་སྣང་གི་ཤེས་པ་དོན་དུ་སྣང་བའི་རྣམ་པ་བདེན་པ་དང་རྫུན་པར་སྒྲུབ་སྐབས་གཉིས་ཙམ་ཞིག་ནི་གཞུང་རྣམས་སུ་འབྱུང་ངོ་། །ཞེས་གསུངས་པ་དེ་མཐོང་བས། སྔོན་ཆད་གཞུང་ཚིག་འདི་མཐོད་མྱོང་མོད་དེ་རིང་གློ་བུར་དུ་ཧང་སང་དགོས་པ་ཞིག་བྱུང་། ཅིའི་ཕྱིར་ཞེ་ན། པཎ་ཆེན་ནཱ་རོ་པས་མཛད་པའི་ལྟ་བ་མདོར་བསྟན་གྱི་གཙོས་པའི་རྒྱ་གཞུང་མང་པོ་ཞིག་ལས་སེམས་ཙམ་རྣམ་བདེན་རྫུན་གྱི་ཐ་སྙད་གསལ་པོར་བྱུང་འདུག་པ་ངས་མཐོང་ཐོས་བྱུང་ཡོད་པས་རེད། སྐབས་འདིར་ངས་གཞུང་འདི་ལས་འདི་ལྟར་གསུངས་དོན་གང་ཡིན་ནམ་ཞེས་བསམ་བློ་ཡུན་རིང་བཏང་པའི་མཐར། བློ་ཡུལ་དུ་འཁོར་ཡོང་བ་ཞིག་ནི། སྔོན་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་རིག་གཏེར་གྱི་འགྲེལ་པའི་ནང་དུ་བུ་སྟོན་རིན་པོ་ཆེའི་གསུང་ཞིག་ལུང་འདྲེན་མཛད་གནང་ཡོད་པ་མཐོང་མྱོང་ཡོད་པ་དེ་རེད། དེ་ཡང་དེ་ཉིད་ལས། སེམས་ཙམ་པ་ནི་གཉིས་ཏེ། རྣམ་བདེན་པ་དང་རྣམ་རྫུན་པའོ། །འདི་ལ་བུ་སྟོན་གྱི་གསུང་ནས། སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས་དབྱེ་བ་རྒྱ་གར་གཞུང་ལས་དངོས་སུ་གསུངས་པ་མ་མཐོང་ལ་བོད་རྣམས་ཀྱིས་ཐ་སྙད་མཛད་པ་ཡིན་ནོ། །ཞེས་གསུངས་ལ། ཞེས་སོགས་འབྱུང་། འོན་ཀྱང་གསུང་དེ་བུ་སྟོན་རིན་པོ་ཆེའི་ཡིག་ཆ་གང་དུ་འབྱུང་མིན་ད་ཕན་བདག་གིས་མ་མཐོང་། སྔོན་གྱིས་དུས་སུ། མ་ཤེས་ན་བུ་ལ་དྲིས་ཞེས་ཐོས་རྒྱ་ཆེ་བ་ལ་དཔེ་ལེན་ས་གཅིག་པུ་ལྟ་བུར་གྱུར་པའི་རྩོད་བྲལ་གྱི་མཁས་པ་ཆེན་པོ་དེས་ཀྱང་དེ་ལྟར་གསུངས་པའི་གནད་ཀྱིས། འཇམ་མགོན་ཀོང་སྤྲུལ་གྱིས་ཀྱང་དེ་ལྟར་གསུངས་པ་ཨི་ཡིན་ནམ་སྙམ་ཞིང་། ཡིག་ཆ་འདི་གཉིས་ལས་གཞན་པའི་ཡིག་ཆ་གང་དུའང་རྣམ་བདེན་རྫུན་གྱི་ཐ་སྙད་བོད་ཀྱིས་བྱས་ཟེར་བ་ཞིག་བདག་གིས་མཐོང་ཐོས་མ་བྱུང་། མ་ཟད་ས་བཀའ་བརྒྱུད་དགེ་ལྡན་རྙིང་མ་ཇོ་ནང་སོགས་ཀྱི་ཡིག་ཆ་མང་ཆེ་བར་རྣམ་བདེན་རྫུན་གྱི་བཤད་པ་རྒྱ་གཞུང་རང་ནས་འབྱུང་བར་འདོད་འདུག་སྙམ། ཁྱད་པར་རྒྱལ་བ་ཀཾ་ཚང་པའི་ཡིག་ཆར་མཚོན་ན། རྗེ་མི་བསྐྱོད་པའི་ཡིག་ཆ་ལ་ལར་འཕགས་ཡུལ་དུ་གྲགས་པའི་སེམས་ཙམ་རྣམ་རྫུན་པ་ཞེས་གསུངས་པའི་སྐབས་ཀྱང་སྣང་མོད། གཙོ་བོར་རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་གསུང་ཐོར་བུ་ལས། གཉིས་པ་འཁོར་ལོ་ཕྱི་མའི་རྗེས་འབྲངས་པའི། །ཐོགས་མེད་སྐུ་མཆེད་སེམས་ཙམ་རྣམ་རྫུན་དུ། །འཕགས་ཡུལ་གྲགས་ཤིང་དབུ་མ་གཞན་སྟོང་ཞེས། །བོད་དུ་གྲགས་པ་མིང་གཉིས་དོན་གཅིག་སྟེ། །ཞེས་གསུངས་པ་དང་། སི་ཏུ་པཎ་ཆེན་གྱི་དྲིས་ལན་ལས། བོད་དུ་གྲགས་པའི་གཞན་སྟོང་ཞེས་པ་འཕགས་ཡུལ་དུ་སེམས་ཙམ་རྣམ་རྫུན་པ། ཞེས་སོགས་གསུངས་པས་ཀྱང་མཁས་པ་འདི་དག་གིས་རྣམ་བདེན་རྫུན་གྱི་ཐ་སྙད་འདི་རྒྱ་གཞུང་ལས་འབྱུང་བར་འདོད་དོ་སྙམ། འོ་ན་དོན་ལ་གནས་པ་གང་ཡིན་ནམ་ཞེ་ན། ཞིབ་ཏུ་དཔྱད་འདོད་ཚེ་ལེགས་སྦྱར་གྱི་རྒྱ་དཔེ་རྣམས་དང་ཡང་བསྡུར་དགོས་པར་སྣང་མོད། འོན་ཀྱང་རེ་ཞིག་འདོད་ཚུལ་ཕྱི་མ་ཉིད་ཁས་བླང་ན་བདེ་བར་སྣང་སྟེ། བོད་ཀྱི་ཡིག་ཆ་ཙམ་དུ་མ་ཟད་རྒྱ་ནག་གི་མཁན་པོ་ཛྙཱ་ན་བཛྲའམ་ཡེ་ཤེས་རྡོ་རྗེས་མཛད་པའི་ལང་གཤེགས་ཀྱི་འགྲེལ་པ་ལས་ཀྱང་རྣམ་བདེན་བརྫུན་གྱི་ཐ་སྙད་གསལ་པོར་འབྱུང་འདུག་པས་སོ། །ཁྱད་པར་ནཱ་རོ་པའི་ལྟ་བ་མདོར་བསྡུས་ལས། གཞན་ཡང་རྣམ་བདེན་རྣམ་བརྫུན་སོགས། །རྣམ་རྟོག་དྲ་བར་ཚུད་པར་འགྱུར། །ཞེས་དང་། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་གཉིས་ཏེ། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའོ། །རྣལ་འབྱོར་སྤྱོད་པ་ལ་གཉིས་ཏེ། རྣམ་བདེན་པ་དང་། རྣམ་བརྫུན་པའོ། །ཞེས་རྣམ་བདེན་བརྫུན་གྱི་ཐ་སྙད་ཧ་ཅང་གསལ་པོ་འབྱུང་བ་དང་། ཡང་ཙནྡྲ་གོ་མིས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་པ་ལས། ཡང་ན་རྣམ་པ་ཀུན་ཞེས་པ་ནི་སེམས་ཙམ་རྣམ་པ་བདེན་པར་སྨྲ་བའོ། །རྣམ་པ་མེད་ཅེས་པ་ནི་རྣམ་པ་བརྫུན་པར་སྨྲ་བའོ། །ཞེས་དང་། གཞན་ཡང་སྙན་གྲགས་བཟང་པོའི་ཞལ་སྔ་ནས་མཛད་པའི་གསང་བ་ཐམས་ཅད་ཀྱི་སྒྲོན་མའི་རྒྱ་ཆེར་འགྲེལ་ལས། ད་ནི་རྣམ་པ་བདེན་པ་དང་། རྣམ་པ་བརྫུན་པ་དང་གཉིས་བསྟན་པའི་ཕྱིར། རྣམ་བཅས་དང་ནི་རྣམ་པ་མེད། །ཅེས་པའོ། །ཞེས་དང་། བཙུན་པ་རབ་འབྱོར་དབྱངས་ཀྱི་ཐེག་པ་ཐམས་ཅད་སྣང་བར་བྱེད་པ་བྱེ་བྲག་ཏུ་བཤད་པ་ལས། རྒྱུ་འབྲས་འདོད་དང་མི་འདོད་ལ། །སྤྲོས་དང་བཅས་པའི་སེམས་ཙམ་དང་། །སྤྲོས་མེད་སེམས་ཙམ་ཞེས་ཀྱང་ཟེར། །རྣམ་བརྫུན་ལ་ཡང་གཉིས་སུ་འདོད། །དག་པ་དང་ནི་དྲི་མར་བྱས། །ཞེས་སོགས་གཞུང་འདི་ལས་རྣམ་བདེན་བརྫུན་གྱི་ཐ་སྙད་ལན་ཁ་ཤས་འབྱུང་། གཞན་ཡང་ཙནྡྲ་ར་ཧི་ལའམ་པཎྜི་ཏ་འཕྲོག་བྱེད་ཟླ་བས་མཛད་པའི་རིན་ཆེན་ཕྲེང་བ་ལས། རྣམ་པ་སྒོང་བཤགས་ལྟ་བུར་ནི། །སྨྲ་བས་སེམས་ཙམ་རྣམ་བདེན་པ། །ཞེས་སོགས་རྣམ་བདེན་པའི་ཐ་སྙད་གསལ་པོར་འབྱུང་བ་སོགས་རྣམ་བདེན་རྫུན་གྱི་ཐ་སྙད་འབྱུང་སའི་ཧ་ཅང་མང་བས་དཔྱད་དགོས་པའི་གནས་སུ་གྱུར་འདུག་གོ། །དཔྱད་གཏམ་ཐུང་ཐུང་འདི་ནི་ཡིག་ཆ་གེ་གེ་མོ་ལས་བཤད་པའི་ཕྱིར་ཞེས་པ་ཙམ་དང་ཚིག་འཁྲི་ཙམ་གྱིས་བློ་མི་ཚིམ་པའི་ཉམས་ཞིབ་པ་ཚད་ལྡན་རྣམས་ལེགས་སྐྱེས་སུ་ཕུལ་བ་ལགས།
ཞེས་པ་འདི་ནི་རབ་འབྱམས་པ་ཤེས་རབ་མཆོག་ལྡན་དུ་འབོད་པས་གནས་བརྟན་པའི་ལུགས་ཀྱི་སྟོན་པའི་དུས་ཆེན་དང་རྒྱལ་སྤྱིའི་ལུགས་ཀྱི་སྟོན་པ་སངས་རྒྱས་ཀྱི་དུས་ཆེན་ཉིན་རང་ཤག་བདེ་ཆེན་འབར་བའི་དགའ་ཚལ་དུ་བྲིས་པ་དགེའོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=3534
དཔྱད་མཆན་སྤེལ།